བསླབ་བྱ་པདྨ་དཀར་པོ།
༄༅། །བསླབ་བྱ་པདྨ་དཀར་པོ། ནམ་སརྦ་བུངྔྷ་བོ་དྷི་ས་ཏྭ་བྷྱཿའགྲོ་བ་འགའ་ལ་ཕན་པའི་སྐབས་མཆིས་ན། །འདབ་མ་རལ་གྲི་འཁྲུགས་པའི་ཚལ་ན་ཡང་། །ལྷ་ཡི་དགའ་ཚལ་བཞིན་དུ་ཞུགས་མཛད་པའི། །རྒྱལ་དང་དེ་སྲས་རྣམས་ལ་གུས་པས་འདུད། །ཀྱེ་ལགས་སྔོན་བསགས་བསོད་ནམས་ཆེན་པོའི་མཐུས། །ད་རེས་ལན་གཅིག་དལ་འབྱོར་རྟེན་རྙེད་དུས། །ཆོས་མིན་བྱ་བས་རང་མགོ་མི་བསྐོར་བར། །སྙིང་ནས་དམ་པའི་ཆོས་ལ་བརྩོན་པར་རིགས། །དཔལ་འབྱོར་མི་རྟག་རྨི་ལམ་རྒྱལ་སྲིད་འདྲ། །ཚེ་སྲོག་མི་རྟག་རླུང་གསེབ་མར་མེ་འདྲ། །དགྲ་གཉེན་མི་རྟག་སྒྱུ་མའི་སྤྲུལ་བསྒྱུར་འདྲ། །མི་རྟག་རང་མཚང་རིག་པས་ལྷ་ཆོས་མཛོད། །འགྲོ་བའི་བདེ་སྡུག་ལས་ཀྱི་སྤྲུལ་བ་སྟེ། །ལས་འབྲས་མི་བསླུ་དཔྱིད་བཏབ་ས་བོན་འདྲ། །ལས་མ་བསགས་པར་འབྲས་བུ་སྨིན་མི་སྲིད། །དེ་ཕྱིར་རྒྱུ་འབྲས་འདི་ལ་རྩིས་ཞིབ་མཛོད། །སྔོན་ཚེ་ཐུབ་དབང་ཞི་བའི་ལག་པ་རུ། །འཁྲུངས་ཚེ་དགེ་བཅུའི་ཁྲིམས་ཀྱིས་འཛམ་གླིང་འགྲོ། །རྩོད་ལྡན་དྲུག་ཅུའི་གདུང་བ་ཕྱིར་བསྙིལ་ནས། །ཡར་འཕེལ་ཚེ་ལོ་སྟོང་དུ་འགྱུར་བར་གསུངས། །དེ་བཞིན་ཐུབ་དབང་གོང་མ་སྲེག་འཁྲུངས་ཚེ། །བསླབ་བཞིའི་ཁྲིམས་ཀྱིས་སྲོག་ཆགས་རྒྱུ་བ་ཀུན། །ངན་སོང་རྣམ་བཅད་མཐོ་རིས་སྒོ་ཕྱེས་པས། །ཀུན་ཀྱང་ལྷ་ཡུལ་འབྱོར་པས་ཚིམ་པར་མཛད། །དེ་ཕྱིར་སྔོན་བྱོན་མེས་དབོན་རྣམ་གསུམ་སོགས། །ཡ་རབས་དྲ་མའི་རྗེ་བོ་མཆོག་རྣམས་ཀྱིས། །མི་ཆོས་བཅུ་དྲུག་དགེ་བཅུའི་ཁྲིམས་སྲོལ་བཙུགས། །ཆབ་འབངས་མཐའ་དག་ཕན་བདེའི་དཔལ་ལ་སྦྱར། །དེ་དུས་དཀར་ཕྱོགས་དགྱེས་པས་ཡུལ་འཁོར་སྲུང་། །ཆར་ཆུ་དུས་བབས་ལོ་ལེགས་ཕྱུགས་འཕེལ་ཞིང་། །ནད་མུག་