Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

4 occurrences of ཇི་ཙམ་ཡོད་པ་
[Clear Hits]


  
expand section
  
  
  
 collapse section
  
  
 expand section
 collapse section
གནས་གཉིས་པ་དབང་པོ་བསྟན་པ། བཀྲ་ཤིས་
  
  
  
  
 expand section
 expand section
 expand section
 expand section
 expand section
 expand section
  
  


4 occurrences of ཇི་ཙམ་ཡོད་པ་
[Clear Hits]

 
previousགནས་གཉིས་པ་དབང་པོ་བསྟན་པ། བཀྲ་ཤིས་next

གནས་གཉིས་པ་དབང་པོ་བསྟན་པ། བཀྲ་ཤིས་


GLG014_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོའི་རི་མོས་ལག་པད་ལ། །རྣམ་པར་བཀྲ་དེས་གཞལ་བྱ་རྟོགས་དཀའ་བའི། །དབང་པོའི་རྣམ་གཞག་སྟོན་ལ་དབྱིག་གཉེན་ཞབས། །དཔེ་ཟླར་འོས་པ་དཀོན་མཆོག་ཆོས་འཕེལ་རྒྱལ། །དྲང་སྲོང་དམོད་པའི་མཐུ་ཡིས་འདྲེན་བྱེད་སྟོང་། །ལུས་ལ་རྣམ་པར་ལྡན་པའི་བརྒྱ་བྱིན་ཡང་། །ཕྲ་ཞིབ་གཞུང་ལུགས་འདི་འདྲ་མ་རྟོགས་པས། །སྐྱེངས་ཏེ་ཤོལ་མེད་མ་ཡི་མངལ་དུ་ཡིབ། །དམར་སེར་གོས་ཀྱི་ཁ་དོག་རྣམ་བཀྲ་ཡང་། །སྨྲ་བྱེད་ལྕེ་ཡི་དབང་པོ་མི་ལྡན་པས། །སྙིང་ནས་མཁས་པའི་གོ་འཕང་ཐོབ་འདོད་ན། །བག་ཕབ་ཚུལ་འདིར་རྣ་བ་གཏོད་ཅིག་ཀྱེ། །གཉིས་པ་ཡུལ་ཅན་དབང་པོའི་རབ་དབྱེ་ལ། དབང་པོ་ཉེར་གཉིས་ཀྱི་རང་བཞིན། འདུས་བྱས་ཆོས་ཀྱི་སྐྱེ་ཚུལ། རྒྱུ་རྐྱེན་འབྲས་བུའི་འབྱུང་ཚུལ་གྱི་སྒོ་ནས་བཤད་པ་དང་གསུམ། དང་པོ་ལ་དབང་པོར་འཇོག་པའི་རྒྱུ་མཚན། གྲངས་ངེས། ངོ་བོ། རབ་དབྱེ་དང་བཞི། དང་པོ་ལ། བྱེ་བྲག་ཏུ་སྨྲ་བའི་ལུགས་དང་། མདོ་སྡེ་པའི་ལུགས་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། མིག་དབང་སོགས་ལྔ་པོ་རྣམས་ནི་དོན་བཞི་ལ་དབང་བྱེད་དེ། ལུས་བསྲུང་བ། ལུས་མཛེས་པ། ཡུལ་ལ་དམིགས་པ། རང་འབྲས་རྣམ་པར་ཤེས་པ་སྐྱེད་པ་དང་བཞི་ལ་དབང་བྱེད་པའི་ཕྱིར། དང་པོ་དེར་ཐལ། མིག་དབང་གིས་གནོད་བྱེད་ཀྱི་དགྲ་བོ་མཐོང་བ་དང་། རྣ་དབང་གིས་གནོད་བྱེད་ཀྱི་སྒྲ་ཐོས་པའི་སྒོ་ནས་ལུས་སྲུང་བར་བྱེད། ཕྱི་མ་གསུམ་གྱིས་ཁམ་ཟས་ལ་ལོངས་སྤྱོད་པའི་སྒོ་ནས་ལུས་རྒྱས་པར་བྱས་ཏེ་སྲུང་བར་བྱེད་པའི་ཕྱིར། གཉིས་པ་དེར་ཐལ། དབང་པོ་དེ་དག་དང་ལྡན་ན་མཛེས་ལ་མི་ལྡན་ན་མི་མཛེས་པའི་ཕྱིར། གསུམ་པ་གྲུབ་སྟེ། མིག་དབང་ནས་ལུས་དབང་གི་བར་གྱིས་རང་རང་གི་རྣམ་ཤེས་སྐྱེད་པའི་བདག་རྐྱེན་བྱེད་པའི་ཕྱིར། བཞི་པ་གྲུབ་སྟེ། ལྔ་པོ་དེས་མཐོང་ཐོས་ཚོར་མྱོང་རེག་པ་ལ་དབང་བྱེད་པའི་ཕྱིར། ཤེས་


GLG014_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཆོས་ཅན། ཕོ་མོའི་དབང་པོ་སོགས་བཞི་པོ་རྣམས་ནི་དོན་གཉིས་གཉིས་ལ་དབང་བྱེད་དེ། དང་པོས་རང་གང་ལ་ལྡན་པའི་རྟེན་གྱི་གང་ཟག་ཕོ་ཉིད་དུ་མཚོན་པ། སྐད་གཟེངས་མཐོ་བ་སོགས་ཕོའི་རང་བཞིན་ལ་དབང་བྱེད། གཉིས་པས་མོ་ཉིད་དུ་མཚོན་པ་དང་། སྐད་ཕྲ་བ་སོགས་མོའི་རང་བཞིན་ལ་དབང་བྱེད། གསུམ་པས་དབང་པོའི་རིགས་འདྲ་སྔ་མ་ལས་ཕྱི་མ་འབྱུང་བ་དང་། བྱུང་བ་གནས་པར་དབང་བྱེད། བཞི་པས་སྔ་མ་ནས་འདིར་ཉིང་མཚམས་སྦྱོར་བ་དང་འདི་ནས་ཕྱི་མར་ཉིང་མཚམས་སྦྱོར་བ་སོགས་ལ་དབང་བྱེད་པའི་ཕྱིར། ཚོར་བའི་དབང་པོ་ལྔ་དང་། རྣམ་བྱང་གི་དབང་པོ་བརྒྱད་པོ་དེ་རྣམས་ཀྱིས་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ལ་དབང་བྱེད་དེ། ཚོར་བའི་དབང་པོ་ལྔས་དང་པོ་ལ་དབང་བྱེད། རྣམ་བྱང་གི་དབང་པོས་ཕྱི་མ་ལ་དབང་བྱེད་པའི་ཕྱིར། ཆོས་རྗེ་བསོད་ནམས་གྲགས་པས་དབང་པོའི་སྐད་དོད་ཨིནྡྲ་ལ་རྐྱེན་བྱིན་པས། ཞེས་གསུང་བ་ནི། ཨི་ཏི་མཆོག་གི་དབང་ཕྱུག་ལའོ་ཞེས་པའི་བྱིངས་ལ་དི་པི་ཀམྤི་ཨ་ཙ་སིཾ་ཧིཾ་སི་ཀ་མི་སྨིན་ནམ་རྣམས་ཀྱི་རའོ་ཞེས་པས་ར་རྐྱེན་བྱིན། ཙནྡྲ་པར། ཨི་དིད་ཀྱི་ནུ་མ་འོ་ཞེས་པས་ཨི་ཕྱིས་ཏེ་བྱིན་པས་ཨིནྡྲ་ཞེས་པ་འགྲུབ་པའི་རྟགས་སུ་གྲུབ་ཟིན་པ་ཡིན་པས། དེ་ལ་སྤྱིར་ཀྲྀ་ཏ། ཀུན་བཤད་ཀྱི་རྐྱེན་སྟེར་བ་ནི་ཀུན་ལ་མ་གྲགས་པས་སྔོན་མེད་པའི་གཏམ་དུ་འདུག་ལ། ས་ན་སོགས་བདུན་བྱིན་པའི་སྟེང་དུ་ཀུན་བཤད་ཀྱི་རྐྱེན་སྟེར་བ་ཞིག་ཡོད་ཀྱང་། དེས་དབང་ཕྱུག་དམ་པ་ཞེས་པ་མི་ཐོན་ལ། དྲུང་ཆེན་དངོས་གྲུབ་པས། ཨིནྡྲ་ལ་ཤྭ་རའི་རྐྱེན་བྱིན་ཟེར་བ་ནི། ཐ་ཆད་ཀྱི་གཏམ་སྟེ། ཨི་ཤ་ལ་ཝ་ར་ཙའི་རྐྱེན་བྱིན་པས། ཨི་ཤྭ་ར་ཞེས་པ་དབང་ཕྱུག་གི་སྐད་དོད་ཡིན་པས། ལེགས་བཤད་སྨྲ་བ་རྣམ་པ་གཉིས་ཀ་ཕྱོགས་འདི་ལ་བརྡ་མ་བྱང་བཞིན་དུ་བཤད་པ་མཛད་པ་ནི། མོ་རྩིས་པ་གཞན་གྱིས་འདི་མ་བྱས་ན་བསྟན་བཅོས་རྩོམ་པ་མཐར་མི་


GLG014_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་འདུག་གོ་ཞེས་ལུང་བསྟན་བཞིན་ཡིན་ན་མ་གཏོགས། ནང་ཆ་ཐམས་ཅད་ཕྱི་ལ་མ་སྟོན་ཞེས་ཁོ་བོ་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་སོ། །གཉིས་པ་ལ་ཚིག་དོན། མཐའ་དཔྱད་པ་གཉིས་ལས། དང་པོ་ནི་མིག་སོགས་དབང་པོ་དྲུག་ལ་དབང་པོ་ཞེས་བྱ་སྟེ། དང་པོ་ལྔས་རང་གི་དོན་གཟུགས་སོགས་དང་། ཡིད་དབང་གིས་ཆོས་ཐམས་ཅད་ལ་དམིགས་པར་དབང་བྱེད་པའི་ཕྱིར། ཕོ་མོའི་དབང་པོ་གཉིས་ཆོས་ཅན། སྒྲ་བཤད་དུ་ཡོད་དེ། རང་རང་གི་རང་བཞིན་ལ་དབང་བྱེད་པས་ཕོ་མོ་སོ་སོར་མཚོན་པའི་ལུས་དབང་ཡིན་པའི་ཕྱིར། ལུས་དབང་ཡིན་ཏེ་རང་འབྲས་ལུས་ཀྱི་རྣམ་ཤེས་ཀྱི་བདག་རྐྱེན་བྱེད་པའི་རིགས་སུ་གནས་པའི་ནང་གི་གཟུགས་ཅན་དང་བ་ཡིན་པའི་ཕྱིར། སྲོག་དབང་ཆོས་ཅན། དབང་པོའི་སྒྲ་བཤད་དུ་ཡོད་དེ། ཕུང་པོའི་རིགས་འདྲ་གནས་པ་ལ་དབང་བྱེད་པའི་ཕྱིར། ཚོར་བ་རྣམས་ཆོས་ཅན། དེའི་སྒྲ་བཤད་དུ་ཡོད་དེ། ཀུན་ནས་ཉོན་མོངས་རྒྱས་པ་ལ་དབང་བྱེད་པའི་ཕྱིར། དེར་ཐལ། ཚོར་བ་བདེ་བ་ལ་བརྟེན་ནས་འདོད་ཆགས། སྡུག་བསྔལ་ལ་བརྟེན་ནས་ཞེ་སྡང་། བཏང་སྙོམས་ལ་བརྟེན་ནས་གཏི་མུག་འབྱུང་བའི་ཕྱིར། དད་སོགས་དབང་པོ་ལྔ་ཆོས་ཅན། སྒྲ་བཤད་དུ་ཡོད་དེ། རྣམ་བྱང་གི་ཆོས་གོང་འཕེལ་དུ་འགྲོ་བ་ལ་དབང་བྱེད་པའི་ཕྱིར། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ཆོས་ཅན། དེའི་སྒྲ་བཤད་དུ་ཡོད་དེ། ལྷག་མེད་མྱ་ངན་ལས་འདས་པ་སོགས་གོང་ནས་གོང་དུ་འཐོབ་པ་ལ་དབང་བྱེད་པའི་ཕྱིར། ཀུན་ཤེས་པའི་དབང་པོ་ཆོས་ཅན། རྟགས་གསལ་སྔར་ལྟར། ཀུན་ཤེས་ལྡན་པའི་དབང་པོ་ཆོས་ཅན། རྟགས་གསལ་སྔར་ལྟར།གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །དབང་པོ་ཉེར་གཉིས་ཀྱི་གྲངས་ངེས་མི་འཐད་པར་ཐལ། ངག་གི་དབང་པོ། ལག་པའི་དབང་པོ། རྐང་པའི་དབང་པོ། འདོམས་ཀྱི་དབང་པོ། ཕོངས་ཀྱི་


GLG014_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་ཡོད་པའི་ཕྱིར། དེར་ཐལ། དང་པོས་སྨྲ་བ་ལ་དབང་བྱེད། གཉིས་པས་འདེགས་འཇོག་ལ་དབང་བྱེད། གསུམ་པས་འགྲོ་འདུག་ལ་དབང་བྱེད། བཞི་པས་ཀུན་དགའ་བ་ལ་དབང་བྱེད། ལྔ་པས་རྟུག་པ་ལ་དབང་བྱེད་པའི་ཕྱིར། ཟེར་ན། མི་འཐད་པར་ཐལ། བྱེ་མདོ་གཉིས་ཀའི་ལུགས་ལ་ཁྱབ་པ་མེད་པའི་ཕྱིར། དང་པོ་དེར་ཐལ། སེམས་ཅན་གྱི་རྫས་ཀྱི་རྟེན་བྱེད་པའི་ཆ་ནས་རྒྱུ་ཇི་སྙེད་ཅིག་ཡོད་པ་དེ་དག་དང་མཐུན་པར་དབང་པོ་དག་ཀྱང་དེ་སྙེད་དུ་ཡོད་པའི་ཕྱིར། དེར་ཐལ། སེམས་ཅན་གྱི་རྫས་ཀྱི་རྟེན་བྱེད་པའི་ཆ་ནས་མིག་སོགས་དབང་པོ་དྲུག་བཞག །ཕོ་མོའི་ཁྱད་པར་འབྱེད་པའི་ཆ་ནས་ཕོ་དབང་མོ་དབང་བཞག །རིགས་མཐུན་གནས་པའི་ཆ་ནས་སྲོག་གི་དབང་པོ་བཞག །ཀུན་ནས་ཉོན་མོངས་ཕྱོགས་ལ་ལོངས་སྤྱོད་པའི་ཆ་ནས་ཚོར་བའི་དབང་པོ་ལྔ་བཞག །རྣམ་བྱང་ཕྱོགས་ཀྱི་རྒྱུ་བྱེད་པའི་ཆ་ནས་དད་སོགས་དབང་པོ་ལྔ་བཞག །རྣམ་བྱང་ཉིད་ལ་དབང་བྱེད་པའི་ཆ་ནས་དྲི་མེད་ཀྱི་དབང་པོ་གསུམ་བཞག་པའི་ཕྱིར། རྩ་རྟགས་གཉིས་པ་དེར་ཐལ། འཁོར་བར་འཇུག་པའི་དབང་དུ་བྱས་ནས་མིག་སོགས་དབང་པོ་དྲུག་པོ་བཞག །འཁོར་བར་གསར་དུ་སྐྱེ་བའི་དབང་དུ་བྱས་ནས་ཕོ་མོའི་དབང་པོ་གཉིས་བཞག །རིགས་མཐུན་གནས་པའི་དབང་དུ་བྱས་ནས་སྲོག་གི་དབང་པོ་དེ་བཞག །བདེ་སྡུག་ལ་ལོངས་སྤྱོད་པའི་དབང་དུ་བྱས་ནས་ཚོར་བའི་དབང་པོ་ལྔ་སྟེ་བཅུ་བཞི་པོ་དེ་བཞག་པའི་ཕྱིར། དེ་བཞིན་དུ། དེ་ལས་བཟློག་ནས་རྣམ་བྱང་ཕྱོགས་ལ་འཇུག་པའི་རྒྱུ་བྱེད་པའི་ཆ་ནས་དད་སོགས་དབང་པོ་ལྔ་པོ་དེ་བཞག །མཐོང་སྤང་སྤོང་བ་ལ་དབང་བྱེད་པའི་ཆ་ནས་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དེ་བཞག །བསྒོམ་སྤང་སྤོང་བ་ལ་དབང་བྱེད་པའི་ཆ་ནས་ཀུན་ཤེས་པའི་དབང་པོ་དེ་བཞག །རྣམ་གྲོལ་གྱི་དགའ་བདེ་ལ་ལོངས་སྤྱོད་པའི་དབང་དུ་བྱས་ནས་ཀུན་ཤེས་ལྡན་པའི་དབང་


GLG014_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དེ་བཞག་པ་ཡིན་པའི་ཕྱིར། ཁ་ཅིག །འབྲས་བུ་ཐོག་མ་རྒྱུན་ཞུགས་ཀྱི་འབྲས་བུ་དང་། ཐ་མ་དགྲ་བཅོམ་པའི་འབྲས་བུ་གཉིས་དབང་པོ་དགུ་དགུས་འཐོབ་པ་ཡིན་ཏེ། དང་པོ་རྒྱུན་ཞུགས་ཀྱི་འབྲས་བུ་དེ་ཉན་ཐོས་ཀྱི་མཐོང་ལམ་སྡུག་བསྔལ་རྗེས་བཟོད་ཀྱི་ཚོགས་པ་ན་ཡོད་པའི་དད་སོགས་དབང་པོ་ལྔ། ཡིད་དང་ཚོར་བ་བཏང་སྙོམས་ཀྱི་དབང་པོ་གཉིས། དྲི་མེད་ཀྱི་དབང་པོ་དང་པོ་གཉིས་ལ་བརྟེན་ནས་འཐོབ། དགྲ་བཅོམ་པའི་འབྲས་བུ་ཉན་ཐོས་ཀྱི་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཚོགས་པ་ན་ཡོད་པའི་དད་སོགས་དབང་པོ་ལྔ། ཡིད་དབང་དང་། ཚོར་བ་བདེ་བ་ཡིད་བདེ་བཏང་སྙོམས་གང་རུང་དང་། དྲི་མེད་ཀྱི་དབང་པོ་ཕྱི་མ་གཉིས་ལ་བརྟེན་ནས་འཐོབ་པ་དེའི་ཕྱིར། ཞེས་ཟེར་ན། ཉན་ཐོས་ཀྱི་མཐོང་ལམ་སྡུག་བསྔལ་རྗེས་བཟོད་ཀྱི་ཚོགས་པ་ན་དབང་པོ་དེ་རྣམས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་དག་གི་ཚོགས་པ་ན་དྲི་མེད་ཀྱི་དབང་པོ་དང་པོ་གཉིས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་ཚོགས་པ་ན་ཀུན་ཤེས་པའི་དབང་པོ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཀུན་ཤེས་པའི་དབང་པོ་ཐོབ་པའི་གང་ཟག་ཡིན་ན། སྒོམ་ལམ་ཐོབ་པའི་གང་ཟག་ཡིན་དགོས་པའི་ཕྱིར། དེར་ཐལ། མཐོང་སྒོམ་མི་སློབ་ལམ་ལ་དགུ །གསུམ་ཡིན། ཞེས་པའི་གཞུང་གི་བསྟན་དོན་གྲུབ་པའི་ཕྱིར། ཕྱི་མ་དེ་ལ་ཡང་། ཉན་ཐོས་ཀྱི་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཚོགས་པ་ན་དབང་པོ་དེ་དགུ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་ས་ན་དྲི་མེད་ཀྱི་དབང་པོ་ཕྱི་མ་གཉིས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ན་ཀུན་ཤེས་ལྡན་པའི་དབང་པོ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཀུན་ཤེས་ལྡན་པའི་དབང་པོ་ཐོབ་པའི་གང་ཟག་ཡིན་ན། དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་གང་ཟག་ཡིན་དགོས་པའི་ཕྱིར། ཁ་


GLG014_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །གཟུགས་ཁམས་ན་ཕོ་མོ་གཉིས་མེད་པར་ཐལ། དེ་ན་ཕོ་དབང་མོ་དབང་མེད་པའི་ཕྱིར། ཟེར་ན། སྐྱོན་མེད་དེ། གཟུགས་ཁམས་པའི་ལྷ་རྣམས་སྐད་ཀྱི་གདངས་དང་ནུ་མ་སོགས་ཀྱི་སྒོ་ནས་འཇོག་པའི་ཕྱིར། གཉིས་པ་གྲངས་ངེས་ལ། བྱེ་བྲག་སྨྲ་བའི་ལུགས་དང་། མདོ་སྡེ་པའི་ལུགས་གཉིས། དང་པོ་ནི། དབང་བསྒྱུར་བྱ་ཇི་སྙེད་པའི་དབང་དུ་བྱས་ནས་དབང་པོའི་གྲངས་དག་ཀྱང་དེ་སྙེད་དུ་བསྟན་པ་ལ་རྒྱུ་མཚན་ཡོད་དེ། སེམས་རྣམ་ཤེས་ཚོགས་དྲུག་གི་རྟེན་བྱེད་པའི་དབང་དུ་བྱས་ནས་དབང་པོ་དྲུག་བཞག །སེམས་ཅན་དེའི་བྱེ་བྲག་ཕོ་མོ་ལ་དབང་བྱེད་པའི་དབང་དུ་བྱས་ནས་དེའི་དབང་པོ་གཉིས་བཞག །ཕུང་པོ་རིགས་འདྲ་གནས་པ་ལ་དབང་བྱེད་པའི་དབང་དུ་བྱས་ནས་སྲོག་དབང་བཞག །ཀུན་ནས་ཉོན་མོངས་ལ་དབང་བྱེད་པའི་དབང་དུ་བྱས་ནས་ཚོར་བའི་དབང་པོ་ལྔ་བཞག །རྣམ་པར་བྱང་བའི་ཚོགས་ལ་དབང་བྱེད་པའི་དབང་དུ་བྱས་ནས་རྣམ་བྱང་གི་དབང་པོ་བརྒྱད་བཞག་པའི་ཕྱིར། གཉིས་པ་ནི། ཡང་ན་སྐྱེས་བུ་གཅིག་འཁོར་བར་སྐྱེ་བའི་དབང་དུ་བྱས་ནས་ཀུན་ནས་ཉོན་མོངས་ཀྱི་དབང་པོ་བཅུ་བཞི་བཤད་པ་ལ་རྒྱུ་མཚན་ཡོད་དེ། འཁོར་བར་འཇུག་པའི་རྟེན་གྱི་དབང་དུ་བྱས་ནས་མིག་སོགས་དབང་པོ་དྲུག་བཞག །དེར་སྐྱེ་བའི་དབང་དུ་བྱས་ནས་ཕོ་མོའི་དབང་པོ་གཉིས་བཞག །དེར་གནས་པའི་དབང་དུ་བྱས་ནས་སྲོག་དབང་བཞག །དེར་ཡུལ་ལ་ཉེ་བར་ལོངས་སྤྱོད་པའི་དབང་དུ་བྱས་ནས་ཚོར་བའི་དབང་པོ་ལྔ་བཞག་པའི་ཕྱིར། དེ་བཞིན་ལྡོག་པ་ལ་སྟེ་ཟག་མེད་དུ་འཇུག་པའི་དབང་དུ་བྱས་ནས་དབང་པོ་གཞན་ཕྱི་མ་བརྒྱད་བཞག་པ་ཡིན་ཏེ། དེར་འཇུག་པའི་རྟེན་གྱི་དབང་དུ་བྱས་ནས་དད་སོགས་དབང་པོ་ལྔ་བཞག །དེར་སྐྱེ་བའི་དབང་དུ་བྱས་ནས་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་བཞག །དེར་གནས་པའི་དབང་དུ་བྱས་ནས་ཀུན་ཤེས་པའི་དབང་པོ་


