Nitartha Digital Library
Tibetan
 
previousབཀྲ་ཤིས་ཆོས་ལྡན་ལ་གདམས་པ།next

བཀྲ་ཤིས་ཆོས་ལྡན་ལ་གདམས་པ།

བླ་མ་ལ་ཕྱག་འཚལ་ལོ། །སྡོམ་གསུམ་ཉེས་པའི་དྲི་མས་དབེན་ཞིང་། །ཐེག་གསུམ་ལམ་གྱི་ཡོན་ཏན་ཀུན་རྫོགས། །གསང་གསུམ་རྒྱལ་བའི་ངོ་བོར་བཞུགས་པའི། །སྐྱབས་གསུམ་ཀུན་འདུས་བླ་མ་མཁྱེན་ནོ། །ཆོས་ཀུན་སྒྲིབ་མེད་མངོན་སུམ་གཟིགས་ཤིང་། །འགྲོ་བ་ཡོངས་ལ་བུ་ལྟར་བརྩེ་བ། །རྒྱལ་བ་ཀུན་གྱི་ཕྲིན་ལས་རང་གཟུགས། །དཔལ་ལྡན་བླ་མས་བྱིན་གྱིས་རློབས་ཤིག །སྙིང་ནས་ཆོས་ལམ་གཉེར་བའི་འདུན་མ། །ལྷག་བསམ་རི་མོ་སེམས་ལ་བྲིས་ཀྱང་། །བསམ་དོན་ཐོག་ཏུ་ཁེལ་བ་དཀའ་བས། །བར་ཆད་བདུད་ལས་རྒྱལ་བར་འཛོད་ཅིག །ཐུགས་བརྩེའི་ཐུགས་ཀྱིས་ཡུན་རིང་བསྐྱངས་པའི། །སྙིང་གི་གྲོགས་མཆོག་དམ་པ་ཁྱོད་ལ། །བཅོས་མ་སྤངས་པའི་བདེན་པའི་ཚིག་གིས། །མཆིད་འདི་གསོལ་གྱིས་ཐུགས་ལ་ཞོག་མཛོད། །རྙེད་དཀའི་མི་ལུས་རིན་ཆེན་འདི་འདྲ། །སླན་ཆད་ཐོབ་པར་དཀའ་བ་ལགས་པས། །རྣམ་དཀར་ལྷ་ཆོས་སྒྲུབ་པའི་འདུན་པ། །ཐུགས་ཀྱི་དཀྱིལ་ནས་བོར་དུ་མི་རུང་། །ནམ་འཆི་ངེས་པ་སུ་ལའང་མེད་པས། །གློ་བུར་འཆི་བདག་གཤིན་རྗེ་སླེབ་ཀྱང་། །འགྱོད་པ་མེད་པའི་དགེ་ཚོགས་ཅི་འགྲུབ། །ད་ལྟ་ཉིད་ནས་ཚགས་སུ་ཚུད་དགོས། །ཆོས་དང་འཇིག་རྟེན་བྱ་བ་གང་ལ། །བློ་རྩེ་དཀོན་མཆོག་གསུམ་ལ་གཏད་ནས། །ཡིད་ཆེས་མཆོག་གསུམ་ཡུལ་ལ་བྱེད་པ། །དམ་པ་སྔ་མའི་རྣམ་ཐར་ལགས་པས། །སྐྱིད་སྡུག་ལེགས་ཉེས་ཅི་འདྲ་བྱུང་ཡང་། །ལས་འབྲས་བསླུ་མེད་སེམས་ལ་བཟུང་སྟེ། །མཆོག་གསུམ་བླ་མར་གསོལ་བ་བཏབ་ན། །བསམ་དོན་ཆོས་བཞིན་མི་འགྲུབ་མི་སྲིད། །རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་དངོས། །མངོན་སུམ་མི་ཡི་གཟུགས་སུ་བྱོན་པ། །འཇམ་མགོན་བླ་མ་ལེགས་པའི་མཚན་ཅན། །གྲོགས་པོ་ཁྱོད་ཀྱི་རིགས་བདག་ལགས་པས། །ཁ་ཞེ་མངོན་ལྐོག་མེད་པའི་དད་པས། །ཅི་མཛད་ཁྱེད་ཤེས་བློ་གཏད་ངང་ནས། །ཉིན་