སྡོམ་གསུམ་བསྐྱེད་རྫོགས་སྒོམ་བཟླས་རྩེ་གཅིག་ཏུ། ༼ཅཾ༽ །ཚུལ་བཞིན་ཉམས་སུ་ལེན་ཚུལ་ཞལ་གདམས་ཡོད། །
རི་ཆོས་མཚམས་ཀྱི་ཞལ་གདམས་གཅིག་བརྒྱུད་ལས། སྡོམ་གསུམ་བསྐྱེད་རྫོགས་སྒོམ་བཟླས་རྩེ་གཅིག་ཏུ་ཉམས་སུ་ལེན་ཚུལ་གྱི་ཞལ་གདམས་མདོར་བསྡུས་བཞུགས་པའི་དབུ་ཕྱོགས་
ལགས་སོ། །བླ་མ་བརྩོན་འགྲུས་རྒྱ་མཚོ་ཞེས་བྱ་བས། །སྔ་ཕྱི་དྲི་བ་དོན་ཚན་མང་ན་ཡང་། །རྒྱས་པར་བྲི་བར་མི་ནུས་ལག་ནད་སྡང་། །མདོ་རྒྱུད་བསྟན་བཅོས་རྣམས་སུ་ལྷགཟིགས་དང་གསལ། །སྡོམ་གསུམ་ཞུ་དུས་ངེས་འབྱུང་བསམ་པ་དང་། །བྱང་ཆུབ་སེམས་བསྐྱེད་སྙིང་རྗེའི་ཀུན་སློང་སོགས། །མེད་ན་ཇི་བཞིན་པ་དེ་མི་སྐྱེ་ཡང་། །དད་པ་དག་སྣང་ཙམ་གྱིས་ཞུས་པ་དེ། །ཕྱིས་ནས་ཁྲིད་རིམ་ཞུས་སམ་ཐོས་ཙམ་གྱིས། །ངེས་འབྱུང་གཞན་ཕན་བློ་སོགས་སྐྱེས་ཙམ་ན། །སྡོམ་པ་དེ་ཉིད་རྣམ་པར་དག་གྱུར་ཏེ། །སླར་ཡང་ཞུ་ཝིག་ལ་སོགས་མི་དགོས་ཞེས། །མི་བསྐྱོད་ལ་སོགས་མཁས་པ་མང་པོ་དང་། །མཆོག་གི་སྤྲུལ་སྐུའི་ཞལ་ནས་དངོས་སུ་ཐོས། །དེང་སང་དེ་ཙམ་ཞིག་ལ་ཆགས་འཇོག་སྲོལ། །དངོས་གཞི་རྩ་བ་བཞི་ལ་སྐྱོན་མེད་ཅིང་། །དགེ་བའི་བློ་ནི་མི་སྤང་དང་ལེན་པ། །དེང་སང་སྡོམ་ལྡན་ཡིན་པར་དེ་བཞིན་གསུངས། །དེང་སང་དེ་ཙམ་ཞིག་ལ་ཀུན་ཆགས་འཇོག །འགྲོ་བའི་དོན་དུ་རྫོགས་པའི་སངས་རྒྱས་ནི། །ཐོབ་པར་འདོད་པའི་བློ་འདི་མི་སྤངས་ཤིང་། །དགེ་བ་གང་འགྲུབ་དེ་ཡི་རྒྱུ་རུ་བསྔོ། །བྱང་སྡོམ་བསྡུས་པའི་