GLG014_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

བཞག །གནས་ནས་ཟག་མེད་ཀྱི་བདེ་བ་ལ་ལོངས་སྤྱོད་པའི་དབང་དུ་བྱས་ནས་ཀུན་ཤེས་ལྡན་པའི་དབང་པོ་བཞག་པའི་ཕྱིར། གསུམ་པ་ངོ་བོ་ལ། ཚོར་བའི་དབང་པོ་ལྔ་བཤད་པ་དང་། དྲི་མེད་ཀྱི་དབང་པོ་གསུམ་བཤད་པ་གཉིས། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། ཚོར་བ་སྡུག་བསྔལ་གྱི་དབང་པོའི་མཚན་ཉིད་ཡོད་དེ། སིམ་པ་མ་ཡིན་པར་རང་སྟོབས་ཀྱིས་གདུང་བར་ཉམས་སུ་མྱོང་བའི་ལུས་ཚོར་དེ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ཚོར་བ་བདེ་བའི་དབང་པོ་ཡོད་དེ། སིམ་པར་ཉམས་སུ་མྱོང་བའི་ལུས་ཚོར་དང་བསམ་གཏན་གསུམ་པ་ན། སེམས་རྣམས་ཀྱི་ཚོར་བ་དེ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ཡིད་བདེ་བ་ཡོད་དེ། བསམ་གཏན་གསུམ་པའི་སེམས་བདེ་ལས་གཞན་པའི་སིམ་པར་ཉམས་སུ་མྱོང་བའི་ཡིད་ཚོར་རྣམས་དེ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ཡིད་མི་བདེ་ཡོད་དེ། སིམ་པ་མ་ཡིན་པར་རང་སྟོབས་ཀྱིས་གདུང་བར་ཉམས་སུ་མྱོང་བའི་ཡིད་ཚོར་དེ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། བཏང་སྙོམས་ཀྱི་དབང་པོ་ཡོད་དེ། སེམས་གདུང་བར་མ་ཙམ་དུ་ཉམས་སུ་མྱོང་བའི་སེམས་བྱུང་དེ་ཡིན་པའི་ཕྱིར་ཏེ། དེ་གཉིས་ཀར་མི་གཏོགས་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །ཚོར་བ་སྡུག་བསྔལ་གྱི་དབང་པོ་ཡིན་ན། ཚོར་བ་ལ་ལྔར་ཕྱེ་བའི་ཚོར་བ་སྡུག་བསྔལ་གྱི་དབང་པོ་ཡིན་པས་ཁྱབ་ཟེར་ན། ཚོར་བ་ཡིད་མི་བདེ་བའི་དབང་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཚོར་བ་ལ་བདེ་སྡུག་བཏང་སྙོམས་གསུམ་དུ་ཕྱེ་བའི་ཚོར་བ་སྡུག་བསྔལ་གྱི་དབང་པོ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། འདོད་ན། ལུས་ཚོར་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཕྱི་ཚོར་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་


GLG014_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

མི་ནུས། ཁ་ཅིག །ཚོར་བ་བདེ་བའི་དབང་པོ་ཡིན་ན། ཚོར་བ་ལ་ལྔར་ཕྱེ་བའི་ཚོར་བ་ཡིད་བདེ་བའི་དབང་པོ་ཡིན་པས་ཁྱབ་ཟེར་ན། ཚོར་བ་ཡིད་བདེ་བའི་དབང་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཚོར་བ་ལ་གསུམ་དུ་ཕྱེ་བའི་ཚོར་བ་བདེ་བའི་དབང་པོ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁ་ཅིག །དད་སོགས་དབང་པོ་ལྔ་པོ་གང་རུང་ཡིན་ན། ལམ་ཡིན་པས་ཁྱབ་ཟེར་ན། མི་འཐད་པར་ཐལ། ལམ་མ་ཞུགས་ན་དེ་ཡོད་པའི་ཕྱིར། གཉིས་པ་དྲི་མེད་ཀྱི་དབང་པོ་གསུམ་ནི། མཐོང་ལམ་ཆོས་ཅན། དྲི་མེད་ཀྱི་དབང་པོ་ཡིན་ཏེ། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོས་བསྡུས་པའི་ཕྱིར། སྒོམ་ལམ་ཆོས་ཅན། དྲི་མེད་ཀྱི་དབང་པོ་ཡིན་ཏེ། ཀུན་ཤེས་པའི་དབང་པོས་བསྡུས་པའི་ཕྱིར། མི་སློབ་ལམ་ཆོས་ཅན། དྲི་མེད་ཀྱི་དབང་པོ་ཡིན་ཏེ། ཀུན་ཤེས་ལྡན་པའི་དབང་པོས་བསྡུས་པའི་ཕྱིར། མཐོང་ལམ་ཆོས་ཅན། ཁྱོད་ལ་དབྱེ་ན་དགུ་ཡོད་དེ། ཁྱོད་ཀྱི་ངོ་བོར་གྱུར་པའི་དད་སོགས་དབང་པོ་ལྔ། ཡིད་ཀྱི་དབང་པོ། ཚོར་བ་བདེ་བ། ཡིད་བདེ། བཏང་སྙོམས་དང་དགུ་ཡོད་པའི་ཕྱིར། གཞན་གཉིས་ལ་རིགས་འགྲེ། སྨྲས་པ། ལྷུང་ལྷུང་ཉལ་འགྲོ་འབབ་པའི་སྒྲ་དབྱངས་དང་། །སྙན་སྙན་འགྱུར་ཁུག་ལྡན་པའི་ལུས་ཕྲའི་གླུ། །ལྡིར་ལྡིར་སོས་ཀྱི་འབྲུག་སྒྲ་རྒོད་པ་ལ། །མཚར་མཚར་འཇིག་རྟེན་འདི་ན་ཅི་ཡང་འཛིན། །འཛིན་མའི་གཞི་འདིར་རྒྱལ་བའི་རིང་ལུགས་དག །དག་དང་མ་དག་དཔྱོད་པའི་ངང་ཚུལ་ལས། །ལས་ལྡན་བླུན་པོའི་རྫུན་ཟོག་ཆེས་བྲིན་པ། །པ་སངས་ལྟ་བུའི་རྣམ་དཔྱོད་ལྡོངས་པས་ལན། །ལན་ཚར་གཡོན་དུ་ཕྱོགས་ཤིང་མིག་གི་དཀྱུས། །དཀྱུས་རིང་ཟུར་དུ་ལྟ་བའི་ལུས་ཕྲ་མ། །མ་སྨད་འདོད་པའི་བདེ་བ་སྟེར་མཁས་ལ། །ལ་ལ་འཛངས་མ་ཞེས་སུ་བསྟོད་བྱེད་ན། །ན་ཚོད་ཕྲ་ནས་མགོ་སྐྱེས་དཀར་པོའི་བར། །བར་མ་ཆད་དུ་ཐོས་
རྩོད་ལྷུར་ལེན་ལ། །ལ་འུར་བརྩོན་པའི་རིགས་ལམ་མཚན་ཉིད་སྡེ། །སྡེ་འདིས་བོད་ཀུན་ཁྱབ་ལ་ཅི་ཞིག་ཟེར། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

དབང་པོ་དབྱེ་བ་བཤད་པ།


GLG014_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་དབང་པོའི་དབྱེ་བ་ལ། དབང་པོའི་དབྱེ་བ་དངོས། དབང་པོ་རྙེད་སྟོང་གི་ཚུལ། དགེ་སྦྱོང་ཚུལ་གྱི་འབྲས་བུ་དབང་པོ་དུས་འཐོབ་ལ་དཔྱད་པ། དབང་པོ་ལྡན་ཚུལ་དཔྱད་པ་དང་བཞི། དང་པོ་ལ། ཉིས་ཚན་དང་། སུམ་ཚན་གྱི་སྒོ་ནས་དབྱེ་བ་གཉིས། དང་པོ་ལ། ཟག་པ་དང་བཅས་མ་བཅས་ཀྱི་སྒོ་ནས་དབྱེ་བ། རྣམ་སྨིན་ཡིན་མིན་གྱི་སྒོ་ནས། རྣམ་སྨིན་དང་བཅས་མ་བཅས་ཀྱི་སྒོ་ནས་དབྱེ་བ་དང་གསུམ། དང་པོ་ནི། བཤད་མ་ཐག་པའི་དྲི་མེད་ཀྱི་དབང་པོ་གསུམ་ནི་ཆོས་ཅན། མཐའ་གཅིག་ཏུ་དྲི་མེད་དེ་ཟག་མེད་ཡིན་ཏེ། འཕགས་ལམ་གྱི་ངོ་བོར་གྱུར་པའི་དབང་པོ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ཟག་པ་དང་བཅས་པ་ཡོད་དེ། གཟུགས་ཅན་གྱི་དབང་པོ་བདུན། སྲོག་དང་ཚོར་བ་སྡུག་བསྔལ། ཡིད་མི་བདེ་སྟེ་བཅུ་པོ་དེ་ཡིན་པའི་ཕྱིར། དད་སོགས་དབང་པོ་ལྔ། ཚོར་བ་བདེ་བ། ཡིད་བདེ། བཏང་སྙོམས། ཡིད་དབང་དང་དགུ་ཆོས་ཅན། མཐའ་གཅིག་ཏུ་ཟག་བཅས་མ་ཡིན་ཏེ། ཁྱོད་ལ་ཟག་བཅས་ཟག་མེད་གཉིས་ཀ་ཡོད་པའི་ཕྱིར། གཉིས་པ་ལ། རྣམ་སྨིན་གྱིས་ཁྱབ་པར་འདོད་པའི་ལུགས་དང་། མ་ཁྱབ་པར་འདོད་པའི་ལུགས་གཉིས། དང་པོ་ནི་ཤེས་བྱ་ཆོས་ཅན། དེ་ཡོད་དེ། དགྲ་བཅོམ་འཆི་བར་འགྱུར་པ་ན་ལོངས་སྤྱོད་རྣམས་བཏང་སྟེ། འདི་དག་ཚེའི་འཐུད་དུ་འགྱུར་བར་བདེན་ཚིག་བརྗོད་པས། སྔ་མའི་ཚེ་ལྷག་རྣམས་ཚེ་འདིའི་འཐུད་དུ་གྱུར་པ་ལྟ་བུ་ཡིན་པའི་ཕྱིར། གཉིས་པ་ནི། དབྱངས་སྒྲོག་པའི་ལུགས་ཡོད་དེ། འབྱུང་བ་བྱིན་གྱིས་བརླབས་པས་ནི་སྲོག་རྒྱས་པར་འགྱུར་བའི་ཕྱིར། ཤེས་བྱ་ཆོས་ཅན། དེས་མ་ཁྱབ་སྟེ། གཟུགས་ཅན་གྱི་དབང་པོ་བདུན། ཡིད་དབང་། ཚོར་བ་


GLG014_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བདེ་མ་གཏོགས་པ་གཞན་བཞི་དང་བཅུ་གཉིས་ལ་རྣམ་སྨིན་ཡིན་མིན་གཉིས་ཀ་ཡོད་ལ། ཐ་མ་རྣམ་བྱང་གི་དབང་པོ་བརྒྱད་དང་། ཡིད་མི་བདེ་ནི་རྣམ་སྨིན་དུ་མ་གཏོགས་པའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། རྣམ་སྨིན་དང་བཅས་མ་བཅས་ཀྱི་དབྱེ་བ་ཡོད་དེ། ཡིད་མི་བདེ་དེ་གཅིག་པུ་ནི་རྣམ་སྨིན་དང་བཅས་པ་ཡིན་ལ། ཡིད་དབང་དང་། ཚོར་བ་གཞན་བཞི། དད་པ་ལ་སོགས་པའི་དབང་པོ་ལྔ་སྟེ་བཅུ་རྣམས་ལ་གཉིས་ཀ་ཡོད་པའི་ཕྱིར། གཉིས་པ་ལ། དགེ་སོགས་གསུམ་གྱི་སྒོ་ནས་ཁམས་གསུམ་གྱི་སྒོ་ནས། མཐོང་སྤང་སོགས་གསུམ་གྱི་སྒོ་ནས་དབྱེ་བ་དང་གསུམ། དང་པོ་ནི། ཤེས་བྱ་ཆོས་ཅན། མཐའ་གཅིག་ཏུ་དགེ་བ་ཡིན་པ་ཡོད་དེ། རྣམ་བྱང་གི་དབང་པོ་བརྒྱད་པོ་དེ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། དགེ་མི་དགེ་རྣམ་པ་གཉིས་ཀའི་ཆོས་ཡོད་དེ། ཡིད་མི་བདེ་དེ་དེ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། དགེ་མི་དགེ་ལུང་མ་བསྟན་རྣམ་པ་གསུམ་གའི་ཆ་ཅན་ཡོད་དེ། ཡིད་དབང་དང་ཚོར་བ་གཞན་བཞི་དེ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། མཐའ་གཅིག་ཏུ་ལུང་མ་བསྟན་ཡིན་པ་ཡོད་དེ། གཟུགས་ཅན་གྱི་དབང་པོ་བདུན། སྲོག་དབང་དང་བརྒྱད་པོ་དེ་དེ་ཡིན་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། འདོད་པའི་སར་གཏོགས་པ་ཡོད་དེ། དྲི་མེད་ཀྱི་དབང་པོ་གསུམ་མ་གཏོགས་པ་བཅུ་དགུ་པོ་དེ་དེ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། གཟུགས་ཀྱི་སར་གཏོགས་པ་ཡོད་དེ། སྔར་བཤད་པའི་སྟེང་ནས། ཕོ་མོའི་དབང་པོ་དང་། ཚོར་བ་སྡུག་བསྔལ་དང་། ཡིད་མི་བདེ་བ་དག་སྟེ་བཞི་མ་གཏོགས་པའི་བཅོ་ལྔ་པོ་དེ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། གཟུགས་མེད་ཀྱི་སར་གཏོགས་པ་ཡོད་དེ། སྔར་བཤད་པའི་སྟེང་ནས་གཟུགས་ཅན་རྣམས་དང་བདེ་བ་མ་གཏོགས་པའི་ལྷག་མ་བརྒྱད་པོ་དེ་ཡིན་པའི་ཕྱིར། གསུམ་པ་ནི། ཡིད་


GLG014_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དང་། ཚོར་བ་བདེ་བ། ཡིད་བདེ། བཏང་སྙོམས་གསུམ་ཆོས་ཅན། ཁྱོད་ལ་རྣམ་པ་གསུམ་ཡོད་དེ། མཐོང་སྤང་། སྒོམ་སྤང་། དེ་གཉིས་གང་རུང་མ་ཡིན་པའི་ཆ་དང་གསུམ་ཡོད་པའི་ཕྱིར། ཚོར་བ་ཡིད་མི་བདེ་ཆོས་ཅན། ཁྱོད་ལ་གཉིས་ཡོད་དེ། མཐོང་སྒོམ་གཉིས་ཀྱིས་སྤང་བྱའི་ཆ་ཡོད་པའི་ཕྱིར། གཟུགས་ཅན་གྱི་དབང་པོ་བདུན། སྲོག །ཚོར་བ་སྡུག་བསྔལ་ཏེ་དགུ་ནི་སྒོམ་པས་སྤང་བྱ་ཡིན་ཏེ། དེ་རྣམས་ཟག་བཅས་ཡིན་པའི་ཕྱིར། དད་སོགས་དབང་པོ་ལྔ་ནི་སྒོམ་པས་སྤང་བར་བྱ་བ་མིན་པ་ཡང་ཡོད་དེ། དེ་རྣམས་ལ་ཟག་བཅས་ཟག་མེད་གཉིས་ཡོད་པའི་ཟག་མེད་རྣམས་དེ་མིན་པའི་ཕྱིར། དྲི་མེད་ཀྱི་དབང་པོ་གསུམ་ཆོས་ཅན། སྒོམ་སྤང་མ་ཡིན་ཏེ། སྤང་བྱ་མ་ཡིན་པའི་ཕྱིར། གཉིས་པ་རྙེད་གཏོང་གི་ཚུལ་ལ། དབང་པོ་རྙེད་པའི་ཚུལ་དང་། གཏོང་བའི་ཚུལ་གཉིས། དང་པོ་ལ། འདོད་པའི་དབང་དུ་བྱས་པ་དང་། ཁམས་གོང་མའི་དབང་དུ་བྱས་པ་གཉིས། དང་པོ་ལ། མངལ་སྐྱེས་ཀྱི་དབང་དུ་བྱས་པ་དང་། རྫུས་སྐྱེས་ཀྱི་དབང་དུ་བྱས་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། འདོད་པར། སྲོག་ཡིད། བཏང་སྙོམས། ཡིད་དབང་དང་བཞི་དང་པོར་ཅིག་ཅར་དུ་རྙེད་ཀྱང་། རྣམ་སྨིན་སྐྱེས་ཀྱི་དབང་དུ་བྱས་ནས་སྲོག་དབང་ལུས་དབང་གཉིས་ཅིག་ཅར་དུ་རྙེད་ཀྱི། གཞན་གཉིས་ནི་མ་ཡིན་ཏེ། དེ་གཉིས་ཉིང་འཚམས་སྦྱོར་བའི་ཚེ་ཉོན་མོངས་ཅན་དུ་ངེས་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། རྫུས་སྐྱེས་ཀྱི་དབང་དུ་བྱས་ན། དེ་ལྟར་ངེས་པ་མ་ཡིན་ཏེ། རྣམ་སྨིན་སྐྱེས་ལ་མཚན་གཏན་མེད་དང་། གང་རུང་གཅིག་གམ། གཉིས་ཀ་དང་ལྡན་པ་གསུམ་ཡོད་པ་གང་ཞིག །དང་པོས་མིག་སོགས་དབང་པོ་ལྔ། སྲོག་དབང་དང་དྲུག །གཉིས་པས་དེའི་སྟེང་དུ་མཚན་གང་ཡང་རུང་བ་གཅིག་སྟེ་བདུན། གསུམ་པས་ཕོ་མོའི་མཚན་མ་གཉིས་ཀ་


GLG014_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

དང་བརྒྱད་ཅིག་ཅར་དུ་སྙེད་པའི་ཕྱིར། གཉིས་པ་ཁམས་གོང་མའི་དབང་དུ་བྱས་པ་ནི། ཤེས་བྱ་ཆོས་ཅན། གཟུགས་ཁམས་ན་དེ་རྙེད་ཚུལ་ཡོད་དེ། སྔར་བཤད་པའི་དེ་དྲུག་པོ་དེ་ཅིག་ཅར་དུ་རྙེད་པའི་ཕྱིར། ཤེས་བྱ་ཆོས་ཅན། དེའི་གོང་མ་གཟུགས་མེད་ན་ཅིག་ཅར་དང་རིམ་གྱི་ཐ་སྙད་མི་འདོགས་ཏེ། རྣམ་སྨིན་སྲོག་སྐྱེས་གཅིག་པུ་ཡིན་པའི་ཕྱིར། གཉིས་པ་གཏོང་བའི་ཚུལ་ལ། ཁམས་གོང་མའི་དབང་དུ་བྱས་པ་དང་། འདོད་པའི་དབང་དུ་བྱས་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། གཏོང་ཚུལ་ཡོད་དེ། གཟུགས་མེད་དག་དུ་འཆི་བའི་ཚེ་ནི། སྲོག་དང་ཡིད་བཏང་སྙོམས་གསུམ་ཉིད་ཅིག་ཅར་དུ་འགག་པར་འགྱུར་བའི་ཕྱིར། ཆོས་ཅན་དང་གསལ་བ་སྔར་བཞིན་ལ། གཟུགས་ཁམས་ན་སྔར་བཤད་པ་གསུམ་དང་། མིག་སོགས་དབང་པོ་ལྔ་སྟེ་བརྒྱད་ཅིག་ཅར་དུ་འགག་པའི་ཕྱིར། གཉིས་པ་ལ། ཅིག་ཅར་བའི་དབང་དུ་བྱས་པ་དང་། རིམ་གྱིས་པའི་དབང་དུ་བྱས་པ་གཉིས། དང་པོ་ནི། འདོད་པར་མཚན་གཉིས་ཀ་དང་ལྡན་པ་དེ་ཆོས་ཅན། ཁྱོད་ཀྱི་དབང་དུ་བྱས་པའི་འགག་ཚུལ་ཡོད་དེ། མིག་སོགས་དབང་པོ་ལྔ། སྲོག་ཡིད་བཏང་སྙོམས་གསུམ་ཕོ་མོའི་དབང་པོ་གཉིས་ཏེ་བཅུ་ཅིག་ཅར་དུ་འགག་པའི་ཕྱིར། མཚན་གང་རུང་དང་ལྡན་པ་ཆོས་ཅན། འགག་ཚུལ་ཡོད་དེ། དགུ་ཅིག་ཅར་དུ་འགག་པའི་ཕྱིར། མཚན་གཏན་མེད་ཆོས་ཅན། འགག་ཚུལ་ཡོད་དེ། བརྒྱད་ཅིག་ཅར་དུ་འགག་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། ཉོན་མོངས་ཅན་རིམ་གྱིས་འཆི་བའི་དབང་དུ་བྱས་ནས་འགག་ཚུལ་ཡོད་དེ། དེ་དག་ལ་སྲོག་ཡིད་བཏང་སྙོམས་གསུམ་ཡིད་དབང་དང་བཞི་ཅིག་ཅར་དུ་འགག་པའི་ཕྱིར། དགེ་སེམས་ཅན་ཆོས་ཅན། ཁྱོད་ཀྱི་དེ་ལ་གོང་མ་ལས་གྲངས་མང་སྟེ།