མཚན་ཀུན་ཏུ་གསོལ་བ་འདེབས་པ། །ཉམས་ལེན་ཆོས་ཀྱི་སྙིང་པོར་འཛིན་དགོས། །བདག་ཀྱང་རྗེ་བཙུན་བླ་མ་འདི་ལ། །སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེས་ནས། །འདི་ཕྱིའི་བློ་གཏད་ཁོང་ལ་བཅོལ་བས། །ཕྱི་མའི་ལམ་རྒྱགས་ཅུང་ཟད་རྙེད་ཡོད། །ཁྱེད་ཀྱང་ཡིད་ཆེས་མོས་གུས་བསྐྱེད་ལ། །བློ་ཕུག་བླ་མ་འདི་ལ་གཏོད་དང་། །བྱིན་རླབས་ཐུགས་རྗེས་བསླུ་བ་མེད་པའི། །ཉམས་མྱོང་ཚད་མ་ང་ལ་ཡོད་ལགས། །རང་མགོ་ཐོན་པའི་གདེང་དྲོད་མེད་བཞིན། །གཞན་མགོ་འདོན་པའི་སྙིང་སྟོབས་འཆང་བ། །ང་དང་ང་འདྲའི་བླ་མ་གཞན་ལ། །སྐྱབས་སུ་སོང་ཡང་ཕན་པ་འབྱུང་དཀའ། །སྙིང་ནས་ལྷ་ཆོས་མཛད་པར་དགོངས་ཚེ། །ཚེ་འདིའི་བྱ་བ་དུག་བཞིན་སྤངས་ནས། །དབེན་པའི་གནས་སུ་སྒྲུབ་ལ་གཞོལ་བ། །ཆོས་མཛད་སྔ་མའི་རྣམ་ཐར་ལགས་མོད། །སྣ་ཚོགས་རྐྱེན་ངན་རླུང་ལྟར་འཚུབ་པའི། །ཤིན་ཏུ་རྒུད་པའི་དུས་ངན་འདི་རུ། །འཇིག་རྟེན་བྱ་བ་ཐམས་ཅད་བཞག་ནས། །ཆོས་སྒྲུབ་ཟེར་བ་དཀའ་བར་འདུག་པས། །ཐུགས་རྒྱུད་བྱང་ཆུབ་སེམས་ཀྱིས་སྦྱངས་ཏེ། །བྱ་བ་ཆེ་ཆུང་ཅི་བྱེད་ཐམས་ཅད་། །གཞན་ཕན་སེམས་ཀྱིས་ཟིན་པར་མཛད་ན། །དོན་གཉིས་འབད་མེད་ཤུགས་ཀྱིས་འགྲུབ་འོང་། །འཕྲལ་ཕུགས་བྱ་བ་གང་ལ་འཇུག་ཀྱང་། །ཕྱི་རྗེས་རིང་དུ་ལྟ་བ་གནད་ཡིན། །སྒྲུབ་ཀྱང་གྲུབ་དུས་ནམ་ཡང་མེད་པའི། །འདུན་མའི་ཐོག་མར་བརྟག་དཔྱད་མཛད་དགོས། །གཞུངས་བཟང་ཕྱི་ཐག་ཅན་གྱི་གྲོགས་ལ། །བློ་གཏད་མཛད་ན་བསླུ་བ་མེད་མོད། །ཁེ་ཉེན་བརྩི་བའི་སྙིགས་མའི་གྲོགས་ཀྱིས། །ནམ་ཡང་བསླུ་བ་ཁྱེད་ཀྱིས་ལོས་མཁྱེན། །གནས་གྲོགས་ལོངས་སྤྱོད་གང་ལ་བསམས་ཀྱང་། །སྐྱོ་བ་སྐྱེ་བའི་རྒྱུ་ལས་མེད་པས། །ཆོས་མེད་ཀུན་དགའ་བདག་གི་སེམས་པ། །དབེན་པའི་རི་ལ་དགའ་བ་དེ་ལགས། །ཧ་ཅང་བསམ་པའི་མཐའ་རྒྱ་བསྐྱེད་ན། །རང་སྡུག་རིན་གྱིས་ཉོ་བ་སྲིད་པས། །དུས་དང་བསྟུན་པའི་ཐབས་མཁས་ངང་ནས། །བློ་སྣ་འཕྲལ་ཆོད་མཛད་ན་དགའ་འམ། །བདག་ལ་ཡོན་ཏན་ཆེན་པོ་མེད་རུང་། །མི་ཆོས་འདུན་མ་མཁས་པའི་གྲལ་དུ། །འཁོར་སློབ་ཕལ་ཆེར་བརྩི་བར་འདུག་ཀྱང་། །བསམ་བཞིན་གྲུབ་དུས་དེ་སྔ་མ་བྱུང་། །བསྒྲུབས་ན་འགྲུབ་ངེས་ལྷ་ཆོས་ཡིན་པས། །མི་ཚེ་ལྷག་མ་ཅུང་ཟད་འདི་ལ། །འཆི་ཁར་མི་འགྱོད་ཙམ་ཞིག་རེ་བ། །ཡང་ཡང་སྙིང་གི་དཀྱིལ་ནས་དྲན་བྱུང་། །སྙིང་གྲོགས་ཁྱེད་ཀྱིས་དེ་ཚུལ་དགོངས་ལ། །འདི་ཕྱིའི་ཁེ་ཉེན་ཞིབ་ཏུ་བརྟགས་ནས། །བྱ་བ་ཆེ་ཆུང་གང་ལ་འཇུག་ཀྱང་། །ལེགས་ཉེས་བདམ་ཁ་ནོར་དུ་མི་རུང་། །འདི་བཞིན་བྱས་ན་འདི་བྱུང་སྙམ་པའི། །རེ་དོགས་རྟོག་པའི་འཁྲུལ་འཁོར་འདི་ཡིས་། །བདག་ནི་སྔོན་ཆད་ཡང་ཡང་བསླུས་པར། །ཁྱོད་ཀྱང་འདི་ཡིས་བསླུ་དོགས་མཛད་དགོས། །རྣམ་དཀར་དགེ་ཚོགས་གང་ཞིག་བསྒྲུབས་ཀྱང་། །དཀོན་མཆོག་གསུམ་ལ་ཡིད་ཆེས་བསྐྱེད་ནས། །ཚེ་རབས་ཀུན་ཏུ་ཆོས་ལ་སྤྱོད་པའི། །སྨོན་ལམ་འདེབས་པ་གནད་ཀྱི་དོན་ཡིན། །སྦྱོར་དངོས་རྗེས་ཀྱིས་ཟིན་པ་མེད་ན། །ལྟར་སྣང་ཆོས་དེས་ཕན་པ་ཆུང་བས། །སེམས་བསྐྱེད་བསྔོ་བའི་བར་དུ་བཙུད་པའི། །ཆོས་དང་རང་སེམས་སྦྱོར་བ་གལ་ཆེ། །གྲོགས་པོ་ཁྱེད་ཀྱིས་མཛད་པའི་སྤྲོས་པ། །ངེས་པར་བསྐྱུར་ཏེ་གནས་དུས་བྱུང་ཚེ། །སངས་རྒྱས་དངོས་འདྲའི་བླ་མ་མཆོག་ལས། །དབང་བསྐུར་ཐོབ་པའི་ཡི་དམ་ཞིག་ལ། །སྙིང་ནས་བློ་གཏད་ཆིག་དྲིལ་མཛད་དེ། །ཉིན་མཚན་ཀུན་ཏུ་བརྩོན་པ་མཛད་དགོས། །དེ་ཡང་ཉམས་ལེན་གནད་དུ་ཁེལ་བའི། །མན་ངག་སྙིང་པོས་ཟིན་པ་གལ་ཆེ། །བླ་མ་སངས་རྒྱས་དངོས་སུ་མཐོང་ཚེ། །བྱིན་རླབས་བཀག་ཀྱང་མི་ཁེག་འཇུག་ཡོང་། །སྙིང་ལ་བླ་མའི་བྱིན་རླབས་ཞུགས་ཚེ། །ཆོས་དང་རང་སེམས་གཏིང་ནས་འདྲེས་ཡོང་། །སེམས་རྒྱུད་ཆོས་དང་འདྲེས་པར་གྱུར་ན། །ཤི་ཡང་འགྱོད་པ་མེད་པ་ལགས་སོ། །བདག་ཉིད་གཅེས་འཛིན་འགོང་པོ་ཐུལ་ན། །དགྲ་འདྲེའི་སྣང་བ་དབྱིངས་སུ་དེངས་འགྲོ། །ཀུན་ལ་བྱམས་བརྩེ་ལྷག་བསམ་འབྱོངས་ཚེ། །ཀུན་ཀྱང་བྱམས་པའི་གཉེན་དུ་འགྱུར་འོང་། །ང་རྒྱལ་ཁེངས་པའི་རྭ་རྩེ་བཅད་ན། །རྟག་ཏུ་རང་གིས་དམན་ས་ཟིན་འགྲོ། འགྲོ་ཀུན་སྤྱི་བོས་ཐོད་བཞིན་བཀུར་ན། །འགྲན་སེམས་རྩོད་པའི་བྲེལ་ཟིང་མི་འོང་། །བག་ཡངས་ངང་དུ་དགེ་ལ་བརྩོན་ན། །ཕྱི་མའི་ལམ་རྒྱགས་ཚགས་སུ་ཚུད་འགྲོ། །གྲགས་སྙན་འདོད་པའི་རེ་བ་ཆད་ན། །ཚེ་འདིའི་བྱ་བ་བློ་ཡིས་ཐོངས་ཡོང། །ནམ་འཆི་ཆ་མེད་སྙིང་ལ་དྲན་ཚེ། །ལྷ་ཆོས་ངམ་ངམ་ཤུགས་ཀྱིས་འགྲུབ་འགྲོ། །ལས་འབྲས་བསླུ་མེད་སེམས་ལ་བཟུང་ན། །ཚེ་རབས་ཀུན་ཏུ་ཆོས་དང་འཕྲད་འོང་། །དགེ་བཅུའི་ལམ་གྱི་ཐེམ་སྐས་བཙུགས་ན། །ལྷ་ཡུལ་འགྲོད་པ་ཐང་རིང་མ་རེད། །བྱང་ཆུབ་སེམས་ཀྱི་ལམ་བཟང་བསྟེན་ན། །སངས་རྒྱས་སྒྲུབ་པ་དཀའ་རྒྱུ་ཅི་ཡོད། །དམ་ཚིག་སྡོམ་པའི་གཤོག་རྩལ་རྒྱས་ན། མཁའ་སྤྱོད་བགྲོད་པ་སུས་ཀྱང་ནུས་འོང་། གསང་ཆེན་ཟབ་མོའི་མན་ངག་བསྟེན་ན། །འོག་མིན་གནས་ཀྱང་འདི་ན་འདུག་སྐད། །ཟབ་མོ་བླ་མའི་ལམ་ལ་བརྩོན་ན། །ཐུགས་ཡིད་དབྱེར་མེད་ཉམས་རྟོགས་རྒྱས་འོང་། །སྙིང་ནས་བརྩེ་བའི་གྲོགས་པོ་ཁྱེད་ལ། །སྙིང་གཏམ་བྲིས་ཏེ་ཕུལ་བ་དེ་ལགས། །སྙིང་གི་དཀྱིལ་དུ་སྦ་བར་མཛོད་དང་། །སྙིང་པོའི་གདམས་པ་ཡིན་པར་སེམས་སོ། །ཁྱེད་ཀྱི་སྐུ་ཚེ་མཐའ་རུ་ཕྱིན་ཅིང་། །ཐུགས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་སྟེ། །མི་ཚེ་སྐྱིད་ཀྱིས་འཁྱོངས་པར་འགྱུར་བའི། །སྨོན་འདུན་སྙིང་ནས་བདག་གིས་ཞུའོ། །རིགས་སྔགས་འཛིན་པའི་ཁུ་བྱུག་སྔོན་པོ། །སྣ་ཚོགས་རྐྱེན་ངན་ལྷགས་པས་གདུངས་ཚེ། །སྨན་ལྗོངས་དབེན་པའི་ནགས་ཚལ་དྲན་ནས། །གསུང་ངག་བསྡམས་ནས་ལྡེམ་ལྡེམ་ཡོད་ལགས། །གལ་ཏེ་བསམ་དོན་ཐོག་ཏུ་ཁེལ་ནས། །སྒྲུབ་ལ་གཞོལ་བའི་སྐལ་བཟང་རྙེད་ཚེ། །ཁྱེད་ཀྱང་ཡང་དག་ལམ་དུ་ཚུད་པའི། །དངོས་གྲུབ་ལྷ་དང་བླ་མར་ཞུའོ། །ཞེས་གྲོགས་མཆོག་དམ་པ་བཀྲ་ཤིས་ཆོས་ལྡན་གྱི་བཞེད་སྐོང་དུ་ཆོས་སྨྲ་བའི་གཟུགས་བརྙན་ཀུན་དགའ་རྒྱལ་མཚན་གྱིས་བྲིས་པ་དགེའོ།། །།


previousབཀྲ་ཤིས་ཆོས་ལྡན་ལ་གདམས་པ།next