མཚོན་འཁྲུགས་མི་མཐུན་རྒུད་ཀུན་ཞི། །བཟང་པོའི་དུས་ཞེས་ཀུན་གྱི་སྨོན་བྱར་གྱུར། །དེང་སང་དུས་འདིར་མ་རབས་སྐྱེ་བོ་དར། །བཟང་པོའི་སྲོལ་ནུབ་ངན་སྤྱོད་སྣ་དགུ་སྤྱོད། །ལ་ལུང་མེད་པར་ཨར་ཇག་ཆོམ་པོས་གང་། །ཕུ་ཡི་ཉེས་མེད་རི་དྭགས་རྩད་ནས་གཅོད། །མདའ་ཡི་ཉམ་ཆུང་འཚོ་བ་རྨང་ནས་འཕྲོག །དཀོན་མཆོག་ལྷ་ཁང་སྔགས་པའི་དཀོར་ལ་བསྔོ། །སྡིག་སྟོབས་ཆེ་བས་ནག་ཕྱོགས་བདུད་རིགས་དར། །བོད་ཁམས་མི་བདེའི་སྡུག་བསྔལ་སྣ་ཚོགས་ལང་། །དུས་ངན་ཟེར་ཡང་སྤྱོད་ངན་མི་ཡི་བྱས། །ཅི་འདྲའི་ལས་བསགས་དེ་འདྲའི་འབྲས་སྨིན་ཕྱིར། །བདེ་སྐྱིད་འདོད་ན་མི་དགེའི་བསམ་སྦྱོར་སྤོངས། །མི་བསླུ་ངེས་པ་རྒྱལ་བཀའ་དཔང་པོར་ཡོད། །སྡིག་ལྡན་ལྟར་སྣང་བདེ་འབྱོར་སྔོན་བསགས་ཀྱི། །དགེ་བའི་འབྲས་བུ་ཚེ་འདིར་རྫོགས་པ་ཡིས། །ཕྱི་མ་ངན་སོང་གཏན་ཡུལ་སྡུག་བསྔལ་མྱོང་། །སྔོན་ཚེ་ཉི་འོག་རྒྱལ་བུའི་ལོ་རྒྱུས་བཞིན། །ཆོས་ལྡན་རྒུད་ལྟར་སྣང་ཡང་དགེ་སྟོབས་ཀྱིས། །སྔོན་བསགས་དཀར་མིན་འབྲས་བུ་ཚེ་འདི་རུ། །བྱང་ནས་ཕྱི་མ་མཐོ་རིས་ཐར་པའི་གྲོང་། །བདེ་དགའ་རྒྱུན་མི་འཆད་འགྱུར་རྒྱལ་བས་གསུངས། །དེ་ཕྱིར་ཁྱེད་ཐུགས་འདི་ལ་ཡིད་ཆེས་ཀྱིས། །དགེ་བཅུའི་ཁྲིམས་ཀྱི་ཉི་མ་གསར་པ་ཡིས། །ལོག་སྤྱོད་བ་མོ་མ་ལུས་བཅོམ་བྱས་ནས། །ཕན་བདེའི་སྣང་བ་དཀར་པོས་མཛེས་པར་མཛོད། །རང་སྲོག་རང་ལ་གཅེས་པ་དེ་བཞིན་དུ། །གཞན་གྱི་སྲོག་ཀྱང་དེ་བས་ཕངས་ངེས་པས། །རང་ཉིད་སྲུང་ཕྱིར་གཞན་ལ་འཚེ་ཕོད་པ། །དེ་ནི་ངེས་པར་ལས་ཀྱི་སྲིན་པོ་དངོས། །གང་ཞིག་སེམས་ཅན་གཅིག་གི་སྲོག་བཅད་ཀྱང་། །རྣམ་སྨིན་འབྲས་བུས་བར་གྱི་བསྐལ་པ་རུ། །དམྱལ་བར་གནས་ཞེས་དྲན་ཉེའི་མདོ་ལས