ལེའུ་སོ་དྲུག་པ། ཕྱི་ནང་གསང་བའི་གེགས་སྐྱོན་བསལ་བའི་ཕྱིར། །གེགས་སེལ་གདམས་པ་བདུད་རྩིའི་ཆར་རྒྱུན་ཡོད། །
༼ཆི༽ རི་ཆོས་མཚམས་ཀྱི་ཞལ་གདམས་ལས། གེགས་སེལ་བདུད་རྩིའི་ཆར་རྒྱུན་ཞེས་བྱ་བ་བཞུགས་སོ། །ན་མོ་བཛྲ་པཱ་ཎི་ཡེ། སྟོང་ཉིད་གཞོམ་གཞིག་བྲལ་བའི་རྡོ་རྗེ་ཕྱར། །ཚད་མེད་སྙིང་རྗེའི་སྡིགས་མཛུབ་འགྲོ་ལ་གཏད། །སྡོམ་གསུམ་རྣམ་པར་དག་པའི་གོས་སྔོན་ཅན། །བླ་མ་གསང་བའི་བདག་པོས་བདག་ལ་
སྲུངས། །ཉམས་ལེན་སྒྲུབ་པ་རྩེ་གཅིག་བརྩོན་པའི་མིས། །གེགས་སེལ་གདམས་པ་ཟབ་མོ་མ་ཤེས་ན། །སྒྲུབ་པའི་ལོ་འབྲས་སད་ཀྱིས་འཁྱེར་ཉན་གདའ། །གེགས་སེལ་རྣམ་པ་དཔག་ཏུ་མེད་ན་ཡང་། །སྔོན་འགྲོ་དངོས་གཞི་རྗེས་ཀྱི་གེགས་སེལ་གསུམ། །སྔོན་འགྲོའི་གེགས་སེལ་མཚམས་ནི་མ་བསྡམ་གོང་། །ཉམས་སུ་ལེན་རྒྱུའི་དབང་ལུང་གདམས་ངག་དེ། །བརྒྱུད་པ་རིང་དྲག་ཐག་རུལ་བྲེང་ཧྲུལ་མཐུད། །སངས་རྒྱས་བརྒྱུད་པ་བར་མ་ཆད་པ་དཀོན། །བླ་རབས་གོང་འོག་ཐུགས་ནང་མཐུན་མ་མཐུན། །གང་ཟག་ཚིག་གི་བརྒྱུད་པ་མ་ཆད་ཀྱང་། །སྒྲུབ་པ་ཉམས་ལེན་བརྒྱུད་པ་ཆད་མ་ཆད། །རྟོགས་པ་དོན་གྱི་བརྒྱུད་པ་ཆད་མ་ཆད། །རྟོགས་པར་ལྡན་ཡང་ཕྱག་ལེན་འཆུག་མ་འཆུག །དེ་འདྲའི་གནད་ཀྱིས་བྱིན་རླབས་རྒྱང་རིང་སྟེ། །ཚུལ་བཞིན་བསྒྲུབས་ཀྱང་རྟགས་མཚན་དུས་ལ་མེད། །རང་གིས་དབང་ལུང་ཐོབ་ནས་སྒྲུབ་ཁའི་བར། །བླ་སྒྱུ་མའི་ཐུགས་ལ་མ་འཕྲོད་ཅུང་ཟད་ལོག །རང་གིས་ལོག་ལྟ་གཤེ་སྐུར་ཟར་ཟུར་ཤོར། །དམ་སེལ་དེ་དག་རྐྱེན་གྱིས་བར་ཆད་མང་། །བསྒྲུབས་ཀྱང་འགྲུབ་པར་དཀའ་བའི་གེགས་
ཡིན་པས། །ཚེས་བཅུ་ལ་སོགས་དུས་ཚོད་བཟང་བའི་དུས། །དབང་ཆས་ཚོགས་ཀྱི་འཁོར་ལོ་རྒྱས་པར་བཤམ། །བདག་མདུན་དབང་སྒྲུབ་ཆོ་ག་གཞུང་ལྟར་བྱ། །གསར་མ་ཡིན་ན་བདག་འཇུག་གཞུང་ལྟར་བླངས། །དེ་ཡང་མདུན་བསྐྱེད་བླ་མ་དབྱེར་མེད་དམིགས། །རྙིང་མ་བདག་འཇུག་ཡོད་པའི་རིགས་ལ་ནི། །བདག་འཇུག་བླངས་ཤིང་མེད་ན་ཏིང་འཛིན་གྱིས། །དབང་བཞི་དམིགས་པ་ཤིན་ཏུ་གསལ་བས་བླངས། །དེ་ནས་ཚོགས་བྱས་ཚོགས་ཕུད་ཕུལ་བ་དང་། །བསྐང་བ་བྱས་ལ་བསྐང་ཐུང་བརྒྱ་རྩ་འདོན། །བླ་མ་ཡི་དམ་དབྱེར་མེད་གཅིག་པ་ཡི། །གནས་གསུམ་ཨོ་དཀར་ཨཱདམར་ཧཱུྃ་མཐིང་བསྒོམ། །དེ་མཐར་ཡིག་བརྒྱ་དཀར་དམར་མཐིང་གསུམ་འཁོར། །དེ་ལས་ཡིག་བརྒྱ་དཀར་དམར་མཐིང་གསུམ་འཕྲོས། །རང་གི་གནས་གསུམ་འབྲུ་གསུམ་མཐའ་རུ་འཁོར། །དེ་ལས་བདུད་རྩི་དཀར་དམར་མཐིང་གསུམ་བབས། །བདག་ལུས་གང་བས་ལུས་ངག་ཡིད་གསུམ་གྱི། །དམ་ཚིག་ཆག་ཉམས་ཐམས་ཅད་སངས་ཀྱིས་དག །རང་ལུས་ཤེལ་སྒོང་ལྟ་བུར་གྱུར་བསམ་ཞིང་། །ཨོ་ས་མ་ཡ། ཨཱས་མ་ཡ། ཧཱུཾ་ས་མ་ཡ། གུ་རུ་རྨེ་གྷ་ན་
ཙཀྲ་སཏཱ་ས་མ་ཡ། །ཞེས་སོགས་ཡི་གེ་བརྒྱ་པ་བཟླ་བྱ་སྟེ། །བདུན་ཡན་བརྒྱ་མན་མང་ཉུང་སྐབས་དང་སྦྱར། །དེ་ནས་བཟུང་སྟེ་བླ་མ་དེ་ཉིད་དང་། །ཡི་དམ་དེ་ཉིད་དབྱེར་མེད་ངེས་ཤེས་བྱ། །རྒྱལ་བའི་དབང་པོ་མི་བསྐྱོད་རྡོ་རྗེ་ཡིས། །སོ་སྐྱེའི་བླ་མས་དབང་བསྐུར་ཁྲིད་སྟོན་ཚེ། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས། །སློབ་མ་དད་ལྡན་རྗེས་སུ་བཟུང་བའི་ཕྱིར། །བླ་མ་དེ་ཡི་རྒྱུད་ལ་ཞུགས་ནས་ཀྱང་། །སློབ་མ་རྣམས་ལ་དབང་བསྐུར་བྱིན་གྱིས་རློབས། །དབང་བསྐུར་ཁྲིད་སྟོན་ཚར་ནས་མི་གནས་ཏེ། །རྩི་དམར་བ་ཡི་སྐུ་ཁོག་འདྲའོ་གསུངས། །དེ་ལྟར་བླ་མ་ཡི་དམ་དབྱེར་མེད་ཀྱི། །རང་གི་ངེས་ཤེས་བརྟན་པོ་ཐོབ་པ་ན། །བརྒྱུད་པ་ཉེ་རིང་དག་ལ་མི་ལྟོས་ཏེ། །གྲུབ་ཐོབ་གླིང་རྗེ་རས་པའི་ཞལ་སྔ་ནས། །བླ་མ་སངས་རྒྱས་སུ་འདུག་པ་མི་རུ་མཐོང་། །བརྒྱུད་པ་ཉེ་རིང་དུ་བགྲངས་པ་མཐོལ་ལོ་བཤགས། །གསུངས་པ་དེ་ཡང་དེ་ལྟར་དགོངས་པ་ཡིན། །དེ་ནས་ཚོགས་འཁོར་ལ་སོགས་ཚར་བའི་རྗེས། །མདུན་བསྐྱེད་བླ་མ་དཀྱིལ་འཁོར་རང་ལ་བསྟིམ། །བླ་མ་རང་སེམས་དབྱེར་མེད་འདྲེས་པར་