བསླབ་པར་ཐུབ་པས་གསུངས། །བླ་མ་སངས་རྒྱས་ཡིན་ངེས་དཀོན་ན་ཡང་། །ཡི་དམ་ལྷ་དང་དབྱེར་མེད་མོས་པས་བསྒོམ། །ལུས་ལྷ་ངག་སྔགས་སེམས་ཀྱིས་བསྐྱེད་རྫོགས་འབད། །རྒྱུན་དུ་གཏོར་བསྔོས་དུས་བཟང་ཅི་འབྱོར་མཆོད། །རྩ་གསུམ་དམ་ཚིག་དེ་ལ་འདུས་པར་མངོན། །དགེ་སྦྱོར་ཐོག་མར་བྱང་ཆུབ་སེམས་བསྐྱེད་ཅིང། །ཀུན་སློང་བཟང་ཞིང་དངོས་གཞི་ཉམས་ལེན་ལ། །ཐུན་དང་ཁྲིགས་སུ་བཅད་པ་ཅུང་མེད་པས། །ནམ་དྲན་ལྷ་སྒོམ་ནམ་དྲན་ངོ་བོ་སྐྱོངས། །རེས་འགའ་ཟུང་འཇུག་རེས་འགའ་རེས་མོས་བྱ། །ཉམས་ལ་ནམ་བབ་སྙིང་རྗེའི་གཏོང་ལེན་དང་། །ཟེར་གཉིས་ནམ་སྐབས་ཐོད་རྒལ་ཡུད་ཙམ་བསྒོམ། །ངག་ཏུ་རྒྱུན་དུ་བསྙེན་པ་ཆུ་རྒྱུན་ལྟར། །རེས་འགའ་ཉམས་ལ་ནམ་བབ་ཆོས་སྤྱོད་དང་། །ཆོ་ག་བསྐང་གསོལ་གྱེར་དབྱངས་ལ་སོགས་བྱ། །དུས་བཟང་མིན་ཡང་མཆོད་རྫས་ཤུགས་ཀྱིས་འབྱུང་། །དེ་དུས་ཉིད་ནས་ཚོགས་དང་མཆོད་གཏོར་བྱ། །ཁོམ་ཞིང་རང་གི་སྤྲོ་བ་འཕེལ་བའི་དུས། །གསུམ་ལྔ་བདུན་སོགས་ངག་མཚམས་བསྡམ་པར་བྱ། །སྒྲུབ་པ་ཕྲན་བུ་རེ་ལ་རྟགས་ཐོན་བྱ། །རྟོག་
མཚམས་ཡུན་རིང་བྱས་ལ་དེ་རྟགས་གསལ། །དགོན་དང་གྲོང་ཁྱེར་རུ་བ་རི་ཁྲོད་སོགས། །གར་བསྡད་འདྲ་སྟེ་ཟ་རྒྱུ་དཀོར་ལས་མེད། །བྱེད་རྒྱུ་དགེ་སྦྱོར་ཉིད་ལས་མེད་ཤེས་པས། །གྲོང་ཆོག་ཆེ་ཡང་ཧ་ཅང་ཚོང་སྐད་སྤངས། །གདུལ་བྱ་ཆེ་ན་འདོད་པ་ཁེང་བས་ལེགས། །ཆུང་བས་དཀོར་སྒྲིབ་ཆུང་བས་དེ་ཡང་ལེགས། །འབྲིང་ན་ཁོ་རང་རྐྱེན་འགྱུར་རང་ཡང་ཕན། །གང་བྱུང་ལེགས་པས་མི་དགའི་རྣམ་འགྱུར་སྤང་། །འཚོ་བ་བཀྲེས་སོགས་ཡི་མུག་མི་སྐྱེ་སྟེ། །མི་བསྐྱོད་རྒྱལ་བ་སྐུ་ན་ཆུང་བའི་དུས། །ལྷོ་རོང་རྫོགས་པའི་རྟ་ར་ནང་དུ་བཞུགས། །འཚོ་བ་མེད་པར་རྣམ་སྲས་ཞལ་གཟིགས་པས། །མ་འོངས་གདུལ་བྱ་ཆེ་བའི་ལུང་བསྟན་མཛད། །འཕྲལ་དེར་དངོས་གྲུབ་རྒན་མོ་འགའ་རེ་ཡིས། །ཆོ་ལེ་བཙོ་རྒྱུའི་ཡུངས་མ་ཕུལ་ལོ་སྐད། །དེ་འདྲའི་དོན་ལ་བསམ་གཞིག་བཏང་བར་བྱ། །ཆོས་བྱས་ནད་དང་སྡུག་བསྔལ་མང་བ་སྟེ། །སྡིག་པ་མཐའ་རྫོགས་ཕྱི་མ་དག་པའི་ཞིང། །འགྲོ་རྟགས་བཟང་བ་ཁྲིད་རིམ་ཀུན་ནས་གསལ། །འབྲོམ་དང་སྐྱོབ་པ་ཁྲི་སྲོང་མཛེ་ཡིས་ཟིན། །རྒྱུ་རས་རྒོད་ཚང་ལོ་རས་ཤིག་ནད་སྡང་། །དེ་ཚོ་བསམ་ཞིང་ལྷ་ལ་ཡི་
ཆད་སྤངས། །སླར་ཡང་བཏང་ལེན་ངོ་བོ་སྐྱོང་གཉིས་འབད། །གཏམ་གྱི་བཟང་ངན་བྲག་ཆ་ལྟ་བུའི་སྒྲ། །སྙིགས་དུས་བསྟོད་འོས་སྨད་ཅིང་སྨད་འོས་བསྟོད་།མཐོང་ན་མི་མཐུན་མི་མངའ་ཤཱཀ་ཐུབ་ལའང་། །འགྲན་ཟླ་ངན་བྱེད་སྐུར་འདེབས་བྱུང་བའི་ཚུལ། །མདོ་མང་རྣམས་སུ་རྒྱ་ཆེར་གསུངས་པ་དང་། །པད་འབྱུང་ལའང་སྦ་ཚེ་ཀླུ་གོང་དང་། །ཀླུ་དཔལ་སོགས་ཀྱིས་སྐུར་པ་མི་སྙན་སྨྲས། །ཤཱ་རིའི་བུ་དང་སྣེ་ཟུར་བ་གཉིས་སོགས། །ཚུལ་ཁྲིམས་མཆོག་གྱུར་ལའང་མོ་ཁ་རྒྱབ། །སྡིག་ཅན་དམ་ཉམས་མང་པོ་འགའ་ལའང་། །བསྟོད་བསྐུལ་བསྔགས་པ་དད་གུས་སྐྱེ་བ་མང་། །དེ་ལ་བསྟོད་སྨད་ཚིག་ལ་སྙིང་པོ་མེད། །རང་ཉིད་ཤི་ནས་ཚིག་དེ་རྗེས་མི་འབྲང་། །ནམ་འཆི་ཆ་མེད་ཕལ་ཆེར་མྱུར་དུ་འཆི། །མི་འཆི་ཐབས་ནི་ཅི་ཡང་མེད་མོད་ཀྱང་། །འཕྲལ་དུ་དུས་མིན་འཆི་བ་བཟློག་པའི་ཐབས། །རང་ཉིད་རྒྱལ་བ་རྒྱ་མཚོར་གསལ་བ་ཡི། །ཐུགས་ཀའི་ཧྲིལས་སྔགས་ཕྲེང་གཡས་སུ་འཁོར། །དེ་ལས་འོད་ཟེར་དཔག་མེད་ཕྱོགས་བཅུར་འཕྲོས། །སངས་རྒྱས་བྱང་སེམས་ཐམས་ཅད་འོད་དེས་མཆོད། །ཐུགས་རྒྱུད་
