Nitartha Digital Library
Tibetan
 
previousཡིག་བསྐུར་གྱི་རྣམ་གྲངས་ལོ་ཙཱ་བ་དྷརྨ་ཤྲཱིའི་གསུང་། ལོ་ཆེན་དྷརྨ་ཤྲཱི། no next

ཡིག་བསྐུར་གྱི་རྣམ་གྲངས་ལོ་ཙཱ་བ་དྷརྨ་ཤྲཱིའི་གསུང་། ལོ་ཆེན་དྷརྨ་ཤྲཱི།


MLP007_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་བསྐུར་གྱི་རྣམ་གྲངས་ལོ་ཙཱ་བ་དྷརྨ་ཤྲཱིའི་གསུང་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི།


MLP007_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་བསྐུར་གྱི་རྣམ་གྲངས་ལོ་ཙཱ་བ་དྷརྨ་ཤྲཱིའི་གསུང་བཞུགས་སོ། །
ན་མཿསརྦ་ཛྙཱ་ཡ། བསྐུར་ཡིག་གི་རྣམ་གྲངས་ལས། བླ་ཆེན་གྱི་རིགས་ལ་འབུལ་ན། ཁམས་གསུམ་འགྲོ་བའི་གཙུག་རྒྱན་དམ་པ་གང་གི་ཞབས་སྟེགས་གསེར་གྱི་པདྨོ་དྲི་མ་མེད་པའི་དྲུང་དུ། ཡན་ལག་མཆོག་གིས་བཏུད་དེ་ཞུ་བ། རིང་མོ་ཉིད་ནས་བྱང་ཆེན་ས་བོན་གྲུང་པོ་ཕུལ་བྱུང་ཚོགས་གཉིས་ཀྱི་དྲོད་གཤེར་བཟང་པོས་སྨིན་པ་ལས་རྣམ་གྲོལ་སྐུ་གསུམ་གྱི་འབྲས་བུ་གཡུར་དུ་ཟ་བ་ནས། གདུལ་བྱའི་བློ་མཚོར་འགོག་པ་མེད་པར་འཆར་བའི་ཕྲིན་ལས་ཟླ་བ་ནོར་བུའི་མེ་ལོང་ཕན་བདེའི་འོད་དཀར་མཁའ་ཁྱབ་ཏུ་སྤྲོ་བའི་བདག་ཉིད་ཆེན་པོར་བཞུགས་པ་ནི་བཀའ་དྲིན་གྱི་དཔལ་དམ་པར་གྱུར། ༧སླད་མར་ཡང་ཞལ་གྱི་དཀྱིལ་འཁོར་མཇལ་ཞིང་གསུང་གི་བདུད་རྩི་མྱང་བ་ལ་ལྷག་པར་སྨོན་པ་ལགས་པ་དེ་བཞིན་དུ་འགྲུབ་པ་དང་། རྣམ་ཀུན་ཡེ་ཤེས་ཀྱི་གཟིགས་པ་མཆོག་ནས་ནམ་ཡང་མི་འདོར་བར་ཐུགས་རྗེས་བཟུང་དུ་གསོལ། ཞེས་སྲབ་འཇམ་དྲི་མ་མེད་པའི་དར་གྱི་ཁྱོགས་ལ་བླངས་ཏེ་གུས་པ་ཆེན་པོས་ཕུལ་བའི་ཞུ་ཡིག ། ༈ ཡང་ན། ལྷ་མིའི་མཆོད་སྡོང་དམ་པ་འགྲོ་བའི་བླ་མ་མཆོག་གི་ཞབས་རྡུལ་དྲི་མ་མེད་པའི་དྲུང་དུ། སྒོ་གསུམ་གུས་པའི་ཕྱག་སྔོན་དུ་བཏང་སྟེ་ཞུ་བ། གང་ཡང་རྣམ་དག་ཆོས་ཀྱི་དབྱིངས་ཀྱི་མཁའ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཤིང་རྟས་དྲངས་པའི་སྐུ་གསུམ་ཉིན་མོར་བྱེད་པའི་དཀྱིལ་འཁོར་འདུ་བྱེད་ཕྲིན་ལས་ཀྱི་ཟེར་སྣང་འགྲོ་བའི་སེམས་རྒྱུད་ཀྱི་ས་གཞིའི་ཁྱོན་ལ་སྤྲོ་བའི་རིང་ནས་བརྩེ་ཆེན་ཐུགས་རྗེའི་གཟིགས་པ་མཆོག་ནས་མི་བསྐྱུད་པའི་བཀའ་ཤོག་རིན་པོ་ཆེ་གནང་རྟེན་བཅས་སྤྱི་བོར་ཕེབས་པས་དད་པའི་འདབ་བརྒྱ་ཅི་ཡང་


MLP007_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་བཞད་པར་གྱུར། ༈ ཡང་རང་གི་བླ་མ་ལྟ་བུ་ལ། རིགས་ཀུན་ཁྱབ་བདག་སྐྱབས་མགོན་བླ་མ་དམ་པ་མཆོག་གི་ཞབས་པད་དྲི་མ་མེད་པའི་དྲུང་དུ། སོར་བཅུའི་ཐལ་མོ་སྤྱི་བོར་བཀོད་དེ་ཞུ་བ། གཟོད་མ་ཉིད་ནས་རབ་འབྱམས་རྒྱལ་བ་མ་ལུས་པའི་སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད་དུ་རོ་མཉམ་པས་གང་ལ་གང་འདུལ་གྱི་འགྲོ་བའི་བློ་དང་འཚམས་པར་སྟོན་པའི་ཐབས་མཁས་ཀྱི་ཕྲིན་ལས་མཁའ་ལྟར་ཁྱབ་ཅིང་རྟག་པའི་བདག་ཉིད་ཅན་དུ་བཞུགས་སོ་ཞེས་སྙན་གྲགས་ཀྱི་བ་དན་དཀར་པོ་སྲིད་རྩེར་བསྒྲེངས་པས་བདག་ཡིད་དད་པའི་ལྕགས་ཀྱུས་རང་དབང་མེད་པར་ཕྲོགས་པར་གྱུར། ཕྲན་བུའང་གང་གི་ཐུགས་རྗེའི་གྲིབ་བསིལ་དུ་བདེ་བར་འཚོ་སྐབས་ལགས། ༧སླད་མར་དམིགས་མེད་ཡེ་ཤེས་ཀྱི་རོལ་རྩལ་འགག་པ་མེད་པར་འཆར་བའི་ཐུགས་རྗེས་ནམ་ཡང་མི་གཏོང་བའི་བཀའ་དྲིན་མཆོག་ནས་འདོར་བ་མེད་པ་ཅི་ནས་མཁྱེན་མཁྱེན། ཞེས་བདེ་ལེགས་ཀྱི་རི་མོར་རྣམ་པར་བཀྲ་བའི་དར་གྱི་ལྡོ་ལི་ལ་བཏེགས་ནས་ཡར་ཚེས་དགེ་བར་ཕུལ་བའི་ཞུ་ཡིག ། ༈ ཡང་དགེ་བའི་བཤེས་གཉེན་ཆེ་རིགས་ལ། ཕུལ་དུ་བྱུངབའི་མཁྱེན་རབ་ཀྱི་དབང་ཕྱུག་བཤེས་གཉེན་དམ་པ་མཆོག་གི་ཞབས་དྲུང་དུ། ཞུ་བ། དེང་སང་སྐུའི་འཚོ་གཞེས་སྒྲ་གཅན་གྱི་གདོང་ལས་རྣམ་པར་རྒྱལ་བའི་ཟླ་བ་ལྟར་མཆོག་ཏུ་བཟང་ཞིང་། མཁས་པའི་བྱ་བ་གསུམ་གྱིས་ཐུབ་བསྟན་རིན་པོ་ཆེ་བླ་ནས་བླར་འདེགས་པའི་ཕན་བདེའི་སྲོག་ཏུ་གྱུར་པ་ནི་བཀའ་དྲིན་གྱི་དཔལ་དུ་འཁུམས། ༈ ཡང་ན། ཉེ་བའི་ཆར་ཡང་ཕུལ་བྱུང་ལེགས་བྱས་ཀྱི་ཆུ་གཏེར་བསྲུབས་པ་ལས་ཐོན་པའི་སྐུ་བརྙན་ཉིན་མོར་བྱེད་པའི་དཀྱིལ་འཁོར་ཕན་བདེའི་ཟེར་འཕྲེང་འཕྲོ་བས་སྐྱེ་རྒུའི་དགེ་ལེགས་ཀྱི་པདྨོ་རྣམ་པར་བཞད་ཅིང་བསྟན་པ་རིན་པོ་ཆེ་ལ་རི་མོར་མཛད་པའི་རྣམ་དཀར་ཕྲིན་ལས་ཀྱི་ཟེའུ་འབྲུ་ཡོངས་སུ་ངོམ་པའི་དཔལ་ཡོན་དམ་པར་འཚོ་གཞེས་བཀའ་དྲིན་ཆེ། ཞེས་སམ།


MLP007_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡང་། དེང་ཡང་ལེགས་བྱས་རྨད་དུ་བྱུང་བའི་མཆོད་སྦྱིན་གྱིས་བསྒྲུབས་པའི་རྣམ་དཔྱོད་ཀྱི་མིག་སྟོང་རྣམ་པར་བཀྲ་ཞིིང་། ལུང་རིགས་རྩེ་བརྒྱའི་རྡོ་རྗེས་ལོག་སྨྲ་ལྷ་མིན་གྱི་དཔུང་ཕམ་པར་མཛད་པས་ཐུབ་བསྟན་སུམ་རྩེན་གྱི་མདུན་ས་མཛེས་པའི་རྒྱན་དམ་པར་བཞུགས་པ་ནི་ཡིད་ཀྱི་སྨན་ཡོན་དུ་གྱུར། ༈ ཡང་། སྨྲ་བའི་དབང་ཕྱུག་ཟླ་མེད་གཅིག་པུ་པ་གང་གི་དྲུང་དུ། དེང་སྔོན་བསགས་ལེགས་བྱས་ཀྱི་ལྡུམ་རར་སྦྱོར་བརྩོན་རྨད་དུ་བྱུང་བའི་ཆུ་ལུད་ཀྱིས་བསྐྱེད་པའི་རྣམ་འབྱེད་ཀྱི་མྱུ་གུ་དཔག་ཡས་ལུང་རིགས་ཀྱི་མེ་ཏོག་རྣམ་པར་བཀྲ་བས་མཛེས་ཤིང་སྒོམ་བྱུང་རྣམ་གྲོལ་གྱི་འབྲས་བུ་ཡོངས་སུ་སྨིན་པས་བསྟན་འགྲོའི་རྩ་ལག་ཏུ་འཚོ་གཞེས་བཀའ་དྲིན་ཆེ། ༈ ཡང་ལུགས་གཉིས་འཛིན་པའི་སྡེ་དཔོན་ལྟ་བུ་ལ། གཙུག་ལག་ཐམས་ཅད་ལ་གཟིགས་པ་དག་པ་དཔལ་ལྡན་ས་དབང་མཆོག་གི་ཞབས་དྲུང་དུ། ཞུ་བ། དེང་ཡང་ཕུལ་དུ་བྱུང་བའི་བསོད་ནམས་ཀྱི་ར་བར་ཡོངས་སུ་འཁྲུངས་པའི་སྐུ་བརྙན་དཔག་བསམ་གྱི་ལྗོན་པ་ཆོ་འབྲང་གིས་མ་རྨས་པའི་སྡོང་པོ་རྣམ་པར་ལྡེམ་པ་ལས་དམ་པའི་ཡོན་ཏན་གྱི་མེ་ཏོག་གསལ་ཞིང་རྣམ་གྲོལ་ལེགས་བྱས་ཀྱི་འབྲས་བུ་མངོན་པར་དུད་ལ། ཕན་བདེའི་གྲིབ་བསིལ་ཕྱོགས་ཀྱི་འཁོར་ལོར་ཁྱབ་པས་སྐྱེ་དགུ་མ་ལུས་པའི་གདུང་སེལ་གཅིག་པུ་པར་འཚོ་གཞེས་བཀའ་དྲིན་མཆོག་ཏུ་ཆེ། ༧སླད་མར་ཡང་བརྩེ་ཆེན་སྤྱན་རས་ཀྱི་བཙའ་བ་ལས་མི་འདོར་བའི་བསླབ་སྟོན་ཕེབས་ཚོགས་སྐལ་ལྡན་ཤིང་རྟའི་རྒྱུན་ལྟར་མཁྱེན་མཁྱེན། ཞེས་ལྷ་རྫས་དཀར་པོ་དྲི་མ་མེད་པས་མངོན་པར་བཀླུབས་ཏེ་ཕུལ་བའི་ཞུ་ཡིག༈ ཡང་ན། ས་སྐྱོང་ཆོས་ཀྱི་སྤྱན་མངའ་བ་མཆོག་གི་ཞབས་དྲུང་དུ། ཞུ་བ། དེང་ཡང་སྐུའི་དཀྱིལ་འཁོར་ཟླ་བ་ནོར་བུའི་མེ་ལོང་ལུགས་གཉིས་མཁྱེན་དཔྱོད་ཀྱི་རི་དྭགས་རྣམ་པར་བཀྲ་ཞིང་སྟོང་ཕྲག་བྱེ་བའི་འོད་དཀར་མཁའ་ཁྱབ་ཏུ་སྤྲོ་བས་ཆབ་འབངས་ཀུནྡའི་ཚལ་རབ་ཕན་བདེའི་འདབ་བརྒྱ་ཁོང་ནས་རྒོད་པའི་དཔལ་ཡོན་དམ་པར་བཞུགས་པ་བཀའ་དྲིན་ཆེ། ༈ སྐྱེ་བོ་ཡ་རབས་དཀྱུས་མ་ལྟ་བུ་ལ། ལུགས་གཉིས་མཁྱེན་པའི་སྤྱན་ལྡན་གང་གི་དྲུང་དུ། དེང་


MLP007_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ལེགས་སྤྱད་ཀྱི་སྐྱེད་མོས་ཚལ་དུ་སྨིན་པའི་སྐུ་བརྙན་ཆུ་སྐྱེས་ཀྱི་སྡོང་པོ་གདོལ་བར་སྤྱོད་པའི་འཛེར་འཁྱོག་གིས་མ་བསླད་པས་རྣམ་པར་ལྡེམ་ཞིང་དཔའ་མཛངས་དེས་པའི་འདབ་བརྒྱ་བཞད་པས་དམ་པའི་ཡོན་ཏན་གྱི་དྲི་བསུང་མངོན་པར་འཐུལ་བའི་ཟེའུ་འབྲུའི་སོ་ཕྲེང་ངོམ་བཞིན་པར་བཞུགས་སོ། །ཞེས་ཐོས་འཛིན་གྱི་བཅུད་དུ་བབས་པས་དགའ་སྤྲོའི་ཟླ་བ་ཡར་ངོའི་དཀར་ཆ་ལ་འགྲན་པ་ལྟར་འགྱུར། ༧སླད་མར་ཡང་། ཐུགས་ཉེའི་མཛའ་གཅུགས་མི་དམན་པའི་ཕེབས་ཚོགས་འབབ་ལྡན་གྱི་རྒྱུན་ལྟར་ཞུ། ༈ ཡང་ན། མི་རིང་བའི་ཆར་ཡང་སྐུའི་འཚོ་གཞེས་ཉེས་པའི་ཆུ་འཛིན་གྱི་དྲྭ་བ་ལས་རྣམ་པར་གྲོལ་བས་སྟོན་དུས་ཀྱི་མཁའ་ལྟར་དྭངས་ཤིང་རྣམ་དཀར་གྱི་མཛད་བཟང་ཉིན་མོར་བྱེད་པའི་དཀྱིལ་འཁོར་ལེགས་བྱས་རྟ་བདུན་གྱིས་ཉེ་བར་དྲངས་པས་འཇིག་རྟེན་གསལ་བའི་རྒྱན་དུ་བཞུགས་པ་བཀའ་དྲིན་ཆེ། ༈ ཡང་། དེང་ཡང་སྐྱེས་བུ་དམ་པའི་རྣམ་ཐར་གྱི་རྗེས་སུ་འགྲོ་བའི་ལེགས་སྤྱད་ཀྱི་གཟུགས་བརྙན་འགག་མེད་དུ་འཆར་བའི་རིང་ནས། ཕྱག་བྲིས་རྟེན་ལྡན་ཕྱག་རྒྱའི་རེ་ཁཱ་མ་རྨས་པར་ཕེབས་པས་ངོས་མཇལ་ལྟ་བུའི་དགའ་བདེ་དབྱར་གྱི་ཆུ་བོ་ལྟར་འཕེལ་བར་གྱུར། ༈ ཡང་ན། ཉེར་འཚོའི་དྲི་བཞོན་གྱིས་མ་བསྐྱོད་པའི་སྐུའི་ལང་ཚོ་པདྨའི་མཚོ་ལྟར་བརྟན་ཞིང་རྣམ་དཀར་གྱི་ཡོན་ཏན་རྨད་དུ་བྱུང་བའི་རླན་གྱིས་ཕན་བདེའི་མྱུ་གུ་མངོན་པར་སྐྱེད་པའི་དཔྱིད་དུ་འཚོ་གཞེས་བཀའ་དྲིན་ཆེ། ༈ ཡང་། ཉེ་བའི་ཆར་ཡང་སྐུ་འཚོའི་ལྗོན་པ་ཡོན་ཏན་གྱི་འདབ་བརྒྱ་མངོན་པར་བཞད་ཅིང་ལེགས་བྱས་འབྲས་བུའི་ཁུར་གྱིས་དུད་པས་ཕན་བདེའི་ཡལ་ག་མགོ་ལྕོགས་རྣམ་པར་ལྡེམ་པའི་རིང་ནས། བྱམས་བརྩེའི་ལྕགས་ཀྱུས་མ་བཏང་བའི་ཕྱག་བྲིས་གཉེན་གཤིན་བཟང་པོའི་རྟེན་དང་བཅས་འབྱོར་བས་དངོས་མཇལ་ལྟར་དགའ་སྤྲོ་མཆོག་ཏུ་བརྟས། ༈ ཡང་། བླ་མའི་རིགས་ལ། ཆོས་ཀྱི་སྤྱན་མངའ་བ་གང་དེའི་དྲུང་དུ། ཞུ་བ། དེང་ཡང་སྐུའི་དཀྱིལ་འཁོར་རི་དབང་ལྟར་བརྟན་ཞིང་མཛད་ཕྲིན་རྣམ་པར་དཀར་བ་ཡར་ངོའི་ཟླ་བ་


MLP007_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འགྲན་བཞིན་པར་འཚོ་གཞེས་བཀའ་དྲིན་ཆེ། ༈ ཡང་། རྣམ་འདྲེན་བསྟན་པའི་གསལ་བྱེད་དམ་པ་མཆོག་གི་དྲུང་དུ། ཞུ་བ། དེང་ཡང་སྐུའི་ཟོ་མདོག་བཙོ་སྦྱངས་ཀྱི་གསེར་ལྟར་བཟང་ཞིང་། མཐའ་ཡས་པའི་ཆོས་ཚུལ་རྒྱ་མཚོ་ལ་བདག་གིར་སྤྱོད་པའི་མཛད་པ་མཁའ་ལྟར་ཡངས་པ་ནས། ཉེ་ཆར་བཀའ་འཕྲིན་ལེགས་བཤད་ཀྱི་ཚིག་ཏུ་འབབ་པ་རྟེན་བཟང་པོ་དང་བཅས་འབྱོར་བས་དགའ་ཞིང་ཡིད་རངས་བར་གྱུར། ༈ ཡང་ན། འགྲོ་བའི་དཔལ་མགོན་དམ་པ་གང་གི་དྲུང་དུ། ཞུ་བ། སྐུའི་རི་དབང་མཁས་གྲུབ་གསེར་རིའི་དབུས་ན་བརྗིད་ཆགས་པར་བཞུགས་ཤིང་། དམ་པའི་ཆོས་སྒྲ་ཟད་མི་ཤེས་པར་སྒྲོག་པའི་སྨྲ་བའི་དབང་ཕྱུག་ཟླ་མེད་དུ་འཚོ་གཞེས་བཀའ་དྲིན་ཆེ། ༈ ཡང་། སྐྱེ་རྒུའི་རྣམ་འདྲེན་ཆོས་ཀྱི་རྗེ་རིན་པོ་ཆེའི་དྲུང་དུ། ཞུ་བ། རིང་མིན་གྱི་ཆར་ཡང་ལེགས་སྤྱད་ཀྱི་ཟོང་གིས་བསྒྲུབས་པའི་སྐུ་འཚོ་ནོར་བུ་ཕན་བདེའི་དགོས་འདོད་ཅི་དགར་སྩོལ་བའི་དཔལ་དུ་བཞུགས་པའི་རིང་ནས། ༈ ཡང་། དེང་ཡང་སྐུའི་འཚོ་གཞེས་གསེར་བཟང་པོའི་ཁམས་ལྟར་བཟང་ཞིང་། སྡུག་བསྔལ་གྱི་རྦ་ཀློང་དུ་ལྷུངས་བའི་ཉམ་ཐག་ཅན་རྣམས་ཐར་པའི་སྐམ་སར་བདེ་བར་འདྲེན་པའི་ཐུགས་རྗེའི་དཔྱང་ཐག་དུས་ལས་ཡོལ་བ་མེད་པའི་ཕྲིན་ལས་རྣམ་པར་དཀར་བ་ནས། ༈ ཡང་ན། སྔོན་གོམས་ལེགས་བྱས་ཀྱིས་བསྒྲུབས་པའི་ཐུགས་རྗེའི་གྲུ་གཟིངས་ཐབས་ཤེས་ཀྱི་རླུང་གིས་བསྐུལ་བས་སྐལ་བཟང་དོན་མཐུན་གྱི་འགྲོ་བ་རྣམས་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་གླིང་དུ་འཁྲིད་པའི་དེད་དཔོན་གཅིག་པུ་པར་འཚོ་གཞེས་བཀའ་དྲིན་ཆེ། ༈ ཡང་། དེང་ཡང་ཐུགས་བསྐྱེད་ཀྱི་གྲུ་གཟིངས་དམིགས་མེད་མཁྱེན་པའི་གཟེར་གྱིས་བརྟན་པར་བྱས་ཤིང་། ཞི་ལྷག་གི་དར་ཆེན་བརྩོན་འགྲུས་ལྷོད་པ་མེད་པའི་རླུང་གིས་དྲངས་ཏེ་རྣམ་གྲོལ་ནོར་བུའི་གླིང་དུ་ཐར་འདོད་མ་ལུས་པ་འདྲེན་པའི་དེད་དཔོན་ཟླ་མེད་པར་བཞུགས་


MLP007_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་བཀའ་དྲིན་གྱིས་དཔལ་དམ་པར་གྱུར། ༈ ཡང་ན། ཉེ་ཆར་སྔོན་སྦྱངས་ཆུ་གཏེར་ཆེན་པོ་བསྲུབས་པ་ལས་ཐོན་པའི་གང་སྐུ་རི་བོང་གི་མཚན་མས་སྤྲས་པའི་དཀྱིལ་འཁོར་བརྩེ་ཆེན་བསིལ་བའི་ཟེར་སྣང་མུ་མེད་པར་འཕྲོ་བས་བསྟན་འགྲོའི་ཕན་བདེའི་ཀུ་མུད་བཞད་པའི་གཉེན་དུ་འཚོ་གཞེས་བཀའ་དྲིན་ཆེ། ༈ ཡང་། དེང་ཡང་སྐུ་རིན་པོ་ཆེ་གསེར་གྱི་མཆོད་སྡོང་གདུལ་བྱའི་བསོད་ནམས་ཀྱི་དཔལ་དུ་བརྗིད་ཆགས་པར་བཞུགས་ཤིང་། གསོ་རིག་བསྟན་པའི་ཟླ་བ་ཡར་ངོའི་གང་བ་ལ་འགྲན་པའི་ཕྲིན་ལས་ནམ་མཁའ་དང་མཉམ་པར་བཞུགས་པའི་གནས་ཚུལ་ཐོས་པས་ཡིད་ཀྱི་སྤྲོ་བ་དབྱར་གྱི་ཆུ་བོ་ལྟར་གོང་འཕེལ་དུ་གྱུར་ལགས། ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཾ།། །


previousཡིག་བསྐུར་གྱི་རྣམ་གྲངས་ལོ་ཙཱ་བ་དྷརྨ་ཤྲཱིའི་གསུང་། ལོ་ཆེན་དྷརྨ་ཤྲཱི། no next