བསྒོམ། །དོན་ལ་བླ་མ་ཡི་དམ་རང་སེམས་གསུམ། །ངོ་བོ་ཐ་དད་མེད་པར་གཅིག་པ་སྟེ། །ངོ་བོ་སྟོང་པ་ཉིད་དུ་ཁྱད་པར་མེད། །རང་བཞིན་གསལ་སྟོང་རྗེན་པར་ཁྱད་པར་མེད། །ཐུགས་རྗེ་ཅིར་ཡང་འཆར་བར་ཁྱད་པར་མེད། །དེ་དག་ཇི་བཞིན་ངེས་པར་རྟོགས་པ་ན། །ཐུགས་ཡིད་གཅིག་ཏུ་འདྲེས་པ་དེ་ལ་ཟེར། །བླ་མ་ཆོས་སྐུའི་མོས་གུས་དེ་རང་ཡིན། །སྐབས་འདིར་དེ་ལྟར་རྟོགས་པར་མ་གྱུར་ནའང་། །བསྲེ་བའི་དམིགས་པ་བྱས་ལ་གོ་བ་བླངས། །དམ་ཚིག་སེལ་གྱིས་ཆོད་པའི་གེགས་སེལ་ཟབ། །དེ་ནས་བསྙེན་སྒྲུབ་བྱེད་རྒྱུ་ཡིན་ན་ནི། །སྔོན་ལ་སྒབ་འདྲེ་མེད་པའི་ལྷ་ཞིག་བསྒྲུབ། །སྤྱན་རས་གཟིགས་དང་རྟ་མགྲིན་སྒྲོལ་མའི་རིགས། །པད་འབྱུང་ཞི་བའི་རིགས་ལ་སྒབ་འདྲེ་མེད། །སྒབ་འདྲེ་མེད་ཀྱང་སྒྲུབ་ཆེན་ཡིན་ན་ནི། །སྤྱི་ཡི་དམ་སྲི་སྒྲུབ་ཆེན་གཞུང་ལྟར་མནན། །གཤིན་རྗེའི་རིགས་དང་ལྷ་མོ་རྣམ་སྲས་རིགས། །ཞིང་སྐྱོང་དམ་ཅན་རྣམས་ནི་སྒབ་འདྲེ་རྩུབ། །ཕྱག་བཞི་པ་དང་མ་ནིང་ཛམ་དམར་སོགས། །སྒབ་འདྲེ་ཡོད་ཀྱང་ཧ་ཅང་རྩུབ་པ་མིན། །སྔོན་དུ་རྟ་མགྲིན་ལ་སོགས་ཡི་དམ་གཞན། །བསྙེན་སྒྲུབ་ཐེམས་པས་སྒབ་
འདྲེ་གཞུང་བཞིན་མནན། །དེ་ནི་སྒབ་འདྲེའི་བར་ཆད་གེགས་སེལ་ལོ། །སྒྲུབ་ཆེན་ཡིན་ན་སྒྲུབ་ལ་ཞུགས་པ་ནས། །ཉུལ་ལེ་བསྐྲད་ཚུལ་སྒྲུབ་ཆེན་གཞུང་བཞིན་བྱ། །སྒྲུབ་ཆེན་མིན་ཡང་ཉམས་རྨིས་རྩུབ་པའི་དུས། །ཀུན་ཐུབ་རྒྱལ་མོ་སྐབས་སུ་བསྐུལ་ན་ལེགས། །དེ་ནི་རྙིང་མའི་ལུགས་ཀྱི་གེགས་སེལ་ཡིན། །གསར་མ་ལ་ཡང་དེ་དང་དུ་བའི། །མིང་མི་གཅིག་ཀྱང་དོན་ལ་གཅིག་པ་ཡི། །སྒྲུབ་པ་བྱེད་ཚད་ཀུན་ལ་འཚེ་བའི་བགེགས། །མང་པོ་རིག་པ་མཆོག་གི་རྒྱུད་ལས་གསུངས། །དེ་དག་སོ་སོར་འདུལ་ཐབས་མང་བཤད་ཀྱང་། །མདོར་བསྡུས་ལག་ཏུ་བླང་བདེར་བཤད་པ་ནི། །སྒྲུབ་ལ་ཞུགས་ནས་ཉི་མ་རྩེ་ཤར་དུས། །ཉི་མར་ཁ་བལྟས་ཐལ་མོ་སྦྱར་བྱས་ནས། །བདག་གིས་རིག་སྔགས་ཆེ་ཞིག་སྒྲུབ་ཀྱི། །བགེགས་ཁྱེད་རྣམས་ཡིད་དགའ་བར་གྱིས་ཤིག །དེ་སྐད་བརྗོད་པས་བགེགས་རྣམས་དེར་འདུའོ། །དེ་ནས་བདུད་རྩི་འཁྱིལ་པ་དྲན་བྱས་ཏེ། །ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། བདུན་ཙམ་བརྗོད་ནས་ཁྲོས་པའི་ཚུལ་བསྟན་ཏེ། །རྡོག་རྡེབ་བྱེད་ཅིང་འདི་ཉིད་བརྗོད་པར་བྱ། །ཁྱེད་རྣམས་འདུག་ན་འདུག་ཅིག་མ་འགུལ་
ཞིག །ཅེས་བརྗོད་ཆུ་གཙང་ཁྱོར་གང་ལན་བདུན་སྔགས། །ཤར་དུ་གཏོར་ཞིང་དེ་འདྲ་སྐབས་རེར་བྱ། །སྒྲུབ་པ་མ་གྲོལ་བར་དུ་བགེགས་བཅིང་འགྱུར། །སྒྲུབ་པ་གྲོལ་ནས་ཡིད་ཀྱིས་དཀྲོལ་དགོས་གསུངས། །མེ་ཏོག་བདུག་སྤོས་མར་མེ་གསུམ་པོ་ལ། །བགེགས་རེ་ཡོད་པས་ཕུལ་ཡང་ལྷ་མི་མཉེས། །མེ་ཏོག་ཕུལ་དུས་སྔགས་དེ་བརྗོད་ཅིང་ཕུལ། །སྤོས་ཆག་ལ་སོགས་སྤོས་ནི་གང་ཡོད་པ། །རྫ་ཕོར་རམ་ནི་མ་རྙེད་གྱོ་ཚལ་དུ། །མེ་བླུགས་ལག་པ་གཡོན་པར་མར་སྔགས་ནས། །གསུར་བྱས་ཁ་ལ་སྤོས་དེ་ཕྱུར་བས་ཐུབ་། །མར་མེ་ཀོང་ཆུང་གཅིག་དང་གཉིས་བྱས་ལ། །གཅིག་བལྟམས་སྟེང་དུ་ཆུང་བ་མགོ་ཐུར་བལྟམས། །ལག་གཡས་ཉུངས་ཀར་སྔགས་ནས་དེ་ལ་ཁྲབ། །མར་མེ་ཆུང་བ་ཀགོ་ཐུར་བསྟན་ལ་འཕངས། །དེ་ཡིས་མར་མེའི་གེགས་ནི་སེལ་བ་ཡིན། །དེ་དག་རྒྱུན་དུ་དགོས་པ་མ་ཡིན་ཏེ། །སྒྲུབ་པའི་དབུ་ལ་ལན་རེ་བྱས་པས་ཆོག །རྒྱུན་དུ་ཕུད་མཆོད་བཞག་ཞོར་ཕུད་མཆོད་གཅིག །ཁྲོ་བོ་བདུད་རྩི་འཁྱིལ་པར་བསྔོ་བར་བྱ། །སེང་ལྡེང་རབ་ཡིན་མ་རྙེད་དྲག་པོའི་ཤིང་། །ཕུར་པ་སོར་བཞིའི་མགུལ་དུ་ཉུངས་ཀར་བཏགས། །
