Nitartha Digital Library
Tibetan
རིག་འཛིན་གྲུབ་པའི་དབང་ཕྱུག་སྟོབས་ལྡན་རྟ་ཁྱུང་རོལ་པའི་རྡོ་རྗེའི་གསུང་ཆོས་སྐོར།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གནོད་སྦྱིན་ཙིའུ་དམར་པོའི་བསྟོད་བསྐུལ་གནམ་ལྕགས་སྤུ་གྲིའི་རྒྱུད།
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousགནོད་སྦྱིན་ཙིའུ་དམར་པོའི་བསྟོད་བསྐུལ་གནམ་ལྕགས་སྤུ་གྲིའི་རྒྱུད།next

གནོད་སྦྱིན་ཙིའུ་དམར་པོའི་བསྟོད་བསྐུལ་གནམ་ལྕགས་སྤུ་གྲིའི་རྒྱུད།

གནོད་སྦྱིན་ཙིའུ་དམར་པོའི་བསྟོད་བསྐུལ་གནམ་ལྕགས་སྤུ་གྲིའི་རྒྱུད་ཅེས་བྱ་བ་བཞུགས་སོཿ

ཆོས་དབྱིངས་ཌཱཀྐིའི་བརྡ་མཛོད་ལསཿ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོཿ ནུབ་ཕྱོགས་བསེ་མཁར་སྨུག་པོའི་གཞལ་ཡས་ནསཿ གནོད་སྦྱིན་ཙིའུ་དམར་དཀྱིལ་འཁོར་དབྱིངས་ནས་བཞེངསཿ རྣལ་འབྱོར་བསྒྲུབ་པ་པོ་ལ་དངོས་གྲུབ་སྩོལཿ དམ་ཉམས་རྣམས་ཀྱི་སྲོག་སྙིང་ད་རྦད་མཛོདཿ སྤྲོས་བཅས་མཚན་ཉིད་དཀྱིལ་འཁོར་ཚང་བའི་དབུསཿ སྡེར་ནང་མཁར་ཐབས་སྟེང་དུ་དམར་གཏོར་གཅིགཿ ཨརྒྷཾ་མེ་རི་སྙིང་ཕྲེང་མར་གྱིས་བརྒྱནཿ དེ་མཐར་དམར་གཏོར་གྲུ་གསུམ་བདུན་གྱིས་བསྐོརཿ སྡེ་བརྒྱད་སྤྱི་ལ་དཀར་གཏོར་ཕྱོགས་བཞིའི་མཚམསཿ བར་མཚམས་བཱ་ལིང་རིལ་བུ་བཤོས་བུས་བརྒྱནཿ ཇ་ཆང་སྐྱེམས་གཏོར་ཡོས་ཁྲ་སྤྱི་ལྟར་བཤམསཿ ཟག་མེད་ཆུ་གཙང་ལེགས་པར་ཆབ་ཀྱིས་བྲནཿ སྤྲོས་མེད་དཀྱིལ་འཁོར་སྐྱེམས་གཏོར་མེད་ཀྱང་ཆོགཿ ཐོག་མར་རང་ཉིད་ཡི་དམ་རྟ་མགྲིན་གསལཿ བསངས་སྦྱངས་བྱིན་རླབས་ནམ་མཁའ་མཛོད་ཀྱིས་སྤེལཿ ཀུན་བཟང་མཆོད་སྤྲིན་ནམ་མཁའ་རབ་གང་གྱུརཿ རཾ་ཡཾ་ཁཾཿ ཨོཾ་ཨཱཿཧཱུྃཿ ཀྱཻཿ རང་བྱུང་ཆོས་དབྱིངས་གཞི་ཡི་སྟོང་ཆེན་དབྱིངསཿ རིག་རྩལ་འཇིགས་རུང་དུར་ཁྲོད་རབ་ཏུ་འབརཿ ཐིག་ལེ་ཐིག་ཕྲན་འཁྲིགས་པའི་འོད་ཀློང་བཀྲཿ གནས་མཆོག་བདེ་ཆེན་དབང་གི་དཀྱིལ་འཁོར་རྫོགསཿ སྣང་སྲིད་རྣམ་དག་རྒྱལ་བའི་ཞིང་ཁམས་ནསཿ བསྐལ་བའི་དུས་མེ་རླུང་ནག་འཚུབ་འདྲའི་ཀློངཿ ནུབ་ཕྱོགས་བསེ་མཁར་སྨུག་པོའི་ཕོ་བྲང་དུཿ པདྨ་དབང་ཆེན་གནོད་སྦྱིན་ཙིའུ་དམར་རཿ ཕྱག་ན་མདུང་དམར་ཞགས་པ་སྐུ་མདོག་དམརཿ རིན་ཆེན་རྒྱན་སྤྲས་རྟ་མཆོག་ངང་དཀར་ཆིབསཿ སྤྱི་གཙུག་རིགས་བདག་འོད་དཔག་མེད་མགོན་བརྒྱནཿ ཡེ་ཤེས་སྤྱན་གྱིས་དུས་མཐའི་གཤེད་མར་གཟིགསཿ དུག་གསུམ་ལོག་འདྲེན་དགྲ་བགེགས་ཞབས་ཀྱིས་མནནཿ ཧྲཱིཿ དབྱིངས་རིག་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་ནསཿ ནུབ་ཕྱོགས་བཙན་ཡུལ་ཟངས་ཐང་རབ་སྤྲོས་དབུསཿ ཆེ་བཙན་རྒྱལ་པོ་རོལ་བ་རྐྱ་བདུན་གྱིསཿ འཁོར་འདས་འགྲོ་ཀུན་ཀ་དག་གནས་ཁྱབ་ཅིངཿ རིག་སྟོང་གནོད་སྦྱིན་སྲོག་བདག་བཀའ་སྡོད་ཚོགསཿ ལྷུན་གྲུབ་སྒྱུ་འཕྲུལ་མི་ངོམ་རང་མདངས་ལསཿ རང་བཞིན་འོད་གསལ་དབང་ཆེན་བསྟན་བསྲུང་རྫོགསཿ གནས་འདིར་འགྲོ་འོང་མེད་པའི་དབྱིངས་ནས་གཤེགསཿ ཤཱུ་ལ་ཏྲི་བཛྲ་ས་མ་ཡཱ་ཛ་ཛཿ བྷྱོཿ མ་བཅོས་རིག་གདངས་གཞི་ཡི་དབྱིངས་ཆེན་ལསཿ ངོ་བོ་སྟོང་པ་རིག་པའི་རང་རྩལ་ཤརཿ དབང་གི་བཀའ་ཉན་སྐྱེས་བུ་སྲོག་བདག་ཚོགསཿ བསྲུང་མར་དམ་བཞག་ཁྱེད་ཅག་ཡང་སྤྲུལ་འཁོརཿ ཕྱི་ནང་བར་ཆད་སྲོག་སྙིང་དྲོད་མོ་རོལཿ དམ་རྫས་བྷ་ལིང་ཤ་ཁྲག་མཉེས་མཆོད་འབུལཿ ཐུགས་དམ་དགྱེས་བསྐང་ཉམས་ཆགས་བར་ཆད་སོལཿ ཐུགས་དམ་བསྐང་བའི་དམ་རྫས་མཆོག་ཆེན་པོཿ ལྷ་མིའི་ལོངས་སྤྱོད་ཀུན་བཟང་བསམ་མི་ཁྱབཿ ཡུལ་ལྔ་དག་པ་འདོད་ཡོན་བདུད་རྩི་ལྔཿ བདེ་སྟོང་དགྱེས་བསྐྱེད་རིག་མ་བསམ་མཐའ་ཡསཿ གཞི་དབྱིངས་ཆོས་སྐུ་ཉག་གཅིག་རང་རིག་སདཿ འགགས་མེད་གནོད་སྦྱིན་སྲོག་བདག་འཁོར་བཅས་ཀྱིསཿ ཐུགས་དམ་དགྱེས་བསྐང་དངོས་གྲུབ་ད་སྩོལ་མཛོདཿ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོདཿ བྷྱོཿ མ་བཅོས་རིག་རྩལ་རྣམ་དག་ཡེ་གྲོལ་དབྱིངསཿ ལྷག་མཐོང་སྣང་ཆའི་སྲོག་བདག་ཙིའུ་དམར་སྐུཿ རང་བྱུང་རང་ཤར་ཆོས་ཀྱི་དབྱིངས་ནས་བཞེངསཿ བསྐུལ་ལོ་ལྔ་བདོའི་འཚུབ་མ་བཟློག་ཕྱིར་བསྐུལཿ མ་དག་ཞིང་བཅུ་ཚང་བ་དུག་ལྔའི་དགྲཿ ཁྱེད་ཐུགས་མྱུར་མགྱོགས་དབང་གིས་ད་དགོངས་ཤིགཿ ང་མེད་ངར་འཛིན་སྒྱུ་མའི་ལུས་གྲོང་ནངཿ བདེན་འཛིན་ངན་དབང་འཁྲུལ་ཞེན་སྒོ་གསུམ་མནརཿ འདུལ་འཛིན་དགེ་འདུན་སྡང་བའི་སེམས་ཅན་གནོདཿ བསྟན་དགྲ་ལ་སོགས་དུས་མཐའི་གཤེད་མའི་ཚོགསཿ སྐད་ཅིག་ཉིད་དུ་རྩད་ནས་དྲུང་བསྒྲལ་མཛོདཿ ཕྱི་རོལ་ཡུལ་གྱི་དམག་འཁྲུགས་དུག་མཚོན་དགྲཿ ནང་གི་བར་ཆད་རྩ་རླུང་འཁྲུལ་ལོག་དགྲཿ མི་ནོར་ཀུན་གྱི་བདེ་སྐྱིད་སྲོག་འཕྲོག་སོགསཿ ནད་མཚོན་མུ་གེའི་གཉིས་འཛིན་རྫོང་གཏོར་ནསཿ ཀུན་ཁྱབ་ཡེ་དག་ཀློང་ཆེན་ནམ་མཁའི་དབྱིངསཿ འཇིགས་རུང་འཁོར་བའི་གནས་བསྒྲལ་ཆོས་སྐུའི་ཞལཿ སྔོན་ལས་འཕྲལ་རྐྱེན་དབང་བཙན་རྒྱུ་བྱས་ནསཿ གཉིས་འཛིན་ཆོ་འཕྲུལ་བསྟན་དགྲ་གཤེད་མའི་ཚོགསཿ སྐད་ཅིག་ཐོགས་མེད་མྱུར་དུ་ཞལ་བསྟབ་མཛོདཿ ཧཱུྃ་བྷྱོཿ སྔོན་ཚེ་ཀུན་བཟང་རྟ་མཆོག་ཧེ་རུ་ཀསཿ འོག་མིན་ཞིང་ཁམས་ཆོ་འཕྲུལ་བསྟན་ནས་སུཿ དམ་ལ་བཏགས་ཤིང་བཀའ་གཏད་དམ་རྒྱར་བཞགཿ བླ་མེད་རྡོ་རྗེ་ཐེག་པའི་གཉེར་བྱང་བསྐོསཿ གནས་ཡུལ་དུར་ཁྲོད་མེ་རི་འབར་གནས་ནསཿ བཙན་གྱི་བྲག་དམར་སྲིན་མོ་ལངས་འདྲ་རུཿ རིག་འཛིན་ཆེན་པོ་པདྨ་ཐོད་ཕྲེང་རྩལཿ ཡེ་ཤེས་རྡོ་རྗེ་འཁོར་ལོའི་ཕྱག་རྒྱར་བཞུགསཿ བྱང་ཕྱོགས་ལྕང་ར་ལི་ཡུལ་སྨུག་པོའི་མཁརཿ ལི་རྗེ་མེ་ཏོག་སྲས་མཆོག་ཞེས་སུ་གྲགསཿ དེ་ཚེ་ནགས་ཚལ་དབེན་པའི་རི་ལ་གནསཿ རྒྱལ་པོའི་སྲས་མོ་ལྷ་ལྕམ་བདེ་འབྱིན་མཿ སྐྱོ་བསང་བྱོན་པ་རྫིང་བུར་སྦྲུལ་བདས་ཚེཿ དེ་ཉིད་སྲོག་བསྐྱབས་ཕན་བཏགས་བློན་པོས་མཐོངཿ ཁ་ན་མ་ཐོའི་རྫུན་ཚིག་རྗེ་ལ་བསྒྲགསཿ མ་བརྟགས་ཕྲ་མར་ཉན་བཙན་ལི་ཡི་སྲསཿ དགེ་སློང་ངན་སྨྲས་ལྷ་ལྕམ་གཡང་ལ་ལྕེབསཿ ལི་སྲས་དགེ་སློང་སྲོག་འཇིགས་ཉེར་སྐྲག་སྟེཿ ཁ་བ་ཅན་རིར་བརྐུངས་བྲོས་དྲིན་བློ་ལོགཿ ཡུལ་དུས་ཕོ་བསད་མོ་སྤྱད་སྨོན་ལོག་དབངཿ ནམ་ཞིག་རྒྱལ་པོ་དྷརྨ་ཤྲི་ཡིསཿ གྱད་པོ་ཆེ་ཡི་དམག་བསྐུལ་ལི་སྲས་བསྔོགསཿ དེ་ཚེ་བར་བཏང་ལོག་སྨོན་མཚམས་སྦྱར་སྐབསཿ གཉིས་མེད་བཤོས་པའི་དམུ་བཙན་རུམ་ནས་ཆགསཿ ནམ་ཞིག་སྨོན་ལམ་དབང་བཙན་དུས་སུ་སྨིནཿ ཁྲག་གི་སྒོ་ང་དམར་པོ་ལྷུམས་ནས་སྐྱེསཿ དུས་བབས་སྒོང་ཆག་ནང་ནས་གདུག་རྩུབ་བཙནཿ གནོད་སྦྱིན་རྒྱལ་པོ་ཙིའུ་དམར་ཞེས་བྱར་གྲགསཿ ཆགས་སྡང་གདུག་སེམས་ཆེ་སྟེ་རྟེན་འབྲེལ་དབངཿ རང་ལུས་ནས་བྱུང་གདུག་པའི་བཙན་དྲུག་རླངསཿ གྲི་ཐང་དམར་པོར་ཀུན་ཀྱང་གནས་ནས་སུཿ སྲིད་གསུམ་ཕུང་བྱེད་སྲོག་གཅོད་གཤེད་དུ་ཆེཿ དེ་ཚེ་དབང་ཆེན་རྟ་མཆོག་སྐུར་བཞེངས་ནསཿ དམ་ལ་བཏགས་སྟེ་མདོ་སྔགས་བསྟན་བསྲུང་བསྐོསཿ ནམ་གུང་མུན་ནག་དུས་ལ་བབས་ཚེ་ནཿ སྤྱང་ཀི་ཁྲག་རལ་བདུན་ངུ་བར་གཅོད་ཚེཿ རྡོ་རྗེ་སྤྱི་བོར་བཀའ་རྟགས་ཕྱག་རྒྱས་བཏབཿ ཐ་མར་དབུ་ཚལ་ཤར་སྒོར་དངོས་གཟུགས་བསྟནཿ རང་རྟགས་སྲོག་སྙིང་ཕུལ་ཞིང་བྲན་ཁས་བླངསཿ མ་འོངས་དུས་མཐའ་རྒྱ་འདྲེའི་དུག་རླུང་ལྡངཿ སྐྱེ་འགྲོ་དབང་བསྡུ་ཚེ་རྐུ་གཤེད་མར་སྤྲདཿ སྔོན་ལས་འཕྲལ་རྐྱེན་ལས་དབང་རྒྱུ་བྱས་འབྲསཿ བཟློག་མེད་གཉིས་འཛིན་ཆོ་འཕྲུལ་གཤེད་མའི་མཐའིཿ འཇིགས་རུང་ལྔ་བདོས་བསྟན་འགྲོ་གཟིར་གདུང་ཚེཿ ཁྱོད་ཐུགས་མྱུར་མགྱོགས་བརྩེ་དགོངས་ད་སྐྱོངས་ཤིགཿ རྒྱུ་འབྲས་ཁྱད་བསད་དམ་ཉམས་གཤེད་མའི་རིགསཿ བསླུ་མེད་དཀོན་མཆོག་གསུམ་སྤང་བསྟན་པ་འདིཿ འཇིགས་ལ་ཉེ་ཚེ་དགེ་འདུན་རང་གིས་བརླགསཿ ཞིང་བཅུ་ཚང་བའི་བསྟན་དགྲ་གཤེད་མ་ཆེཿ སྐད་ཅིག་ཉིད་དུ་སྙིང་ཁྲག་ད་རོལ་མཛོདཿ བདག་ནི་རིག་འཛིན་པདྨའི་བརྒྱུད་པ་འཛིནཿ བདུད་འདུལ་དབང་ཆེན་གྲུབ་དབང་ཐ་ཚིག་བཞིནཿ གནོད་སྦྱིན་ཙིའུ་དམར་བཙན་རྒོད་རོལ་སྐྱ་བདུནཿ ཐུགས་ཀྱི་དགྱེས་ཡུམ་བཀའ་བློན་ལྷ་སྲིན་བརྒྱདཿ སྤྲུལ་པའི་འཁོར་ལོ་རུ་འདྲེན་སྡེ་ཚོགས་བཞིཿ ལས་མཁན་ཁྱི་སྤྱང་འབག་སེང་ད་རྒྱུགས་ཤིགཿ མ་འདའ་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོདཿ ཧཱུྃ་ཧྲཱིཿ སྤྲོས་བྲལ་འཁོར་འདས་གཞོན་ནུ་བུམ་སྐུའི་ཀློངཿ རྩལ་སྣང་ཀུན་ཁྱབ་དབང་གི་ལས་མཛད་ལྷཿ ཆོས་སྐྱོང་རྒྱལ་པོ་གནོད་སྦྱིན་ཙིའུ་དམརཿ མྱུར་མགྱོགས་དྲག་རྩལ་རོལ་བ་རྐྱ་བདུན་ཚོགསཿ འདི་ཕྱིའི་དངོས་གྲུབ་ཚེ་འདིར་བསྒྲུབ་པའི་མཐུསཿ ཆོས་སྲིད་དགེ་ལེགས་དབྱར་གྱི་མཚོ་འཁྱིལ་བཞིནཿ མི་ཉམས་སྤེལ་བའི་དངོས་གྲུབ་ད་སྩོལ་མཛོདཿ སངས་རྒྱས་གཉིས་པ་གུ་རུ་ཐོད་ཕྲེང་རྩལཿ བཀའ་བསྒོས་དམ་ལ་བཞག་པའི་བསྟན་བསྲུང་ངཿ ཁྱད་བསད་ལྷ་མེད་བརྙས་བཅོས་བྱེད་མི་དང་། དུས་མཐའི་སྨོན་ལོག་རྒྱལ་འགོང་དམ་སྲིའི་རིགསཿ སྲོག་གཅོད་གཤེད་མ་བར་ཆད་ཕྱི་ནང་བདུདཿ བསམ་ངན་དགྲ་ཇག་ཆོམ་རྐུན་ནད་མུག་མཚོནཿ ཁྱད་པར་བསྟན་པ་ཕྱི་ནང་དུས་མཐས་སྡུདཿ མིང་ཙམ་ལྷག་མེད་སུས་བསྐུར་འདེབས་མི་རིགསཿ བདག་ནི་སྲོག་བདག་ཡིན་པས་ཁྱོད་སྲོག་རོལཿ དམ་ལོག་སྲོག་གི་གཤེད་མར་མངའ་དབང་བསྐུརཿ མ་འོངས་དུས་མཐའ་དུརྵས་དབང་བསྒྱུར་ཚེཿ ཁྱད་པར་གཉིས་འཛིན་བསྟན་དགྲ་ལོག་ལྟ་ཅནཿ གང་ན་འདིར་གནས་ཞིང་བཅུ་གཤེད་མ་འདིཿ ཞག་གཅིག་མི་འགྱང་སྙིང་ཁྲག་བདག་གིས་རོལཿ མིང་གི་ལྷག་མ་ཙམ་ཡང་མ་ལུས་པརཿ རྣམ་ཤེས་འོག་མིན་ཞིང་ལ་ད་དྲོངས་མཛོདཿ རྟོགས་པ་མཆོག་ལྡན་རྣལ་འབྱོར་བུ་མཆོག་ལཿ ཆོས་དབྱིངས་ཡེ་ཤེས་འོད་སྐུའི་རྡོ་རྗེ་འདིཿ མངོན་སུམ་རྟོགས་ནས་གཉིས་མེད་ཟུང་འཇུག་སྐུཿ ཐིམ་ནས་རྒྱལ་བའི་སྲས་ཐོབ་ཕྲིན་ལས་མཛོདཿ ཐ་མལ་ལུས་ཀྱི་སྣང་བ་རང་དག་ནསཿ རྩོལ་མེད་སྤྲུལ་སྐུ་རབ་འབྱམས་དུས་གཅིག་ཏུཿ བསམ་གྱིས་མི་ཁྱབ་བཀའ་སྡོད་སྤྲུལ་འཁོར་རྫོགསཿ མ་རྣམས་འཁོར་བའི་འདམ་ལས་འདྲེན་ནུས་མཛོདཿ བསླུ་མེད་སྐྱབས་མཆོག་བཀའ་སྡོད་ཕོ་ཉ་བཿ འདི་ཕྱིའི་གནས་ངན་འགྲོ་བའི་སྡུག་བསྔལ་ལསཿ སྐྱོབས་པའི་བུ་མཆོག་མ་ཡིས་བུ་བཞིན་སྐྱོངསཿ སྐད་ཅིག་ཉིད་དུ་ཐར་པའི་ལམ་མཆོག་སྟོནཿ འདི་ཕྱིའི་བདེ་སྐྱིད་འགྲུབ་པའི་ཕྲིན་ལས་མཛོདཿ ཁྱད་པར་རིག་འཛིན་བླ་མའི་བཀའ་བཞིན་དུཿ རྒྱལ་བསྟན་སྤྱི་དང་རྣལ་འབྱོར་བདག་ཅག་གིཿ འདུས་སྡེ་མི་ཉམས་སྒོམ་བསྒྲུབ་ཐོས་བསམ་ངངཿ བཤད་སྒྲུབ་དགེ་ལེགས་རྒྱལ་ཁམས་ཉི་ཤར་བཞིནཿ ནུབ་མེད་འགྲོ་དོན་རྒྱས་པའི་ཕྲིན་ལས་མཛོདཿ གནོད་སྦྱིན་ཙིའུ་དམར་འཁོར་ཚོགས་ནུས་རྩལ་གྱིསཿ སྟེང་ལྷ་འོག་ཀླུ་བར་མིའི་བསོད་ནམས་དངཿ སྲིད་གསུམ་ཟས་བཅུད་རྩོལ་བའི་དངོས་གྲུབ་སྩོལཿ ས་སྟེང་དགེ་འདུན་འཆད་ཉན་བསྒོམ་བསྒྲུབ་རྫོགསཿ ནད་མེད་དཔལ་འབྱོར་སྙན་གྲགས་འཛམ་གླིང་ཁྱབཿ དབུལ་ཕོང་སྡུག་བསྔལ་མི་འདོད་མི་གྲགས་པརཿ ཆོས་སྲིད་ལོངས་སྤྱོད་དབང་བསྡུད་ཕྲིན་ལས་མཛོདཿ སྡོམ་གསུམ་གཞི་བཟང་དལ་འབྱོར་རྟེན་རྙེད་ལྡནཿ བླ་མེད་མཆོག་ཏུ་མཐར་ཐུག་སངས་རྒྱས་ཤོགཿ རྣལ་འབྱོར་སྐུ་ཚེ་ཆུ་བོའི་རྒྱུན་བཞིན་བསྲིངཿ དབུ་འཕང་དགུང་མཉམ་བསྙེན་བསྒྲུབ་ཚད་འཁྱོལ་ནསཿ བརྒྱུད་འཛིན་བུ་སློབ་སྦྱིན་བདག་ཡན་ཆོད་དུཿ ཁྱེད་ལ་གཉེར་གཏད་མ་འདའ་ས་མ་ཡཱཿ ཡེ་ནས་ཀ་དག་ཆོས་དབྱིངས་སྟོང་ཆེན་འདིཿ མ་བརྩལ་ལྷུན་གྲུབ་བདེ་ཆེན་ཡེ་ཤེས་སྐུཿ ནམ་མཁའ་ལྟ་བུའི་འཁོར་འདས་ཡོངས་ཀུན་ཁྱབཿ འོད་གསལ་དཀྱིལ་འཁོར་རྫོགས་ཆེན་གཤིས་གྲོལ་མཛོདཿ མདོར་ན་རབ་འབྱམས་བསྟན་བསྲུང་མཐུ་རྩལ་ཅནཿ ཡེ་གྲོལ་རིག་སྟོང་མ་བཅོས་གཉུག་མའི་གཤིསཿ རྟོགས་ན་སྐྱབས་མཆོག་དབང་ཆེན་རྟ་མཆོག་རྫོགསཿ མངོན་སུམ་ཞལ་སྤྲད་ངོ་སྤྲོད་སྨིན་ཅིང་གྲོལཿ མ་རྟོགས་སྣང་ངོར་རང་རྒྱུད་དྲག་རྩལ་ཅནཿ མཐུ་སྟོབས་ནུས་རྩལ་གནམ་ལྕགས་ཐོག་དང་འདྲཿ གང་བསྐུལ་བྲན་བཞིན་བསམ་དོན་འགྲུབ་པར་མཛོདཿ བསླུ་མེད་གཏན་གྱི་སྐྱབས་གཅིག་དཀོན་མཆོག་དགྲཿ རྒྱལ་བསྟན་སྤྱི་དང་རྣལ་འབྱོར་སྒོས་དགྲ་འདིཿ མིང་གི་ལྷག་མ་ཙམ་ཡང་མ་ལུས་པརཿ དམ་ཉམས་གཤེད་མ་དགྲ་བགེགས་འདི་བཞེས་ཤིགཿ སྔོན་ཚེ་ཀུན་བཟང་མཚོ་སྐྱེས་རྡོ་རྗེ་ཡིསཿ བཀའ་བསྒོས་དམ་བཞག་བཀའ་སྡོད་བསྟན་བསྲུང་ཆེཿ ཚུལ་བཞིན་སྒྲུབ་པར་བྱེད་པའི་རྣལ་འབྱོར་པསཿ གསོལ་མཆོད་འབུལ་བཞེས་བསམ་དོན་ལྷུན་གྲུབ་མཛོདཿ ས་མ་ཡཱཿ ཁམས་གསུམ་འགྲོ་བའི་སྡུག་བསྔལ་བསལ་ཕྱིར་དུཿ བསླུ་མེད་སྐྱབས་མགོན་བླ་མའི་ཐུགས་དགོངས་ལྟརཿ ཇི་བཞིན་མྱུར་འགྲུབ་ཆོས་སྐྱོང་བསྲུང་མའི་མཐུསཿ དག་པའི་ཞིང་དེར་འཁྲིད་པའི་ཕྲིན་ལས་མཛོདཿ ཅེས་མཆོད་གཏོར་གཙང་སར་གཤེགསཿ ཤིས་པ་བརྗོད་ལ་མེ་ཏོག་འཐོརཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ ཨེ་མཿ མ་འོངས་དུས་ཀྱི་ཐ་མ་ནཿ པདྨ་འབྱུང་གནས་བཀའ་སྩལ་པཿ སྨོན་ལོག་བདུད་སྲིན་དར་བའི་ཚེཿ ཁྱད་པར་རྒྱལ་བསྟན་སྤྱི་ཡི་དགྲཿ སེམས་ཅན་བདེ་སྐྱིད་སྡིག་དབུལ་གདུངཿ བསྟན་འཛིན་སྐྱེས་བུའི་སྐུ་ཚེར་འཚེཿ དེ་ཚེ་མ་མོ་མཁའ་འགྲོ་འཁྲུགསཿ དུས་མཐའི་གཤེད་མ་ཡན་པར་ཤོརཿ བཟོད་བླག་མེད་པའི་སྡུག་བྱུང་ཚེཿ ཕྱི་ནང་གཉིས་འཛིན་དགྲ་བགེགས་འདིཿ ལས་འབྲས་མ་རྫོགས་གྲོལ་མི་ནུསཿ ཁམས་གསུམ་སྲོག་བདག་གནོད་སྦྱིན་དབངཿ དེ་ཡིས་སྐྱོབས་ཕྱིར་གཏད་རྒྱ་ཁྲོལཿ མ་འོངས་དུས་མཐའ་ང་སྤྲུལ་འབྱོནཿ ལས་སྨོན་མཚམས་སྦྱར་དུས་ལ་བབསཿ འདི་ཕྱིའི་དོན་འགྲུབ་ཐེ་ཚོམ་མེདཿ འཕྲལ་རྐྱེན་ངང་གིས་གྲོལ་བར་འགྱུརཿ ཕ་རོལ་རྦོད་གཏོང་དགྲ་ཁ་ཐིམཿ དམ་ཉམས་སྲོག་ལ་མཱ་ར་ཡཿ གནོད་སྦྱིན་ཙིའུ་དམར་ཕྱི་ནང་སྒྲུབཿ གནམ་ལྕགས་སྤུ་གྲིའི་རྒྱུད་ཞེས་བྱཿ སུས་མཆོད་སུས་བསྐུལ་སུས་རྦད་ནཿ སྟེང་འོག་བར་གདོན་འབྱུང་པོའི་རིགསཿ བསྟན་དགྲ་གནོད་བྱེད་ནད་མུག་མཚོནཿ སྐུ་གསུང་ཐུགས་རྟེན་མཆོད་ཆ་སོགསཿ བསྟན་འཛིན་སྐྱེས་བུའི་སྐུ་ཚེ་དངཿ བཤད་སྒྲུབ་དཀྱིལ་འཁོར་བདེ་སྐྱིད་འཕྲོགཿ དམ་ཉམས་སྲོག་གཅོད་གཤེད་མའི་རིགསཿ མ་འོངས་ལྔ་བདོའི་གཟེར་གྱིས་གདུངཿ འཆི་ཁ་གནད་གཅོད་གཤེད་མ་སོགསཿ མི་འདོད་འཚུབ་མ་བཟློག་ཕྱིར་བསྐུལཿ དེ་འདྲའི་བསྐལ་བ་ཤར་བའི་ཚེཿ འདི་ཡི་རྣོ་ནུས་ཐོག་དང་མཚུངསཿ གུ་རུ་ཐོད་ཕྲེང་རྡོ་རྗེ་རྩལཿ བཀའ་འདི་མཚོ་རྒྱལ་ཁྱོད་ལ་གཏདཿ ཕྱི་རབས་རྗེས་འཇུག་སྐྱོབས་ཕྱིར་དུཿ འདི་འཕྲད་བུ་མཆོག་རྐྱེན་ཀུན་འཇོམསཿ ལག་ཏུ་བླང་ན་ཡིད ཆེས་འགྱུརཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ བརྡ་ཐིམཿ གཏེར་རྒྱཿ སྦས་རྒྱཿ གསང་རྒྱཿ ཟབ་རྒྱཿ གཏད་རྒྱཿ གུ་ཧྱཿ བརྡ་ཐིམཿ གུ་རུ་ཐོད་ཕྲེང་རྡོ་རྗེའི་བཀའཿ ཡེ་ཤེས་ལས་གྲུབ་གཟའ་མཆོག་རྩལཿ འདི་ནི་ཁྱོད་གཏད་དམ་ཚིག་འདིཿ དམ་པོར་སྲུངས་ཤིག་ས་མ་ཡཱཿ ཅེས་མཐར་དུས་ལ་བབས་ཚེ་དབོན་ཀུན་དགའ་འཇིགས་མེད་རྒྱ་མཚོ་ནས་ཡང་ཡང་བསྐུལ་ངོར་རྟེན་འབྲེལ་ཤིན་ཏུ་འགྲིགས་སྐབས་ལེགསཿ ཡང་གསོ་རིགས་ཆོས་འཕེལ་རྒྱ་མཚོ་དངཿ གསུང་ལྡན་སོགས་ནས་ཡང་ཡང་བསྐུལ་ངོརཿ དེ་རྣམས་ཀྱི་ཞལ་ངོ་མི་ལྡོག་ཙམ་དུཿ ཚེ་རབས་འབྲེལ་སྟབས་མ་དང་མཁའ་འགྲོའི་བྱིན་རླབས་ཀྱི་དྲོད་དང་ལྡན་པ་འདིཿ ས་ཕོ་རྟ་ཡི་ལོའི་ཧོར་ཟླ་དང་པོའི་ཚེས་ཉེར་དགུའི་ཉིན་ལ་ཆོས་དབྱིངས་ནམ་མཁའི་བརྡ་སྒྲོམ་ལསཿ གར་དབང་རྒྱལ་མཆོག་གླིང་པས་དག་པར་ཞལ་བཤུས་ཏེ་ཕབ་པའོཿ བཀྲ་ཤིསཿ དགེའོཿ ཤིན་ཏུ་བཀའ་གཉན་པས་འདིའི་ལུང་མེད་ན་འདོན་མི་ཆོག་ལགསཿ


previousགནོད་སྦྱིན་ཙིའུ་དམར་པོའི་བསྟོད་བསྐུལ་གནམ་ལྕགས་སྤུ་གྲིའི་རྒྱུད།next