Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ངེས་འབྱུང་སྒྲུབ་པ་བཤད་པ།
  expand section
   
  expand section
  expand section
  expand section
  expand section
  expand section


 
previousངེས་འབྱུང་སྒྲུབ་པ་བཤད་པ།next

ངེས་འབྱུང་སྒྲུབ་པ་བཤད་པ།


GLG013_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་འབྱུང་སྒྲུབ་པ་བཤད་པ། བཞི་པ་ངེས་འབྱུང་སྒྲུབ་པ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། སྒྲུབ་པ་གསུམ་གྱི་འོག་ཏུ། བཞི་པ་ངེས་པར་འབྱུང་བའི་སྒྲུབ་པ་འཆད་དེ། སྔར་བཤད་པ་དེ་ལྟར་བསམ་སྦྱོར་རྒྱ་ཆེན་པོའི་དཔུང་གིས་ཚོགས་བསགས་པ་ནི་རྣམ་མཁྱེན་དུ་ངེས་པར་འབྱུང་བས་ན་


GLG013_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་འཆད་པའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ངེས་པར་འབྱུང་བ་རྣམ་པ་བརྒྱད་ཀྱི་བདག་ཉིད་འདི་ཆོས་ཅན། ཁྱོད་ཉམས་ལེན་གྱི་སེམས་དཔའི་བྱ་བ་ཁྱད་ཅན་དེ་ངེས་འབྱུང་སྒྲུབ་པ་ཡིན་པར་ཤེས་པར་བྱ་སྟེ། ཁྱོད་ངེས་འབྱུང་གི་ཆེད་དུ་བྱ་བ་སོགས་སྤྱི་བྱེ་བྲག་བརྒྱད་ཀྱི་སྒོ་ནས་ཤེས་བྱ་ཡིན་པའི་ཕྱིར། བརྒྱད་པོ་ཡོད་དེ། ཆེད་དུ་བྱ་བ་ཆེན་པོ་གསུམ་གཅིག་ཏུ་བྱས་པ་དང་། བདེན་སྟོང་མཉམ་ཉིད་མཁྱེན་པའི་ཐུགས་རྗེ་ཆེན་པོ་དང་། སེམས་ཅན་གྱི་དོན་བྱེད་པའི་ཡེ་ཤེས་དང་། འབད་མེད་ལྷུན་གྲུབ་ཀྱི་གཞན་དོན་དང་། སྲིད་ཞིའི་མཐའ་སྤངས་པས་སྤང་བྱ་ཟད་པ་ཐོབ་པ་དང་། སྤང་བྱ་ཟད་པས་ཐེག་པ་གསུམ་གྱི་རྟོགས་བྱའི་ཐམས་ཅད་ཐོབ་པ་དང་། ཆོས་བཅུ་རྣམ་པ་ཐམས་ཅད་དུ་མངོན་སུམ་དུ་མཁྱེན་པའི་རྣམ་མཁྱེན་དང་། རྣམ་མཁྱེན་དེའི་ཁྱད་པར་གྱི་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བསྡུས་པ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག །རྣམ་མཁྱེན་དུ་གདོན་མི་ཟ་བར་ངེས་པར་འབྱིན་པའི་སེམས་དཔའི་རྣལ་འབྱོར་ངེས་འབྱུང་སྒྲུབ་པའི་མཚན་ཉིད་ཟེར་ན། ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། གཉིས་པ་རང་ལུགས་ནི། རྣམ་མཁྱེན་དུ་གདོན་མི་ཟ་བར་ངེས་པར་འབྱིན་པའི་དག་སའི་རྣལ་འབྱོར་ངེས་འབྱུང་སྒྲུབ་པའི་མཚན་ཉིད། གསུམ་པ་རྩོད་པ་སྤོང་པ་ལ། ཁོ་ན་རེ། རྣམ་མཁྱེན་གྱི་འབྲས་བུར་གྱུར་པའི་ས་བརྒྱད་པའི་ཡེ་ཤེས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། ཟེར་ན། འོ་ན་སངས་འཕགས་ཀྱི་འབྲས་བུར་གྱུར་པའི་བྱང་སེམས་ཀྱིས་སངས་རྒྱས་ཀྱི་གོ་འཕང་མངོན་དུ་མི་བྱེད་པར་ཐལ། ཁྱོད་ཀྱི་ཞེ་འདོད་འཐད་པའི་ཕྱིར། འདོད་མི་ནུས་ཏེ། སེམས་ཅན་ཡིན་ན་འཚང་རྒྱ་བས་