སའམ་བྱེ་མར་ཉུངས་ཀར་ཅུང་ཟད་བསྲེ། །ཕུར་པ་བྱེ་མ་མཉམ་དུ་སྔོགས་ལ་བཞག །ནུབ་མོ་ལ་སོགས་དངོས་ཉམས་རྨི་ལམ་དུ། །མི་སྡུག་གཟུགས་སྟོན་དྲི་ངན་མི་སྙན་སྒྲ། །གར་བྱུང་སོགས་སུ་ཕུར་པས་གཟིར་བ་དང་། །བྱེ་མ་སྔགས་པ་གཏོར་བས་བགེགས་དེ་སེལ། །མལ་སར་བསྡད་ནས་ཐུན་བཟུང་སྔགས་བཟླས་ཏེ། །དེ་ནས་ལངས་ཏེ་གོམ་པ་སྤོ་བའི་ཚེ། །ལོག་འདྲེན་ས་ཡི་གཙུག་ཕུད་ཅེས་བྱ་བ། །ས་ལས་ལངས་ཏེ་ལུས་ལ་རེག་པར་བྱེད། །བསྐལ་པར་བསགས་པའི་བསོད་ནམས་དགེ་ཚོགས་དང་། །རིག་སྔགས་བཟླས་ཚད་ནུས་པ་མེད་པར་བྱེད། །སྤྲ་ཚིལ་སྙིགས་དང་སྤོས་དཀར་མར་དཀར་གསུམ། །སྔགས་ལ་སྐབས་སུ་གོས་དང་ལུས་ལ་བདུག །དེ་ཡིས་ལོག་འདྲེན་དེ་ཡིས་གེགས་སེལ་ལོ། །དེ་དག་ཀུན་གྱི་སྔགས་ནི་གོང་ལྟར་རོ།་་་བདུད་རྩི་འཁྱིལ་བ་ཡིན་གསུངས་མཆན། །དེ་རྣམས་བསྐྱེད་རིམ་བསྙེན་སྒྲུབ་གེགས་སེལ་ལོ། །དེ་ནས་མཚམས་སྒྲུབ་སྤྱི་ཡི་གེགས་སེལ་ནི། །ཕྱི་རྒྱབ་མི་ཡིས་ངོ་ནི་ཕར་མཐོང་ངམ། །ཚུར་ལ་ལུས་ནི་གཞན་གྱིས་མཐོང་གྱུར་ན། །སྨེ་བརྩེགས་བཟླས་པའི་གཟུངས་ཆུས་ངོ་བཀྲུ་སྟེ། །དེ་ཡིས་
གདོང་གྲིབ་ཕོག་པའི་གེགས་ཕྲན་སེལ། །མཚམས་ཁུང་བྱིན་རླབས་བཀའ་བསྒོ་དགོས་བྱུང་ན། །གུ་གུལ་སྤོས་སོགས་སྨེ་བརྩེགས་ཀྱིས་སྔགས་པས། །རང་སྔགས་ཕྲེང་བ་ལ་སོགས་སྤོས་ཁར་འདོན། །དེ་ཡིས་རེག་གྲིབ་གེགས་རྣམས་སེལ་བར་བྱེད། །ཟས་ཀྱི་གྲིབ་དང་སྡིག་ཅན་འབུལ་བ་སོགས། །གྲིབ་ལ་བརྟེན་ཏེ་བྱིང་རྨུགས་འཐིབས་པ་ན། །བུམ་པར་རྡོར་སེམས་བསྐྱེད་བཟླས་བུམ་ཆུ་ཡིས། །ཡན་ལག་ལྔ་ཁྲུས་བྱས་ཤིང་ཁོང་དུ་བཏུང་། །དེ་ནས་ཐབས་ལམ་སྒོམ་པའི་གེགས་སེལ་ནི། །འཚོ་བ་ཞན་ཅིང་འཁྲུལ་འཁོར་བརྩོན་དྲག་པས། །ལུས་པོ་དུབ་ཆད་ལུས་ཉམས་ཞན་དྲག་ན། །ལག་པ་གཡོན་པས་རང་གི་སྤྱི་བོར་བཀབ། །དེ་ཉིད་ཟླ་བའི་དཀྱིལ་འཁོར་ཉ་གང་བ། །དེ་དབུས་པཾ་ཡིག་དཀར་པོ་མགོ་ཐུར་བསྟན། །དེ་ལས་བདུད་རྩི་འོ་མ་ལྟ་བུ་བབས། །ཚངས་བུག་ནས་ཞུགས་ལུས་ནང་ལྟེམ་ལྟེམ་གང་། །དམིགས་པ་གསལ་བས་བུམ་ཆེན་ཅུང་ཟད་བཟུང་། །དེ་འདྲ་སྐབས་སྐབས་བྱས་པས་ལུས་སྟོབས་རྒྱས། །ནད་སེལ་ཚེ་སྒྲུབ་ཀུན་གྱི་མཆོག་ཏུ་འགྱུར། །དེ་ནི་ལུས་སྟོབས་ཞན་པའི་གེགས་སེལ་ལོ། །ལུས་ཉམས་བཟང་ཞིང་ཐིག་ལེ་
རྒྱས་དྲུག་ན། །རང་དབང་མེད་པར་ཐིག་ལེ་ཟག་འགྱུར་བས། །གསང་གནས་རྩེ་ནས་ཐིག་ལེ་ཐམས་ཅད་ནི། །སྐར་མདའ་བཞིན་དུ་སྤྱི་བོའི་ཧཾ་ལ་བསྟིམ། །ཧཱུྃ་རིང་དང་བཅས་རླུང་ནི་གྱེན་དུ་དྲངས། །ལྟོ་བ་སྒལ་སྦྱར་ལྕེ་ནི་ཡ་རྐན་སྦྱར། །མིག་གཉིས་ནམ་མཁར་གཏད་ལ་ཧྲིརིང་བགྲང་། །གསང་སྦུབས་ཧཱུྃ་དམར་བདུན་གྱིས་བཀག་ཟློཔར་བསམ། །དྲོད་སྐྱེས་བདེ་བ་རྒྱས་པས་འདོད་ཆགས་འབར། །འདོད་ཆགས་ངོ་བོ་བལྟས་པས་བདེ་སྟོང་འདྲེས། །དེས་ནི་ཐིག་ལེའི་གེགས་ནི་སེལ་བའོ། །རླུང་ནི་སྟོད་དུ་འཚང་བས་སྙིང་མི་དགའ། །བཤུལ་ན་ཧུ་ཤུ་འདོན་ཅིང་སྲོག་རླུང་འདྲ། །ནམ་མཁའི་དཀྱིལ་དུ་ཟླ་བའི་དཀྱིལ་འཁོར་སྟེང་། །ཡི་གེ་དབུ་ཅན་ཧ་ཡིག་ལྗང་གུ་བསྒོམ། །རང་གི་ཁོག་ནས་ཧ་ཡིག་ལྗང་གུ་རྣམས། །རིམ་པར་ཐོན་ནས་ནམ་མཁའི་ཧ་ལ་བསྟིམ། །ཧ་ཞེས་ཉེར་གཅིག་བརྒྱ་སོགས་ཅི་ནུས་པ། །དྲག་པོར་བརྗོད་པས་སྟོད་ཀྱི་གེགས་དེ་སེལ། །སྟན་མི་ནོན་པར་འགྲོ་འདོད་ཛབ་ཛབ་ན། །སྙིང་དཀྱིལ་ཐིག་ལེ་ནག་པོ་རིལ་མ་ཙམ། །བ་དག་ལྟ་བུས་ཐག་པས་འབྲེལ་བ་ཞིག །འོག་སྒོ་ནས་ཐོན་ས་འོག་རིམ་དགུར་སོང་། །
ཤིན་ཏུ་ལྗིད་པའི་རྣམ་པར་རིག་པ་གཏད། །འབེབས་ཆེན་འབེབས་ཆུང་ཡ་ཟུང་ཅི་ནུས་བརྒྱབ། །སྨད་ནད་སྨད་དུ་སེལ་བའི་གེགས་སེལ་ཡིན། །ཟླ་བ་གང་ཡང་རུང་བའི་ཚེས་གཅིག་ནས། །ནམ་མཁའ་སལ་གྱིས་ལངས་པ་ནས་བཟུང་སྟེ།། །ཉི་མ་ཤར་དྲོས་བར་དུ་ཡིན་ན་ཡང་། །ཉིན་མཚན་རིང་ཐུང་ལ་ཡང་དཔྱད་བྱ་ཞིང་། །ཚེས་གཅིག་ཚེས་གཉིས་ཚེས་གསུམ་གཡོན་ནས་རྒྱུ། །ཚེས་བཞི་ཚེས་ལྔ་ཚེས་དྲུག་གཡས་ནས་རྒྱུ། །དེ་བཞིན་རྟག་ཏུ་གསུམ་རེ་རེས་མོས་ཏེ། །རྒྱུན་དུ་མ་འཆུག་རྒྱུ་བ་བར་ཆད་མེད། །ཞག་འགའ་གོ་ལྡོག་རྒྱུ་ན་ཁ་སྨྲས་འོང་། །ཞག་པོ་བརྒྱད་དགུ་གོ་ལོག་ཉེ་དུ་འཆི། །ཞག་བཅུ་ཕན་ཆད་གོ་ལོག་རང་འཆི་རྟགས། །དེ་ཡི་གེགས་སེལ་གང་ནས་རྒྱུ་ཕྱོགས་ཀྱི། །མཆན་ཁུང་རྩ་ནས་ལག་མཐིལ་དམ་དུ་མནན། །ལག་པའི་སྲིན་ལག་སྣ་བུག་དེ་ཉིད་བཀག །མཐེ་བོང་གིས་ནི་རྐེ་རྩིས་དམ་དུ་མནན། །རྒྱུ་སའི་ཕྱོགས་དེ་འོག་ཏུ་བསྟན་ནས་ནི། །ལྗིད་ཕབ་སྔས་མེད་ཧྲིང་ཉལ་རྒྱང་ཙམ་བྱ། །དེ་མ་ཐག་ཏུ་རླུང་ནི་འདོད་བཞིན་རྒྱུ། །རང་ལུས་རླུང་གིས་གེགས་དེ་བསལ་ཚར་ནས། །ཕྱི་ཡི་གེགས་རྣམས་སེལ་ཏེ་འབྱུང་མི་འགྱུར། །སྔ་
དྲོའི་ཐུན་གྱི་བརྟག་པ་ཁོ་ན་ལས། །རྒྱུན་དུ་དེ་ཉིད་བརྟག་རྒྱུ་མེད་ན་ཡང་། །གཡས་རྒྱུ་མང་ན་བར་ཆད་རྒོད་པ་ཡིན། །གཡོན་རྒྱུ་མང་ན་བདེ་སྐྱིད་འབྱུང་བ་ཡིན། །མཉམ་དུ་རྒྱུ་མང་རྟོགས་པ་སྐྱེ་བ་ཡིན། །གཡས་ནས་རྒྱུ་དང་སེམས་ལ་དུག་ལྔ་སྐྱེས། །དེ་དུས་རླུང་བཟུང་མི་རུང་ཕྱིར་ལ་འབུད། །གཡོན་དུ་རྒྱུ་དང་མཉམ་ནས་རྒྱུ་བ་དང་། །དད་པ་དག་སྣང་དགེ་ཕྱོགས་དྲན་པའི་དུས། །ཕྱི་རུ་མི་འབུད་ནང་དུ་བཟུང་བ་གཅེས། །དེས་ནི་བར་ཆད་གེགས་སེལ་དངོས་གྲུབ་ཐོབ། །རྔུབ་དུས་དལ་བུས་རྡུབ་པ་མན་ངག་སྟེ། །དྲག་ཏུ་རྔུབ་ནས་བཟུང་ན་ནག་ཐོམ་འགྲོ། །དེ་ལ་སྙིང་རུས་བསྐྱེད་ཅིང་བཟུང་བ་ན། །རྩ་ལོག་རླུང་ལོག་འགྲོ་སྟེ་འཆི་རྐྱེན་བྱེད། །ཕར་ལ་འབུད་དུས་ཤེད་སྐྱེད་ལྷག་མེད་འབུད། །ལྷག་མ་ལུས་ན་ནད་དུ་འགྱུར་བ་ཡིན། །གསང་གནས་ཡན་ནས་མགྲིན་པ་མན་བཀང་བ། །བུམ་ཅན་ཟེར་ཡང་སྲོག་རླུང་འོང་ཉན་ཆེ། །གསང་གནས་ཡན་སྒྱུ་དང་བྱ་མོ་ལྷན་འདབས་མན། །བཀང་བ་བུམ་ཆུང་ཡིན་ཏེ་གེགས་སྐྱོན་མེད། །ཅུང་ཟད་རྔུབ་ནས་བཀང་བ་མ་ཡིན་པ། །གསུས་པ་ཐེར་ཐེར་བྱེད་པ་བར་རླུང་ཡིན། །དེ་ལ་
གེགས་སྐྱོན་ཅི་ཡང་མེད་པ་ཡིན། །དགྲ་ཇག་ཁ་སྨྲས་བར་ཆད་འབྱུང་དོགས་ཚེ། །མྱ་ངན་རྩ་ནི་མཐེ་བོང་ནང་ཡོད་བཙིར། །སོར་མོ་གཡས་གཡོན་མཁའ་འགྲོ་སྡེ་བཞི་དང་། །དཔའ་བོ་སྡེ་བཞིར་བསྒོམ་ལ་མཐེ་བོང་ནི། །གནོད་བྱེད་དེར་བསྒོམ་དཔའ་བོ་མཁའ་འགྲོ་ཡིས། །གནོད་བྱེད་བཅིངས་བསམ་སོར་མོས་མཐེ་བོང་བཅིངས། །རླུང་ནི་རྒྱང་ཙམ་བཟུང་བས་ཁ་སྨྲས་སེལ། །ཐིག་ལེ་རྒྱས་སམ་ཡང་ན་གྲང་གཞིའི་ནད། །ཅིས་ཀྱང་མ་ཕན་ཐིག་ལེ་འཛག་པ་ན། །ལྡུམ་བུ་བ་ཁ་གཡུ་ལོ་སྟོན་གྱི་དུས། །རྩ་བ་ལོ་མར་བཅས་པ་གྲིབ་སྐམ་བྱ། །ཞིབ་བཏགས་བ་ཡི་འོ་མར་བཏབ་བཀོལ་ནས། །ཡང་ཡང་བཏུང་ན་དེ་ལས་ཟབ་པ་མེད། །ཐིག་ལེ་འབབ་དཀའ་ཕབ་ཀྱང་མི་ཕེབས་ན། །རྡོར་སེམས་སྒོམ་བཟླས་ཚོགས་འཁོར་ཅི་མང་བྱ། །དམ་ཚིག་ཉམས་པའི་གྲིབ་ཕོག་གེགས་དེ་སེལ། །ཐིག་ལེ་བབས་ནས་བཟུང་ཟློག་མི་ཐུབ་པར། །དབང་མེད་འཆོར་ན་དེ་ཡི་གེགས་སེལ་ནི་། །སྲེ་མོང་རྒྱུས་པས་སྲིན་ལག་གཉིས་པོ་བཅིང་། །ཡང་ན་ཆུ་སྲིན་གྲེ་འགག་འཁྲུལ་འཁོར་བྱ། །འོག་རླུང་བཟུང་བ་འོག་སྒོ་བསྡམ་པ་ཡིན། །སྲིན་ཞལ་ཞེས་པའང་འོག་སྒོའི་
