Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།

1 occurrence of ཁྲོལ་བུ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
མིག་འབྱེད་ཐུགས་རྗེའི་གསེར་ཐུར།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཁྲོལ་བུ་
[Clear Hits]

 
previousམིག་འབྱེད་ཐུགས་རྗེའི་གསེར་ཐུར།next

མིག་འབྱེད་ཐུགས་རྗེའི་གསེར་ཐུར།

མིག་འབྱེད་ཐུགས་རྗེའི་གསེར་ཐུར་ཞེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་ལོ་ཀི་ཤྭ་ར་ཡ༔ ལྷ་ཡི་སྤྱན་དང་ཤ་ཡི་སྤྱན་མངའ་ཞིང་༔ ཆོས་ཀྱི་སྤྱན་དང་ཤེས་རབ་སྤྱན་དག་དང་༔ སངས་རྒྱས་སྤྱན་ཀྱིས་གཟིགས་པ་རྣམ་དག་པའི༔ དྲང་སྲོང་ཆེན་པོ་རྣམས་ལ་ཕྱག་འཚལ་ལོ༔ སྤྱན་རྣམ་དག་དང་སྤྱན་རྒྱས་ཨུཏྤ་ལའི༔ དྲི་ཡིས་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ༔ བདག་གི་མིག་གཉིས་རབ་ཏུ་གསལ་བར་མཛོད༔ གཟུགས་ཕུང་རྣམ་དག་བཅོམ་ལྡན་ཀུན་རིག་དང་༔ པདྨའི་མངོན་སྤྱན་དེ་བཞིན་སྤྱན་ཆེན་པོ༔ མིག་དབང་རྣམ་དག་བྱམས་མགོན་ས་ཡི་སྙིང་༔ སྙིང་རྗེའི་མིག་མི་འཛུམ་ལའང་གུས་ཕྱག་འཚལ༔ བདག་གི་མིག་གཉིས་རབ་ཏུ་གསལ་བར་མཛོད༔ སངས་རྒྱས་ཨུཏྤལ་རྒྱས་དང་པདྨའི་སྤྱན༔ པདྨ་མངོན་རྒྱས་དབང་བཅུ་མངའ་བའི་སྤྱན༔ མཁྱེན་པའི་སྟོབས་ཀྱིས་སྤྱན་མངའ་བ་ལ་ཡང་༔ བདག་ནི་གུས་པ་ཆེན་པོའི་ཕྱག་འཚལ་ལོ༔ དབང་སྐྱོན་རབ་རིབ་དྲི་མ་མཐར་མཛོད་ཅིག༔ གང་ཞིག་དབང་པོའི་ཡོན་ཏན་འགགས་པའི་རྐྱེན༔ ཀ་དག་ལྷུན་གྲུབ་ཟུང་འཇུག་གཞིར་སྣང་ལ༔ གློ་བུར་མ་རིག་རྐྱེན་གྱིས་བག་ཆགས་པས༔ རང་ངོ་མངོན་མཐོང་ངར་འཛིན་རིང་བས་རྒྱུ༔ སངས་རྒྱས་སྤྱན་གྱིས་མྱུར་དུ་སེལ་བར་མཛོད༔ དེ་བཞིན་ཉིད་ལ་རྣམ་རྟོག་མི་མངའ་ཡང་༔ སྲིད་དང་ཞི་བ་ཇི་བཞིན་མཁྱེན་པ་ཡིས༔ ཇི་ལྟ་ཇི་སྙེད་མཁྱེན་པའི་མིག་ལྡོང་བ༔ ཤེས་རབ་སྤྱན་གྱིས་སེལ་བར་མཛད་དུ་གསོལ༔ ཆོས་དང་ཆོས་མིན་གནས་དང་གནས་མིན་སོགས༔ ཀུན་གྱི་དེ་ཉིད་གཟིགས་པས་ཟུང་འཇུག་གི༔ གཟིགས་པ་ཉེར་བར་དག་པའི་མིག་ལྡོང་བ༔ ཆོས་ཀྱི་སྤྱན་གྱིས་སེལ་བར་མཛད་དུ་གསོལ༔ སྔོན་དང་ཕྱི་མའི་མུ་དང་སྐྱེ་སྲིད་སོགས༔ དབང་པོར་ལྐོག་ཏུ་གྱུར་བས་མ་མངོན་པ༔ སངས་རྒྱས་ཡེ་ཤེས་ཕུན་ཚོགས་མཐར་ཕྱིན་མཐུས༔ ལྷ་ཡི་སྤྱན་གྱིས་སེལ་བར་མཛད་དུ་གསོལ༔ གློ་བུར་རྣམ་རྟོག་མིག་སྐྱོན་ཉེ་བ་ཡི༔ དབང་པོ་ཆུ་བུར་བཅས་ལ་སྐྱོན་འཇུག་པ༔ ཤ་ཡི་སྤྱན་གྱིས་སེལ་བར་མཛད་དུ་གསོལ༔ ཡེ་ཤེས་སྤྱི་གདེངས་འོད་ཟེར་ལྔ་ཡི་མདངས༔ རིག་པའི་སྲོག་ཅན་ཤེལ་གྱི་སྦུ་གུ་ལ༔ འཁྲུལ་དང་ཤེས་ཉམས་འོད་གསལ་དབྱིངས་སུ་དག༔ རླུང་ལྔའི་རྒྱུ་བ་ཤེས་རབ་ལྔར་ཟད་ནས༔ རིགས་ལྔའི་ཚོམ་བུ་བཅུད་དུ་སྨིན་པ་ཡིས༔ ལམ་འབྲས་འོད་གསལ་མ་བུ་ཟུང་འཇུག་སྟེ༔ སྒྲིབ་བྲལ་སྐུ་ལྔའི་རང་ཞལ་མངོན་གྱུར་ཤོག༔ ན་མོ་བུདྡྷ༔ མཾ་ས་ཙཀྵུ༔ དེ་ཙཀྵུ༔ དྷརྨ་ཙཀྵུ༔ པྲཛྙཱ་ཙཀྵུ༔ བུདྡྷ་ཙཀྵུ་སརྦ་པྲ་ཝེ་ཤ་ཡ་ཕཊ༔ ཙཀྵུ་བྷིགྣན་མ་ར་ཡ་ཕཊ༔ ཙཀྵུ་དྷེ་ཝ་སརྦ་ན་མོ༔ བདག་དང་སེམས་ཅན་ཐམས་ཅད་ཀྱི་སྤྱན་ལྔའི་ཉེས་སྐྱོན་བག་ཆགས་དྲི་མ་ཐམས་ཅད་ཞི་བར་གྱུར་ཅིག༔ སྔགས་བསྡུ་ན༔ ཙཀྵུ་པཉྩ་བི་ཤུདྡྷེ་ཡེ་སྭ་ཧཱ༔ ཅི་ནུས་བཟླས་མཐར་དྭངས་ཤེལ་དྲི་མ་མེད་པ་ལ་སྔགས་བཏབ་སྟེ་མིག་ཕྱི༔ ཅེས་སྔོན་གྱི་ལས་ངན་པ་མ་གཏོགས་པའི་མིག་སྐྱོན་ཐམས་ཅད་སེལ་གྱིས་ལན་ཆགས་ལ་སེམས་ཅན་གྱི་སྲོག་བསླུས་ན་ངེས་པར་འབྱེད་དོ༔ ཞེས་ཀྱང་སྔགས་འཆང་ཨོ་རྒྱན་དགའ་རབ་ནས་ཡང་ཡང་བསྐུལ་ངོར་དུས་མཐའི་སྔགས་གཟུགས་ག་གཱ་ཨ་བྷྱེས་བྲིས། །


previousམིག་འབྱེད་ཐུགས་རྗེའི་གསེར་ཐུར།next