GLG013_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་པའི་ཕྱིར། གསུམ་པ་ནི། ངེས་འབྱུང་བརྒྱད་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་ངེས་པར་འབྱུང་བའི་སྒྲུབ་པ་ནི་ཆོས་ཅན། ཁྱོད་ལ་རྣམ་པ་བརྒྱད་ཡོད་པ་ཡིན་ཏེ། ཁྱོད་ལ་ངེས་པར་འབྱུང་བ་ཐམས་ཅད་དོན་དམ་པར་མི་དམིགས་པ་ཉིད་ཀྱིས་ཁྱད་པར་དུ་བྱས་པར་རྟོགས་ཤིང་། ཐ་སྙད་དུ་ངེས་པར་འབྱུང་བ་རྣམ་པ་བརྒྱད་དུ་ངེས་པ་ཡིན་པའི་ཕྱིར། དེར་ངེས་ཏེ། ངེས་པར་འབྱུང་བར་བྱ་བའི་གཞི་བརྒྱད་པོ་དེ་ལྟ་བུ་དག་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་མེད་པའི་ཕྱིར། ཤེས་བྱ་ཆོས་ཅན། བརྒྱད་པོ་ཡོད་དེ། སྔར་ཇི་སྐད་བཤད་པའི་ཆེད་དུ་བྱ་བ་གསུམ་དང་། ཆོས་ཐམས་ཅད་བདེན་སྟོང་མཉམ་པ་ཉིད་དུ་གཟིགས་པས་ཁྱད་པར་དུ་བྱས་ནས་འགྲོ་ཀུན་སྡུག་བསྔལ་གསལ་བྱར་མཁྱེན་པའི་ཐུགས་རྗེ་ཆེན་པོ་ནི་སེམས་དཔའ་ཆེན་པོ་དག་སྦྱོར་བའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པར་ཏེ་མཐའ་ཡས་པར་བྱེད་པའི་ཡེ་ཤེས་དང་། རྟོག་པ་དང་རྩོལ་བའི་མཚམས་མེད་པར་ཐམས་ཅད་བྱེད་པ་ཉིད་ཀྱིས་གཞན་དོན་ལྷུན་གྱིས་གྲུབ་པ་དང་གསུམ་ནི་སེམས་དཔའ་ཆེན་པོའི་ཁྱད་པར་དང་། སྲིད་ཞིའི་མཐའ་སྤངས་པས་རྟག་པ་དང་ཆད་པ་དང་བྲལ་བའི་ངོ་བོའི་གནས་སྐབས་ཀྱི་ཁྱད་པར་སྤང་བྱ་ཟད་པ་ཐོབ་པ་དང་། སྤང་བྱ་ཟད་པས་ཐེག་པ་གསུམ་གྱི་རྟོགས་བྱའི་དོན་ཐམས་ཅད་ཐོབ་པ་གཉིས་ནི་སྤོང་བ་ཆེན་པོའི་ཁྱད་པར་དང་། སེམས་བསྐྱེད་པ་ནི་ཞེས་སོགས་སྔར་ཇི་སྐད་བཤད་པའི་སེམས་བསྐྱེད་སོགས་ཆོས་བཅུ་མངོན་སུམ་དུ་མཁྱེན་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། རྣམ་མཁྱེན་དེའི་ཁྱད་པར་གྱི་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བསྡུས་པ་དང་བརྒྱད་ཡོད་པའི་ཕྱིར། གསུམ་པ་སྐབས་བསྡུ་བ་ནི། ཤེས་བྱ་ཆོས་ཅན། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་དོན་བདེ་བླག་ཏུ་རྟོགས་པར་བྱེད་པས་ན་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་ཡུམ་གསུམ་གྱི་རྒྱན་མིང་དོན་སྒྲོག་པས་ན་ཞེས་བྱ་བའི་འགྲེལ་


GLG013_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་སྐབས་དང་པོའི་འགྲེལ་པའོ་སྟེ་སྐབས་དང་པོའི་ཚིག་དོན་ཀུན་གཏན་ལ་ཕབ་པ་ཡིན་ཏེ། རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་མདོར་བསྟན་རྒྱས་བཤད་གཉིས་ཀྱི་སྒོ་ནས་ལེགས་པར་བཤད་པ་ཡིན་པའི་ཕྱིར། སྨྲས་པ། མྱངས་ན་མངར་བའི་རོ་ཡི་མཆོག་གྱུར་ཀུན་མཁྱེན་བ་ཀུ་ལ་ཡི་འབྲས། །མཚོན་བྱེད་ཆོས་ཀྱི་མེ་ཏོག་ཁ་འབུས་ཕྱོགས་ཀྱི་གྲངས་ལྡན་ཡལ་འདབ་ཅན། །ཕང་ཕུང་རྩ་འགྲེལ་སྡོང་པོའི་ལང་ཚོ་གཡུར་ཟའི་གཞུང་ལུགས་རྐང་འཐུང་དབང་། །བློ་ལྡན་འཆི་མེད་སྒེག་མོ་ལས་གཞན་སྦྱིན་སྐྱེས་ཕལ་གྱི་བགོ་སྐལ་མིན། །མི་དམན་སྦྱངས་པའི་མ་ལ་ཡི་སྐྱེད་མོས་ཚལ་གྱི་དགའ་འཚལ་ན། །ཤེས་རབ་བྲང་འགྲོའི་སྙིང་པོའི་སྡོང་བུ་མཁས་པའི་གསུང་རྒྱུན་ལྕུག་ཕྲན་ལྡེམ། །ཡུམ་དོན་དྲི་བསུང་ཚར་དུ་མངར་བས་དཔྱོད་ལྡན་གཉིས་འཐུང་དགའ་སྐྱེད་ཀྱང་། །ཐོས་ཆུང་ཚུལ་འཆོས་མཁན་པོ་ཕལ་ཆེར་ཐལ་འགྱུར་དུག་སྦྲུལ་ལྕེ་ལ་འཛེམ། །དུག་གསུམ་མི་གཙང་གིས་བསྒོས་ཆོས་བརྒྱད་ཀྱི། །གར་སྒྱུར་བསྟན་འཛིན་གཟུགས་བརྙན་སྤྲེའུ་འགའ། །ཚུལ་མིན་བྱ་བའི་ལྗོན་ཤིང་ཡལ་ག་ལ། །སྤྱོད་པ་རྣམ་དཀར་འཕྲིན་ལས་ཡིན་སྙམ་བྱེད། །རྒྱ་ཆེན་ཤེས་བྱའི་ཡུལ་ཁམས་མ་མཐོང་བར། །སྐྱེད་བྱེད་དྲན་པའི་ཁྲོན་པར་ངོ་མཚར་བའི། །གཞན་གྱི་དམིགས་བུར་རློམ་སྟེ་མཐོན་པོའི་ཁྲིར། །འཛེག་འདི་ཐ་ག་པ་ལ་འགྲན་ནམ་ཅི། །ཟང་ཟིང་ནོར་ལ་ཀླུ་ཡི་ཚོགས་རྣམས་སྤྱོད། །མཐོན་པོའི་དབྱིངས་སུ་འདབ་ཆགས་ཕལ་ཆེར་ལྡིང་། །གཞན་སྣང་སྒྱུར་བར་ན་ཆུང་སྒེག་མོ་མཁས། །ཕྱི་རོལ་མཛེས་པར་ལྷ་སྐུའི་གསོབ་རྣམས་བཀྲ། །ཨེ་མ་རང་དང་རིགས་མཐུན་བླུན་པོའི་དབུས། །མཁས་གྲུབ་སྐྱེ་བར་རློམ་པའི་འུར་རྒྱངས་ཏེ། །བོད་རྒན་ཁྲོད་ན་མཆོག་གྱུར་གཞུང་ལུགས་དག །ཤེས་རྣམས་ཕལ་ཆེར་སྙིང་རྗེའི་ཡུལ་ལས་ཅི། །རྒྱ་བོད་མཁས་པའི་གསུང་


GLG013_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

རབ་རྟ་ལྗང་དུས་ཀྱི་ཆུ་ལྷའི་རི་རྩེར་སོན། །རྒྱལ་བ་གཉིས་པའི་ལེགས་བཤད་འོད་དཀར་མ་དག་སྤྲིན་བསྒྲིབས་དེ་ལྟ་ཡང་། །འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་རྣམ་དཔྱོད་འཐོར་རླུང་དྲག་པོ་དེ། །འདྲེན་པའི་བྱེད་པོར་འཇིག་རྟེན་མེས་པོས་ཁོ་བོ་བསྐོས་སྙམ་ཚུལ་འདིར་ཞུགས། །དཔྱིད་ཀྱི་དཔལ་མོའི་མངལ་ལས་མ་བསྐྱངས་ཤིང་། །སོ་ནམ་ངལ་བའི་ཁུར་གྱིས་མ་བྲེལ་བར། ཚིག་དོན་རབ་ཏུ་གསལ་བའི་མྱུ་གུ་འདི། །བློ་གྲོས་གཤིན་པའི་ཞིང་ས་ལས་འོངས་སྙམ། །དེ་ལྟར་ཡུམ་དོན་དང་པོ་སྐབས། །སྐབས་མཚམས་ཡན་ལག་མཐའ་དཔྱོད་ཀུན། །ཀུན་ནས་མ་འདྲེས་གསལ་བའི་ཚུལ། །ཚུལ་ལྡན་གཟུར་གནས་དོན་དུ་བཀོད། །ཅེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་གསལ་བར་བྱེད་པ་བློ་བཟང་དགོངས་རྒྱན་གདོང་ལྔའི་དབང་པོའི་སྒྲ་དབྱངས་ཞེས་བྱ་བ་ལས། སྐབས་དང་པོའི་ཚིག་དོན་མཐའ་དཔྱོད་ཇི་སྙེད་པ་བཤད་ཟིན་ཏོ།། །།མངྒ་ལཾ།། །།


previousངེས་འབྱུང་སྒྲུབ་པ་བཤད་པ།next