མིང་ཡིན་ནོ། །རླུང་བཟུང་དུས་སུ་དེ་ཉིད་ཡར་བསྡམས་ལ། །སྟེང་ནས་རྡུབ་པས་ཕོ་བ་ཐེར་གྱིས་དགང་། །ཕར་ལ་མི་བཏང་དགང་ནས་འདུག་པའི་ཡུན། །མ་མདུན་དུ་ནད་མེད་གཞན་ཞིག་གིས། །སྐྱིལ་ཀྲུང་བཅས་ཏེ་ལག་པ་ཅི་མགྱོགས་ཀྱིས། །པུས་མོ་གཡས་རེག་གཡོན་རེག་དཔྲལ་བར་རེག །སེ་གོལ་གཅིག་བརྡབ་དེ་རྣམས་གཅིག་ཏུ་བརྩི། །ལག་པ་གཡོན་པས་ཕྲེང་བ་བགྲང་ལ་བཞག །བརྒྱ་རྩ་བརྒྱད་ཀྱི་བར་དུ་བཟུང་ཐུབ་ན། །བུམ་ཆེན་ཚད་དུ་འཁྱོལ་བ་ཡིན་ནོ་ཞེས། །བདེ་མཆོག་སྡོམ་འབྱུང་རྒྱུད་ལས་ཤིན་ཏུ་གསལ། །དང་པོ་ཉེར་གཅིག་ཙམ་ལས་མི་ཐུབ་སྟེ། །དེ་ནས་བྱང་ནས་རིམ་གྱིས་རིང་དུ་ཐུབ། །བུམ་ཆེན་བཟུང་བས་རིམས་དང་ཚད་པ་དང་། །དུག་ནད་སེལ་བའི་མཆོག་ཡིན་རྒྱུད་ལས་གསུངས། །དེ་དག་ཐབས་ལམ་གེགས་སེལ་ཐོ་ཙམ་ཡིན། །དེ་ནས་ནད་ཀྱི་གེགས་རྣམས་སེལ་བ་ནི། །མཚམས་སྒྲུབ་དུས་སམ་དུས་ནི་ནམ་ཡང་རུང་། །རང་གཞན་སུ་ལ་བསྒོམ་ཡང་ཕན་པ་སྟེ། །མགོ་བོ་ན་དང་མགོ་འཁོར་འཐོམ་པ་སོགས། །མགོ་བོ་ཇེ་སྲབ་ཇེ་སྲབ་ལེབ་མོར་སོང་། །འཇའ་ལྟར་ཡལ་ནས་རྐོ་ཡན་
མེད་པར་བསྒོམ། །མིག་མི་གསལ་དང་མིག་ཚ་མིག་ནད་རིགས། །མིག་གཉིས་མེད་ཅིང་ལྟག་ཁུང་ཧར་རེ་བུག །བུག་པ་ཧ་རེར་ཡོད་ལ་དམིགས་པ་གཏད། །སོ་ན་སོ་ནང་གཟབ་ཀྱི་པཾ་ཡིག་ནི། །དཀར་པོ་གཉིས་བརྩེགས་གཅིག་ལ་དམིགས་པ་གཏད། །ཡང་ན་སོ་དཀྱིལ་བླ་མ་སྨན་གྱི་བློ། །གསལ་བར་བསྒོམ་ལ་དམིགས་པ་གཏད་པས་སེལ། །ལྕེ་ན་རང་གི་ཕོར་པ་ཆུ་གཙང་བླུགས། །ལྕེ་ནད་ཐམས་ཅད་ནག་དང་ཉི་ལི་ལི། །ཆུ་ནང་སོང་དམིགས་ལྕེ་ནི་ཆུ་ནང་སྦྱང་། །བཤུལ་ན་བཤུལ་དུ་བུག་པ་ནོར་བུའི་དབྱིབས། །དེ་ནང་ནད་ཀུན་དུད་པ་ལྟར་ཐོན་བསམ། །ཚིགས་སོགས་ལུས་ཀྱི་ཁོལ་བུ་གར་ན་སར། །ཁུག་པ་ལྕགས་དྲྭ་བཞིན་དུ་ཡོད་པ་ནས། །ནད་རྣམས་རླངས་པའི་ཚུལ་དུ་ཐོན་པར་བསམ་། །རྨ་ནི་གསར་པ་བྱུང་ན་རྨ་ཡི་ནང་། །ཐིག་ལེ་དཀར་དམར་འཐབ་ལ་དམིགས་པ་གཏད། །བཤལ་བ་མི་ཆོད་རང་དབང་མེད་པ་ན། །གཤང་ལམ་ནང་དུ་གསེར་གྱི་རྡོ་རྗེས་བཀག །གཤང་ལམ་ཕྱི་ནས་རྒྱུས་པ་འདྲ་བ་ཡི། །རྒྱུ་མའི་ཐག་པས་དམ་དུ་དཀྲིས་པར་བསམ། །ཚད་པའི་ནད་ལ་སྙིང་དཀྱིལ་ཊཾ་དཀར་པོ། །ཆབ་བྲོམ་འདྲ་བ་དེ་ལས་
ག་པུར་གྱི། །རང་བཞིན་ཆུ་ནི་ཤིན་ཏུ་གྲང་མོ་ཡིས། །ཁོག་པའི་ནང་ཀུན་བཤལ་ཞིང་འགྲིམ་པར་བསམ། །ཚད་པའི་ནད་ནི་ཐམས་ཅད་དག་པར་བསྒོམ། །གྲང་བའི་ནད་དང་སྐྲང་གཞི་དམུ་ཆུ་ལ། །ལྟེ་འོག་སུམ་མདོར་རཾ་ཡིག་དམར་པོ་ལས། །མེ་འབར་ལུས་ཀྱི་ནང་ཀུན་གང་བར་བསྒོམ། །རླུང་གི་ནད་ལ་མདུན་དུ་བྷན་དྷ་ནི། །ཆེན་པོ་འབྲི་མར་མར་ཁུས་སེར་ལྟེམ་གང་། །རྐང་པའི་མཐེ་བོང་གཉིས་པོ་སྦུ་གུ་ལྟར། །མར་ཁུ་ཡར་དྲངས་ལུས་ཀུན་ལྟེམ་གྱིས་གང་། །བ་སྤུའི་བུག་ནས་ཕྲུམ་ཕྲུམ་ཐོན་པར་བསམ། །སྨུག་པོ་ལ་སོགས་བད་ཀན་སྤྱི་ཁྱབ་ལ། །ཨ་ཡིག་དཀར་པོས་ལུས་ཀུན་གང་བར་བསྒོམ། །རླུང་སོགས་མི་དགོས་དམིགས་པ་ཁོ་ནས་ཆོག །དེ་ཀུན་ཞི་བྱེད་རྙིང་མའི་ཐུགས་སྒྲུབ་སོགས། །ཀུན་ལས་གསུངས་ཤིང་མྱོང་བས་ཅུང་ཟད་གྲུབ། །སྙིང་མི་དགའ་དང་སྙིང་གཟེར་སྲོག་རླུང་ལ། །སྙིང་དཀྱིལ་བཾ་ཡིག་དཀར་པོ་བདུད་རྩི་བབས། །བདུད་རྩི་དཀར་པོས་སྙིང་ནི་གང་བར་བསྒོམ། །དུག་དང་ཚད་པ་ལ་སོགས་མ་ཡིན་པར། །ཟས་མ་ཞུ་ཞིང་ཕོ་བ་གཟེར་བ་ན། །ལག་མཐིལ་གཉིས་སུ་ཨ་ཡིག་དཀར་པོ་