མཉེས་པས་ཡབ་རྣམས་ཚེ་དཔག་མེད། །ཡུམ་རྣམས་སྒྲོལ་མ་དཀར་མོ་ཤ་སྟག་གྱུར། །ཐམས་ཅད་ཆར་དང་བུ་ཡུག་འཚུབ་བཞིན་བྱོན། །རང་ལ་སིབ་སིབ་ཐིམ་པར་དམིགས་པའི་ངང་། །ཡིག་དྲུག་ཡིག་བཅུ་བཟླས་ལ་ཚེ་སྒྲུབ་ཟབ། །སྔོན་གྱི་བརྡུང་བཙོག་འབྲས་བུས་ནད་མང་བ། །ལས་འབྲས་བཅོས་པར་དཀའ་བ་ཡིན་ན་ཡང་། །ལས་ཀྱང་སྲབ་ནུས་བར་ཆད་རྩད་གཅོད་ཐབས། །རང་ཉིད་རྒྱལ་བ་རྒྱ་མཚོའི་ཐུགས་ཀ་ནས། །གོང་ལྟར་འོད་ཟེར་འཕྲོས་པས་འཕགས་པའི་ཚོགས། །ཐམས་ཅད་མཆོད་པས་རིགས་ལྔ་སྨན་གྱི་བླ། །ཡུམ་རིགས་ཐམས་ཅད་ལོ་མ་ཅན་མའི་སྐུར། །གྱུར་ནས་ཆར་བཞིན་བབ་ཅིང་རང་ལ་ཐིམ། །དེ་ཉིད་བསྒོམ་ཞིང་ཡིག་བཅུའམ་ཡིག་དྲུག་བཟླས། །ལས་ནད་མ་གཏོགས་ནད་ཀུན་སེལ་བའི་སྨན། །རེ་ཞིག་དམིགས་པ་དེ་གཉིས་ཐུགས་དམ་མཛོད། །གསལ་ཞིང་བརྩོན་ན་དང་པོ་རྨི་ལམ་བརྟགས། །དངོས་སུ་ཁམས་བདེ་ཉམས་རྟོགས་འཕེལ་བར་ངེས། །སེམས་ངོ་འདི་སྒོམ་གཏད་སོ་མེད་པའི་ངང་། །གང་ཤར་སྟེང་དུ་ལྷོད་དེ་བཞག་པ་ཉིད། །བསྒོམས་དང་མ་བསྒོམ་དོན་ལ་ངོ་བོ་གཅིག །འོན་ཀྱང་དྲན་པའི་
གསལ་འདེབས་ཡང་ཡང་གཅེས། །བཟང་ངན་ཉམས་ལ་དགའ་སྡུག་མེད་པ་རུ། །གང་ཤར་ངོ་བོའི་སྟེང་དུ་བཞག་པ་གཅེས། །ཞེ་སྡང་ཁོང་ཚིག་བློ་སེམས་མི་བདེ་བ། །ཁམས་འདུས་ཡིན་ཏེ་ལུས་སེམས་བག་ཀློད་ནས། །ཅི་འོང་ཤོག་བསམ་ཞེན་མེད་བློས་བཏང་ཞེས། །ཐོད་རྒལ་ཉམས་སྣང་གོང་འཕེལ་སྐབས་སུ་སྣང་། །མ་བསྒྱུར་བཞག་ན་རིག་པ་ཚད་ཕེབ་འོང་། །ཆོས་ཉིད་མངོན་སུམ་སྣང་བ་བྱུང་ཚར་ཟན། །འདི་ནི་ལམ་མྱུར་སྡིག་པ་འདག་སྟོབས་ཆེ། །དེ་ཕྱིར་སློང་གི་ནད་སོགས་མང་བ་འདྲ། །ཉམས་མྱོང་ཡིན་ནོ་གཞུང་ནས་གསུངས་པ་མིན། །སོ་ཐར་ཉེས་ལྟུང་ཕྲ་ཞིབ་སྦྱང་བའི་ཐབས། །ཉ་སྟོང་ལ་སོགས་དུས་ནི་བཟང་པོ་ལ། །ཐུབ་དབང་སྐུ་བཤམས་སྤྱན་དྲངས་མཎྜལ་འབུལ། །ལྟུང་བཤགས་ལ་སོགས་ཕྱག་ནི་འགའ་ཞིག་འཚལ། །འདུས་བྱས་མི་རྟག་ཟག་བཅས་སྡུག་བསྔལ་བ། །ཆོས་ཀུན་བདག་མེད་མྱ་ངན་འདས་པ་སོགས། །ཡིད་ལ་དྲན་བྱས་ཉེས་ལྟུང་སྦྱངས་བ་ཟབ། །ཉམས་ལེན་ཐུན་གཅིག་ལུས་ནད་བསྲང་ལ་བྱ། །དེ་ནས་ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །ཞེས་སོགས་བསྔོ་སྨོན་རྒྱ་ཡི་གདབ་པ་
ཡིས། །གྲོགས་མེད་དགེ་སློང་ཞི་གནས་གསོ་སྦྱོང་ངོ་། །ཐུབ་དབང་ལ་སོགས་ནམ་མཁར་སྤྱན་དྲངས་ལ། །ཆོས་སྤྱོད་ནང་ལྟར་བྱང་སྡོམ་ཉུང་བ་དེ། །རང་གིས་བླངས་བས་བྱང་སེམས་ཉམས་པ་སོས། །སྔགས་ཀྱི་ཉམས་ཆག་རྡོར་སེམས་སྒོམ་བཟླས་བྱ། །དེ་དག་ཕྲ་ཞིབ་ཉམས་པ་ཕྱིར་བཅོས་ཐབས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། སོགས་མཆན་བུའོ། །སྤྲོས་མེད་ཉམས་ལེན་བདེ་བའི་སྐོར་རྣམས་ཡིན། །སྤྱིར་ནི་འཇིག་རྟེན་བྱ་བ་སྙིང་པོ་མེད། །བཤད་དང་གོ་བ་བཟང་ཡང་མི་དགོས་པར། །དབུས་གཙང་ཁམས་སུ་སྡེ་དཔོན་དཔལ་འབྱོར་ཅན། །མང་པོ་རྨི་ལམ་རྨིས་འདྲ་འདི་ལ་ལྟོས། །དཔལ་འབྱོར་ལོངས་སྤྱོད་ཧ་ཅང་བསྒྲུབ་འདོད་སྤངས། །ཆུང་ནས་གསེར་ཁྲི་གདུགས་དང་བེར་བདག་འགའང། །དོན་མེད་སྤང་དབྱུག་ཐོགས་པའི་ཚུལ་ལྟོས་ལ། །བསྙེན་བཀུར་སྙན་གྲགས་སྙིང་པོ་མེད་པར་བསམ། །དགོན་སྡེ་དགེ་འདུན་མེ་ཏོག་གླིང་འདྲ་རྣམས། །གྱང་ཧྲལ་བྱ་བྱེའུ་འཛིན་པའི་ཚུལ་ལྟོས་ལ། །གྲྭ་སློབ་འཁོར་ལ་སྙིང་པོ་མེད་པར་བསམ། །མཆེད་གྲོགས་བཙུན་ཆུང་མི་གཞོན་བུ་མོར་དགའ། །ཀེང་རུས་ཝ་ཁྱིས་འདྲད་པ་འདི་བསམ་
ལ། །མ་རྙེད་ནམ་འཆི་ཆ་མེད་སྙིང་ལ་ཟུངས། །དོན་མེད་སྨྲ་བ་ངག་འཆལ་དུད་འགྲོའི་རྒྱུ། །དོན་མེད་སྨྲ་མང་ཆགས་སྡང་ཉོན་མོངས་རྒྱུ། །སྨྲ་ལ་དགའ་བར་སྐྱོན་མང་ཐུབ་པས་གསུངས། །མི་སྨྲའི་བརྟུལ་ཞུགས་བཟུང་བ་མདོ་ཡི་ལུགས། །སྒྲུབ་པ་བྱེད་ན་གདན་གཅིག་གནོན་དགོས་ཀྱིས། །བསྙེན་པ་བདག་བསྐྱེད་ཁོ་ན་ཡིན་པའི་ཕྱིར། །ལུས་ནི་གཅིག་ཏུ་འདུག་དགོས་ངེས་པ་མེད། །རྒྱ་གར་སློབ་དཔོན་ལས་ཀྱི་རྡོ་རྗེ་ཡིས། །བསྒྲུབ་རྟེན་ཤིང་གི་རྡོ་རྗེ་གཅིག་བསྣམས་ནས། །ཕྱོགས་ཀུན་འཁྱམས་ཤིང་བཛྲ་པཱ་ཎི་ཡི། །སྔགས་བཟླས་ཕྱག་རྡོར་ཞལ་གཟིགས་གྲུབ་པ་ཐོབ། །མིའི་ཚིག་བར་མ་ཆོད་པ་བསྙེན་པར་བརྩི། །དེ་ཕྱིར་ཕྱོགས་བཅུར་འགྲོ་མཁན་རྟོགས་ལྡན་འགས། །གསུང་ངག་གཅོད་དེ་འབྱོན་པ་མཐོང་ཐོས་ཡོད། །ངག་བཅད་ཐུབ་ན་ཕན་ཡོན་མཚམས་དང་འདྲ། །གསང་བ་སྤྱི་རྒྱུད་སྔགས་གཡོག་གསུངས་པའི་སྐབས། །མཚམས་གཡོག་པ་ལ་ངག་བཏང་ཆོག་པ་དང་། །སྒྲུབ་རྫས་རྣམས་ཀྱང་སྦས་འོས་མི་དགོས་གསལ། །དེ་བཞིན་མཚམས་གཡོག་རང་ལ་ངག་བཏང་ཡང་། །ཧ་ཅང་སྐྱོན་དུ་མི་འགྱུར་གནད་གཅིག་
སྣང་། །ངག་བཅད་ཐུབ་ན་ངག་བཏང་ཕྱག་ལེན་ཡིན། །དེ་ལ་མ་གོ་ཕྱེད་ངག་ཅེས་བྱ་བ། །སོ་བསྒྲིག་ཁ་རླངས་མི་ཤོར་སྨྲ་སྲོལ་གདའ། །ཆོས་སྒོ་བ་ཡིས་དེ་ཚོ་མི་རུང་གསུངས། །འོན་ཀྱང་སྔགས་འཆང་ཀུན་གྱི་ཕྱག་ལེན་ལགས།་་་བསྙེན་སྒྲུབ་བྱེད་དུས་ལུས་སྦྱིན་མི་རུང་ཞུས་པས། མཆན། །དབང་དུས་ཡེ་ཤེས་སེམས་དཔའ་ལུས་ལ་བསྟིམ། །ཕུང་ཁམས་སྐྱེ་མཆེད་ལྷ་རུ་ངོ་སྤྲད་ནས། །གཏུབ་ཅིང་ལུས་སྦྱིན་བྱ་བར་མི་རུང་གསུངས། །ཕུང་པོ་སངས་རྒྱས་བརྙས་བྱེད་རྩ་ལྟུང་ཡིན། །འོན་ཀྱང་གཅོད་འདི་ཐེག་པ་ཀུན་དང་མཐུན། །བརྟག་གཉིས་སྤྱོད་པའི་རྒྱུད་ནས་ལུས་སྦྱིན་བཤད། །བཀའ་བརྒྱད་ཁྲོ་རོལ་བཟློག་པར་ལུས་སྦྱིན་བཤད། །མ་ནིང་གནད་འབེབས་སྐབས་སུ་ལུས་སྦྱིན་བཤད། །དེའི་ཕྱིར་སྔགས་དང་འགལ་བ་མ་ཡིན་ཏེ། །མི་འགལ་བ་ཡི་གདམས་པ་ཤེས་པར་བྱ། །རྙིང་མའི་སྒྲུབ་པ་གཅིག་གི་དབུ་བཙུགས་ནས། །མ་ཚར་བར་དུ་བདག་མདུན་མི་བསྡུ་བར་་་བདག་བསྐྱེད་ལ་སྤྱན་འདྲེན་བྱིན་དབབ་ཀྱི་ལྷ་མི་གཤེགས་པར་བསྐྱེད་རིམ་བསྡུ་ཞིང་། སླར་ཡང་དཔའ་བོ་གཅིག་པུ་སྐུར་གསལ་བའི་ཐུན་མཚམས་ཀྱི་བྱ་བ་བྱེད་པའི་ཕྱིར་བསྐྱེད་རིམ་དང་མི་འབྲལ་བར་དགོས་སོ། མཆན། །ལྷ་ཡི་ང་རྒྱལ་
བསྐྱེད་ཅིང་གསལ་འདེབས་པའི། །ནུབ་མོ་ཐུན་མཚམས་ལུས་སྦྱིན་བྱ་ཚུལ་ནི། །བདག་བསྐྱེད་ལྷ་རུ་གསལ་བ་དེ་བཞུགས་ནས། །དེ་ཡི་ཐུགས་ལས་རང་སེམས་རང་ལུས་བཅས། །ཐ་མལ་པ་ཞིག་ཕྱི་རུ་ཐོན་བྱས་ལ། །ལུས་སྦྱིན་ནང་ལྟར་རྣམ་པར་ཤེས་པ་དང་། །ཚེ་བསོད་བྱིན་རླབས་དབང་ལྷ་ཡེ་ཤེས་པ། །ཕུང་ཁམས་སྐྱེ་མཆེད་ལྷར་བཞུགས་ལྷ་ཡི་ཚོགས། །གཅིག་བསྡུས་ཐིག་ལེ་ཚངས་བུག་ནས་འཕོས་ཏེ། །བདག་བསྐྱེད་ཐུགས་ཀར་ཐིམ་པས་ཐུགས་ཀ་ནས། །ལས་བྱེད་མཁའ་འགྲོ་སྤྲོས་ལ་རང་ལུས་དེས། །ལུས་ཚོགས་ལྟར་དུ་བདག་མདུན་ལུས་ཚོགས་དང་། །མགྲོན་རིགས་ཀུན་ལ་ཚོགས་འཁོར་བྱ་བ་དང་། །དེ་ཡི་ལྷག་མས་དཀར་འགྱེད་དམར་འགྱེད་བྱ། །ཡང་ན་བདག་ཉིད་ཡེ་ཤེས་ལྷ་དང་ནི། །ཕུང་ཁམས་ལྷ་ཚོགས་དབྱེར་མེད་དེར་བཞུགས་ལ། །མ་དག་ཕུང་པོ་ཕྱིར་རུ་སྤྲོས་ཀྱང་རུང་། །དེ་ལ་སྤར་ཆོག་མི་དགོས་སྟབས་བདེའོ། །གསར་མའི་སྒྲུབ་པ་ནུབ་མོ་ཐུན་བསྡུས་ལ། །ཟུང་འཇུག་སྐུ་རུ་མ་ལྡང་བར་དེ་རུ། །ལུས་སྦྱིན་སྤྱི་ལྟར་བྱེད་དུ་རུང་བ་ཡིན། །ནམ་ཡང་རྣམ་ཤེས་ཐིག་ལེ་དེ་ཉིད་