GLG014_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་ཐམས་ཅད་དུ་དད་སོགས་དབང་པོ་ལྔ་ཅིག་ཅར་དུ་འགག་དགོས་པའི་ཕྱིར། གསུམ་པ་དགེ་སྦྱོང་ཚུལ་གྱི་འབྲས་བུ་དབང་པོ་དུས་ཐོབ་ཅེ་ན། འབྲས་བུ་མཐའ་མ་རྒྱུན་ཞུགས་ཀྱི་འབྲས་བུ་ཆོས་ཅན། དབང་པོ་དགུས་ཐོབ་སྟེ། ལམ་རྗེས་བཟོད་ཀྱི་ངོ་བོར་གྱུར་པའི་དད་སོགས་དབང་པོ་ལྔ་ཡིད་དབང་། བཏང་སྙོམས། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ། ལམ་ཤེས་རྗེས་ཤེས་ཀྱི་ངོ་བོར་གྱུར་པའི་ཀུན་ཤེས་པའི་དབང་པོ་དགུས་འཐོབ་པའི་ཕྱིར། དགྲ་བཅོམ་པའི་འབྲས་བུ་ཆོས་ཅན། དབང་པོ་དགུས་འཐོབ་སྟེ། སློབ་ལམ་སྐད་ཅིག་མའི་ངོ་བོར་གྱུར་པའི་དད་སོགས་དབང་པོ་ལྔ། ཡིད་དབང་། ཚོར་བ་བདེ་བ་ཡིད་བདེ་བཏང་སྙོམས་གསུམ་གང་རུང་ཅིག །ཀུན་ཤེས་པའི་དབང་པོ། མི་སློབ་ལམ་གྱི་ངོ་བོར་གྱུར་པའི་ཀུན་ཤེས་ལྡན་པའི་དབང་པོ་དང་དགུས་འཐོབ་པའི་ཕྱིར། རིམ་གྱིས་པའི་ཕྱིར་འོང་ཕྱིར་མི་འོང་གཉིས་ཆོས་ཅན། འཇིག་རྟེན་པའི་ལམ་གྱིས་འཐོབ་པའི་ཚེ་དབང་པོ་བདུན་གྱིས་འཐོབ་སྟེ། འཇིག་རྟེན་པའི་ལམ་གྱི་ངོ་བོར་གྱུར་པའི་དད་སོགས་དབང་པོ་ལྔ་ཡིད་བཏང་སྙོམས་དང་བདུན་ལ་བརྟེན་ནས་འཐོབ་པའི་ཕྱིར། དེ་གཉིས་འཇིག་རྟེན་ལས་འདས་པའི་ལམ་གྱིས་འཐོབ་པའི་ཚེ་དབང་པོ་བརྒྱད་བརྒྱད་ལ་བརྟེན་ནས་འཐོབ་སྟེ། སྒོམ་ལམ་གྱི་ངོ་བོར་གྱུར་པའི་དད་སོགས་དབང་པོ་ལྔ། ཡིད་དབང་། བཏང་སྙོམས། ཀུན་ཤེས་པའི་དབང་པོ་དང་བརྒྱད་ལ་བརྟེན་ནས་འཐོབ་པའི་ཕྱིར། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་གི་འབྲས་བུ་ཆོས་ཅན། དབང་པོ་དགུ་ལ་བརྟེན་ནས་འཐོབ་སྟེ། རྒྱུན་ཞུགས་ཐོབ་བྱེད་ཀྱི་དབང་པོ་དགུ་ལ་བརྟེན་ནས་འཐོབ་པའི་ཕྱིར། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་གི་འབྲས་བུ་ཆོས་ཅན། དབང་པོ་དགུས་འཐོབ་སྟེ། ལམ་རྗེས་བཟོད་ཀྱི་ངོ་བོར་གྱུར་པའི་དད་


GLG014_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དབང་པོ་ལྔ། ཡིད་དབང་། ཚོར་བ་བདེ་བ་ཡིད་བདེ་བཏང་སྙོམས་དང་གསུམ་གང་རུང་ཅིག་དང་། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ། ལམ་རྗེས་ཤེས་ཀྱི་ངོ་བོར་གྱུར་པའི་ཀུན་ཤེས་པའི་དབང་པོ་དང་དགུས་འཐོབ་པའི་ཕྱིར། ཤེས་བྱ་ཆོས་ཅན། བསྟན་བཅོས་རབ་ཏུ་བྱེད་པ་ལས་དགྲ་བཅོམ་པའི་འབྲས་བུ་དབང་པོ་བཅུ་གཅིག་གིས་འཐོབ་པར་བཤད་པ་དང་འགལ་བའི་སྐྱོན་མེད་དེ། དབང་པོ་བཅུ་གཅིག་དག་གིས་དགྲ་བཅོམ་པའི་འབྲས་བུ་འགའ་ཞིག་འཐོབ་སྲིད་པ་ལ་དགོངས་ནས་བཤད་པའི་ཕྱིར། བཞི་པ་དབང་པོའི་ལྡན་ཚུལ་ལ། ངེས་ལྡན་གྱི་དབང་དུ་བྱས་པ། སྲིད་ལྡན་གྱི་དབང་དུ་བྱས་པ་གཉིས། དང་པོ་ལ། ཕན་ཚུན་ངེས་ལྡན་གྱི་དབང་དུ་བྱས་པ་དང་། དབང་པོ་གཞན་ངེས་ལྡན་གྱི་དབང་དུ་བྱས་པ་གཉིས། དང་པོ་ནི། བཏང་སྙོམས། སྲོག་དང་ནི། ཡིད་གསུམ་པོ་ཆོས་ཅན། ཕན་ཚུན་ངེས་ལྡན་ཡིན་ཏེ། གང་རུང་གཅིག་དང་ལྡན་ན་གཞན་གཉིས་དང་ལྡན་པས་ཁྱབ་པའི་ཕྱིར། གཉིས་པ་ནི། བདེ་བ་ཆོས་ཅན། ཁྱོད་དང་ལྡན་ན་དབང་པོ་བཞི་དང་ལྡན་པས་ཁྱབ་ཏེ། ངེས་ལྡན་གསུམ་གྱི་སྟེང་དུ་བདེ་བ་དང་བཞི་ཡོད་པའི་ཕྱིར། ལུས་དབང་ཆོས་ཅན། ཁྱོད་དང་ལྡན་ན་དབང་པོ་བཞི་དང་ལྡན་ཏེ། སྔ་མ་གསུམ་གྱི་སྟེང་དུ་ལུས་དབང་དང་བཞི་ཡོད་པའི་ཕྱིར། མིག་དབང་ཆོས་ཅན། ཁྱོད་དང་ལྡན་ན་དབང་པོ་ལྔ་དང་ལྡན་ཏེ། སྔ་མ་གསུམ་གྱི་སྟེང་དུ་ལུས་མིག་གཉིས་ཀྱི་དབང་པོ་ཡོད་པའི་ཕྱིར། སོགས་པས་རྣ་བ་སོགས་བཞི་ཆོས་ཅན། ཁྱོད་དང་ལྡན་ན་ལྔ་ལྔ་དང་ལྡན་ཏེ། སྔ་མ་གསུམ། ལུས་དབང་། དེའི་སྟེང་དུ་རྣ་བ་སོགས་རང་རང་བསྣན་པས་ལྔ་དང་ལྡན་པའི་ཕྱིར། ཡིད་བདེ་ཆོས་ཅན། ཁྱོད་དང་ལྡན་ན་ཡང་ལྔ་དང་ལྡན་ཏེ། ངེས་ལྡན་གསུམ། བདེ་བ་ཡིད་བདེ་ལྔ་དང་ལྡན་པའི་ཕྱིར། སྡུག་བསྔལ་ཆོས་ཅན། ཁྱོད་དང་


GLG014_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་ལ་བདུན་དང་ལྡན་ཏེ། ངེས་ལྡན་གསུམ། བཏང་སྙོམས། སྡུག་བསྔལ། བདེ་བ། ཡིད་བདེ་དང་བཅས་པའི་ཕྱིར། ཕོ་མོའི་དབང་པོ་ཆོས་ཅན། ཁྱོད་གང་རུང་དང་ལྡན་ན་བརྒྱད་དང་ལྡན་ཏེ། སྔར་བཤད་པའི་སྟེང་དུ་ཕོ་མོའི་དབང་པོ་གང་རུང་གཅིག་དང་བརྒྱད་ཡོད་པའི་ཕྱིར། ཀུན་ཤེས་ལྡན་པའི་དབང་པོ་ཆོས་ཅན། ཁྱོད་དང་ལྡན་ན་བཅུ་གཅིག་དང་ལྡན་ཏེ་གདགས་གཞིའི་དབང་པོ་དགུ །སྲོག །ཀུན་ཤེས་ལྡན་པ་དང་བཅུ་གཅིག་ཡོད་པའི་ཕྱིར། ཀུན་ཤེས་པའི་དབང་པོ་ཆོས་ཅན། ཁྱོད་དང་ལྡན་ན་བཅུ་གཅིག་ཡོད་དེ། ཁྱོད་དང་ཀུན་ཤེས་ལྡན་པ་གཉིས་རྗེས་པ་མ་གཏོགས་སྔར་ལྟར་ཡིན་པའི་ཕྱིར། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ཆོས་ཅན། ཁྱོད་དང་ལྡན་ན་བཅུ་གསུམ་ཀ་དང་ལྡན་ཏེ་དད་སོགས་ལྔ། ཡིད་དབང་ཚོར་བ་བདེ་བ། ཡིད་བདེ། བཏང་སྙོམས་ཏེ་གདགས་གཞིའི་དབང་པོ་དགུ ། སྲོག་དབང་། ལུས་དབང་། ཚོར་བ་སྡུག་བསྔལ་དང་བཅས་པའི་སྟེང་དུ་ཁྱོད་རང་བསྣན་པས་བཅུ་གསུམ་ཡོད་པའི་ཕྱིར། གཉིས་པ་སྲིད་ལྡན་ལ། ཉུང་ལྡན་གྱི་དབང་དུ་བྱས་པ་དང་། མང་ལྡན་གྱི་དབང་དུ་བྱས་པ་གཉིས། དང་པོ་ནི། དགེ་རྩ་མེད་པ་སྟེ་ཆད་པའི་གང་ཟག་གི་ནང་དབང་པོ་ཉུང་ངུ་དང་ལྡན་ཏེ། ལུས་དབང་། ཚོར་བ་ལྔ། སྲོག་ཡིད་ཏེ་བརྒྱད་ཙམ་དང་ལྡན་པ་ཡོད་པའི་ཕྱིར། དེ་བཞིན་དུ་གཟུགས་མེད་ཀྱི་བྱིས་པའང་ཆོས་ཅན། བརྒྱད་དང་ལྡན་ཏེ། བཏང་སྙོམས། སྲོག་ཡིད་དགེ་བ་རྣམས་ཏེ་དད་སོགས་དབང་པོ་ལྔ་དང་ལྡན་པའི་ཕྱིར། གཉིས་པ་ནི། མཚན་གཉིས་དང་ལྡན་པའི་འདོད་པའི་སོ་སྐྱེ་ཆོས་ཅན། དབང་པོ་མང་པོ་དང་ལྡན་ཏེ། དྲི་མེད་ཀྱི་དབང་པོ་གསུམ་མ་གཏོགས་པ་བཅུ་དགུ་དང་ལྡན་པའི་ཕྱིར། མཐོང་ལམ་འཕགས་པ་ཆགས་བཅས་ཆོས་ཅན། བཅུ་དགུ་དང་ལྡན་ཏེ། སྔར་གྱི་སྟེང་ན་ཕོ་མོའི་མཚན་མ་གང་རུང་
གཅིག་མ་གཏོགས་པ་བཅོ་བརྒྱད། དྲི་མེད་གཞན་ཀུན་ཤེས་ལྡན་པ་དང་། ཀུན་ཤེས་པའི་དབང་པོ་གཉིས་མ་གཏོགས་པ་དང་ལྡན་པའི་ཕྱིར།

འདུས་བྱས་ཆོས་ཀྱི་སྐྱེ་ཚུལ་བཤད་པ།


GLG014_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་འདུས་བྱས་ཆོས་ཀྱི་སྐྱེ་ཚུལ་བཤད་པ་ལ། གཟུགས་ཅན་གྱི་སྐྱེ་ཚུལ་དང་། གཟུགས་ཅན་མ་ཡིན་པའི་སྐྱེ་ཚུལ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། འདོད་པར་དབང་པོས་ཟིན་པ་མེད་པའི་རྡུལ་ཕྲ་རབ་གཅིག་སྐྱེ་བའི་ཚེ་རྡུལ་རྫས་བརྒྱད་ཅིག་ཅར་དུ་སྐྱེ་སྟེ། དེ་སྐྱེ་བའི་ཚེ་འབྱུང་བཞིའི་རྡུལ་དང་སྒྲ་མ་གཏོགས་པའི་ཕྱི་དོན་བཞི་སྟེ་བརྒྱད་ཅིག་ཅར་དུ་སྐྱེ་བའི་ཕྱིར། ཤེས་བྱ་ཆོས་ཅན། ལུས་དབང་དང་ལྡན་པ་ལ་རྫས་དགུ་ཅིག་ཅར་དུ་སྐྱེ་སྟེ། སྔར་གྱི་བརྒྱད་ལུས་དབང་དང་དགུ་ཅིག་ཅར་དུ་སྐྱེ་བའི་ཕྱིར། ཤེས་བྱ་ཆོས་ཅན། དབང་པོ་གཞན་མིག་དབང་རྣ་བ་སྣ་ལྕེ་དང་ལྡན་པ་ལ་རྫས་བཅུ་ཅིག་ཅར་དུ་སྐྱེ་སྟེ། གོང་གི་དགུ་དེ་དག་གང་རུང་དང་བཅུ་ཅིག་ཅར་དུ་སྐྱེ་བའི་ཕྱིར། གཉིས་པ་ལ། མཚུངས་ལྡན་འདུ་བྱེད། ལྡན་མིན་འདུ་བྱེད་གཉིས། དང་པོ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། གཙོ་སེམས་གཅིག་སྐྱེས་པའི་ཚེ་དེ་དང་དེའི་འཁོར་དུ་བྱུང་བའི་སེམས་བྱུང་ཅིག་ཅར་དུ་སྐྱེ་སྟེ། དེ་དེ་དང་ངེས་པར་ལྷན་ཅིག་ཏུ་སྐྱེ་བའི་ཕྱིར། ཤེས་བྱ་ཆོས་ཅན། འདུས་བྱས་ཐམས་ཅད་རང་གི་མཚན་ཉིད་ངོ་བོ་སྐྱེ་འགག་གནས་པ་མི་རྟག་པ་བཞི་དང་ཅིག་ཅར་དུ་སྐྱེ་བས་ཁྱབ་སྟེ། དེ་ཡིན་ན་དེ་དང་ལྡན་པས་ཁྱབ་པའི་ཕྱིར། རྒྱུད་ཀྱིས་བསྡུས་པའི་འདུས་བྱས་ཆོས་ཅན། ཁྱོད་ཡིན་ན་རང་གི་ཐོབ་པ་དང་ཅིག་ཅར་སྐྱེ་བས་ཁྱབ་སྟེ། ཁྱོད་ཡིན་ན་རང་གང་ལ་ལྡན་པའི་རྟེེན་གྱི་གང་ཟག་གི་རྒྱུད་ལ་ལྡན་པར་བྱེད་པའི་རྫས་ཅིག་ཡོད་པས་ཁྱབ་པའི་ཕྱིར། རྒྱུད་ཀྱི་མ་བསྡུས་པ་རྣམས་དེ་ལྟར་མིན་པས་འམ་ཞེས་སྨོས་སོ། །གཉིས་པ་ལ། སེམས་བྱུང་སྤྱིའི་རྣམ་གཞག །གཙོ་


GLG014_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་གང་གི་འཁོར་དུ་སེམས་བྱུང་དུ་འགྲོ་དཔྱད། ཞར་ལ་སེམས་བྱུང་འགའ་ཞིག་གི་ཁྱད་པར་དང་གསུམ་ལས། དང་པོ་ལ། ངེས་པའི་མཚུངས་ལྡན་འདུ་བྱེད་དང་། མ་ངེས་པའི་མཚུངས་ལྡན་འདུ་བྱེད་གཉིས། དང་པོ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ་ནི། ངེས་པའི་མཚུངས་ལྡན་གྱི་སེམས་བྱུང་རྣམས་ཆོས་ཅན། ཁྱོད་ལ་སྐྱེ་ཚུལ་ལྔ་ཡོད་དེ། སེམས་ཀྱི་ས་མང་པོ་པ། དགེ་བའི་ས་པ། ཉོན་མོངས་པ་ཆེན་པོའི་ས་པ། མི་དགེ་བའི་ས་པ། ཉོན་མོངས་པ་ཆུང་ངུའི་ས་པ་སྟེ་ཐ་དད་པ་ལྔ་ཡོད་པའི་ཕྱིར། གཉིས་པ་ལ། བཤད་མ་ཐག་པའི་ལྔ་ཡོད་པ་ལས། དང་པོ་ནི། ཚོར་བ། སེམས་པ། འདུ་ཤེས། འདུན་པ། རེག་པ། བློ་གྲོས། དྲན་པ། ཡིད་བྱེད། མོས་པ། ཏིང་འཛིན་དང་བཅུ་པོ་དེ་ཆོས་ཅན། སེམས་ཀྱི་ས་མང་པོ་བ་ཞེས་བྱ་སྟེ། གཙོ་སེམས་ཀུན་གྱི་འཁོར་དུ་འགྲོ་བའི་ཕྱིར། གཉིས་པ་ནི། དད་པ། བག་ཡོད། ཤིན་སྦྱངས། བཏང་སྙོམས། ངོ་ཚ་ཤེས་པ། ཁྲེལ་ཡོད་པ། དགེ་བའི་རྩ་བ་ཆགས་མེད་སྡང་མེད་གཉིས། རྣམ་པར་མི་འཚེ་བ། བརྩོན་འགྲུས་དང་བཅུ་པོ་དེ་ཆོས་ཅན། དགེ་བའི་ས་པ་ཞེས་བྱ་སྟེ། དགེ་བའི་གཙོ་སེམས་ཀུན་གྱི་འཁོར་དུ་འགྲོ་བའི་ཕྱིར། གསུམ་པ་ནི་རྨོངས་པ། བག་མེད། ལེ་ལོ། མ་དད་པ། རྨུགས་པ། རྒོད་པ་དང་དྲུག་པོ་ནི་ཆོས་ཅན། ཉོན་མོངས་ཆེན་པོའི་ས་པ་ཞེས་བྱ་སྟེ། དབང་ཤེས། ཡིད་ཤེས། མཐོང་སྤང་། སྒོམ་སྤང་དུ་གྱུར་པའི་ཉོན་མོངས་ཅན་གྱི་གཙོ་སེམས་ཀུན་གྱི་འཁོར་དུ་འགྲོ་བའི་ཕྱིར། བཞི་པ་ནི། ཁྲེལ་མེད་དང་། ངོ་ཚ་མེད་པ་གཉིས་ནི་ཆོས་ཅན། མི་དགེ་བའི་ས་པ་ཞེས་བྱ་སྟེ། གཙོ་སེམས་མི་དགེ་བ་ཀུན་གྱི་འཁོར་དུ་འགྲོ་བའི་ཕྱིར། ལྔ་པ་ནི། ཁྲོ་བ། འཁོན་འཛིན། གཡོ། ཕྲག་དོག །འཚིག །འཆབ། སེར་སྣ། སྒྱུ། རྒྱགས། རྣམ་པར་འཚེ་བ་བཅུ་པོ་ནི་ཆོས་ཅན། ཉོན་མོངས་པ་


GLG014_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་ངུའི་ས་པ་ཞེས་བྱ་སྟེ། ཡིད་ཤེས་དང་སྒོམ་སྤང་ཁོ་ནར་གྱུར་པའི་ཉོན་མོངས་ཅན་གྱི་གཙོ་སེམས་ཀུན་གྱི་འཁོར་དུ་འགྲོ་བར་ངེས་པའི་ཕྱིར། གཉིས་པ་ནི། འདོད་ཆགས། ཁོང་ཁྲོ། ང་རྒྱལ། ཐེ་ཚོམ་བཞི་དང་། གཞན་འགྱུར་བཞི་དང་བརྒྱད་པོ་ནི་ཆོས་ཅན། མ་ངེས་པ་ཞེས་བྱ་སྟེ། སྔར་བཤད་པ་གང་དུ་ཡང་མ་ངེས་པའི་ཕྱིར། གཉིས་པ་ལ། འདོད་པའི་དབང་དུ་བྱས་པ་དང་། ཁམས་གོང་མའི་དབང་དུ་བྱས་པ་གཉིས། དང་པོ་ལ། དགེ་བའི་དབང་དུ་བྱས་པ་དང་། མི་དགེ་བའི་དབང་དུ་བྱས་པ་དང་། ལུང་མ་བསྟན་གྱི་དབང་དུ་བྱས་པ་དང་གསུམ། དང་པོ་ནི། ཤེས་བྱ་ཆོས་ཅན། འདོད་པའི་གཙོ་སེམས་དགེ་བའི་འཁོར་དུ་སེམས་བྱུང་ཉེར་གཉིས་ཡོད་དེ། སེམས་ཀྱི་ས་མང་པོ་བ་བཅུ། དགེ་བའི་ས་པ་བཅུ། རྟོག་དཔྱོད་གཉིས་རྣམས་ཡོད་པའི་ཕྱིར། དེར་གྲངས་མ་ངེས་ཏེ། དེ་དག་སེམས་འགྱོད་པ་དང་བཅས་པ་ལ་ལ་དག་ཏུ་ནི་འགྱོད་པ་བསྣན་པས་ཉེར་གསུམ་འབྱུང་བའི་ཕྱིར། གཉིས་པ་ལ། མ་འདྲེས་པའི་རིག་པ་དང་། འདྲེས་པའི་རིག་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། མ་འདྲེས་པའི་རིག་པ་དང་ལྡན་པའི་གཙོ་སེམས་མི་དགེ་བའི་འཁོར་དུ་སེམས་བྱུང་ཉི་ཤུ་འབྱུང་སྟེ། སེམས་ཀྱི་ས་མང་པོ་བ་བཅུ། ཉོན་མོངས་ཆེན་པོའི་ས་དྲུག །མི་དགེ་བའི་ས་གཉིས། རྟོག་དཔྱོད་རྣམ་གཉིས་ཡོད་པའི་ཕྱིར། ལྟ་བ་ཐ་མ་གསུམ་དང་ལྡན་པའི་གཙོ་སེམས་ལའང་མི་དགེ་བའི་འཁོར་དུ་ཉི་ཤུ་འབྱུང་སྟེ། སྔར་བཤད་པ་དེ་ལྟར་འབྱུང་བའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། འདྲེས་པའི་འདོད་ཆགས་འཁོར་དུ་ལྡན་པའི་གཙོ་སེམས་མི་དགེ་བ་ལ་ཉེར་གཅིག་འབྱུང་སྟེ། གོང་གི་ཉི་ཤུ་དང་འདོད་ཆགས། ཁོང་ཁྲོ་ང་རྒྱལ་ཐེ་ཚོམ་གྱི་ཉོན་མོངས་བཞི་པོ་དེ་དག་གང་རུང་གཅིག་ལྡན་པའི་ཕྱིར། ཁྲོ་སོགས་ཉོན་མོངས་དང་ལྡན་པའི་སེམས་ཀྱི་འཁོར་དུའང་དེ་ལྟར་འབྱུང་སྟེ། སྔ་མའི་ཉི་ཤུའི་སྟེང་དུ་དེ་དག་གང་རུང་