བསམ། །གན་རྐྱལ་ཉལ་ལ་ཕོ་བ་མཉེ་བར་བྱ། །དུས་འཁོར་རྒྱུད་དང་རྙིང་མ་ནས་ཀྱང་གསུངས། །རྨི་ལམ་བུད་མེད་རྨིས་པ་ལ་བརྟེན་ནས། །ཐིག་ལེ་ཤོར་ན་ཉལ་ཁ་གསང་རྡོར་ནི། །ལྕགས་སྲེག་ཕུར་པ་ཚྭ་ཚྭ་འཕྲོ་བར་བསྒོམ། །བསེན་མོས་ཚེ་ལ་རྐུ་བའི་གེགས་དེ་སེལ། །ཐབས་ལམ་སྒོམ་དུས་འཆི་རྟགས་སོགས་བྱུང་ན། །ནམ་ལངས་ལུས་ཀྱི་བ་སྤུ་མཐོང་ཙམ་དུས། །ནམ་མཁའ་རྒྱ་ཆེར་མཐོང་སར་ལུས་གནད་བཅས། །ཁ་ནི་ཅུང་ཟད་ཙམ་ཞིག་གདངས་བྱས་ནས། །ནམ་མཁའ་ཐམས་ཅད་བདུད་རྩིའི་རང་བཞིན་ཞུ། །དཀར་པོའམ་ནི་སྔོན་པོའི་རྣམ་པ་རུ། །ཁ་རུ་སིབ་སིབ་བྱུང་ནས་ལུས་གང་བསམ། །རླུང་རྔུབ་ལུས་དགང་ཅི་ཐུབ་དྲག་ཏུ་མནན། །དེ་འདྲ་ལན་གྲངས་འགའ་རེར་བྱས་པ་ཡིས། །སྒྲེག་པ་བྱུང་ན་ཞག་གཅིག་འཆི་བ་བཟློག །དེ་རྗེས་མཐེབ་མཛུབ་སྐེ་རྩིས་ལན་གསུམ་མནན། །རྒྱུན་དུ་བྱས་ན་ཚེ་སྒྲུབ་མཆོག་ཏུ་འགྱུར། །ཐུགས་རྗེ་གསང་འདུས་གསར་མའི་ལམ་འབྲས་སོགས། །རྒྱུད་གཞུང་ཁམས་ཆེན་ཀུན་ནས་གསུངས་པ་ཡིན། །རང་ལ་གྲང་བའི་ནད་གཞི་བྱུང་བ་ན། །རླུང་དང་གཏུམ་མོ་ཁོ་ན་མཆོག་ཡིན་ཏེ། །ཕོ་
སྐོར་བྱས་པས་མ་ཞུ་འཕྲལ་དུ་སེལ། །རིམས་དང་ཚད་པའི་ནད་ནི་བྱུང་བ་ན། །གངས་གསེང་ཤིན་ཏུ་འཁྱགས་པར་ཡོད་པར་བསྒོམ། །སོ་བསྒྲིགས་བར་ནས་སིར་སྒྲ་དང་བཅས་པའི། །རླུང་ནི་དྲག་ཏུ་རྔུབ་ནས་བཟུང་བ་ནི། །ཆུ་རླུང་བཟུང་བ་ཞེས་བྱ་ཚད་སྨན་མཆོག །ནད་རིགས་ཀུན་དང་འདུས་པའི་ནད་རྣམས་ལ། །རང་གཞན་སྤྱི་བོར་བླ་མ་སྨན་གྱི་བླ། །ཕྱག་གཡོན་ལྷུང་བཟེད་བདུད་རྩི་ཁ་དོག་ལྔ། །།ཚངས་བུག་ནས་ཞུགས་ལུས་གང་ནད་དག་བསམ། །དེ་ནས་གདོན་གྱི་གེགས་སེལ་བྱ་བ་ནི། །སྔ་དྲོའི་ཆ་ལ་རང་ཉིད་སྤྱན་རིས་གཟིགས། །འགྲོ་འདུལ་ཕྱག་བཞི་ལུང་པ་གང་བར་བསྒོམ། །དང་པོའི་ཕྱག་གཉིས་ཐལ་མོ་སྦྱར་བའི་བར། །གནོད་བྱེད་གདོན་བགེགས་ཐམས་ཅད་ཡོད་པར་བསྒོམ། །དེ་དག་ཀུན་ལ་མ་གཅིག་བུ་བཞིན་དུ། །བྱམས་དང་སྙིང་རྗེ་ཇི་ལྟར་སྐྱེ་སྐྱེ་བྱ། །སྐུ་ཡི་ནང་དུ་བསྲུང་བྱ་ཐམས་ཅད་ཚུད། །རླུང་ཞིག་ཕར་བཏང་རང་གི་བདེ་སྐྱིད་རྣམས། །འགྲོ་བ་སྤྱི་དང་གནོད་བྱེད་རྣམས་ལ་ཐིམ། །བདེ་སྐྱིད་ཕུན་སུམ་ཚོགས་པ་ཐོབ་པར་བསམ། །རླུང་ཞིག་ཚུར་རྔུབ་ཁོང་རྣམས་སྡུག་བསྔལ་སྡིག །རང་ལ་ཐིམ་
པས་བཀྲག་མདངས་འོད་འབར་བསམ། །ཐུགས་སྒྲུབ་ལ་སོགས་གསར་རྙིང་དུ་མའི་བཅུད། །བྱམས་པའི་གོ་ཆ་སྙིང་རྗེའི་ཡ་ལད་ཏེ། །སྲུང་འཁོར་རྨད་བྱུང་བྱང་ཆུབ་གོ་ཆ་ཞེས། །དམ་ཆོས་དགོངས་གཅིག་ནས་གསུངས་སྙིང་པོ་ཡིན། །མུན་རུབ་སྐད་ཅིག་དྲན་རྫོགས་བདག་ཉིད་ནི། །རྟ་མགྲིན་དམར་པོ་དབྱུག་ཏོ་སྡིགས་མཛུབ་ཅན། །སྐུ་ཆེ་ཁྲོ་ཆས་ཡོངས་རྫོགས་འཇིགས་རུང་བསྒོམ། །རྟ་སྐད་གཅིག་བསྒྲགས་གནོད་བྱེད་ཐམས་ཅད་ཀུན། །སྦུར་མ་རླུང་གིས་བསྡུས་བཞིན་དབང་དུ་བསྡུས། །གཉིས་བསྒྲགས་དམ་ལ་བཏགས་ནས་སྲོག་སྙིང་ཕུལ། །གསུམ་བསྒྲགས་བྱ་སྤུ་རླུང་གིས་གཏོར་བ་ལྟར། །དབང་མེད་རྒྱ་མཚོའི་ཕ་མཐར་བསྐྲད་པར་བསམ། །སྐུ་ལས་མེ་དཔུང་མཚོན་ཆའི་བུ་ཡུག་འཕྲོས། །རྡོ་རྗེ་འཁོར་ལོ་རལ་གྲི་རྒྱ་གྲམ་དང་། །ཕུར་པ་མེ་རིའི་གུར་ཁང་རིམ་པ་དྲུག །བར་མཚམས་ཁྲོ་བོ་སྣ་ཚོགས་རླུང་ལྟར་འཚུབ། །སྲུང་འཁོར་དྲུག་པོ་སྲུབ་མེད་སྒོ་ང་བཞིན། །དེ་ནང་བསྲུང་བྱ་ཐམས་ཅད་ཚུད་པར་བསམ། །དེ་ནི་དྲག་པོའི་སྒོ་ནས་སྲུང་བའོ། །སྐྱབས་འགྲོ་སྲུང་འཁོར་ཟློག་པ་ལ་སོགས་པ། །ཇི་ལྟར་འབད་བཞིན་སླར་ཡང་
ཇེ་རྩུབ་ཅིང་། །ཇི་ལྟར་བྱས་ཀྱང་གླན་ཀ་བརྐོ་བ་ན། །དེ་ནས་སྨྱོན་པའི་བརྟུལ་ཞུགས་བྱ་གསུངས་དོན། །ནུབ་མོ་དགེ་སྦྱོར་ཚར་ནས་ཉལ་ཁའི་དུས། །ཀུ་ས་ལི་ཡི་ཚོགས་གསོག་བྱ་བ་སྟེ། །དེ་ཡང་ཆོས་སྐྱོང་ལ་སོགས་མ་ནོན་ནམ། །ཕ་རོལ་སྟོབས་ཆེན་བྱེད་ཀ་ཆེས་དྲག་ན། །ནམ་མཁའི་དབྱིངས་སུ་བླ་མའི་ལྷ་ཚོགས་དང་། །དེ་འོག་ཡི་དམ་དེ་འོག་མཁའ་འགྲོ་དང་། །དེ་འོག་ཆོས་སྐྱོང་བཀའ་སྲུང་དམ་ཅན་ཚོགས། །ནམ་མཁའ་ཁྱབ་པར་སྤྲིན་བཞིན་གསལ་བར་དམིགས། །རང་གི་སྙིང་གར་རང་གི་རླུང་སེམས་དང་། །བླ་ཚེ་སྲོག་དང་བྱིན་རླབས་ནུས་པ་དང་། །ཕུང་ཁམས་སྐྱེ་མཆེད་ལྷ་རུ་བསྒོམས་པ་རྣམས། །གཅིག་བསྡུས་ཐིག་ལེ་དཀར་པོ་འོད་འབར་བ། །དབུ་མའི་ལམ་ནས་སྤྱི་བོར་རྒྱངས་སེ་སྤར། །དེ་ཉིད་གནས་གྱུར་ཕག་མོའི་སྐུ་རུ་བསྒོམ། །དེ་ལྟར་ཐིག་ལེར་ལུས་ལྷ་བསྟིམས་པ་འདི། །གནད་ཟབ་ཡིན་གྱི་འདི་ཉིད་མ་ཤེས་ན། །བདག་བསྐྱེད་སྒོམ་དང་གཅོད་དམིགས་རྒྱབ་འགལ་འོང་། །ལུས་ལྷ་སྤར་བའི་ཐ་མལ་བེམ་པོ་དེ། །ཆེ་ཚོ་བཀྲག་བཟང་འཛམ་གླིང་གང་བར་བསྒོམ། །རང་ཉིད་ཕག་མོས་གྲི་གུག་ཚད་ཙམ་
གྱིས། །ཐོད་པ་ཡར་ནས་བྷན་དྷ་མཚན་ལྡན་པ། །སྟོང་གསུམ་འཇིག་རྟེན་ཙམ་གྱི་རྒྱ་ཁྱོན་བསྒོམ། །གྲི་གུག་རྩེ་ཡིས་བེམ་པོ་དེ་ནང་འཕང་། །གྲི་གུག་ཚད་ཙམ་ཤ་ཁྲག་དམར་། ལྟེམ་གང་། །ཨོཾ་ཨཱཿཧཱུྃ་བརྗོད་ཡེ་ཤེས་བདུད་རྩི་ནི། །དཀར་དམར་མདངས་ལྡན་རོ་བཅུད་ཕུན་ཚོགས་གྱུར། །རང་གི་ཐུགས་ལས་སྤྲུལ་པའི་མཁའ་འགྲོ་མ། །རང་འདྲ་བྱེ་བ་དུང་ཕྱུར་གྲངས་མེད་སྤྲོ། །ཕྱག་གཡས་རིན་ཆེན་ལས་གྲུབ་བྷན་དྷའི་སྐྱོགས། །ཐོགས་པས་བདུད་རྩིའི་རྒྱ་མཚོ་དེ་ལས་བཅུས། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས། །ཀུན་ལ་མཆོད་པས་ཐམས་ཅད་མཉེས་ཤིང་ཚིམ། །ཁྱད་པར་རང་ལ་འཁུ་ལྡོག་བྱེད་པ་ཡི། །བཀའ་སྲུང་ཆོས་སྐྱོང་འཁོར་བཅས་ཡང་ཡང་མཆོད། །ཤིན་ཏུ་མཉེས་ཤིང་ཚིམ་པ་བསྒོམ་པར་བྱ། །དེ་བཞིན་འཇིག་རྟེན་སྐྱོང་དང་གདོན་བགེགས་ཚོགས། །ལྷ་འདྲེ་གཞི་བདག་འགྲོ་བ་རིགས་དྲུག་རྣམས། །སོ་སོ་རང་རང་གནས་སུ་མཁའ་འགྲོས་མཆོད། །སོ་སོས་ཅི་འདོད་ལོངས་སྤྱོད་ཐོབ་པར་བསམ། །རང་ཉིད་ན་ནས་ཐུགས་དམ་མི་ནུས་ཚེ། །གྲེ་ཁུང་ཕཊ་བརྗོད་འདི་ཉིད་བརྒྱ་རྩ་བསྒོམ། །དེ་ཡིས་ནད་གདོན་འཕྲལ་དུ་སེལ་བ་
ནི། །མྱོང་བས་ཡང་ཡང་གྲུབ་པས་ངེས་ཤེས་ཡོད། །ནད་གདོན་གེགས་སེལ་རྣམས་ཀྱི་མཆོག་ཡིན་ནོ། །གཞན་ལ་ཡང་ནི་དེ་ལྟར་བསྒོམ་བྱ་སྟེ། །བདག་གཞན་ལུས་ངག་ཡིད་གསུམ་གཅིག་བསྲེས་ནས། །དེ་ལྟར་བྱས་ན་ཕ་རོལ་ཕན་ཆེ་ཡང་། །རང་ལ་ནད་གདོན་གྲིབ་ཀྱིས་གོས་པར་སྣང་། །རྟོགས་པའི་གདེང་ཆེན་མེད་ན་དེ་མི་བྱ་། །སོ་སོའི་རྣམ་ཤེས་སོ་སོར་སྤར་བྱས་ནས། །རྣམ་ཤེས་གཅིག་བསྲེས་བེམ་པོ་སོ་སོར་མཆོད། །དེ་ནི་རྟོགས་པ་འབྲིང་གི་བྱ་བ་ཡིན། །སོ་སོར་སྦྱར་ཞིང་སོ་སོར་མཆོད་སྦྱིན་བྱ། །རང་ལ་མི་གནོད་རྟོགས་པ་དམན་ན་བྱ། །དེ་ནས་དེ་དང་འབྲེལ་བའི་དམིགས་པ་ནི། །རང་གཞན་ལུས་པོ་གང་དུ་ན་བའི་སར། །འགྲོ་བ་ཀུན་གྱི་ནད་གདོན་སྡིག་སྒྲིབ་བསྟིམ། །རུལ་བ་ལྟར་གྱུར་ཁྲག་གི་རྒྱུན་ཆེན་བབས། །གནོད་བྱེད་གདོན་བགེགས་ཀུན་གྱིས་དེ་འཐུངས་ཏེ། །དགའ་མགུ་ཡི་རང་ལྷག་མ་མེད་པར་བསམ། །རྐང་ལག་བཞི་པོ་གང་རུང་ན་བ་ཡི། །མཐིལ་དུ་རཾ་ཡིག་དམར་པོ་མེ་འབར་བས། །རྐང་ལག་གང་ཡིན་སྤོས་ཐུར་བཞིན་དུ་བསྲེག །རྩ་བའི་བར་ཚིགས་དེ་ནས་མི་དམིགས་བསམ། །
