Nitartha Digital Library
Tibetan
གསུང་འབུམ་པོད་བདུན་པ། དྲང་ངེས་སོགས།

9 occurrences of ཀུན་གཞི་རྣམ་ཤེས་
[Clear Hits]


collapse section
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 
  
  
  
  
  
  
  
 
  
  
  
  
ལུགས་འདིས་འཁོར་ལོ་གསུམ་གྱི་དྲང་ངེས་འཇོག་ཚུལ།
  
  
  
 
  
  
 
  
  
  
  
  
  
  
  
 
  
  
  
 expand section
  
  
 expand section


9 occurrences of ཀུན་གཞི་རྣམ་ཤེས་
[Clear Hits]

 
previousལུགས་འདིས་འཁོར་ལོ་གསུམ་གྱི་དྲང་ངེས་འཇོག་ཚུལ།next

ལུགས་འདིས་འཁོར་ལོ་གསུམ་གྱི་དྲང་ངེས་འཇོག་ཚུལ།

ལུགས་འདིས་འཁོར་ལོ་གསུམ་གྱི་དྲང་ངེས་འཇོག་ཚུལ་ནི།

འཁོར་ལོ་དང་པོར་གང་ཟག་དང་ཆོས་རང་བཞིན་མེད་པར་གཙོ་བོར་གསུངས་པ་རྣམས་ངེས་དོན་ཡིན་ལ། གང་ཟག་ལ་ཕུང་པོ་དང་མཚན་ཉིད་མི་མཐུན་པའི་རང་རྐྱ་ཐུབ་པའི་རྫས་ཡོད་ཙམ་བཀག་པ་གང་ཟག་གི་བདག་མེད་བཤད་པ་དང༌། ཕུང་པོ་ལ་སོགས་པའི་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པར་གསུངས་པའི་མདོ་དག་དྲང་དོན་ཡིན་ལ། དེའི་དགོངས་གཞི་ནི་ཐ་སྙད་དུ་ཡོད་པའོ། །དགོས་པ་ནི་གང་ཟག་དང་ཆོས་རང་གི་མཚན་ཉིད་ཀྱིས་སྟོང་པར་བསྟན་ན་ཆད་ལྟ་སྐྱེ་བས་དེ་བཟློག་པའི་ཕྱིར་དང༌། རགས་པའི་བདག་མེད་བསྟན་པས་རྒྱུད་སྦྱངས་ནས་ཕྲ་བའི་བདག་མེད་ལ་གཞུག་པའི་དོན་ནོ། །སྒྲ་ཇི་བཞིན་པ་ལ་གནོད་བྱེད་ནི་རང་མཚན་གྱིས་ཡོད་པ་འགོག་པའི་རིགས་པ་རྣམས་སོ། །དེ་ནས་འཁོར་ལོ་གཉིས་པར་གང་ཟག་དང་ཆོས་རྣམས་དོན་དམ་པར་རམ་རང་གི་མཚན་ཉིད་ཀྱིས་ཡོད་པས་སྟོང་ཞིང་འཇིག་རྟེན་གྱི་ཐ་སྙད་དུ་ཡོད་པར་གསུངས་པ་ནི། རང་གི་མཚན་ཉིད་ཀྱིས་གྲུབ་པ་ལ་འཆིང་གྲོལ་སོགས་གཏན་མི་རུང་ཞིང་རང་བཞིན་གྱིས་སྟོང་བ་རྟོགས་ནུས་པའི་ཐེག་ཆེན་པ་ལ་གསུངས་པ་ཡིན་པས་ངེས་པའི་དོན་གྱི་མདོ་མཐར་ཐུག་པའོ། །ཤེས་རབ་སྙིང་པོ་ལ་སོགས་པ་དགག་བྱ་ལ་དོན་དམ་གྱི་ཐ་སྙད་དངོས་སུ་མ་སྦྱར་བ་ལ་ཡང༌། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ། །ཞེས་མདོར་བསྟན་དུ་རང་མཚན་གྱིས་སྟོང་པར་གསུངས་པ་རྒྱས་བཤད་ཀྱི་སྐབས་སུ་སྦྱར་དགོས་པས་དོན་གྱིས་སྦྱར་ཟིན་ལ། དེ་ལྟ་མིན་ཡང་ཡུམ་འབུམ་པ་ལྟ་བུར་དོན་དམ་གྱི་ཁྱད་པར་སྦྱར་ན་དེ་དག་རིགས་མཐུན་པའི་མདོ་སྡེ་ཐམས་ཅད་ལ་གོ་དགོས་པས་དོན་གྱིས་སྦྱར་བ་ཡིན་ཏེ། དཔེར་ན། ད་ལྟར་གྱི་རྩོམ་པ་པོ་གཅིག་གིས་བརྩམས་པའི་བསྟན་བཅོས་བརྗོད་བྱ་མཐུན་པ་གཅིག་ཏུ་བྱུང་བ་མ་བྱུང་དག་ལ་སྦྱར་དགོས་པ་དང་འདྲའོ། །དེས་ན་ཐེག་པ་ཆེན་པོའི་རིགས་ཅན་ཡིན་ཡང་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པའི་རང་བཞིན་མེད་པ་ལ་ལས་འབྲས་དང་འཆིང་གྲོལ་སོགས་བཞག་ས་མེད་པར་འགྲོ་བ་ལ་ནི། འཁོར་ལོ་བར་པས་བསྟན་པ་ལྟར་བསྟན་ན་ཆད་ལྟ་ཆེན་པོ་སྐྱེ་བས་དེ་སྤང་བའི་ཕྱིར་དང༌། རགས་པའི་ཆོས་ཀྱི་བདག་མེད་བསྟན་ནས་རྒྱུད་སྦྱངས་ནས་ཕྲ་བའི་ཆོས་ཀྱི་བདག་མེད་ལ་གཞུག་པའི་ཕྱིར་དུ་ངོ་བོ་ཉིད་དང་པོ་དང༌། གཞན་གཉིས་ལ་ཐ་སྙད་དུ་རྣལ་འབྱོར་སྦྱོད་པ་པ་འདོད་པ་ལྟར་གྱི་མིང་དང་བརྡས་བཞག་མ་བཞག་གི་ཁྱད་པར་ཡོད་པ་ལ་དགོངས་ནས་རང་གི་མཚན་ཉིད་ཀྱིས་ཡོད་པ་དང་མེད་པར་གསུངས་སོ། །སྒྲ་ཇི་བཞིན་པ་ལ་གནོད་བྱེད་ནི་གང་ཟག་དང་ཆོས་རྣམས་དོན་དམ་པར་མ་གྲུབ་པ་ལ་རིགས་པའི་གནོད་བྱེད་ཅི་ཡང་མེད་ལ། དོན་དམ་པར་གྲུབ་པ་ལ་རྒྱུ་འབྲས་སོགས་རྣམ་གཞག་ཐམས་ཅད་མི་རུང་བར་དབུ་མ་རྩ་ཤེས་ནས། གང་ལ་སྟོང་བ་ཉིད་རུང་ན། །དེ་ལ་ཐམས་ཅད་རུང་བར་འགྱུར། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་མི་རུང་འགྱུར། །ཞེས་གསུངས་པ་རྣམས་སོ། །དེ་འདྲ་བའི་དྲང་ངེས་འཇོག་ཚུལ་ནི་མདོ་སྡེ་དགོངས་འགྲེལ་གྱིས་བཞག་པ་དང་མི་མཐུན་ཡང༌། ཏིང་འཛིན་རྒྱལ་པོ་དང་བློ་གྲོས་མི་ཟད་པས་བསྟན་པ་དང་མཐུན་པར་འདོད་དོ། །གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་ལས། ནོར་བུ་མཁན་གྱིས་བཀྲུ་བ་གསུམ་དང་ཕྱི་བ་གསུམ་གྱིས་རིམ་གྱིས་ནོར་བུ་སྦྱོང་བའི་དཔེས། རྒྱལ་བས་ཀྱང་མ་དག་པའི་སེམས་ཅན་གྱི་ཁམས་མཁྱེན་ནས་མི་རྟག་སྡུག་བསྔལ་བདག་མེད་མི་སྡུག་པ་ཡིད་འབྱུང་བའི་གཏམ་གྱིས་འཁོར་བ་ལ་དགའ་བ་རྣམས་ཡིད་འབྱུང་བ་དང་ཆོས་འདུལ་བ་ལ་འཇོག་པར་བྱེད་དོ། །དེ་ཡི་འོག་ཏུ་སྟོང་ཉིད་དང་མཚན་མེད་དང་སྨོན་མེད་ཀྱི་གཏམ་གྱིས་དེ་བཞིན་གཤེགས་པའི་གཏམ་གྱི་ཚུལ་ཁོང་དུ་ཆུད་པར་བྱེད་དོ། །དེ་ཡི་འོག་ཏུ་ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་དང་འཁོར་གསུམ་ཡོངས་དག་གི་གཏམ་གྱིས་སེམས་ཅན་དེ་དག་སངས་རྒྱས་ཀྱི་ཡུལ་ལ་འཛུད་པར་མཛད་དོ། །སེམས་ཅན་རྒྱུ་དང་རང་བཞིན་སྣ་ཚོགས་པ་དེ་དག་མཉམ་དུ་ཞུགས་ནས་དེ་བཞིན་གཤེགས་པའི་ཆོས་ཉིད་ཁོང་དུ་ཆུད་པས་སྦྱིན་གནས་བླ་ན་མེད་པ་རྣམས་ཞེས་བྱའོ། །ཞེས་གསུངས་པ་ནི་ཆོས་འཁོར་ལན་གསུམ་དུ་བསྐོར་བ་དང་དོན་མི་གཅིག་སྟེ། འདི་ནི་གང་ཟག་གཅིག་དང་པོར་ཐེག་དམན་དུ་ཁྲིད་དེ། དེ་ནས་སངས་རྒྱས་གྱི་ཡུལ་ཐེག་ཆེན་ལ་བཙུད་ནས། མཐར་སངས་རྒྱས་ཐོབ་པར་བྱེད་པའི་རིམ་པ་ཡིན་ལ། ཆོས་འཁོར་གསུམ་ནི་ཐེག་པ་ཆེ་ཆུང་གི་གདུལ་བྱ་རྒྱུད་ཐ་དད་ཀྱི་དབང་དུ་མཛད་པའི་ཕྱིར་ཏེ། མདོ་ཀུན་ལས་བཏུས་པ་ལས། མདོ་འདི་ཐེག་དམན་རྣམས་ཀྱང་མཐར་ཐེག་ཆེན་དུ་ཞུགས་ནས་འཚང་རྒྱ་བ་མཐར་ཐུག་ཐེག་པ་གཅིག་ཡིན་པའི་སྒྲུབ་བྱེད་དུ་དྲངས་པའི་ཕྱིར་ཞེས་འདི་བས་འདོད་པ་འདྲའོ། །དེས་ན་རིམ་པ་དང་པོ་གཉིས་ཀ་ཐེག་དམན་དུ་ཁྲིད་པ་ཡིན་པས་དང་པོའི་སྐབས་ཀྱི་བདག་མེད་ནི། བཞི་བརྒྱ་པ་ལས་སྟོང་ཉིད་ཀྱི་ལྟ་བ་སྟོན་པའི་སྔ་རོལ་ཏུ་རྒྱུད་སྦྱོང་བྱེད་ལ་མི་རྟག་པ་ལ་སོགས་པ་བཞི་བཤད་པའི་བདག་མེད་དང་འདྲ་སྟེ། བདག་གི་པ་རྣམས་རང་དབང་དུ་གྱུར་པའི་བདག་མེད་པའོ། །ཕྱིར་མི་ལྡོག་པ་ནི་དེར་ཞུགས་ནས་ཐེག་པ་གཞན་དུ་འགྲོ་མི་དགོས་པའི་དོན་ནོ། །གལ་ཏེ་རྣམ་རིག་པས་བཀྲལ་བ་དེ་མདོའི་དོན་ཡིན་ན་དེ་དང་མི་མཐུན་པར་དབུ་མ་པས་བཀྲལ་བ་ཡང་མདོའི་དོན་ཡིན་པས། གསུང་བ་པོ་ལ་ནང་འགལ་ཡོད་པར་འགྱུར་ཞིང་མདོའི་དོན་བཀག་པར་ཡང་འགྱུར་རོ་སྙམ་ན། འོ་ན་རྐྱེན་ལ་ལྟོས་ཏེ་སྲོག་གཅོད་ལ་གནང་བ་མེད་པ་དེ་ཉན་ཐོས་ཀྱི་སྡེ་སྣོད་ཀྱི་དོན་ཡིན་ནམ་མིན། མིན་ན་ཐེག་པ་ཆེ་ཆུང་གི་སྡེ་སྣོད་ལ་སྲོག་གཅོད་ལ་གནང་བཀག་གི་ཁྱད་པར་མེད་པར་འགྱུར་རོ། །ཡིན་ན་དགོས་པ་འགའ་ཞིག་ལ་ལྟོས་ནས་སྲོག་གཅོད་ལ་གནང་བ་ཡོད་པ་ཡང་ཐེག་ཆེན་གྱི་སྡེ་སྣོད་ཀྱི་དོན་ཡིན་པས། གསུང་བ་པོ་ལ་ནང་འགལ་ཡོད་པར་འགྱུར་རོ་ཞེས་སྨྲས་ན་ལན་ཅི་ཡོད། གདུལ་བྱ་ཐེག་དམན་ལ་ལྟོས་ཏེ་སྲོག་གཅོད་ལ་ནམ་ཡང་གནང་བ་མེད་ལ། ཐེག་ཆེན་གྱི་ཁྱད་པར་འགའ་ཞིག་ལ་ལྟོས་ཏེ་གནང་བ་ཡོད་པ་གསུང་བ་པོའི་དགོངས་པ་ཡིན་པས་མི་འགལ་ལོ་ཞེ་ན། ཐེག་པ་ཆེན་པོའི་རིགས་ཅན་རེ་ཞིག་ཟབ་མོའི་དོན་རྫོགས་པར་བཤད་པའི་སྣོད་དུ་མི་རུང་བའི་གདུལ་བྱའི་བློ་ལ་ལྟོས་ཏེ་རང་གི་མཚན་ཉིད་ཀྱིས་གྲུབ་པར་བསྟན་ལ། ཟབ་མོའི་དོན་རྫོགས་པར་གོ་བའི་སྣོད་རུང་གི་གདུལ་བྱ་ལ་ལྟོས་ཏེ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་པར་བསྟན་པ་ལ་ཅི་ཞིག་འགལ། ཕ་དང་མ་ནི་གསད་བྱས་ཤིང༌། །ཞེས་གསུངས་པ་ལྟར་སྒྲས་ཟིན་བརྗོད་བྱའི་དོན་མིན་ཡང་སྲིད་སྲེད་སྨྲ་བ་པོའི་བརྗོད་འདོད་ཀྱི་བརྗོད་བྱའི་དོན་ཡིན་པ་ལྟར་འདི་ལ་བྱར་མེད་དེ། གསུང་བ་པོས་འདིའི་གདུལ་བྱ་ལ་དངོས་བསྟན་གྱི་དོན་དེ་ཉིད་འཛིན་དུ་གཞུག་པར་བཞེད་པའི་ཕྱིར་རོ། །དེས་ན་འདི་ལ་བརྗོད་བྱ་ཞིག་བསྟན་དགོས་ལ་སྒྲས་ཟིན་ལས་གཞན་པའི་བརྗོད་བྱ་ཡང་བསྟན་དུ་མེད་པའི་ཕྱིར་དངོས་ཟིན་གྱི་དོན་རྣམས་བརྗོད་པར་བྱ་བ་ཡིན་ཞིང་སྒྲ་ཇི་བཞིན་པའི་དོན་ལ་གནོད་པ་བསྟན་ནས་ངེས་དོན་གྱི་མདོ་མ་ཡིན་པར་སྒྲུབ་པར་འདོད་ལ། དེས་ན་གསུང་རབ་ཀྱི་བརྗོད་བྱའི་དོན་ཡང་ཡིན་ལ་གསུང་བ་པོའི་དགོངས་པ་ཡང་ཡིན་པ་དང་གསུང་བ་པོའི་དགོངས་པ་མིན་ཀྱང་གསུང་རབ་ཀྱི་དོན་དུ་བཞག་དགོས་པ་གཉིས་ཡོད་པར་སྐབས་མང་པོར་ཤེས་པར་བྱའོ། །ཐལ་འགྱུར་བའི་ཚད་མའི་མཚན་ཉིད། མི་བསླུ་བའི་ཤེས་པ་བཞག་སྟེ། དབུ་མ་བཞི་བརྒྱ་བའི་འགྲེལ་བ་ལས། མི་བསླུ་བའི་ཤེས་པ་ནི་འཇིག་རྟེན་ན་ཚད་མ་ཉིད་དུ་མཐོང་ན། ཞེས་དང༌། དཔའ་བོའི་སྤེལ་མར་བསྟོད་པ་ལས། དོན་གཟིགས་པས་ན་མི་བསླུ་བ། ཞེས་གསུངས་པས་སོ། །ཚད་མའི་ཐ་སྙད་མདོ་ལས་བསྟན་ཏེ། བློ་གྲོས་མི་ཟད་པའི་མདོ་ལས། དགེ་བ་དང་མི་དགེ་བའི་ཆོས་རྣམས་རབ་ཏུ་ཤེས་པ་ནི་ཤེས་རབ་བོ། །འཕགས་པའི་ཆོས་མངོན་དུ་གྱུར་པས་ན་ཤེས་རབ་ནི་ཚད་མར་གྱུར་བའོ། །ཞེས་སོ། །གཞལ་བྱ་དེ་འཇོག་པ་ལ་ཚད་མ་ལ་རག་ལས་པ་ཡིན་ཏེ། རྩོད་བཟློག་ལས། གལ་ཏེ་ཡོད་ན་གཞལ་བྱ་ལ། །ལྟོས་ནས་ཚད་མ་གྲུབ་ཡིན་ན། །ཚད་མ་རྣམས་ལ་མ་ལྟོས་པར། །གཞལ་བར་བྱ་བ་འགྲུབ་པར་འགྱུར། །ཞེས་དང༌། ཚིག་གསལ་ལས། གལ་ཏེ་གཞལ་བྱ་རྟོགས་པ་ཚད་མ་ལ་རག་ལས་པ་ཡིན་ན་ཚད་མ་དེ་དག་གང་གིས་ཡོངས་སུ་གཅོད་པར་བྱེད་ཅེས་པ་ལ་སོགས་པ། ཞེས་གསུངས་སོ། །གཞལ་བྱ་མངོན་ལྐོག་གཉིས་ཀྱི་སྒོ་ནས་ཚད་མ་ཡང་མངོན་རྗེས་གཉིས་སུ་བྱེད་དེ། ཚིག་གསལ་ལས། ཚད་མའི་གྲངས་སུ་འཇུག་པ་གཞལ་བྱ་གཞན་གྱི་དབང་ཡིན་པའི་ཕྱིར། གཞལ་བྱའི་རྣམ་པའི་རྗེས་སུ་བྱེད་པ་ཙམ་གྱིས་རང་གི་ངོ་བོ་རྙེད་པའི་ཚད་མ་དག་གིས་རང་གི་ངོ་བོ་རྣམ་པར་འཇོག་པའི་ཕྱིར། ཞེས་དང༌། ཚིག་གསལ་ལས། མངོན་སུམ་གྱི་སྒྲ་འཇིག་རྟེན་ལ་གྲགས་པ་ནི་ཡོད་མོད་ཀྱི། དེ་ཇི་ལྟར་འཇིག་རྟེན་ན་ཡིན་པ་དེ་ལྟར་ནི་ཁོ་བོ་ཅག་གིས་སྨྲས་པ་ཉིད་དོ། །འཇིག་རྟེན་པའི་དོན་ཇི་ལྟར་གནས་པ་སྤངས་ནས་དེ་བྱེ་བྲག་ཏུ་འཆད་པར་བྱེད་པ་ལ་ནི་རབ་ཏུ་གྲགས་པའི་སྒྲ་ཡང་སྤོང་བར་འགྱུར་རོ། །ཞེས་དང༌། བཞིའི་བརྒྱ་བའི་འགྲེལ་བ་ལས། དངོས་པོ་ཐམས་ཅད་མངོན་དུ་ཤེས་པར་གོ་བར་བྱ་བ་ནི་མ་ཡིན་གྱི་རྗེས་སུ་དཔག་པས་རྟོགས་པར་བྱ་བ་ཡང་ཡོད་དོ། ། ཞེས་དང༌། ཚིག་གསལ་ལས། ལྐོག་ཏུ་གྱུར་པའི་ཡུལ་ན་རྟགས་བསྒྲུབ་པར་བྱ་བ་ལ་མི་འཁྲུལ་བ་ལས་སྐྱེས་པའི་ཤེས་པ་ནི་རྗེས་སུ་དཔག་པའོ། །ཞེས་གསུངས་པའི་ཕྱིར་རོ། །ཐལ་འགྱུར་བའི་ལུགས་ཀྱི་ཚད་མའི་རྣམ་བཞག་གཞན་དུ་འཆད་པར་འགྱུར་བ་ལ་སྤྲོ་བའོ། །འདི་བས་ཕྱི་དོན་འདོད་པ། ཀུན་གཞི་དང་རང་རིག་མི་འདོད་པ། གསར་རྟོགས་མི་རུང་བས་ཚད་མ་ལ་གསར་རྟོགས་མི་དགོས་པ། བཅད་ཤེས་ཚད་མར་འདོད་པ། བཅད་ཤེས་མངོན་སུམ་ཚད་མར་འདོད་པ། རྣལ་འབྱོར་མངོན་སུམ་སོ་སྐྱེ་ལ་བཞག་པ་སོགས་རྒྱས་པར་གཞན་ལས་ཤེས་པར་བྱའོ། །གཞན་གྱིས་ཐལ་འགྱུར་བའི་དཀའ་གནས་བརྒྱད་ཅེས་བཤད་དོ། །དེ་ཡན་ཆོད་དུ་ཐལ་འགྱུར་བའི་ལུགས་སངས་རྒྱས་བསྐྱངས་དང་ཟླ་བ་གྲགས་པའི་ལུགས་ལྟར་བཤད་ཟིན་ཏོ། །


previousལུགས་འདིས་འཁོར་ལོ་གསུམ་གྱི་དྲང་ངེས་འཇོག་ཚུལ།next