GLG014_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་འབྱུང་བའི་ཕྱིར། གསུམ་པ་ལུང་མ་བསྟན་གྱི་དབང་དུ་བྱས་པ་ནི། ཤེས་བྱ་ཆོས་ཅན། བསྒྲིབས་ལུང་མ་བསྟན་གྱི་གཙོ་སེམས་ཀྱི་འཁོར་དུ་བཅོ་བརྒྱད་འབྱུང་སྟེ། སེམས་ཀྱི་ས་མང་པོ་པ་བཅུ། ཉོན་མོངས་པ་ཆེན་པོའི་ས་པ་དྲུག །རྟོག་དཔྱོད་གཉིས་རྣམས་འབྱུང་བའི་ཕྱིར། གཞན་མ་བསྒྲིབས་ལུང་མ་བསྟན་ལ་བཅུ་གཉིས་འབྱུང་བར་འདོད། སེམས་ཀྱི་ས་མང་པོ་པ་བཅུ། རྟོག་དཔྱོད་གཉིས་རྣམས་ཡོད་པའི་ཕྱིར། གཉིད་ནི་གང་ལ་ཡོད་པ་དེ་ལ་བསྣན་རིགས་ཏེ། དེ་ཀུན་དང་མི་འགལ་བའི་ཕྱིར། གོང་དུ་ལ་ལ་དག་ཅེས་སྨོས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། འགྱོད་པ་ལ་དགེ་མི་དགེ་ལུང་མ་བསྟན་གསུམ་ག་ཡོད་པའི་ཕྱིར། སྨྲས་པ། བླང་དོར་ལྟ་བའི་ཤེས་རབ་ཉིན་བྱེད་ཀྱིས། །དགེ་བའི་པད་དཀར་ཚལ་དེ་རྒྱས་པ་དང་། །མི་དགེའི་ཀུནྡ་ཟུམ་པ་མཉམ་བྱས་ཚེ། །བློ་ལྡན་བུང་བ་དགའ་བའི་སྒྲ་དབྱངས་སྒྲོག །བདེ་དང་སྡུག་བསྔལ་བར་མ་འབྱིན་པའི་རྒྱུ། །ཇི་བཞིན་དཔྱོད་པའི་བློ་གྲོས་མི་ལྡན་པར། །བསྟན་ལ་ཞུགས་པར་རློམ་པའི་ཕ་ཝང་དེ། །ཐར་པའི་ནམ་འཕང་གཅོད་པའི་རེ་བ་སྐྱུངས། །སེམས་དང་སེམས་བྱུང་གནས་དང་བྱེད་པ་ལས། །ཕྱི་རོལ་རགས་པའི་གཟུགས་ལྟར་ཀུན་མཐོང་བའི། །རྣམ་དཔྱོད་མིག་གི་ལང་ཚོ་རྒྱས་པ་འདིས། །མཁས་པའི་གྲལ་རིང་སྙེག་ལ་འཚེར་མ་དགོས། །ཚིག་འགྲེལ་མཐའ་དཔྱོད་གང་དུ་མ་གཏོགས་རྩ་དུག་བསྡུས་པའི་གོས་ཧྲུལ་ལྟར། །དོན་མེད་ཚིག་གི་ཕུང་པོ་ཆེར་སྤུངས་དཀའ་བའི་གནས་རྣམས་བཏང་སྙོམས་བཞག །དེ་འདྲའི་གླེགས་བམ་མང་དུ་མཐོང་ཚེ་འདི་ནི་དབྱིག་གཉེན་ཞལ་སྐྱིན་ཡིན། །ལེགས་བཤད་དབྱངས་འདི་ཡོངས་འཛིན་བླ་མའི་སྙན་གྱི་དབང་པོ་དགྱེས་ཕྱིར་འབུལ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་ཁམས་གོང་གི་དབང་དུ་བྱས་པ་ལ། དཔྱད་


GLG014_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་སེམས་བྱུང་ངོས་གཟུང་བ། དེ་ཇི་ལྟར་འབྱུང་ཚུལ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། སེམས་བྱུང་དེ་ལས། བསམ་གཏན་དང་པོ་དག་ན་འགྱོད་པ་དང་། གཉིད་དང་མི་དགེ་བ་རྣམས་མེད་དེ། དེའི་དངོས་གཞི་ཁྱད་པར་ཅན་ན་རྟོག་པ་ཡང་མེད་ལ། དེའི་གོང་མ་བསམ་གཏན་གཉིས་པ་ཡན་ཆད་ན་དཔྱོད་པ་ཡང་མེད་པའི་ཕྱིར་ཡང་ཞེས་པས་གཡོ་དང་སྒྱུ་ཡང་མེད་པར་བཤད་དོ། །གཉིས་པ་ནི། དང་པོ་ཙམ་གྱི་དགེ་སེམས་ལ། ཞེས་སོགས་སུ་བསྒྱུར་བས་གོ་སླའོ། །གསུམ་པ་སེམས་བྱུང་འགའ་ཞིག་གི་ཁྱད་པར་ལ། སེམས་བྱུང་བརྒྱད་ཀྱི་ཁྱད་པར་དང་། སེམས་སེམས་བྱུང་གི་མིང་གི་རྣམ་གྲངས་གཉིས་དང་། དང་པོ་ནི། ཤེས་བྱ་ཆོས་ཅན། ངོ་ཚ་མེད་པ་དང་ཁྲེལ་མེད་པ་ལ་ཁྱད་པར་ཡོད་དེ། སྔ་མ་ནི་ཡུལ་ཁྱད་པར་ཅན་ལ་མ་གུས་པའི་སེམས་བྱུང་དང་། ཕྱི་མ་ནི་རང་རྒྱུད་ཀྱི་ཁ་ན་མ་ཐོ་བ་ལ་འཇིགས་པར་མི་ལྟ་བའི་སེམས་བྱུང་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ཉོན་མོངས་ཅན་གྱི་དགའ་བ་ཡོད་དེ། བུ་དང་ཆུང་མ་ལ་ཆགས་པའི་སྲེད་པ་དེ་དེ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ཡང་དག་པའི་དགའ་བ་ཡོད་དེ། གང་ཟག་ཡོན་ཏན་ཅན་ལ་དང་བའི་དད་པ་དེ་དེ་ཡིན་པའི་ཕྱིར། ངོ་ཚ་ཤེས་པ་ཆོས་ཅན། ཁྱོད་ཡོད་དེ། གུས་པ་དེ་ཁྱོད་ཡིན་པའི་ཕྱིར། དེ་གཉིས་ཆོས་ཅན། འདོད་པ་དང་གཟུགས་དག་ན་གཏོགས་ལ། གཟུགས་མེད་དུ་གཏོགས་པ་མ་ཡིན་ཏེ། ཁྱོད་གཉིས་ཡུལ་གཞན་ལ་དམིགས་ནས་འབྱུང་བའི་ཕྱིར། རྒྱུ་མཚན་ཡོད་དེ། གཟུགས་མེད་ཁམས་ན་གཅིག་གི་དམིགས་ཡུལ་དུ་གཅིག་མི་རུང་བའི་ཕྱིར། རྟོག་པ་དང་དཔྱོད་པ་གཉིས་ནི་ཆོས་ཅན། ཁྱོད་ལ་རྩིང་ཞིབ་ཀྱི་ཁྱད་པར་ཡོད་དེ། སྔ་མ་ནི་རྩིང་བ་དང་། ཕྱི་མ་ནི་ཞིབ་པའི་རྣམ་པ་ཅན་ཡིན་པའི་ཕྱིར། ང་རྒྱལ་ཆོས་ཅན། ཁྱོད་འཇོག་ཚུལ་ཡོད་དེ། རང་སྟོབས་ཀྱིས་སེམས་ཁེངས་པར་བྱེད་པའི་སེམས་བྱུང་རྫས་ཡོད་དེ་ཁྱོད་ཡིན་པའི་ཕྱིར། རྒྱགས་
པ་ཆོས་ཅན། ཁྱོད་འཇོག་ཚུལ་ཡོད་དེ། རང་གི་རིགས་དང་ཆོས་ལ་ཆགས་པ་ཡིས་ཡོངས་སུ་གཏུགས་པའི་སེམས་བྱུང་ཡིན་པའི་ཕྱིར། གཉིས་པ་ནི། སེམས་དང་ཡིད་དང་རྣམ་ཤེས་གསུམ་ཆོས་ཅན། དོན་ཐ་དད་མ་ཡིན་ཏེ། དོན་གཅིག་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། དོན་གཅིག་པར་མ་ཟད། སེམས་སེམས་བྱུང་ལ་རྟེན་བཅས་ཞེས་བྱ་སྟེ། བདག་རྐྱེན་ལ་བརྟེན་པ་ཡིན་པའི་ཕྱིར། དམིགས་བཅས་ཞེས་བྱ་སྟེ། རང་ཡུལ་ལ་དམིགས་པའི་ཕྱིར། རྣམ་བཅས་ཞེས་བྱ་སྟེ། རང་གི་དམིགས་པ་དེ་ཉིད་ལ་རྣམ་པ་རེ་རེ་ནས་བྱེ་བྲག་ཏུ་དཔྱོད་པའི་ཕྱིར། མཚུངས་ལྡན་ཞེས་བྱ་སྟེ། མཚུངས་ལྡན་རྣམ་པ་ལྔ་མཚུངས་ཡིན་པའི་ཕྱིར། དེར་ཐལ། རྟེན་དམིགས་པ། རྣམ་པ། དུས། རྫས་ལྔ་མཚུངས་པའི་ཕྱིར། །

ལྡན་མིན་འདུ་བྱེད་བཅུ་བཞི་བཤད་པ།


GLG014_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལྡན་མིན་འདུ་བྱེད་ལ། དབྱེ་བའི་སྒོ་ནས་མདོར་བསྟན་པ། སོ་སོའི་རང་བཞིན་རྒྱས་པར་བཤད་པ། ཆོས་གཞན་གྱི་ཁྱད་པར་བསྟན་པའི་སྒོ་ནས་དོན་བསྡུ་བའོ། །དང་པོ་ནི། ལྡན་མིན་འདུ་བྱེད་ཆོས་ཅན། ཁྱོད་ལ་དབྱེ་ན་བཅུ་བཞི་ཡོད་དེ། ཐོབ་པ། མ་ཐོབ་པ། སྐལ་མཉམ། འདུ་ཤེས་མེད་པ། དེའི་སྙོམས་འཇུག །འགོག་སྙོམས། སྲོག །འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་དང་། རྒ་བ། གནས་པ། མི་རྟག་པ། མིང་གི་ཚོགས་ལ་སོགས་པས་ངག་གི་ཚོགས། ཡི་གེའི་ཚོགས་ཏེ་བཅུ་བཞི་ཡོད་པའི་ཕྱིར། གཉིས་པ་ལ། ཐོབ་སོགས་གསུམ་བཤད། འདུ་ཤེས་མེད་པ་སོགས་གསུམ་བཤད། སྲོག་སོགས་ལྔ་བཤད། མིང་སོགས་གསུམ་བཤད། ཞར་ལ་མཐའ་དཔྱད་པ་དང་ལྔ། དང་པོ་ལ། ཐོབ་མ་ཐོབ་བཤད་པ་དང་། སྐལ་པ་མཉམ་པ་བཤད་པ་གཉིས། དང་པོ་ལ། ཐོབ་མ་ཐོབ་ཀྱི་ངོ་བོ་དང་། ཁྱད་ཆོས་གཉིས། དང་པོ་ལ་ཚིག་གི་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། ཐོབ་པ་འཇོག་ཚུལ་ཡོད་དེ། རང་གང་ལ་ལྡན་པའི་རྟེན་གྱི་གང་


GLG014_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་གི་རྒྱུད་ལ་ལྡན་པར་བྱེད་པའི་རྫས་ཅིག་ལ་འཇོག་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་དབྱེ་ན་གཉིས་ཡོད་དེ། རྙེད་ཐོབ་དང་ལྡན་ཐོབ་གཉིས་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། འཕགས་རྒྱུད་ལ་མཐོང་ལམ་གསར་དུ་ལྡན་པར་བྱེད་པའི་རྫས་ཅིག་ལ་བྱེད་པའི་ཕྱིར། གཉིས་པ་གྲུབ་སྟེ། སོ་སོ་སྐྱེ་བོའི་རྒྱུད་ལ་ངོ་བོ་ཡེ་ནས་ལྡན་པར་བྱེད་པའི་རྫས་ཅིག་ལ་བྱེད་པའི་ཕྱིར། ཤེས་བྱ་ཆོས་ཅན། མ་ཐོབ་པ་ཡོད་དེ། ཐོབ་བྱའི་ཆོས་དེ་ཉིད་རྟེན་གྱི་གང་ཟག་དེའི་རྒྱུད་ལ་ལྡན་པ་ལ་གེགས་བྱེད་པའི་རྫས་ཅིག་ལ་བྱེད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་གཉིས་ཡོད་དེ། རྙེད་པའི་མ་ཐོབ་པ་དང་། ལྡན་པའི་མ་ཐོབ་པ་གཉིས་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། སྦྱོར་ལམ་པའི་རྒྱུད་ལ་མཐོང་ལམ་སྐྱེ་བ་ལ་གེགས་བྱེད་པའི་རྫས་ཅིག་ལ་འཇོག་པའི་ཕྱིར། གཉིས་པ་གྲུབ་སྟེ། བསམ་གཏན་གྱི་དངོས་གཞི་ལས་ཉམས་ཏེ་སླར་དེ་ལྡན་པ་ལ་གེགས་བྱེད་པའི་རྫས་ཅིག་ལ་བྱེད་པའི་ཕྱིར། ཐོབ་མ་ཐོབ་གཉིས་ཀ་ཆོས་ཅན། མཐའ་གཅིག་ཏུ་འདུས་བྱས་ཀྱི་ངེས་པ་མེད་དེ། དམིགས་བསལ་རྒྱུད་ཀྱིས་བསྡུས་པའི་འདུས་བྱས་མ་ཡིན་པ་འགོག་པ་གཉིས་ཀྱི་ཐོབ་པ་ཡོད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཆོས་རྗེ་བསོད་ནམས་གྲགས་པ་དང་། དྲུང་ཆེན་དངོས་གྲུབ་པ་གཉིས་ཀྱིས། ཐོབ་པ་དང་། རྙེད་པ་དང་། ལྡན་པ་གསུམ་མིང་གི་རྣམ་གྲངས་ཡིན་ཞེས་འཆད་པ་འདི་ལ། དེ་གསུམ་ལ་དབྱེ་བ་དང་། དབྱེ་གཞིའི་ཁྱད་པར་མེད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། ཡོད་པར་ཐལ། ཐོབ་པ་དབྱེ་གཞི་དང་། གཞན་གཉིས་པོ་དབྱེ་བའི་ཡ་གྱལ་ཡིན་པའི་ཕྱིར། དེར་ཐལ། མཛོད་འགྲེལ་ལས། ཐོབ་པ་ནི་རྣམ་པ་གཉིས་ཏེ། མ་ཐོབ་པ་དང་རྣམ་པར་ཉམས་པ་ལས་རྙེད་པ་དང་། ཐོབ་ནས་ལྡན་པའོ། །ཞེས་གསུངས་པའི་ལུང་དོན་གྲུབ་


GLG014_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། །སྨྲས་པ། ཡོངས་འཛིན་བླ་མའི་གསུང་རྒྱུན་ཉིན་བྱེད་ལས། །དངོས་སྟོབས་རིགས་པའི་འོད་ཟེར་སྤྲོས་པའི་ཚེ། །མཁས་རློམ་དྲེགས་པའི་ཀུནྡ་ཟུམ་པ་དང་། །རྗེས་འཇུག་མེ་ཁྱེར་ཉམས་པ་མཉམ་དུ་བྱས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་ཁྱད་ཆོས་ལ། ཐོབ་པའི་ཁྱད་ཆོས་དང་། མ་ཐོབ་པའི་ཁྱད་ཆོས་གཉིས། དང་པོ་ལ། སྤྱིར་བསྟན་པ་དང་། དམིགས་བསལ་གཉིས། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། ཐོབ་བྱའི་ཆོས་ཆོས་ཅན། ཁྱོད་ལ་དུས་གསུམ་ཀ་གཞག་ཏུ་ཡོད་དེ། ལྟོས་ས་ལྟོས་འཇོག་གི་རྣམ་པ་གསུམ་དུ་འཇོག་པའི་ཕྱིར། དང་པོ་གྲུབ་སྟེ། ཁ་སང་གི་དུས་ཀྱི་བསམ་གཏན་གྱི་སྡོམ་པ་ལྡན་པར་བྱེད་པའི་རྫས་ཅིག་ལ་དེའི་ཐོབ་པ་འདས་པར་འཇོག་པའི་ཕྱིར། གཉིས་པ་གྲུབ་སྟེ། བསམ་གཏན་གྱི་སྡོམ་པ་སང་གི་དུས་སུ་ལྡན་པར་བྱེད་པའི་རྫས་ཅིག་ལ་དེའི་ཐོབ་པ་མ་འོངས་པར་འཇོག་པའི་ཕྱིར། གསུམ་པ་གྲུབ་སྟེ། དེ་རིང་གི་དུས་སུ་ཁོ་རང་གང་ལྡན་པའི་རྟེན་གྱི་གང་ཟག་གི་རྒྱུད་ལ་ལྡན་པར་བྱེད་པའི་རྫས་ཅིག་ལ་ཐོབ་པ་ད་ལྟར་བར་འཇོག་པའི་ཕྱིར། དགེ་བ་དང་ལ་སོགས་པ་མི་དགེ་བ་ལུང་མ་བསྟན་གསུམ་ནི་ཆོས་ཅན། ཁྱོད་ཀྱི་ཐོབ་པ་འཇོག་ཚུལ་ཡོད་དེ། གོ་རིམ་བཞིན་དུ་དགེ་བ་ལ་སོགས་པ་རྣམས་སུ་འཇོག་པའི་ཕྱིར། ཐོབ་བྱའི་ཆོས་ཁམས་གསུམ་པོ་དེར་གཏོགས་པ་རྣམས་ཀྱི་ཐོབ་པ་ནི་རང་རང་གི་ཁམས་སུ་གཏོགས་ཏེ། དེ་འདོད་པའི་སས་བསྡུས་ན། ཐོབ་པ་ཡང་འདོད་པའི་སས་བསྡུས། དེ་གཟུགས་ཀྱི་སས་བསྡུས་ན། ཅིག་ཤོས་ཀྱང་གཟུགས་ཀྱི་སས་བསྡུས། དེ་གཟུགས་མེད་ཀྱི་སས་བསྡུས་ན། ཅིག་ཤོས་ཀྱང་གཟུགས་མེད་ཀྱི་སས་བསྡུས་པའི་ཕྱིར། ཤེས་བྱ་ཆོས་ཅན། ཐོབ་བྱའི་ཆོས་སར་མ་གཏོགས་པ་རྣམས་ཀྱི་རྣམ་


GLG014_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞི་ཡོད་དེ། ཐོབ་བྱའི་ཆོས་དེ་ཁམས་གསུམ་གྱི་སར་མ་གཏོགས་ལ། དེའི་ཐོབ་པ་དེ་རྣམས་ཀྱི་སས་བསྡུས་པ་སོགས་མུ་གསུམ། ཆོས་དེ་ཁམས་གསུམ་གང་རུང་གི་སར་མ་གཏོགས་ལ། དེའི་ཐོབ་པ་ཡང་དེ་གསུམ་གང་རུང་གི་སས་མ་བསྡུས་པའི་མུ་དང་བཞི་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། འདོད་པའི་རྟེན་ཅན་གྱི་གང་ཟག་གི་རྒྱུད་ཀྱི་སོ་སོར་བརྟགས་མིན་གྱི་འགོག་པ་འདོད་པའི་སར་མ་གཏོགས་ཀྱང་། དེའི་ཐོབ་པ་དེའི་སས་བསྡུས་པའི་ཕྱིར། གཉིས་པ་དང་གསུམ་པ་གྲུབ་སྟེ། གཟུགས་གཟུགས་མེད་ཀྱི་རྟེན་ཅན་གྱི་རྒྱུད་ཀྱི་དེ་གཉིས་རིམ་པ་བཞིན་དུ་ཡིན་པའི་ཕྱིར། བཞི་པ་གྲུབ་སྟེ། འགོག་ལམ་གཉིས་པོ་དེ་དེ་ཡིན་པའི་ཕྱིར། སློབ་པའི་ཆོས་ཡོད་དེ། རང་གང་ལ་ལྡན་པའི་རྟེན་ཅན་གྱི་གང་ཟག་སློབ་པ་འཕགས་པར་མཚོན་པར་བྱེད་པའི་འདུས་བྱས་ཀྱི་ཡོན་ཏན་དེ་ཡིན་པའི་ཕྱིར། མི་སློབ་པའི་ཆོས་ཡོད་དེ། རང་གང་ལ་ལྡན་པའི་རྟེན་གྱི་གང་ཟག་མི་སློབ་པར་མཚོན་པར་དེ་གསུམ་གྱི་ཐོབ་པ་གསུམ་མོ། །བྱེད་པའི་དེའི་རྒྱུད་ཀྱི་ཡོན་ཏན་དེ་ཡིན་པའི་ཕྱིར། སློབ་མི་སློབ་གང་རུང་མ་ཡིན་པའི་ཆོས་ཡོད་དེ། རང་གང་ལ་ལྡན་པའི་གང་ཟག་སློབ་པ་དང་མི་སློབ་པ་གང་རུང་མ་ཡིན་པར་མཚོན་པར་བྱེད་པའི་ཡོན་ཏན་དེ་དེ་ཡིན་པའི་ཕྱིར། ཐོབ་བྱའི་ཆོས་སྤང་བྱ་མ་ཡིན་པ་ཆོས་ཅན། ཁྱོད་ཀྱི་ཐོབ་པ་ལ་གཉིས་ཡོད་དེ། ཁྱོད་ཀྱི་ཐོབ་པ་སྤང་བྱ་ཡིན་པ་དང་མ་ཡིན་པ་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། སོ་སོར་བརྟགས་མིན་གྱི་ཐོབ་པ་དང་འཕགས་པ་མིན་པས་ཐོབ་པའི་སོ་སོར་བརྟགས་འགོག་ཐོབ་པ་དེ་དེ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། འཕགས་ལམ་གྱིས་ཐོབ་པའི། ལམ་བདེན་གྱི་ཐོབ་པ་སོ་སོར་བརྟགས་འགོག་གི་ཐོབ་པ་དང་དེ་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཆོས་རྗེ་བསོད་ནམས་གྲགས་པས། ཐོབ་བྱའི་ཆོས་འདོད་ཁམས་སུ་གཏོགས་པ་རྣམས་ཀྱི་ཐོབ་པ་འདོད་པར་གཏོགས་


GLG014_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། དེ་ཉིད་ཁམས་གོང་མ་གཉིས་ལ་ཡང་སྦྱར་བར་བྱ་བ་དང་། ཟག་པ་མེད་པའི་ཆོས་ཀྱི་ཐོབ་པ་ཁམས་གང་དུ་ཡང་མ་གཏོགས་པའི་ཕྱིར་ཞེས་འཆད་ན། མ་གཏོགས་རྣམས་ཀྱི་རྣམ་པ་བཞི། །ཞེས་པའི་བཞི་པོ་དེ། བཤད་མ་ཐག་པའི་བཞི་པོ་དེ་ལ་བྱེད་རིགས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ཁམས་གསུམ་གང་རུང་དུ་ཐོབ་བྱའི་ཆོས་མ་གཏོགས་པ་དེ་ལ་རྣམ་པ་བཞིར་བྱེད་དགོས་པའི་ཕྱིར། དེར་ཐལ། ཐོབ་བྱའི་ཆོས་ཁམས་གསུམ་གྱི་སར་མ་གཏོགས་ལ། དེའི་ཐོབ་པ་སོ་སོའི་སས་བསྡུས་པ་གསུམ་དང་། ཁམས་གསུམ་གང་རུང་གི་སས་མ་བསྡུས་པ་གཅིག་དང་བཞིར་བྱེད་དགོས་པའི་ཕྱིར། དེར་ཐལ། མཛོད་འགྲེལ་ལས། ཟག་པ་མེད་པའི་ཆོས་རྣམས་ཀྱི་ཐོབ་པ་ནི་མདོར་བསྡུ་ན་རྣམ་པ་བཞི་སྟེ། ཁམས་གསུམ་དང་ཟག་པ་མེད་པའོ། །དེ་ལས་སོ་སོར་བརྟགས་པ་ཡིན་པས་འགོག་པ་ནི། ཁམས་གསུམ་པ་བ་ཡིན་ནོ། །སོ་སོར་བརྟགས་པས་འགོག་པ་ནི། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའང་ཡིན་ལ་ཟག་པ་མེད་པའང་ཡིན་ནོ། །ལམ་གྱི་བདེན་པའི་ནི་ཟག་པ་མེད་པ་ཉིད་དེ། ཞེས་གསུངས་པ་ལ་རྒྱུ་མཚན་ཡོད་པའི་ཕྱིར། ཡང་ཆོས་རྗེ་བསོད་ནམས་གྲགས་པས། སློབ་པའི་ཐོབ་པ་སློབ་པ། མི་སློབ་པའི་ཐོབ་པ་མི་སློབ་པ། གཉིས་ཀ་མ་ཡིན་པའི་ཐོབ་པ་གཉིས་ཀ་མ་ཡིན་པར་གསུང་པ་ནི་ཤིན་ཏུ་རྩིང་བ་སྟེ། རང་གང་ལ་ལྡན་པའི་རྟེན་གྱི་གང་ཟག་སློབ་པ་འཕགས་པར་མཚོན་པར་བྱེད་པའི་འདུས་བྱས་ཀྱི་ཡོན་ཏན་ཞེས་པ་ལྟ་བུའི་ཆ་སྦྱོར་རིགས་པའི་ཕྱིར་དང་། སློབ་པ་འཕགས་པའི་རྒྱུད་ཀྱི་འགོག་བདེན། དེའི་ཆོས་མ་ཡིན་ཀྱང་། དེའི་ཐོབ་པ་དེའི་ཆོས་སུ་འཇོག་པ་སོགས་ཀྱི་རྒྱུ་མཚན་ཡོད་པའི་ཕྱིར། ཡང་། མཐོང་སྤང་གི་ཐོབ་པ་མཐོང་སྤང་། སྒོམ་སྤང་གི་ཐོབ་པ་སྒོམ་སྤང་། སྤང་བྱ་མ་ཡིན་པའི་ཐོབ་པ་


GLG014_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་བྱ་མ་ཡིན་པར་གསུང་བ་ནི་མི་རིགས་ཏེ། སྤང་བྱ་མ་ཡིན་པའི་ཐོབ་པ་ལ་སྤང་བྱ་མ་ཡིན་པ་དང་སྤང་བྱ་ཡིན་པ་གཉིས་ཡོད་པའི་ཕྱིར། དེར་ཐལ། རང་འགྲེལ་ལས་སྤང་བར་བྱ་བ་མ་ཡིན་པའི་ཆོས་རྣམས་ནི་ཟག་པ་མེད་པ་རྣམས་ཏེ། དེ་དག་ལས་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང་། འཕགས་པ་མ་ཡིན་པས་ཐོབ་པ་སོ་སོར་བརྟགས་པས་འགོག་པའི་ཐོབ་པ་ནི་བསྒོམས་པས་སྤང་བར་བྱ་བའོ། །ཞེས་སོགས་གསུངས་པའི་ཕྱིར། སྨྲས་པ། ཅུང་ཟད་ཐོས་དོན་བསམ་པའི་གྲུ་རྫིངས་ཀྱིས། །འཁོར་བའི་རྒྱ་མཚོ་ཆེ་ལས་སྒྲོལ་བའི་ཐབས། །ཉམས་ལེན་ངེས་འབྱུང་རླུང་གིས་མ་བསྐུལ་བར། །ཚིག་བཤད་ཞ་ཉེའི་ཕ་བོང་གིས་ཀྱང་ཅི། །ངན་འགྲོའི་འཇིགས་སྐྲག་འཁོར་བའི་ཉེས་དམིགས་དང་། །དལ་འབྱོར་རྙེད་དཀའ་ཚེ་འདི་ལོང་མེད་ཚུལ། །བསམས་ཚེ་ཐོས་དོན་ཉམས་སུ་མི་ལེན་པར། ཁ་བཤད་ཙམ་གྱིས་རང་ཉིད་སླུ་བའི་རྒྱུ། །འོན་ཀྱང་ཆོས་མངོན་མཛོད་ཀྱི་དགོངས་འགྲེལ་དུ། །གྲགས་ཀྱང་དབྱིག་གཉེན་ལུགས་ལས་ཕྱིར་གྱུར་པའི། །སྔ་རབས་མཁས་པའི་དམ་བཅའ་མཐོང་བའི་ཚེ། །ཐལ་འགྱུར་འཕེན་ལ་རང་དབང་ཅི་ཞིག་མཆིས། །ཡིད་བཞིན་ནོར་ལྟར་དཀོན་པའི་ལེགས་བཤད་དག །མཆོག་གསུམ་མཁྱེན་བརྩེའི་གཏེར་གྱུར་ཆོས་ཚུལ་ཀུན། །འཕེལ་མཛད་ཡོངས་འཛིན་བླ་མས་སྩལ་བའི་ཚེ། །མཁས་རློམ་གཞན་ལ་འདུད་པའི་རེ་བ་ཕྲ། །སེམས་དོན་རྟོགས་པར་གྲགས་པའི་བོད་རྒན་རྣམས། །ཅལ་རྒྱུག་བྱེད་པའི་གྲལ་འགོར་མ་སླེབ་ཀྱང་། །བློ་གསལ་ཚོགས་པའི་དབུས་ན་མི་སྨྲའི་རྒྱན། །མ་ཚུད་འདིས་ཀྱང་ཡིད་ཀྱི་སྤྲོ་དགའ་འཕེལ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་དམིགས་བསལ་ནི། མ་བསྒྲིབས་ལུང་མ་བསྟན་ཆོས་ཅན། ཁྱོད་ཀྱི་ཐོབ་པ་ཡོད་དེ། ཁྱོད་ཀྱི་ཐོབ་པ་ལྷན་སྐྱེས་


GLG014_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་སྤྱིར་སྔར་སྐྱེས་དང་ཕྱི་སྐྱེས་མེད་དེ། སྒྲིབ་པའི་རིག་བྱེད་ཀྱི་གཟུགས་ཀྱི་ཐོབ་པ་ལྷན་སྐྱེས་ཁོ་ན་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་དམིགས་ཀྱིས་བསལ་ན་མ་ངེས་ཏེ། སྔར་སྐྱེས་དང་ཕྱི་སྐྱེས་གཉིས་ཀ་ཡོད་པ་དང་། སྔར་སྐྱེས་མེད་ལ། ཕྱི་སྐྱེས་དང་ད་ལྟར་སྐྱེས་གཉིས་ཀ་ཡོད་པ་འཇོག་རིགས་པའི་ཕྱིར། དང་པོ་གྲུབ་སྟེ། མངོན་ཤེས་ལུང་མ་བསྟན་དང་། སྤྲུལ་སེམས་ལུང་མ་བསྟན་གཉིས་ལ་སྔར་སྐྱེས་དང་ཕྱི་སྐྱེས་གཉིས་ཀ་ཡོད་སྲིད་པའི་ཕྱིར། གཉིས་པ་གྲུབ་སྟེ། འདོད་པ་ན་སྤྱོད་པའི་གཟུགས་ཅན་གྱི་དགེ་མི་དགེའི་ཐོབ་པ་དེ་དེ་ཡིན་པའི་ཕྱིར། གཉིས་པ་མ་ཐོབ་པའི་ཁྱད་ཆོས་ལ་སྤྱིར་བསྟན་པ་དང་། གཏོང་ཚུལ་གཉིས། དང་པོ་ནི། དགེ་མི་དགེ་ལུང་མ་བསྟན་གང་རུང་གི་མ་ཐོབ་པ་ཆོས་ཅན། ཁྱོད་འཇོག་ཚུལ་ཡོད་དེ། མ་བསྒྲིབས་ལུང་མ་བསྟན་དུ་ངེས་པའི་ཕྱིར། ཐོབ་བྱའི་ཆོས་ཀྱི་འདས་པ་སོགས་གསུམ་ལ་རེ་རེ་ནས་དུས་གསུམ་དུ་ཡོད་པ་ལྟར། མ་ཐོབ་པ་ལ་ཡང་ད་ལྟར་བ་མ་གཏོགས་པ་ལ་དེ་ལྟར་ཡོད་དེ། རིམ་པ་བཞིན་དུ་ཡོད་པའི་ཕྱིར། དང་པོ་ནི་གྲུབ་སྟེ། སྔོན་ཐོག་མ་མེད་པ་ནས་ཁ་སང་གི་བར་གྱི་སྡོམ་པ་ལྡན་པ་ལ་གེགས་བྱེད་པའི་རྫས་ཞིག །ཁ་སང་གི་སྡོམ་པའི་མ་ཐོབ་པ་སྔར་སྐྱེས་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། སྡོམ་པ་དེ་སངས་ཉིན་ཕན་ཆད་དུ་ལྡན་པ་ལ་གེགས་བྱེད་པའི་རྫས་ཤིག་དེའི་མ་ཐོབ་པ་ཕྱི་སྐྱེས་ཡིན་པའི་ཕྱིར། གསུམ་པ་གྲུབ་སྟེ། སྡོམ་པ་དེ་དེ་རིང་ལྡན་པ་ལ་གེགས་བྱེད་པའི་རྫས་ཤིག་ལ་དེའི་མ་ཐོབ་པ་ད་ལྟར་བར་འཇོག་པའི་ཕྱིར། དེས་མ་སྐྱེས་པ་དེ་མ་འོངས་པ་ལ་མཚོན། ད་ལྟར་བ་ལ་སྔ་ཕྱི་གཉིས་ཡོད་ཀྱང་། ཅིག་ཤོས་ལ་མེད་དེ། ཁོ་རང་དུས་སུ་ཐོབ་བྱའི་ཕྱིར་ཐོབ་པའི་ཆོས་འདོད་པ་སོགས་ཁམས་གསུམ་གང་རུང་དུ་གཏོགས་པ་རྣམས་ཆོས་ཅན། ཁྱོད་ལ་དེའི་ཐོབ་པ་ཁམས་


GLG014_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཅི་རིགས་སུ་གཏོགས་པ་ཡོད་དེ། རྟེན་གྱི་གང་ཟག་གང་དུ་སྐྱེས་པའི་ས་དེར་གཏོགས་པའི་ཕྱིར། དྲི་མེད་ལམ་བདེན་གྱི་མ་ཐོབ་པའང་ཆོས་ཅན། ཁམས་གསུམ་གང་རུང་དུ་གཏོགས་ཏེ། སྐྱེ་བའི་ས་དེར་གཏོགས་པའི་ཕྱིར། ལམ་བདེན་གྱི་མ་ཐོབ་པ་ཆོས་ཅན། དྲི་མེད་མ་ཡིན་ཏེ། སོ་སོ་སྐྱེ་བོའི་རྒྱུད་ལ་ཡོད་པའི་ཟག་བཅས་ཡིན་པའི་ཕྱིར། འཕགས་ལམ་མ་ཐོབ་པའི་རྒྱུད་ལ་ཡོད་པའི་དེ་ཡིན་པའི་ཕྱིར། གཉིས་པ་གཏོང་ཚུལ་ནི། ཤེས་བྱ་ཆོས་ཅན། རྒྱུ་གང་གིས་གཏོང་ཚུལ་ཡོད་དེ། རྟོགས་པའི་མ་ཐོབ་པ་རྟོགས་པ་དེ་ཐོབ་པ་དང་། སའི་མ་ཐོབ་པས་འཕོས་ནས་ནི་རྣམ་པར་ཉམས་པར་འགྱུར་བའི་ཕྱིར། དང་པོ་གྲུབ་སྟེ། ཚོགས་ལམ་པའི་རྒྱུད་ལ་སྦྱོར་ལམ་ཐོབ་པའི་ཚེ། དེའི་རྒྱུད་ཀྱི་སྦྱོར་ལམ་གྱི་མ་ཐོབ་པ་གཏོང་བའི་ཕྱིར། གཉིས་པ་གྲུབ་སྟེ། བསམ་གཏན་དང་པོ་པ་གཉིས་པར་འཕོས་པའི་ཚེ། དེའི་རྒྱུད་ཀྱི་བསམ་གཏན་གཉིས་པ་མ་ཐོབ་པ་གཏོང་བའི་ཕྱིར་རོ། །གཉིས་པ་སྐལ་མཉམ་ནི། ཤེས་བྱ་ཆོས་ཅན། སྐལ་མཉམ་གཞག་ཏུ་ཡོད་དེ། དེའི་རྫས་ནི་སེམས་ཅན་རྣམས་ཀྱི་འདྲ་བ་སྟེ་རིགས་མཐུན་པ་ཞེས་ཀྱང་བྱ་བའི་ཕྱིར། གཉིས་པ་འདུ་ཤེས་མེད་པ་སོགས་གསུམ་ལ། འདུ་ཤེས་མེད་པ། དེའི་སྙོམས་འཇུག །འགོག་པའི་སྙོམས་འཇུག་དང་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། འདུ་ཤེས་མེད་པར་སྐྱེས་པའི་གང་ཟག་གི་ས་དེར་སེམས་སེམས་བྱུང་མ་ལུས་པ་འགོག་པ་པོ་ཡོད་དེ། འདུ་ཤེས་མེད་པའི་སྙོམས་འཇུག་དེ་ཡིན་པའི་ཕྱིར། དེའི་སྙོམས་འཇུག་གི་རྣམ་སྨིན་གྱི་འབྲས་བུ་ཆོས་ཅན། དགེ་སོགས་གསུམ་པོ་གང་རུང་ཡིན་ཏེ། ལུང་མ་བསྟན་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་གནས་ཡོད་དེ། འབྲས་བུ་ཆེ་བ་དང་གྲོང་དང་དགོན་པའི་ཚུལ་དུ་ཡོད་པའི་ཕྱིར། གཉིས་པ་ནི། འདུ་ཤེས་མེད་པའི་སྙོམས་འཇུག་ཆོས་ཅན།


GLG014_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱིས་སེམས་སེམས་བྱུང་འགོག་པར་བྱེད་དེ། སྔར་བཤད་པ་བཞིན་དུ་འགོག་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་རྒྱུ་ཡོད་དེ། བསམ་གཏན་ཐ་མ་སྟེ་བཞི་པའི་རབ་མཐའ་ལ་བརྟེན་ནས་ངེས་པར་འབྱུང་བའི་ཚུལ་དུ་སྐྱེ་བར་འདོད་པའི་ཕྱིར། དེ་ཆོས་ཅན། ངོ་བོའི་ཁྱད་པར་དང་ལྡན་ཏེ། དགེ་བ་ཟག་བཅས་ཡིན་པའི་ཕྱིར། སྐྱེ་ཚུལ་ཡོད་དེ། སྐྱེས་ནས་མྱོང་འགྱུར་ཉིད་ཀྱི་ཚུལ་དུ་སྐྱེ་བའི་ཕྱིར། རྟེན་གྱི་གང་ཟག་འཕགས་པ་མ་ཡིན་པའི་སོ་སོ་སྐྱེ་བོ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་ཡོད་པའི་ཐོབ་པ་སྐད་ཅིག་དང་པོ་དུས་གཅིག་ཁོ་ན་ཡིན་ཏེ། དེ་ད་ལྟ་བ་ཡོད་ཀྱི་སྔར་སྐྱེས་དང་ཕྱི་སྐྱེ་གཉིས་ཀ་མེད་པའི་ཕྱིར། གསུམ་པ་ནི། འགོག་པའི་སྙོམས་འཇུག་ཅེས་པའང་ཆོས་ཅན། སེམས་སེམས་བྱུང་མཐའ་དག་འགོག་པ་ཉིད་ཡིན་ཏེ། སྔར་བཤད་པ་དེ་བཞིན་དང་མཚུངས་པའི་ཕྱིར། འདི་ཆོས་ཅན། དགོས་པའི་ཁྱད་པར་དང་ལྡན་ཏེ། ཟག་བཅས་ཀྱི་ཚོར་འདུ་ཉེ་བར་ཞི་བའི་ཉེར་ཞི་ལ་གནས་པའི་དོན་དུ་དམིགས་པ་དང་ལྡན་པའི་ཕྱིར། དེ་ཆོས་ཅན། གང་དུ་སྐྱེ་བ་ཡོད་དེ། འགོག་སྙོམས་བསྒོམས་པ་ལ་བརྟེན་ནས་སྲིད་རྩེར་སྐྱེ་བའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་ངོ་བོ་གཞག་ཏུ་ཡོད་དེ། དགེ་བ་ཡིན་པའི་ཕྱིར། དེ་ཆོས་ཅན། མྱོང་འགྱུར་གྱི་ཁྱད་པར་ཡོད་དེ། སྐྱེས་ནས་མྱོང་འགྱུར་དང་། ལན་གྲངས་གཞན་ལ་མྱོང་འགྱུར་དང་། འབྲས་བུ་མྱོང་བར་མ་ངེས་པ་སྟེ་གསུམ་ཡོད་པའི་ཕྱིར། དེ་ཆོས་ཅན། རྟེན་གྱི་གང་ཟག་ཡོད་དེ། ཉན་རང་འཕགས་པའི་སྦྱོར་བ་འབད་པ་དང་བཅས་པས་འཐོབ། ཐུབ་པས་བྱང་ཆུབ་མཆོག་བརྙེས་པའི་ཚུལ་གྱིས་འབད་མེད་དུ་ཐོབ་པ་ཡིན་པའི་ཕྱིར། དེ་བྱང་ཆུབ་ཀྱི་དང་པོར་བྱང་སེམས་ཀྱིས་ཐོབ་པ་མ་ཡིན་ཏེ་བྱང་འཕགས་ཀྱི་རྒྱུད་ལ་བདེན་པ་མངོན་རྟོགས་བཅུ་དྲུག །སྲིད་ཉོན་སྤོང་བྱེད་ཀྱི་བར་ཆད་མེད་ལམ་དགུ །དེ་ལས་གྲོལ་བའི་ལམ་དགུ་སྟེ། སྐད་ཅིག་མ་སུམ་ཅུ་རྩ་བཞི་བར་མ་


GLG014_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་དུ་འཐོབ་པ་གང་ཞིག །འགོག་སྙོམས་དེས་སེམས་སེམས་བྱུང་ཐམས་ཅད་འགོག་པའི་ཕྱིར། འདུ་ཤེས་མེད་པ་དང་འགོག་པའི་སྙོམས་འཇུག་གཉིས་ཀ་ཆོས་ཅན། འདོད་པ་དང་གཟུགས་ཀྱི་རྟེན་ལ་སྐྱེ་ཡང་ཁྱད་པར་ཅུང་ཟད་ཡོད་དེ། འགོག་སྙོམས་དང་པོར་ཐོབ་པ་འདོད་པའི་མིའི་ནང་དུ་ཡིན་ཞིང་། ཐོབ་ཟིན་ཉམས་ནས་སྐྱེད་པ་གཉིས་ཀའི་རྟེན་ལ་ཡོད་པའི་ཕྱིར། གསུམ་པ་སྲོག་སོགས་ལྔ་བཤད་པ་ལ་སྲོག་གི་དབང་པོ་བཤད་པ་དང་། འདུས་བྱས་ཀྱི་མཚན་ཉིད་བཞི་བཤད་པ་གཉིས། དང་པོ་ནི། སྲོག་ཆོས་ཅན། འཇོག་ཚུལ་ཡོད་དེ། ཕུང་པོའི་རིགས་འདྲ་གནས་པའི་རྟེན་བྱེད་པའི་ཚེ་ལ་འཇོག་པའི་ཕྱིར། བྱེད་ལས་ཡོད་དེ། འདོད་པ་དང་གཟུགས་ཁམས་སུ་དྲོད་དང་རྣམ་ཤེས་ཀྱི་རྟེན་བྱེད། གཟུགས་མེད་དུ་རྣམ་ཤེས་གཅིག་པུའི་རྟེན་བྱེད་པའི་ཕྱིར། གཉིས་པ་ནི། འདུས་བྱས་ཆོས་ཅན། རང་གི་མཚན་ཉིད་འཇོག་ཚུལ་ཡོད་དེ། སྐྱེ་བ་དང་། རྒ་བ་དང་། གནས་པ་དང་། མི་རྟག་པ་ཉིད་ཀྱིས་མཚོན་པ་ཡིན་པའི་ཕྱིར། འདུས་བྱས་ཀྱི་ཆོས་བྱེ་བྲག་པ་གཅིག་ཆོས་ཅན། ཁྱོད་ཀྱི་སྐྱེ་བ་ལ་སྐྱེ་བ་ཡོད་དེ། ཁྱོད་སྐྱེ་བའི་ཚེ། བརྒྱད་ཅིག་ཅར་དུ་སྐྱེ་བའི་ཕྱིར། དེར་ཐལ། སྐྱེ་བ་དེས་ཆོས་དེ་སྐྱེད་པའི་ཚེ་ཁོ་རང་མ་གཏོགས་པའི་བརྒྱད་ཅིག་ཅར་དུ་སྐྱེད་པའི་ཕྱིར། དེ་འདྲའི་སྐྱེ་བའི་སྐྱེ་བ་དེ། དེས་སྐྱེ་བ་གཅིག་པུ་སྐྱེད་པ་ལ་འཇུག་པའི་གནས་པའི་ཚེ་ཡང་ཆོས་གཞན་བརྒྱད་ཀ་གནས་པར་བྱེད་པའི་ཕྱིར། ཤེས་བྱ་ཆོས་ཅན། དེས་དེ་བརྒྱད་སྐྱེད་པར་བྱེད་ཀྱང་། མ་འོངས་པ་ཀུན་ཅིག་ཅར་དུ་སྐྱེད་པར་འགྱུར་བའི་སྐྱོན་མེད་དེ། རྒྱུ་དང་རྐྱེན་དག་ཚོགས་པ་མེད་པར་ནི་སྐྱེ་བ་ཁོ་ནས་བསྐྱེད་བྱ་དེ་སྐྱེད་པར་བྱེད་པ་མ་ཡིན་པའི་ཕྱིར། བཞི་པ་མིང་སོགས་གསུམ་བཤད་པ་ནི། མིང་ཆོས་ཅན། ཁྱོད་ཀྱི་ངོ་བོ་ཡོད་དེ། དོན་གྱི་ངོ་བོ་ཙམ་སྟོན་པའི་མཉན་བྱ་དེ་ཡིན་པའི་ཕྱིར། དེར་ཐལ།


GLG014_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཞེས་པ་ལྟ་བུ་མིང་གི་ཚོགས་ཡིན་པའི་ཕྱིར། ངག་ཆོས་ཅན། ཁྱོད་འཇོག་ཚུལ་ཡོད་དེ། དོན་གྱི་ངོ་བོ་ཁྱད་པར་དང་བཅས་པ་སྟོན་པའི་མཉན་བྱ་དེ་ཡིན་པའི་ཕྱིར། དེར་ཐལ། ཤིང་ལས་འབྲས་བུ་འབྱུང་ཞེས་པ་ལྟ་བུ་མིང་དང་ངག་གཉིས་ཀའི་གསལ་བྱེད་དུ་གྱུར་པའི་སྐད་གདངས་ཀྱི་ངོ་བོར་འཇོག་པའི་ཕྱིར། ཡི་གེ་ཆོས་ཅན། ཁྱོད་འཇོག་ཚུལ་ཡོད་དེ། ཀ་ལྟ་བུ་དུ་མ་ཚོགས་པ་ལ་འཇོག་པའི་ཕྱིར། ཚོགས་གསུམ་པོ་དེ་ཆོས་ཅན། ཁམས་གང་དུ་གཏོགས་ཚུལ་ཡོད་དེ། འདོད་པ་དང་གཟུགས་སུ་གཏོགས་ལ་གཟུགས་མེད་དུ་མ་གཏོགས་པའི་ཕྱིར། ཚོགས་གསུམ་པོ་ཆོས་ཅན། ཁྱད་ཆོས་གསུམ་དང་ལྡན་ཏེ། སེམས་ཅན་དུ་སྟོན་པ། རྒྱུ་མཐུན་ལས་བྱུང་བ། མ་བསྒྲིབས་ལུང་མ་བསྟན་ཡིན་པའི་ཁྱད་ཆོས་གསུམ་དང་ལྡན་པའི་ཕྱིར། རྣམ་སྨིན་ལས་བྱུང་བ་མ་ཡིན་ཏེ། རྒྱུ་མཐུན་ཁོ་ན་ལས་བྱུང་བའི་ཕྱིར། ལྔ་པ་མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། འདུ་ཤེས་མེད་པའི་ལྷ་ཡིན་ན། འདུ་ཤེས་མངོན་གྱུར་པ་རྒྱུད་ལ་མི་ལྡན་པས་ཁྱབ་ཟེར་ན། དེ་མི་འཐད་པར་ཐལ། འདུ་ཤེས་མངོན་གྱུར་རྒྱུད་ལ་ལྡན་པའི་འདུ་ཤེས་མེད་པའི་ལྷ་ཡོད་པའི་ཕྱིར། དེར་ཐལ། དེ་འཆི་ཁར་འདུ་ཤེས་མངོན་གྱུར་པ་རྒྱུད་ལ་སྐྱེས་ནས་འཆི་བའི་ཕྱིར། དེར་ཐལ། མདོ་ལས། སེམས་ཅན་དེ་དག་དུས་ཡུན་རིང་མོ་ཞིག་ཏུ་འདུག་འདུག་སྟེ་འདུ་ཤེས་སྐྱེས་ནས་གནས་དེར་འཆི་འཕོ་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །འགོག་སྙོམས་གསར་དུ་སྐྱེ་བའི་རྟེན་གྱི་གང་ཟག་ཡིན་ན་མི་ཡིན་པས་ཁྱབ་ཟེར་ན། མི་འཐད་པར་ཐལ། གཟུགས་ཁམས་པའི་རྟེན་ལ་དེ་གསར་དུ་སྐྱེ་བ་ཡོད་པའི་ཕྱིར། དེར་ཐལ། འདོད་གཟུགས་གཉིས་ཀའི་རྟེན་ལ་དེ་གསར་དུ་སྐྱེ་བ་ཡོད་པའི་ཕྱིར། དེར་ཐལ། དེ་གཉིས་ཀྱི་རྟེན་ལ་སེམས་མེད་སྙོམས་འཇུག་གཉིས་ཀ་གསར་དུ་སྐྱེ་བ་ཡོད་པའི་ཕྱིར། དེར་ཐལ། གཉིས་ཀ་འདོད་དང་གཟུགས་རྟེན་ཅན། །ཞེས་གསུངས་པའི་


GLG014_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། ཁ་ཅིག །འགོག་སྙོམས་ཡིན་ན། དང་པོར་མིའི་རྟེན་ལ་སྐྱེ་བས་ཁྱབ་ཟེར་ན། ལྷའི་རྟེན་ཅན་གྱི་ཕྱིར་མི་འོང་ལུས་མངོན་བྱེད་ཀྱི་རྒྱུད་ཀྱི་འགོག་སྙོམས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ལས་ཉོན་གྱི་དབང་གིས་འདོད་པར་སྐྱེ་བ་ལེན་པའི་ཕྱིར་མི་འོང་ལུས་མངོན་བྱེད་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ལས་ཉོན་གྱི་དབང་གིས་འདོད་པར་སྐྱེ་བ་ལེན་པའི་ཕྱིར་མི་འོང་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། འདོད་ཁམས་སུ་སྐྱེ་བ་ལེན་པའི་དེ་ཡོད་པར་ཐལ་ལོ། ཁ་ཅིག །འགོག་སྙོམས་ཐོབ་པའི་གང་ཟག་ཡིན་ན། འགོག་སྙོམས་མངོན་དུ་བྱས་པས་ཁྱབ་ཟེར་ན། དབང་ཤེས་རྒྱུད་ལ་ལྡན་པའི་སངས་འཕགས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཚོར་འདུ་རགས་པ་འགགས་པའི་གང་ཟག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། སྲོག་དབང་ཡིན་ན། དྲོད་ཀྱི་རྟེན་བྱེད་པའི་ཚེ་ཡིན་པས་ཁྱབ་ཟེར་ན། མི་འཐད་པར་ཐལ། གཟུགས་མེད་ཁམས་ན་སྲོག་ཡོད་པ་གང་ཞིག །ཅིག་ཤོས་མེད་པའི་ཕྱིར། ཕྱི་མ་དེར་ཐལ། དེ་ན་རླུང་མེད་པའི་ཕྱིར། དེར་ཐལ། དེ་ན་གཟུགས་མེད་པའི་ཕྱིར། ཁ་ཅིག །འདུས་བྱས་ཀྱིས་སྐྱེ་བ་དེས་སྐྱེད་པའི་བྱ་བ་བྱེད་པར་ཐལ། དེའི་བྱ་བ་ཡོད་པའི་ཕྱིར། འདོད་ན། དེའི་སྐྱེ་བའི་སྐྱེ་བ་དེ་ཡང་དངོས་པོ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། འདུས་བྱས་ཀྱི་སྐྱེ་བ་ཐུག་མེད་ཡིན་པར་ཐལ། འདོད་པའི་ཕྱིར་ན། མ་ཁྱབ་སྟེ། དེའི་སྐྱེ་བ་དེ་ཆོས་བརྒྱད་ལ་བྱེད་པ་འཇུག་ཅིང་། དེའི་སྐྱེ་བའི་སྐྱེ་བ་དེ་ཆོས་གཅིག་ལ་བྱེད་པ་འཇུག་པའི་ཕྱིར། གསུམ་པ་ཆོས་གཞན་གྱི་ཁྱད་པར་བསྟན་པའི་སྒོ་ནས་དོན་བསྡུ་བ་ནི། བཤད་མ་ཐག་པ་དེ་བཞིན་དུ་སྐལ་མཉམ་ཆོས་ཅན། ཁྱོད་ཀྱི་འབྱུང་ཚུལ་ཡོད་དེ། སེམས་ཅན་དུ་སྟོན་པ་དང་། རྒྱུ་མཐུན་གྱི་རྒྱུ་ལས་འབྱུང་བའི་ཕྱིར། མ་སྒྲིབས་ལུང་མ་བསྟན་ཆོས་ཅན། ཁྱོད་ཀྱི་ཁྱད་ཆོས་ཡོད་


GLG014_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

དེ། ཁྱད་ཆོས་གསུམ་དང་ལྡན་པའི་ཕྱིར། རྒྱུ་མཐུན་གྱི་རྒྱུ་ཁོ་ན་ལས་འབྱུང་བ་ནི་མ་ཡིན་ཏེ་རྣམ་སྨིན་ལས་འབྱུང་བའང་ཡོད་པའི་ཕྱིར། ཁམས་གསུམ་གར་གཏོགས་པ་ཡོད་པའི་སས་བསྡུས་པའི་ཆོས་ནི་ཆོས་ཅན། ཁྱོད་ཀྱི་ཐོབ་པ་ལ་གཉིས་ཡོད་དེ། རྒྱུ་མཐུན་དང་རྣམ་སྨིན་ལས་བྱུང་བ་གཉིས་ཡོད་པའི་ཕྱིར། དེར་ཐལ། མཚན་ཉིད་རྣམས་ཀྱང་རྒྱུ་དེ་ཉིད་དང་ལྡན་པའི་ཕྱིར། གོང་དུ་བཤད་པའི་སྙོམས་འཇུག་གཉིས་དང་། མི་ལྡན་པའི་འདུ་བྱེད་དག་ཆོས་ཅན། རྣམ་སྨིན་ལས་བྱུང་བ་མ་ཡིན་ཏེ། རྒྱུན་ཐུན་ཁོན་ལས་བྱུང་བའི་ཕྱིར། གསུམ་པ་རྒྱུ་རྐྱེན་འབྲས་བུའི་རྣམ་གཞག་ལ། རྒྱུ་འབྲས་སྤྱིར་བསྟན་པ། རྐྱེན་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ། རྒྱུ་བཤད་པ། འབྲས་བུ་བཤད་པ། དེ་གཉིས་ཀྱི་ཐུན་མོང་གི་ཆོས་བཤད་པ་དང་གསུམ། དང་པོ་ལ། དབྱེ་བའི་སྒོ་ནས་མདོར་བསྟན། སོ་སོའི་རང་བཞིན་རྒྱས་པར་བཤད། དུས་ཀྱི་སྒོ་ནས་དོན་བསྡུ་བ་དང་གསུམ། དང་པོ་ནི། རྒྱུ་ནི་ཆོས་ཅན། རྣམ་པ་དྲུག་ཏུ་འདོད་དེ། བྱེད་རྒྱུ་དང་ལྷན་ཅིག་འབྱུང་བ་དང་། སྐལ་མཉམ་དང་། མཚུངས་པར་ལྡན་པ་དང་། ཀུན་ཏུ་འགྲོ་བ་དང་། རྣམ་པར་སྨིན་པ་སྟེ་དྲུག་ཡོད་པའི་ཕྱིར། གཉིས་པ་ལ་དྲུག་ལས། དང་པོ་བྱེད་རྒྱུ་ཆོས་ཅན། ཁྱོད་གཞག་ཏུ་ཡོད་དེ། རང་སྐྱེ་བ་ལ་གེགས་མི་བྱེད་ཅིང་། རང་ལས་དོན་གཞན་པའི་ཆོས་ཅིག་ལ་བྱེད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་གཉིས་ཡོད་དེ། ནུས་ལྡན་དང་ནུས་མེད་གཉིས་ཡོད་པའི་ཕྱིར། དེར་ཐལ། རང་ལ་ཕན་འདོགས་པ་དང་། ཕན་གནོད་མེད་པ་གཉིས་ཡོད་པའི་ཕྱིར། རང་ལ་གནོད་པ་དེ་ཆོས་ཅན། བྱེད་རྒྱུ་མ་ཡིན་ཏེ། འཇིག་བྱེད་ཡིན་པའི་ཕྱིར། དཔེར་ན་བུམ་པ་འཇིག་པའི་ཐོ་བ་བཞིན་ནོ། །གཉིས་པ་ལྷན་ཅིག་འབྱུང་བའི་རྒྱུ་ལ་ངོ་བོ། མཚན་གཞི། སེམས་ཀྱི་རྗེས་འཇུག་ངོས་གཟུང་བ། རྗེས་སུ་འཇུག་པའི་ཚུལ་དང་བཞི། དང་པོ་ནི། ལྷན་ཅིག་


GLG014_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བའི་རྒྱུ་ཆོས་ཅན། ཁྱོད་ཀྱི་ངོ་བོ་ཡོད་དེ། ཕན་ཚུན་རྒྱུ་འབྲས་སུ་འབྱུང་བའི་རྒྱུ་ཅིག་དེ་ཡིན་པའི་ཕྱིར། གཉིས་པ་ནི། དེ་ཆོས་ཅན། ཁྱོད་ཀྱི་མཚན་གཞི་ཡོད་དེ། ཚོགས་པ་གཅིག་ལ་གནས་པའི་འབྱུང་བཞི་བཞིན་དང་། སེམས་ཀྱི་རྗེས་འཇུག་རྣམས་དང་སེམས་བཞིན་དང་། འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་སོགས་དང་དེའི་མཚན་གཞི་བཞིན་ཡིན་པའི་ཕྱིར། གསུམ་པ་ནི། སེམས་ཀྱི་རྗེས་འཇུག་ཆོས་ཅན། ཁྱོད་ངོས་གཟུང་དུ་ཡོད་དེ། སེམས་ཀྱི་འཁོར་དུ་བྱུང་བའི་སེམས་ལས་བྱུང་བ་དང་། དེ་ལ་བརྟེན་པའི་བསམ་གཏན་ཟག་མེད་ཀྱི་སྡོམ་པ་གཉིས་དང་། སེམས་དེ་དག་གི་མཚན་ཉིད་སྐྱེ་བ་ལ་སོགས་པ་རྣམས་ཡིན་པའི་ཕྱིར། བཞི་པ་ནི། ཤེས་བྱ་ཆོས་ཅན། སེམས་ཀྱི་རྗེས་སུ་འཇུག་ཚུལ་ཡོད་དེ། སེམས་དང་། དེའི་རྗེས་འཇུག་གཉིས་དུས་གཅིག་པ་ཡིན་པའི་ཕྱིར། དེར་ཐལ། སེམས་འདས་པས་དེའི་རྗེས་འཇུག་འདས་པའི་འབྱུང་བའི་རྒྱུ་བྱེད་པའི་ཕྱིར། དེས་མཚོན་ཏེ་འདས་མ་འོངས་ཀྱང་ཤེས་སོ། །ཤེས་བྱ་ཆོས་ཅན། སེམས་ཀྱི་འབྲས་བུ་དེའི་རྗེས་འཇུག་རྣམས་ཀྱི་ཡང་འབྲས་བུར་ལྡན་པས་འབྲས་བུ་གཅིག་སྟེ། སེམས་དགེ་བས་སེམས་བྱུང་དགེ་བ་སྐྱེད་པ་ནི་གང་ཞིག །སེམས་བྱུང་མི་དགེ་བས་སེམས་མི་དགེ་བ་སྐྱེད་པ་སོགས་ཡོད་པའི་ཕྱིར། མཐའ་གཅིག་ཏུ་མ་ངེས་ཏེ། ལུང་མ་བསྟན་ཡང་སྐྱེད་པ་ཡོད་པའི་ཕྱིར། གསུམ་པ་སྐལ་མཉམ་གྱི་རྒྱུ་ལ། ངོ་བོ་སྤྱིར་བསྟན་པ་དང་། ནང་ཚན་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། སྐལ་མཉམ་གྱི་རྒྱུ་ཆོས་ཅན། ཁྱོད་འཇོག་ཚུལ་ཡོད་དེ། འབྲས་བུ་རང་དང་འདྲ་བ་ཅིག་སྐྱེད་པ་ལ་འཇོག་པའི་ཕྱིར། གཉིས་པ་ལ་ཉོན་མོངས་ཅན་དང་། ཉོན་མོངས་ཅན་མ་ཡིན་པའི་སྐལ་མཉམ་གྱི་རྒྱུ་གཉིས། དང་པོ་ནི། ཉོན་མོངས་ཅན་གྱི་སྐལ་མཉམ་གྱི་རྒྱུ་ཆོས་ཅན། ཁྱད་ཆོས་གསུམ་དང་ལྡན་ཏེ། རང་དང་སྤང་བྱ་རིགས་གཅིག་པ། ས་གཅིག་པ། འབྲས་


GLG014_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་སྔར་སྐྱེས་ཡིན་པ་རྣམས་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ས་དགུ་ལས་འདོད་ཉོན་གྱིས་འདོད་ཉོན་ཕྱི་མའི་སྐལ་མཉམ་གྱི་རྒྱུ་བྱེད་པ་ནས། སྲིད་ཉོན་གྱིས་སྲིད་ཉོན་ཕྱི་མའི་སྐལ་མཉམ་གྱི་རྒྱུ་བྱེད་དེ། འབྲས་བུའི་སྔ་རོལ་དུ་རྒྱུ་སྐྱེས་པ་ཅིག་དགོས་པའི་ཕྱིར། དམིགས་ཀྱིས་བསལ་བ་ལ་མ་ངེས་ཏེ། ཟག་མེད་ས་དགུ་ལ་བརྟེན་པའི་ལམ་ནི་ཕན་ཚུན་དུ་མཉམ་པས་མཉམ་པ་དང་། མཉམ་པ་ཁྱད་པར་ཅན་གྱི་རྒྱུ་བྱེད་པའི་ཕྱིར། གཉིས་པ་ནི། སྦྱོར་བྱུང་འཇིག་རྟེན་པའི་ལམ་ཆོས་ཅན། མཉམ་པས་མཉམ་པ་དང་། ཁྱད་པར་ཅན་གྱི་སྐལ་མཉམ་གྱི་རྒྱུ་བྱེད་པ་དེ་གཉིས་ཁོ་ན་ཡིན་ཏེ། དཔེར་ན་ཐོས་པ་དང་བསམས་པ་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བ་རྣམས་མཉམ་པ་དང་། ཁྱད་པར་ཅན་ཆོ་གའི་རྒྱུ་ཡིན་གྱི། དམན་པའི་རྒྱུ་མ་ཡིན་པ་ལྟ་བུས་ཤེས་ནུས་པའི་ཕྱིར། བཞི་པ་མཚུངས་ལྡན་གྱི་རྒྱུ་ནི། མཚུངས་ལྡན་གྱི་རྒྱུ་ཆོས་ཅན། ཁྱོད་ཀྱི་འཇོག་ཚུལ་ཡོད་དེ། ཐུན་མོང་མ་ཡིན་པའི་བདག་རྐྱེན་ཅིག་ལ་བརྟེན་པར་མཚུངས་པ་ཅན་གྱི་སེམས་དག་དང་། སེམས་བྱུང་གཉིས་ལ་བྱེད་པའི་ཕྱིར། ལྔ་པ་ཀུན་འགྲོའི་རྒྱུ་ནི། ཀུན་འགྲོའི་རྒྱུ་ཆོས་ཅན། ཁྱོད་འཇོག་ཚུལ་ཡོད་དེ། འབྲས་བུ་རང་དང་འདྲ་བ་སྐྱེད་པའི་ཉོན་མོངས་ཅན་གྱི་རྒྱུ་ཅིག་ལ་བྱེད་པའི་ཕྱིར། དྲུག་པ་རྣམ་སྨིན་གྱི་རྒྱུ་ནི། རྣམ་སྨིན་གྱི་རྒྱུ་ཆོས་ཅན། ཁྱོད་ལ་གཉིས་སུ་གྲངས་ངེས་ཏེ། མི་དགེ་བ་དང་། དགེ་བ་ཟག་བཅས་གཉིས་སུ་གྲངས་ངེས་པའི་ཕྱིར། གསུམ་པ་དོན་བསྡུ་བ་ནི། ཀུན་འགྲོ་དང་སྐལ་མཉམ་གྱི་རྒྱུ་གཉིས་ནི་དུས་གཉིས་པ་བ་ཡིན་ཏེ། འདས་པས་ད་ལྟར་བ་དང་། ད་ལྟར་བས་མ་འོངས་པའི་རྒྱུ་བྱེད་པའི་ཕྱིར། ལྷན་ཅིག་འབྱུང་བ། མཚུངས་ལྡན། རྣམ་སྨིན་གསུམ་པོ་དག་ནི་དུས་གསུམ་པ་བ་ཡིན་ཏེ། མ་འོངས་པས་མ་འོངས་པ་སྐྱེད་པ་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། བྱེད་རྒྱུ་གསལ་བར་