ནི། །ལུས་ལྷ་བྱིན་རླབས་ཡེ་ཤེས་སེམས་དཔའི་ཚོགས། །དབྱེར་མེད་བྱས་ནས་སྤར་བ་ཤིན་ཏུ་གཅེས། །ཚེ་སྒྲུབ་ལ་སོགས་ཡི་དམ་བསྒོམ་བཞིན་དུ།་་་ཚེ་སྒྲུབ་དུས་བཏང་ལེན་མི་རུང་ཞུས་པས། མཆན། །འགྲོ་བའི་ནད་གདོན་སྡིག་སྒྲིབ་ཚུར་བསྟིམ་པའི། །མེ་ལ་ཤིང་བསྣན་བཞིན་དུ་གཟི་བརྗིད་རྒྱས། །དེ་ལྟར་བསྒོམ་པའི་ཚེ་བསོད་ཕར་བསྟིམས་པས། །སྦྱིན་པའི་རྒྱུ་དེ་བསོད་ནམས་འཕེལ་བའི་རྒྱུ། །ཡིན་ཕྱིར་དམིགས་པའི་བསྒྱུར་སོ་དེ་མི་རུང་། །རེ་ཞིག་སྨུག་འཛིན་གཏེར་རྙིང་སྒབ་འདྲེ་ཡོད། །ལས་བྱང་ཡོད་ན་མཆོད་བསྟོད་ཆུ་སྦྱིན་ཙམ། །བྱ་ཞིང་ཐུགས་དམ་བསྙེན་པ་མི་བྱ་བར། །དཀར་པོ་ལྷ་ལྔ་འཇམ་ཞིང་ཟིན་བྲིས་གསལ། །གནམ་ཆོས་དམར་པོ་རྣོ་མྱུར་ཆེ་བ་དང་། །བཀའ་གཏེར་འདི་གཉིས་ཐུགས་དམ་སྙིང་པོ་མཛོད། །ཚེ་སྒྲུབ་སྔར་ཐོན་རྣམས་ལ་ཕྲེང་སྐོར་ཙམ། །ལས་བྱང་གསང་འདུས་མཆོད་བསྟོད་ཚུལ་དུ་འདོན། །དེ་མིན་གོང་ལྟར་རྒྱལ་བ་རྒྱ་མཚོ་མཛོད། །བསྐྱེད་དང་རྫོགས་དང་འདི་ཕྱིའི་རེ་སའི་ཕུག །རྒྱལ་བ་རྒྱ་མཚོ་ལས་ལྷག་ངས་མ་རྙེད། །ཚེ་བསོད་བཀྲ་ཤིས་བདེ་ལེགས་འདི་ལས་འབྱུང་། །ཕྱི་མ་སྐྱེ་རྒ་ན་འཆི་མེད་པ་ཡི། །བདེ་བ་
ཅན་དུ་འདི་ཡིས་ཕྱིན་པར་བྱེད། །གཞན་རྣམས་ཉམས་མཚར་འབྲེལ་པ་འཇོག་ཙམ་རེ། །རྩ་བ་འདི་ཡིན་གཞན་ལ་བློ་མ་ཕྲེང་། །ངོ་བོ་སྐྱོང་དང་ཐོད་རྒལ་བསྲུང་བ་ལས། །ཟབ་པའི་ཆོས་ཤིག་ཡོད་དམ་ཚོལ་མ་དྲན། །ནོར་བུ་བསྐྱར་ནས་འཆིང་བུ་ཚོལ་དང་འདྲ། །དགེ་བློ་འདོད་ན་སྙིང་རྗེས་བཏང་ལེན་བསྒོམ། །དེ་བས་ལྷག་པའི་དགེ་བློ་གསུངས་པ་མེད། །ཕྱི་མ་བདེ་ཆེན་སྐྱེ་བའི་བསྔོ་སྨོན་དང་། །དགེ་ཚོགས་ཐམས་ཅད་དེ་ཡི་རྒྱུ་རུ་བསྔོ། །དེ་བས་ཉེ་དང་ཟབ་པའི་ལེགས་པ་མེད། །དེ་སྐད་རཱ་ག་ཨ་སྱས་འཕྲལ་དུའོ། །ཞེས་ཤིང་སྦྲུལ་བདུད་རྩི་འཁྱིལ་བའི་ལོ་ས་ག་ཟླ་བའི་དམར་པོའི་ཚེས་བརྒྱད་ལ་ཕྱག་བྲིས་མཛད་ནས་གནང་བའོ།། །།མངྒ་ལཾ།།