དམ་པའི་ནད་གཅོད་དམིགས་པ་གཏར་སྲེག་ཡིན། །མ་ཞུའི་ནད་ཀྱིས་ཕོ་བ་ན་བ་ལ། །ཕོ་བར་ཁུང་བུག་བེ་སྣབ་ནད་རྣམས་ནི། །ཝ་ཆུ་བཞིན་དུ་བབས་པ་ནད་བདག་འཐུང་། །ཕོ་ནད་ཟས་མི་ལེན་པའི་རིགས་རྣམས་ལ། །ཕོ་བ་ལྕགས་ཀྱི་ཤ་སྦྲང་གིས་གང་བས། །ཕོ་བ་ཐམས་ཅད་ཕུག་ཅིང་ཟོས་པར་བསམ། །མིད་འཆུས་བྱུང་ན་མི་ནག་སྦྲུལ་མགོ་ཡིས། །ལྕགས་སྲེག་ཐོ་ལུམ་ཁ་ནས་མིད་པར་བཅུག །མིད་པ་མིད་ཐག་ཕོ་བ་ཐམས་ཅད་ཚིག །སྟོང་པར་གྱུར་ནས་ལྕགས་སྲེག་འོག་སྒོར་ཐོན། །མགོ་བོ་ན་ཞིང་ཀླད་པ་གཟེར་བ་ལ། །མགོ་བོ་མེ་ཏོག་པདྨ་སྟོང་ལྡན་གས། །ཀླད་པ་ཕྱུང་ནས་ས་ཕྱོགས་ཐམས་ཅད་གང་། །བྱ་ཁྱུང་མང་པོས་ལྷག་མ་མེད་པར་ཟོས། །མིག་ནི་ནའམ་ཚ་ན་མི་ནག་གིས། །ལྕགས་ཁེམ་མིག་བྲུས་ཕར་ལ་འཕངས་མ་ཐག །ཡོས་གཏོར་བཞིན་དུ་ས་ཕྱོགས་མིག་གིས་གང་། །བྱ་ནག་མང་པོས་བཏུས་ཏེ་ལྷག་མེད་ཟོས། །སོ་ན་མི་ནག་གཟུགས་ཐུང་སྐམ་པ་ཐོགས། །སོ་ཕུད་ཆུ་རྡོའི་བར་བརྡུང་རླུང་ལ་བསྐུར། །སྐབས་སུ་མི་ནག་སེང་ཞོན་མགོ་མང་གིས། །སོ་ཀུན་ཕུད་ནས་སོ་ཕྲེང་དོ་ཤལ་བྱས། །གླིང་བཞི་རི་
རབ་བསྐོར་བ་བྱེད་ཅིང་རྒྱུག །ལྕེ་ན་མི་ནག་མགོ་བཅུ་སྟག་མགོ་ཅན། །ལྕེ་ལ་ཤར་མོ་བཅུ་དྲས་མགོ་བཙུས་འཇིབ། །རྐང་ལག་བཞི་པོ་གང་དུ་ན་ཡང་འདྲ། །སྦྲུལ་ནག་འདོམ་དགུ་ཟེ་བ་ཅན་གཉིས་ཀྱིས། །ཡར་དཀྲིས་མར་དཀྲིས་ཕུར་པ་ལྟར་དཀྲིས་པ། །མི་ནག་དགྲ་སྟ་ཁ་ཆེ་ཐོགས་པ་ཞིག །གཡོས་ཚིལ་གཏུབས་བཞིན་དུམ་བུར་བཅད་ཅིང་འཕངས། །ལྷ་འདྲེ་ཀུན་གྱིས་ཧབ་ཐོབ་ཟོས་པར་བསམ། །གློ་བ་ན་ན་མི་དམར་མདུང་ཙམ་གྱིས། །ཟངས་ལྕགས་སྦུ་གུས་གློ་བའི་རྣག་ཁྲག་འཇིབ། །མཁྲིས་པ་ན་ན་ཁྱི་ནག་འབུམ་ཕྲག་གིས། །བེམ་པོའི་ཁ་ཕྱེས་མཁྲིས་ཁུ་ལྷག་མེད་བཏུང་། །རྒྱུ་མ་ན་ན་རྩི་ཤིང་ནགས་ཚལ་ལ། །རྒྱུ་མ་ཐམས་ཅད་རྒྱ་ལྟར་བྲེས་པར་བསམ། །སྤྱིར་ནི་ཕྱི་ཤ་པོ་ནང་ཁྲོལ་གང་ན་བ། །དེ་ཉིད་གཏོར་བའི་ཐང་མས་ས་གཞིར་བརྡལ། །ལྷ་འདྲེ་རྣམས་ཀྱིས་ཡོས་ལྟར་འགམ་པར་བསམ། །དེ་དག་ནད་གཅོད་ན་སར་གཅོད་པའོ། །དེ་རྣམས་ཀུན་ལ་སྔོན་དུ་སྙིང་རྗེ་བསྒོམ། །རྗེས་ནི་སྟོང་ཉིད་ངང་ལ་མཉམ་པར་གཞག །དེ་ནས་ཏིང་འཛིན་སེམས་ཀྱི་གེགས་སེལ་ནི། །མང་ཡང་བྱིང་རྒོད་གཉིས་སུ་འདུས་པ་སྟེ། །
བྱིང་རྨུགས་འཐིབ་ཅིང་རིག་པ་མི་གསལ་ན། །སྣང་ཡེར་མཐོ་ཞིང་བསེར་བུ་ཡོད་ས་རུ། །ཆོས་བདུན་ལུས་གནད་གྲིམ་གྱིས་སྒྲིམ་ལ་བཅའ། །མིག་གཉིས་ཕ་རིའི་རི་རྩེར་ནམ་མཁར་གཏད། །རང་གི་སེམས་ལ་རྗེན་ནེ་ཧྲིག་གེར་བལྟ། །རྣམ་རྟོག་འཕྲོ་རྒོད་རླུང་ལྟར་འཚུབ་པ་ན། །ལུས་གནད་བག་ལྷོད་སོག་ཕོན་ཞིག་ལྟར་བཞག །མིག་གཉིས་སྐྱིལ་ཀྲུང་གདན་གྱི་མཚམས་སུ་བལྟ། །འགྱུ་བ་གར་འགྲོར་བཏང་བས་རྒྱང་སྲུང་བྱ། །སྟོང་ཉིད་སྐྱེས་ན་ཐམས་ཅད་སྟོང་པར་མཐོང་། །རྒྱུ་འབྲས་དགེ་སྡིག་ཕན་གནོད་མེད་སྙམ་ཆེ་། །ལུས་ལ་ཚེར་མ་བཙུགས་སམ་མེ་སྟག་བླན། །སྟོང་པར་གོ་བས་ཕན་པ་ཨེ་འདུག་བལྟ། །རྟེན་འབྲེལ་བསླུ་བ་མེད་ལ་ངེས་ཤེས་སྐྱེད། །དེ་ཡིས་གེགས་སེལ་རིམ་པ་ཐོ་ཙམ་སོང་། །ཞེས་པ་ཤིང་སྦྲུལ་བདུད་རྩིའི་འཁྱིལ་བའི་ལོ། །སྟོབས་ཆེན་གླང་གི་ཟླ་བའི་ཚེས་བརྒྱད་ནས། །ཚེས་བཅུའི་བར་གྱི་དགོང་མོའི་མཚམས་རེ་རེར། །རཱ་ག་ཨ་སྱས་ཉམས་མྱོང་དང་བསྟུན་ནས། །ལྷུག་པར་གདམས་པ་བརྩོན་འགྲུས་རྒྱ་མཚོ་ཡིས། ང་གི་བརྗེད་ཐོར་འཕྲལ་དུ་ཡི་གེར་བཏབ། །རྒྱུད་གཞུང་ལུང་འདྲེན་མང་པོ་མ་མཆིས་
པས། །བློ་གྲོས་ལྡན་རྣམས་མཉེས་པར་མི་འགྱུར་ཞིང་། །དཔྱོད་ལྡན་རྣམས་ནི་ཡིད་གཉིས་སྐྱེ་ན་ཡང་། །བླུན་པོའི་རང་དྲན་རང་བཟོ་ཡིན་ནམ་མིན། །གསར་སྙིང་རྒྱུད་གཞུང་རྒྱ་མཚོར་གཟིགས་ན་གསལ། །ཡིག་ཆ་མཐོང་བས་བྲིས་པ་ཡིན་ནམ་མིན། །སློབ་དཔོན་གསུང་རྒྱུན་རང་གི་ཉམས་མྱོང་རྣམས། །བསྟན་པའི་གདམས་པ་ཟློཟབ་མོ་ཡིན་ནམ་མིན། །གུས་པས་ཡིད་ཀྱིས་ཉམས་སུ་བླངས་ན་གསལ། །བློ་དམན་རང་འདྲ་སྒྲུབ་པའི་གང་ཟག་ཚོགས། །མང་པོ་འགའ་ལ་ཕན་ཐོགས་རྒྱ་ཆེར་ཤོག །ལེའུ་སོ་དྲུག་པའོ་མངྒལཾ།། །།