GLG014_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཆད་པའི་རྒྱུ་མཚན་ཡོད་དེ། དུས་ཐམས་ཅད་པ་དང་། དུས་དང་བྲལ་བ་ཡང་རིག་པར་བྱའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་འབྲས་བུ་ལ། མཚན་གཞི། འབྲས་བུ་གང་རྒྱུ་དུ་ལས་འབྱུང་ཚུལ། འབྲས་བུ་སོ་སོའི་ངོ་བོ་དང་གསུམ། དང་པོ་ནི། འབྲས་བུ་ཆོས་ཅན། ཁྱོད་བཞག་ཏུ་ཡོད་དེ། འདུས་བྱས། བྲལ་བ་འགོག་པ་དང་བཅས་པ་དེ་ཡིན་པའི་ཕྱིར། འདུས་མ་བྱས་ཆོས་ཅན། ཁྱོད་ལ་རྒྱུ་དྲུག་པོ་དེ་དག་མེད་དེ། དང་པོ་ཡང་མེད། གཉིས་པ་དང་བཞི་པ་ཡང་མེད། གསུམ་པ་དང་ལྔ་པ་ཡང་མེད། དྲུག་པ་ཡང་མེད་པའི་ཕྱིར། དང་པོ་གྲུབ་སྟེ། འབྲས་བུ་སྐྱེ་རུང་དུ་མེད་པའི་ཕྱིར། གཉིས་པ་གྲུབ་སྟེ། ཕན་ཚུན་རྒྱུ་འབྲས་སུ་མེད་པའི་ཕྱིར། གསུམ་པ་གྲུབ་སྟེ། རིགས་མཐུན་གྱི་རྒྱུ་མེད་པའི་ཕྱིར། བཞི་པ་གྲུབ་སྟེ། དེའི་རྒྱུར་གྱུར་པའི་མི་དགེ་བ་དང་དགེ་བ་ཟག་བཅས་གང་རུང་མེད་པའི་ཕྱིར། གཉིས་པ་ནི། རྣམ་སྨིན་གྱི་འབྲས་བུ་ཆོས་ཅན། ཁྱོད་ཀྱི་རྒྱུ་ཡོད་དེ། དྲུག་གི་ནང་ནས་ཐ་མ་ལས་བྱུང་བ་ཡིན་པའི་ཕྱིར། བདག་པོའི་འབྲས་བུ་ཆོས་ཅན། ཁྱོད་ཀྱི་རྒྱུ་ཡོད་དེ། དང་པོ་བྱེད་རྒྱུ་ལས་བྱུང་བའི་ཕྱིར། རྒྱུ་མཐུན་གྱི་འབྲས་བུ་ཆོས་ཅན། ཁྱོད་ཀྱི་རྒྱུ་ཡོད་དེ། སྐལ་མཉམ་དང་། ཀུན་འགྲོ་གཉིས་ལས་བྱུང་བའི་ཕྱིར། སྐྱེས་བུ་བྱེད་པའི་འབྲས་བུ་ཆོས་ཅན། ཁྱོད་ཀྱི་རྒྱུ་ཡོད་དེ། ལྷན་ཅིག་འབྱུང་བ་དང་། མཚུངས་ལྡན་གྱི་རྒྱུ་གཉིས་ལས་བྱུང་བ་ཡིན་པའི་ཕྱིར། གསུམ་པ་ནི། རྣམ་སྨིན་གྱི་འབྲས་བུ་ཆོས་ཅན། ཁྱོད་ཀྱི་ངོ་བོ་ཡོད་དེ། མ་སྒྲིབ་པ་ལུང་དུ་མ་བསྟན་པའི་ཆོས་ཡིན་ལ། སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པ་ཅིག་ལ་བརྗོད་པའི་ཕྱིར། དེ་ཆོས་ཅན། རྒྱུ་ལུང་དུ་བསྟན་པ་ལས་ཕྱིས་འབྱུང་སྟེ། མི་དགེ་བ་དང་། དགེ་བ་ཟག་བཅས་གང་རུང་ལས་ཕྱིས་འབྱུང་བའི་འབྲས་བུ་ཡིན་པའི་ཕྱིར། རྒྱུ་མཐུན་གྱི་འབྲས་བུ་ཆོས་ཅན། ཁྱོད་ཀྱི་ངོ་བོ་ཡོད་དེ། རྒྱུ་དེ་དང་རིགས་འདྲ་བར་སྐྱེས་པའི་འབྲས་བུ་ཅིག་ལ་འཇོག་པའི་ཕྱིར། བྲལ་འབྲས་ཆོས་ཅན། ཁྱོད་ཀྱི་


GLG014_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཡོད་དེ། བློ་བར་ཆད་མེད་ལམ་གྱིས་རང་གི་སྤང་བྱ་ཟད་པར་སྤངས་པའི་སྟོབས་ཀྱིས་ཐོབ་པའི་འགོག་པ་ལ་བྱེད་པའི་ཕྱིར། སྐྱེས་བུའི་བྱེད་འབྲས་ཆོས་ཅན། ཁྱོད་ཀྱི་ངོ་བོ་ཡོད་དེ། རྒྱུ་གང་སྐྱེས་པའི་སྟོབས་ཀྱིས་འབྲས་བུ་གང་རང་གི་ངང་གིས་སྐྱེས་པའི་འབྲས་བུ་ལ་བྱེད་པའི་ཕྱིར། ཤེས་བྱ་ཆོས་ཅན། བདག་པོའི་འབྲས་བུ་ཡོད་དེ། སྔོན་དུ་བྱུང་བ་མ་ཡིན་པར་དུས་མཉམ་པའི་ཕྱིར་འབྱུང་བའི་འདུས་བྱས་དེ་ཡིན་པའི་ཕྱིར། གསུམ་པ་རྒྱུ་འབྲས་གཉིས་ཀའི་ཐུན་མོང་གི་ཆོས་ལ་འབྲས་བུ་འཛིན་པར་བྱེད་པའི་ཁྱད་པར་དང་། འབྲས་བུ་གང་རྒྱུ་གང་ལས་འབྱུང་ཚུལ་གཉིས། དང་པོ་ནི། བྱེད་རྒྱུ་མ་གཏོགས་པའི་རྒྱུ་ལྔ་པོ་ནི་ཆོས་ཅན། ད་ལྟར་བའི་འབྲས་བུ་འཛིན་པར་བྱེད་དེ། དུས་མཉམ་པའི་འབྲས་བུ་སྐྱེད་པའི་ནུས་པ་ཡོད་པའི་ཕྱིར། ལྷན་མཚུངས་ཀྱི་རྒྱུ་གཉིས་ནི་ཆོས་ཅན། ད་ལྟར་བའི་འབྲས་བུ་འབྱིན་པར་བྱེད་དེ། འབྲས་བུ་རང་དང་ལྷན་ཅིག་ཏུ་སྐྱེས་པའི་ཕྱིར། སྐལ་མཉམ་དང་ཀུན་འགྲོའི་རྒྱུ་གཉིས་ནི་ཆོས་ཅན། ད་ལྟར་གྱི་འབྲས་བུ་དང་། འདས་པའི་འབྲས་བུ་དག་ཁོ་ན་འབྱིན་ཏེ། སྐད་ཅིག་གཞན་གྱིས་བར་མ་ཆོད་པར་གཉིས་པ་ལ་འབྲས་བུ་སྐྱེད་ན་ད་ལྟར་བ་དང་། བར་ཆོད་པའི་འབྲས་བུ་སྐྱེད་ན་འདས་པ་འབྱིན་ཞིང་། མ་འོངས་པའི་འབྲས་བུ་འབྱིན་པ་མེད་པའི་ཕྱིར། རྣམ་སྨིན་གྱི་རྒྱུ་ཆོས་ཅན། ཁྱོད་འདས་པ་ཁོ་ནས་འབྲས་བུ་འབྱིན་པ་ཡིན་ཏེ། ལྷན་ཅིག་གམ་དེ་མ་ཐག་ཏུ་འབྲས་བུ་འབྱིན་པ་མེད་པའི་ཕྱིར། །གཉིས་པ་ལ། སེམས་སེམས་བྱུང་གིས་བསྡུས་པ་དང་། མ་བསྡུས་པ་གཉིས། དང་པོ་ལ། ཉོན་མོངས་ཅན། རྣམ་སྨིན་སྐྱེས། དེ་གཉིས་ཀྱི་ལྷག་མ་མ་བསྒྲིབས་ལུང་མ་བསྟན་དང་སྐད་ཅིག་གཉིས་པ་མན་ཆད་ཀྱི་དགེ་བ། ཟག་མེད་སྐད་ཅིག་དང་པོའི་དགེ་བ་དང་བཞི། དང་པོ་ནི། ཉོན་མོངས་ཅན་གྱི་འབྲས་བུ་རྒྱུ་གཞན་ལྔ་ལས་བྱུང་ཡང་རྣམ་སྨིན་གྱི་རྒྱུ་ལས་


GLG014_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱུང་སྟེ། རྣམ་སྨིན་གྱི་འབྲས་བུ་མ་བསྒྲིབས་ལུང་མ་བསྟན་ལ་བཤད་པའི་ཕྱིར། གཉིས་པ་ནི། རྣམ་སྨིན་གྱི་འབྲས་བུ་རྒྱུ་གཞན་ལྔ་ལས་བྱུང་ཡང་ཀུན་འགྲོའི་རྒྱུ་ལས་མ་བྱུང་སྟེ། དེ་ཉོན་མོངས་ཅན་ཡིན་པ་གང་ཞིག །ཅིག་ཤོས་བསྒྲིབས་ལུང་མ་བསྟན་ཡིན་པའི་ཕྱིར། གསུམ་པ་ནི། ལྷག་མ་རྣམས་དང་། ཟག་མེད་སྐད་ཅིག་གཉིས་པ་མན་ཆད་ཀྱི་འབྲས་བུ་ནི་ཆོས་ཅན། གཞན་བཞི་ལས་བྱུང་ཡང་། རྣམ་སྨིན་དང་ཀུན་འགྲོའི་རྒྱུ་དེ་གཉིས་ལས་མ་བྱུང་སྟེ། རིམ་བཞིན་མི་དགེ་བ་དང་། དགེ་བ་ཟག་བཅས་ཀྱི་འབྲས་བུ་མ་ཡིན་པའི་ཕྱིར། བཞི་པ་ནི། ཟག་མེད་སྐད་ཅིག་དང་པོའི་འཕགས་ལམ་ནི་ཆོས་ཅན། གཞན་གསུམ་ལས་སྐྱེས་ཀྱང་། རྣམ་སྨིན། ཀུན་འགྲོ། སྐལ་མཉམ་གྱི་རྒྱུ་གསུམ་ལས་མ་བྱུང་སྟེ། དང་པོ་གཉིས་ལས་མ་བྱུང་བ་གང་ཞིག །ཕྱི་མ་ལས་མ་བྱུང་བའི་ཕྱིར། ཕྱི་མ་དེར་ཐལ། དེ་ཟག་མེད་ཀྱི་རིགས་འདྲ་སྔོན་སོང་མ་ཡིན་པའི་ཕྱིར། དེ་ལྟར་བཤད་པ་ལ་ཆོས་ཅན། དགོས་པ་ཡོད་དེ། སེམས་དང་སེམས་ལས་བྱུང་བའི་དབང་དུ་བྱས་པ་ཡིན་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། སེམས་སེམས་བྱུང་གིས་མ་བསྡུས་པའི་འབྲས་བུ་རྣམས་ཀྱི་རྒྱུ་ཡོད་དེ། མཚུངས་ལྡན་གྱི་རྒྱུ་མ་གཏོགས་པ་གཞན་སྔར་བཤད་པ་བཞིན་དུ་བཞི་དང་གསུམ་དང་གཉིས་ལས་སྐྱེ་བ་ཡོད་པའི་ཕྱིར། དེ་ཆོས་ཅན། མཚུངས་ལྡན་གྱི་རྒྱུ་ལས་མ་བྱུང་སྟེ། ཁྱོད་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་གང་ཡང་མེད་པའི་ཕྱིར། །སྨྲས་པ། དགེ་དང་མི་དགེ་བར་མའི་ས་བོན་གྱིས། །བདེ་སྡུག་བཏང་སྙོམས་ལོ་འབྲས་སྨིན་བྱེད་པའི། །མ་འདྲེས་ཚུལ་བཞིན་སྟོན་པའི་བསྟན་བཅོས་དག །མ་ཐོས་བླུན་པོ་བག་མེད་བྱེད་བདེན་ཡང་། །ཅུང་ཟད་ཤེས་བཞིན་ཉེས་སྤྱོད་ཟློས་གར་གྱིས། །ངན་འགྲོའི་གཡང་ལ་མཆོང་བའི་སྐྱེ་བོ་དག །གཞུང་ལུགས་ཐོས་འདི་ཚིག་ཕྱིར་མ་འབྲང་བར། །དེ་དོན་རིགས་པས་དཔྱད་ནས་


GLG014_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་སོམས་དང་། །སྲིད་པའི་སྡུག་བསྔལ་ཆུ་ཡི་རླབས་ལྟར་གཡོ། །ངན་སོང་མེ་འོབས་ལྟ་བུར་བརྣག་དཀའ་ན། །ཤེས་བཞིན་ལས་འབྲས་ཁྱད་དུ་གསོད་བྱེད་པ། །སྙིང་འདི་ལྕགས་ལས་བྱས་སམ་གཞན་ཅི་ཞིག །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་རྐྱེན་བྱེ་བྲག་ཏུ་བཤད་པ་ལ། རྐྱེན་གྱི་རྣམ་གཞག་སྤྱིར་བསྟན་པ་དང་། དེ་མ་ཐག་རྐྱེན་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ། དབྱེ་བའི་སྒོ་ནས་མདོར་བསྟན་པ། སོ་སོའི་རང་བཞིན་རྒྱས་པར་བཤད་པ། དེ་དག་གི་ཁྱད་ཆོས་གཞན་བཤད་པ་དང་གསུམ། དང་པོ་ནི། རྐྱེན་ཆོས་ཅན། ཁྱོད་ལ་དབྱེ་ན་བཞི་ཡོད་དེ། རྒྱུ་རྐྱེན། དེ་མ་ཐག་རྐྱེན། དམིགས་རྐྱེན། བདག་རྐྱེན་དང་བཞི་དག་ཏུ་གསུངས་པའི་ཕྱིར། གཉིས་པ་ནི། སྔར་བཤད་པའི་རྒྱུ་ཕྱི་མ་ལྔ་པོ་ཆོས་ཅན། རྒྱུའི་རྐྱེན་ཡིན་ཏེ། རང་འབྲས་ཀྱི་ངོ་བོ་ལ་ཕན་འདོགས་བྱེད་ཡིན་པའི་ཕྱིར། སྐྱེས་པ་ད་ལྟར་བ་དང་། འདས་པས་བསྡུས་པའི་སེམས་སེམས་བྱུང་ཕལ་ཆེ་བ་རྣམས་ཆོས་ཅན། མཚུངས་པ་དེ་མ་ཐག་རྐྱེན་ཡིན་ཏེ། རང་འབྲས་རིག་པ་ཕྱི་མའི་ཉེར་ལེན་བྱེད་ནུས་ཀྱི་ཤེས་པ་ཡིན་པའི་ཕྱིར། ལྷག་མེད་པའི་དགྲ་བཅོམ་པའི་ཐ་མའི་སེམས་སེམས་བྱུང་རྣམས་ཆོས་ཅན། དེ་མ་ཐག་རྐྱེན་མ་ཡིན་ཏེ། རང་འབྲས་རིག་པ་ཕྱི་མའི་ཉེར་ལེན་མ་ཡིན་པའི་ཕྱིར། གཟུགས་སོགས་ཀྱི་ཆོས་ཐམས་ཅད་དམིགས་རྐྱེན་ཡིན་ཏེ། གཟུགས་དེ་མིག་གི་རྣམ་ཤེས་ཀྱི་དམིགས་རྐྱེན་ཡིན་པ་གང་ཞིག །ཆོས་ཐམས་ཅད་ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་རྐྱེན་ཡིན་པས་མཚོན་ནུས་པའི་ཕྱིར། ཤེས་བྱ་ཆོས་ཅན། བྱེད་རྒྱུ་ཞེས་བྱ་བ་འཇོག་ཏུ་ཡོད་དེ། བདག་པོའི་རྐྱེན་དུ་བཤད་པའི་ཕྱིར། རྐྱེན་འདི་གཉིས་པོ་ཆོས་ཅན། ཁྱད་པར་ཡོད་དེ། རྣམ་ཤེས་དང་ལྷན་ཅིག་ཏུ་བྱུང་བའི་ཆོས་ རྣམས་དེའི་དམིགས་རྐྱེན་མ་ཡིན་ཡང་བདག་རྐྱེན་ཡིན་པའི་ཕྱིར། །གསུམ་པ་ལ། རྐྱེན་གང་གིས་འབྲས་བུ་


GLG014_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་བྱ་བ་བྱེད་ཚུལ། འབྲས་བུ་གང་རྐྱེན་གང་ལས་བྱུང་ཚུལ། འབྱུང་བ་འབྱུང་གྱུར་གཉིས་རྐྱེན་དང་རྐྱེན་ཅན་དུ་འགྱུར་བའི་ཚུལ་དང་གསུམ། དང་པོ་ནི། ལྷན་ཅིག་འབྱུང་རྒྱུ་དང་མཚུངས་ལྡན་གྱི་རྒྱུ་གཉིས་པོ་དག་ནི་ཆོས་ཅན། འགག་པ་ལ་མངོན་དུ་ཕྱོགས་པའི་འབྲས་བུ་ད་ལྟར་བ་ལ་བྱ་བ་བྱེད་དེ། རྒྱུ་འབྲས་དུས་མཉམ་པའི་ཕྱིར། རྒྱུ་ལྷག་མ་གསུམ་པོ་ནི་ཆོས་ཅན། འབྲས་བུ་སྐྱེ་རུང་མ་འོངས་པ་ལ་བྱ་བ་བྱེད་དེ། རང་འབྲས་ཕྱི་མ་སྐྱེད་བྱེད་ཡིན་པའི་ཕྱིར། དེ་ལས་གཞན་པའི་རྐྱེན་དེ་མ་ཐག་རྐྱེན། དམིགས་རྐྱེན། བདག་རྐྱེན་གསུམ་པོ་དག་ནི་ཆོས་ཅན། སྔ་མ་ལས་གོ་རིམ་བཟློག་ནས་བྱེད་དེ། རིམ་པ་བཞིན་འབྲས་བུ་མ་འོངས་པ། ད་ལྟར་པ། དུས་ཀུན་ལ་བྱེད་པའི་ཕྱིར། གཉིས་པ་ནི། སེམས་སེམས་བྱུང་རྣམས་ཆོས་ཅན། རྐྱེན་བཞིས་སྐྱེད་དེ། འདུས་བྱས་ཡིན་པས་རྒྱུ་རྐྱེན་དང་བདག་རྐྱེན་ལས་བྱུང་བ་གང་ཞིག །ཤེས་པ་ཡིན་པས་དམིགས་རྐྱེན་དང་དེ་མ་ཐག་རྐྱེན་ལས་བྱུང་བའི་ཕྱིར། འགོག་པའི་སྙོམས་འཇུག་དང་། འདུ་ཤེས་མེད་པའི་སྙོམས་འཇུག་གཉིས་ཆོས་ཅན། དམིགས་རྐྱེན་མ་གཏོགས་པ་གསུམ་གྱིས་སྐྱེད་དེ། རྒྱུའི་རྐྱེན་དང་བདག་རྐྱེན་གཉིས་ཀྱིས་སྐྱེད་པ་གང་ཞིག །སྙོམས་པར་འཇུག་ཁ་མའི་སེམས་ལས་བྱུང་བའི་དེ་མ་ཐག་རྐྱེན་གྱིས་ཀྱང་སྐྱེད་པའི་ཕྱིར། དེ་ལས་གཞན་ལྡན་པ་མ་ཡིན་པ་ལྷག་མ་དང་། གཟུགས་ཅན་གྱི་དངོས་པོ་རྣམས་ཆོས་ཅན། རྒྱུའི་རྐྱེན་དང་བདག་རྐྱེན་གཉིས་པོ་དག་ལས་སྐྱེ་སྟེ། འདུས་བྱས་ཡིན་པའི་ཕྱིར། རྐྱེན་ནི་བཞིར་གྲངས་ངེས་ཏེ། དབང་ཕྱུག་གམ་རྟག་པ་སོགས་ཕྱི་རོལ་པས་འདོད་པ་རྣམས་རྐྱེན་མ་ཡིན་པའི་ཕྱིར། དེར་ཐལ། དེའི་འབྲས་བུ་རིམ་བཞིན་སྐྱེད་བྱེད་མ་ཡིན་པ་གང་ཞིག །ཅིག་ཤོས་ཡིན་ན་སྐྱེད་བྱེད་སོགས་ཡིན་དགོས་པའི་ཕྱིར། གསུམ་པ་ལ། འབྱུང་བ་རྒྱུར་བྱས་པ་དང་། འབྱུང་གྱུར་རྒྱུར་བྱས་པ་གཉིས། དང་པོ་ལ། འབྱུང་བ་སྐྱེད་པ་དང་།
འབྱུང་གྱུར་སྐྱེད་པ་གཉིས། དང་པོ་ནི། དེའི་རྒྱུ་འབྱུང་བ་ནི་ཆོས་ཅན། རྣམ་པ་གཉིས་སུ་འགྱུར་ཏེ། རང་དང་དུས་མཉམ་པའི་འབྱུང་བ་སྐྱེད་པས་ལྷན་ཅིག་འབྱུང་བའི་རྒྱུ་དང་། རིགས་འདྲ་ཕྱི་མ་སྐྱེད་པས་སྐལ་མཉམ་གྱི་རྒྱུར་གྱུར་པའི་ཕྱིར། གཉིས་པ་ནི། འབྱུང་གྱུར་ཆོས་ཅན། ཁྱོད་སྐྱེད་པའི་ཚེ། བྱེད་རྒྱུ་ཁོ་ནར་འགྱུར་བ་དེ་ལ་ཡང་ལྔ་ཡོད་དེ། འབྱུང་གྱུར་ཕྱི་མ་སྐྱེད་པར་བྱེད་པ། དེ་ཕྱི་མ་ལ་བརྟེན་པ། གནས་པ། རྒྱུན་མི་འཆད་པ། གོང་འཕེལ་དུ་བྱེད་པ་ལྔ་ཡོད་པའི་ཕྱིར། གཉིས་པ་འབྱུང་གྱུར་རྒྱུར་བྱས་པ་ལ། དེ་ལས་འབྱུང་གྱུར་སྐྱེད་པ་དང་། འབྱུང་བ་སྐྱེད་པ་གཉིས། དང་པོ་ནི། འབྱུང་གྱུར་གྱི་གཟུགས་ཕན་ཚུན་སྐྱེད་པ་ན་གསུམ་དུ་འགྱུར་བ་ཡོད་དེ། ཉོན་མོངས་ཅན་སྐྱེད་པའི་ཚེ་ལྷན་ཅིག་འབྱུང་རྒྱུ་དང་སྐལ་མཉམ་གཉིས་སུ་འགྱུར་བ་གང་ཞིག །མ་སྒྲིབས་ལུང་མ་བསྟན་གྱི་ཚེ། རྣམ་སྨིན་གྱི་རྒྱུར་འགྱུར་བའི་ཕྱིར། གཉིས་པ་ནི། དེ་ཆོས་ཅན། འབྱུང་བ་རྣམས་ཀྱི་རྒྱུ་བྱེད་པའི་ཚེ། རྣམ་སྨིན་གྱི་རྒྱུ་གཅིག་པུ་དེ་འགྱུར་ཏེ། ལུས་ངག་གི་ལས་དེ་དབང་པོ་དང་ཚོགས་པ་གཅིག་པའི་འབྱུང་བའི་རྒྱུ་ཡིན་པའི་ཕྱིར།

དེ་མ་ཐག་རྐྱེན་བྱེ་བྲག་ཏུ་བཤད་པ།


GLG014_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་དེ་མ་ཐག་རྐྱེན་བྱེ་བྲག་ཏུ་བཤད་པ་ལ། བཅུ་གཉིས་སུ་དབྱེ་བ། ཉི་ཤུར་དབྱེ་བ། སེམས་ཀྱི་ཐོབ་པ་རྙེད་ཚུལ་བྱེ་བྲག་ཏུ་བཤད་པ་དང་གསུམ། དང་པོ་ལ། དབྱེ་བའི་སྒོ་ནས་མདོར་བསྟན་པ། སོ་སོའི་རང་བཞིན་བཤད་པ་གཉིས། དང་པོ་ནི། སེམས་ཡིད་གཉིས་ཆོས་ཅན། འདོད་པའི་ཁམས་ན་བཞིར་ཡོད་དེ། དགེ་བ་དང་། མི་དགེ་བ་དང་། སྒྲིབ་པ་དང་། མ་སྒྲིབ་པ་བཞིར་ཡོད་པའི་ཕྱིར། དེ་ཆོས་ཅན། གཟུགས་དང་གཟུགས་མེད་པ་དག་ན་གསུམ་གསུམ་ཡོད་དེ། མི་དགེ་བ་ལས་གཞན་པ་གསུམ་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། སྔར་བཤད་པ་བཅུ་པོའི་སྟེང་དུ་གཉིས་བསྣན་པས་བཅུ་གཉིས་སུ་འགྱུར་ཏེ། སློབ་པ་ཟག་མེད་དང་། མི་སློབ་པ་ཟག་མེད་གཉིས་ཡོད་པའི་ཕྱིར། གཉིས་པ་ལ། འདོད་པའི་


GLG014_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བྱས་པ། གཟུགས་ཀྱི་དབང་དུ་བྱས་པ། གཟུགས་མེད་ཀྱི་དབང་དུ་བྱས་པ་གསུམ། དང་པོ་ནི། ཤེས་བྱ་ཆོས་ཅན། འདོད་སེམས་དགེ་བའི་མཇུག་ཏུ་སེམས་བྱུང་དགུ་འབྱུང་སྟེ། རྒྱུན་དང་ས་མཚུངས་པའི་ཚེ་རང་སའི་བཞི། ཁམས་གོང་མ་གཉིས་སུ་ཉིང་མཚམས་སྦྱོར་བའི་ཚེ་དེའི་སྒྲིབ་ལུང་མ་བསྟན་གཉིས། སྙོམས་འཇུག་གི་ཚེ་གཟུགས་ཀྱི་དགེ་སེམས། ཟག་མེད་གཉིས་ཏེ་དགུ་རྣམས་འབྱུང་བའི་ཕྱིར། འདོད་སེམས་དགེ་བ་དེ་ནི་ཆོས་ཅན། བརྒྱད་ཁོ་ནའི་མཇུག་ཏུ་འབྱུང་སྟེ། རང་སའི་བཞི་དང་། སྙོམས་འཇུག་ལས་ལངས་པའི་ཚེ་གཟུགས་ཀྱི་དགེ་སེམས་དང་། ཟག་མེད་གཉིས་དང་། གཟུགས་ཀྱི་སྙོམས་འཇུག་ཉོན་མོངས་ཅན་གྱིས་གཟིར་བའི་ཚེ། གཟུགས་ཀྱི་སྒྲིབ་པ་དང་བརྒྱད་ལས་འབྱུང་བའི་ཕྱིར། འདོད་པའི་མི་དགེ་བ་ནི་ཆོས་ཅན། བཅུ་དག་ལས་འབྱུང་སྟེ། རྒྱུན་དང་ས་མཚུངས་པའི་ཚེ། རང་སའི་བཞི་དང་། ཉིང་མཚམས་སྦྱོར་བའི་ཚེ་གཟུགས་ཀྱི་སེམས་གསུམ། གཟུགས་མེད་ཀྱི་གསུམ་སྟེ་བཅུ་ལས་འབྱུང་བའི་ཕྱིར། དེ་ཆོས་ཅན། ཁྱོད་ལས་བཞི་འབྱུང་སྟེ། རང་སའི་བཞི་འབྱུང་བའི་ཕྱིར། འདོད་པའི་སྒྲིབ་ལུང་མ་བསྟན་ལ་ཡང་རིགས་འགྲེ། འདོད་པའི་མ་སྒྲིབ་པ་ནི་ཆོས་ཅན། སེམས་ལྔ་ལས་འབྱུང་སྟེ། ས་མཚུངས་པའི་ཚེ་རང་སའི་བཞི། སྤྲུལ་པ་ལ་འཇུག་པའི་ཚེ་གཟུགས་ཀྱི་དགེ་སེམས་དང་ལྔ་ལས་འབྱུང་བའི་ཕྱིར། དེ་ཆོས་ཅན། ཁྱོད་ལས་འཇུག་ཐོགས་སུ་སེམས་བདུན་འབྱུང་སྟེ། ས་མཚུངས་པའི་ཚེ་རང་སའི་བཞི། ཁམས་གོང་མ་གཉིས་སུ་ཉིང་མཚམས་སྦྱོར་བའི་ཚེ་དེ་གཉིས་ཀྱི་ཉོན་མོངས་ཅན་གཉིས། སྤྲུལ་པ་ལས་ལངས་པའི་ཚེ་གཟུགས་ཀྱི་དགེ་སེམས་ཏེ་བདུན་འབྱུང་བའི་ཕྱིར། གཉིས་པ་གཟུགས་ཀྱི་དབང་དུ་བྱས་པ་ནི། གཟུགས་ཀྱི་དགེ་བ་ཆོས་ཅན། ཁྱོད་ལས་བཅུ་གཅིག་འབྱུང་སྟེ། ས་མཚུངས་པའི་ཚེ་རང་སའི་གསུམ། ཉིང་མཚམས་སྦྱོར་བའི་ཚེ་འདོད་


GLG014_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མི་དགེ་བ་དང་བསྒྲིབས་པ་གཉིས། གཟུགས་གཟུགས་མེད་ཀྱི་སྒྲིབ་པ་གཉིས། སྙོམས་འཇུག་གི་ཚེ་གཟུགས་མེད་ཀྱི་དགེ་བ་ཟག་མེད་གཉིས། སྤྲུལ་པ་འཇུག་པའི་ཚེ་འདོད་པའི་མ་བསྒྲིབས་པ། སྙོམས་འཇུག་ལས་ལངས་པའི་ཚེ་འདོད་པའི་དགེ་སེམས་ཏེ་བཅུ་གཅིག་འབྱུང་བའི་ཕྱིར། གཟུགས་ཀྱི་དགེ་བ་དེ་ནི་ཆོས་ཅན། དགུའི་འཇུག་ཐོགས་སུ་འབྱུང་སྟེ། ས་མཚུངས་པའི་ཚེ་རང་སའི་གསུམ། སྙོམས་འཇུག་གི་ཚེ་འདོད་པའི་དགེ་བ། དེ་ལས་ལངས་པའི་ཚེ་གཟུགས་མེད་ཀྱི་དགེ་བ་ཟག་མེད་གཉིས། སྤྲུལ་པ་ལས་ལངས་པའི་ཚེ་འདོད་པའི་མ་སྒྲིབ་པ། ཉོན་མོངས་ཅན་གྱིས་གཟིར་བའི་ཚེ་གཟུགས་མེད་ཀྱི་སྒྲིབ་པའི་འཇུག་ཐོགས་སུ་འབྱུང་བའི་ཕྱིར། གཟུགས་ཀྱི་སྒྲིབ་པ་ཆོས་ཅན། སེམས་བརྒྱད་ལས་འབྱུང་སྟེ། མཚུངས་པའི་ཚེ་རང་སའི་གསུམ། ཉིང་མཚམས་སྦྱོར་བའི་ཚེ་གཟུགས་མེད་ཀྱི་གསུམ། འདོད་པའི་དགེ་བ་དང་། མ་སྒྲིབ་ལུང་མ་བསྟན་ཏེ་བརྒྱད་ལས་འབྱུང་བའི་ཕྱིར། དེ་ཆོས་ཅན། ཁྱོད་ལས་དྲུག་འབྱུང་སྟེ། ས་མཚུངས་པའི་ཚེ་རང་སའི་གསུམ། ཉིང་མཚམས་སྦྱོར་བའི་ཚེ་འདོད་པའི་མི་དགེ་བ་དང་སྒྲིབ་པ་གཉིས། ཉོན་མོངས་ཅན་གྱིས་གཟིར་བའི་ཚེ་འདོད་པའི་དགེ་བ་སྟེ་དྲུག་འབྱུང་བའི་ཕྱིར། གཟུགས་ཀྱི་མ་སྒྲིབ་པ་ནི་ཆོས་ཅན། སེམས་གསུམ་ལས་འབྱུང་སྟེ། རང་སའི་གསུམ་ལས་འབྱུང་བའི་ཕྱིར། དེ་ཆོས་ཅན། ཁྱོད་ལས་དྲུག་འབྱུང་སྟེ། ས་མཚུངས་པའི་ཚེ་རང་སའི་གསུམ། ཉིང་མཚམས་སྦྱོར་བའི་ཚེ་འདོད་པའི་མི་དགེ་བ་དང་སྒྲིབ་པ་གཉིས། གཟུགས་མེད་ཀྱི་སྒྲིབ་པ་སྟེ་དྲུག་འབྱུང་བའི་ཕྱིར། །གསུམ་པ། གཟུགས་མེད་ཀྱི་དབང་དུ་བྱས་པ་ནི། གཟུགས་མེད་ཀྱི་དགེ་བ་ཆོས་ཅན། ཁྱོད་ལས་སེམས་དགུ་འབྱུང་སྟེ། ས་མཚུངས་པའི་ཚེ་རང་སའི་གསུམ། ཉིང་མཚམས་སྦྱོར་བའི་ཚེ་གཟུགས་ཀྱི་


GLG014_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲིབས་པ། འདོད་པའི་བསྒྲིབས་པ་དང་མི་དགེ་བ་གཉིས་སྙོམས་པར་འཇུག་པའི་ཚེ་ཟག་མེད་གཉིས། དེ་ལས་ལངས་པའི་ཚེ་གཟུགས་ཀྱི་དགེ་བ་སྟེ་དགུ་འབྱུང་བའི་ཕྱིར། གཟུགས་མེད་ཀྱི་དགེ་བ་དེ་ནི་ཆོས་ཅན། དྲུག་གི་འཇུག་ཐོགས་སུ་འབྱུང་སྟེ། རང་སའི་གསུམ། སྙོམས་པར་འཇུག་པའི་ཚེ་གཟུགས་ཀྱི་དགེ་བ། ལྡང་བའི་ཚེ་ཟག་མེད་གཉིས་ལས་འབྱུང་བའི་ཕྱིར། གཟུགས་མེད་ཀྱི་སྒྲིབ་པ་ཆོས་ཅན། ཁྱོད་ལས་བདུན་འབྱུང་སྟེ། ས་མཚུངས་པའི་ཚེ་རང་སའི་གསུམ། ཉིང་མཚམས་སྦྱོར་བའི་ཚེ་གཟུགས་ཀྱི་སྒྲིབ་པ། འདོད་པའི་བསྒྲིབས་པ། མི་དགེ་བ། གཟུགས་མེད་ཀྱི་སྙོམས་འཇུག་ཉོན་མོངས་ཅན་གྱིས་གཟིར་བའི་ཚེ་གཟུགས་ཀྱི་དགེ་བ་སྟེ་བདུན་འབྱུང་བའི་ཕྱིར། དེ་ཆོས་ཅན། བདུན་ལས་འབྱུང་སྟེ། རང་སའི་གསུམ། ཉིང་མཚམས་སྦྱོར་བའི་ཚེ་འདོད་གཟུགས་ཀྱི་དགེ་བ་དང་། སྒྲིབ་པ་བཞི་ལས་འབྱུང་བའི་ཕྱིར། གཟུགས་མེད་ཀྱི་བསྒྲིབས་པ་ཆོས་ཅན། གསུམ་ལས་འབྱུང་སྟེ། རང་སའི་གསུམ་ལས་འབྱུང་བའི་ཕྱིར། དེ་ཆོས་ཅན། ཁྱོད་ལས་དྲུག་འབྱུང་སྟེ། ས་མཚུངས་པའི་ཚེ་རང་སའི་གསུམ། ཉིང་འཚམས་སྦྱོར་བའི་ཚེ་གཟུགས་ཀྱི་སྒྲིབ་པ། འདོད་པའི་བསྒྲིབས་པ་དང་། མི་དགེ་བ་སྟེ་དྲུག་འབྱུང་བའི་ཕྱིར། སློབ་པའི་སེམས་ཟག་མེད་ནི་ཆོས་ཅན། བཞི་ལས་འབྱུང་སྟེ། སྙོམས་འཇུག་གི་ཆ་ཁམས་གསུམ་གྱི་དགེ་བ་གསུམ། རྒྱུན་གྱི་ཚེ་རང་གི་རིགས་འདྲ་སྔོན་མ་དང་བཞི་ལས་འབྱུང་བའི་ཕྱིར། དེ་ཆོས་ཅན། ཁྱོད་ལས་ལྔ་འབྱུང་སྟེ། སྔ་མ་གསུམ་གྱི་སྟེང་དུ་རྒྱུན་གྱི་ཚེ་རིགས་འདྲ་ཕྱི་མ། རྟོགས་པ་འཕེལ་བའི་ཚེ་མི་སློབ་པའི་སེམས་ཟག་མེད་སྟེ་ལྔ་འབྱུང་བའི་ཕྱིར། མི་སློབ་པའི་སེམས་ཟག་མེད་ནི་ཆོས་ཅན། ལྔ་ལས་འབྱུང་སྟེ། སྙོམས་འཇུག་གི་ཚེ་ཁམས་གསུམ་གྱི་དགེ་བ། རྟོགས་པ་འཕེལ་བའི་དབང་དུ་བྱས་ན་སློབ་པའི་ཟག་མེད། རྒྱུན་གྱི་ཚེ་རང་གི་རིགས་འདྲ་སྔ་


GLG014_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྟེ་ལྔ་ལས་འབྱུང་བའི་ཕྱིར། དེ་ཆོས་ཅན། ཁྱོད་ལས་སེམས་བཞི་དག་འབྱུང་སྟེ། སྙོམས་འཇུག་ལས་ལངས་པའི་ཚེ་ཁམས་གསུམ་གྱི་དགེ་བ་གསུམ། རྒྱུན་གྱི་ཚེ་རང་གི་རིགས་འདྲ་ཕྱི་མ་ཉིད་འབྱུང་བའི་ཕྱིར། གཉིས་པ་ཉི་ཤུར་དབྱེ་བ་ནི། སྔར་བཤད་པའི་བཅུ་གཉིས་པོ་དེ་དག་ཆོས་ཅན། ནང་ཚན་གྱི་སྒོ་ནས་དབྱེ་ན་ཉི་ཤུ་ཡོད་དེ། ཁམས་གསུམ་གྱི་དགེ་བ་ལ་སྐྱེས་ནས་ཐོབ་པ་དང་། སྦྱོར་བྱུང་གཉིས་གཉིས་ཕྱེ་བས་དྲུག་དང་། ཁམས་གསུམ་གྱི་སྒྲིབ་པ་གསུམ། འདོད་པའི་མི་དགེ་བ་སྟེ་བཅུ་དང་། འདོད་པའི་མ་སྒྲིབ་པ་སྟེ་ལུང་དུ་བསྟན་པ་མ་ཡིན་པ་ལ་རྣམ་སྨིན་སྐྱེས་དང་། སྤྱོད་ལམ་པ་དང་། བཟོ་ཡི་གནས་དང་། སྤྲུལ་པའི་སེམས་ཏེ་བཞི་དང་། གཟུགས་ན་བཟོ་གནས་མ་གཏོགས་པའི་གསུམ་དང་། གཟུགས་མེད་ཀྱི་བསྒྲིབས་པ་དང་། སློབ་མི་སློབ་ཀྱི་སེམས་ཟག་མེད་གཉིས་ཏེ་ཉི་ཤུ་ཡོད་པའི་ཕྱིར། གསུམ་པ་སེམས་ཀྱི་ཐོབ་པ་བྱེ་བྲག་ཏུ་རྙེད་ཚུལ་བཤད་པ་ནི། ཁམས་གསུམ་ལས་འདོད་པའི་རྟེན་ཅན་གྱི་ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། ཁྱོད་རང་གི་འབྲས་བུ་ལས་ཉམས་ནས་ཉོན་མོངས་པ་མངོན་དུ་གྱུར་པའི་ཚེ། སེམས་དྲུག་གི་ཐོབ་པ་ཅིག་ཅར་དུ་རྙེད་དེ། འདོད་པའི་དགེ་མི་དགེ །ཁམས་གསུམ་གྱི་བསྒྲིབས་པ་གསུམ་དང་། སློབ་པ་ཟག་མེད་དེ་དྲུག་གི་ཐོབ་པ་ཅིག་ཅར་དུ་རྙེད་པའི་ཕྱིར། དེ་འདྲའི་དགྲ་བཅོམ་པ་དེ་ཆོས་ཅན། རང་འབྲས་ལས་ཉམས་ནས་འདོད་པའི་འདོད་ཆགས་ལས་མ་ཉམས། གཟུགས་ཀྱི་ཉོན་མོངས་མངོན་དུ་གྱུར་པའི་ཚེ་སེམས་དྲུག་གི་ཐོབ་པ་ཅིག་ཅར་དུ་རྙེད་དེ། གཟུགས་ཀྱི་དགེ་བ། འདོད་གཟུགས་གཉིས་ཀྱི་སྤྲུལ་སེམས་གཉིས། ཁམས་གོང་མ་གཉིས་ཀྱི་བསྒྲུབས་པ་གཉིས། སློབ་པ་ཟག་མེད་དང་དྲུག་གི་ཐོབ་པ་ཅིག་ཅར་དུ་རྙེད་པའི་ཕྱིར། དེ་འདྲའི་དགྲ་བཅོམ་ཆོས་ཅན། རང་འབྲས་ལས་ཉམས་ནས་གཟུགས་མེད་ཀྱི་ཉོན་


GLG014_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་ཅན་མངོན་དུ་གྱུར་པའི་ཚེ་གཉིས་རྙེད་དེ། དེ་ཉིད་དང་། སློབ་པའི་ཐོབ་པ་གཉིས་རྙེད་པའི་ཕྱིར། གཟུགས་སུ་སྐྱེས་པའི་ཚེ་གསུམ་ཅིག་ཅར་དུ་རྙེད་དེ། དེའི་དགེ་བ། དེའི་སྟོབས་ཀྱིས་འདོད་གཟུགས་ཀྱི་སྤྲུལ་སེམས་ཏེ་གསུམ་རྙེད་པའི་ཕྱིར། སློབ་པ་ཟག་མེད། གཟུགས་ཀྱི་དགེ་བ། དེའི་སྟོབས་ཀྱིས་སྤྲུལ་སེམས་གཉིས་ཏེ་བཞིའི་ཐོབ་པ་ཆོས་ཅན། ཁྱོད་སྦྱོར་ལམ་པས་འདོད་པའི་རྟེན་ལ་བསམ་གཏན་གྱི་ཉེར་བསྡོགས་ལ་བརྟེན་ནས་སྡུག་བསྔལ་ཆོས་བཟོད་ཐོབ་པའི་ཚེ་རྙེད་དེ། དེའི་ཚེ་ཅིག་ཅར་དུ་རྙེད་པའི་ཕྱིར། སྔར་བཤད་པ་དྲུག་པོའི་ལྷག་མ་སེམས་དྲུག་པོ་རྣམས་ལ་ནི། སྔར་མི་ལྡན་གསར་རྙེད་ཀྱི་ཚེ་སེམས་ཟླ་བོ་རྙེད་པའི་ངེས་པ་མེད་དེ། དེའི་ཚེ་སེམས་རང་རང་གཅིག་པུ་དེ་ཉིད་རྙེད་པའི་ཕྱིར། ཤེས་བྱ་ཆོས་ཅན། ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། གནས་གཉིས་པ་ཞེས་བྱ་བ་གཏན་ལ་ཕབ་པ་ཡིན་ཏེ། དབང་པོ་མདོར་བསྟན་རྒྱས་བཤད་ཀྱི་སྒོ་ནས་ལེགས་པར་བཤད་པའི་ཕྱིར། སྨྲས་པ། མཚམས་སྤྲིན་གསར་པའི་མངལ་དུ་ལྕི་བའི་ཁུར། །འཇམ་མགོན་མི་ཡི་རྒྱུ་འཕྲུལ་རོལ་གར་ཅན། །ཡོངས་འཛིན་བླ་མའི་ཞབས་པད་ཉེར་བསྟེན་པས། །གཞུང་ལུགས་འདི་འདྲ་སྨྲ་བའི་སྤོབས་པ་ཐོབ། །གཞུང་དོན་སོ་སོར་མ་འདྲེས་ཕྱེ་བ་ཡིས། །དབང་པོའི་གཞུ་དེ་སྐྱེངས་ནས་མཁའ་ལ་བྲོས། །དངོས་སྟོབས་རིགས་པའི་ཐོག་མདའ་འཕངས་པ་ན། །དབང་ཕྱུག་འགོག་པའི་རྫུ་ལ་ཉེ་བར་བརྟེན། །ཆོས་ཚུལ་ཆུ་གཏེར་མ་ལུས་འབབ་པའི་གནས། །ཆོས་མངོན་རྒྱ་མཚོའི་ཕྲ་ཞིབ་འབྱེད་པ་ལ། །ཆོས་ཀྱི་སྤྱན་ལྡན་དབྱིག་གཉེན་དང་མཚུངས་པའི། །ཆོས་ཀྱི་རྒྱལ་པོ་གང་དེའི་ཞལ་ལུང་ལྟར། །མ་འདྲེས་ཚིག་དོན་ཕྱེ་བ་ཡང་། །མ་སྨད་སྟོབས་བཅུའི་གོ་འཕང་དེ། །མ་ལུས་འགྲོ་བས་ཐོབ་པའི་ཚེ། །མ་གྱུར་སེམས་ཅན་དོན་དུ་བསྔོ། །ཆོས་མངོན་པ་མཛོད་གསལ་བར་བྱེད་པ། ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ་


GLG014_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལས། གནས་གཉིས་པའི་ཚིག་དོན་མཐའ་དཔྱོད་ཇི་སྙེད་པ་བཤད་ཟིན་ཏོ། །


previousགནས་གཉིས་པ་དབང་པོ་བསྟན་པ། བཀྲ་ཤིས་next