་གསུངས། །རྒྱུ་མཐུན་སྲོག་གི་ལན་ཆག་ལྔ་བརྒྱ་སྟེ། །སྐྱེས་བུ་བྱེད་པས་དེ་ཉིད་སྟོབས་བསྐྱེད་ནས། །འོག་ནས་འོག་འགྲོ་མུ་མེད་དུཿཁས་མནར། །སེམས་ཤེས་ཡོད་ན་འདི་ལ་བག་ཟོན་འཚལ། །སེམས་ཅན་མི་བསྲུན་ནགས་ཀྱི་ཚེར་མ་འདྲ། །དེ་དག་ཐམས་ཅད་གཞོམ་གྱིས་ག་ལ་ལང། །ཁྲོ་བའི་སེམས་འདི་ཐུལ་ན་ཀུན་ཐུལ་བས། །ལྷྭམ་མཐིལ་ཀོ་བས་ས་ཀུན་གཡོགས་དང་འདྲ། །དེ་བས་དམག་ཇག་རྔོན་གྱི་ལས་སྤོངས་ལ། །འགྲོ་བ་ཀུན་ལ་གནོད་འཚེའི་བསམ་སྦྱོར་བཤོལ། །དགེ་ལ་བསྙད་པའི་སྲོག་གཅོད་མཆོད་སྦྱིན་ནི། །མུ་སྟེགས་སམ་ནི་ཀླ་ཀློའི་ཆོས་ལུགས་ངེས། །དེ་ནི་སྡིག་པ་ཕལ་ལས་བརྒྱ་འགྱུར་ལྕི། །སྐྱབས་སྡོམ་ཐོབ་ཕྱིན་སེམས་ཅན་འཚེ་སྤོང་དགོས། །སོ་ཐར་ངོ་བོའང་གཞན་གནོད་སྤོང་བ་ཡིན། །སེམས་ཅན་བློས་བཏང་བྱང་སྡོམ་རྩད་ནས་སྟོང་། །སྔགས་སུ་བྱམས་སྤངས་རྩ་ལྟུང་བཞི་པར་གསུངས། །དེས་ན་བསྟན་ཞུགས་སྡོམ་པ་བཟུང་རྣམས་ཀྱིས། །དམར་ཆོག་ཟ་བ་བསྟན་པའི་རྐང་འདྲེན་ཡིན། །དེང་དུས་འགའ་ཞིག་ཉམས་ལེན་གནད་མེད་བཞིན། །སྔགས་ལ་ཁ་གཡར་སྦྱོར་སྒྲོལ་རྩིང་སྤྱོད་བྱེད། །གྲུབ་པའི་ཚུལ་བརྫུའི་གྲགས་སྐམ་འུར་གྱིས་འགེངས། །བསོད་ནམས་ཟད་པའི་འགྲོ་རྣམས་དེ་ལ་འདུན། །སྦྱོར་བ་ལའང་འདུ་ཤེས་གསུམ་ལྡན་ངོས། །འཕོ་མེད་ཚུལ་ཁྲིམས་སྲུང་དགོས་ཕལ་གྱིས་མིན། །བསྒྲལ་བ་ལའང་ལྷ་བདག་དབྱེར་མེད་འགྲུབ། །སྙིང་རྗེའི་ཤུགས་ཀྱིས་ཉམས་པ་སྒྲོལ་བ་སོགས། །བསད་པ་གསོ་བར་ནུས་པའི་མངོན་རྟགས་དགོས། །དེ་མིན་ཕལ་གྱིས་སྦྱོར་སྒྲོལ་ལས་སྤྱོད་པ། །སྔགས་ལོག་རུ་ཏྲའི་རྒྱུར་འགྲོ་ཅིས་ཀྱང་སྤོངས། །སྙིགས་སྤྱོད་ཟོག་པོ་རྣམས་ཀྱི་རྗེས་མ་འབྲངས། །སྔོན་བྱོན་དམ་པའི་གསུང་རབ་དཔང་པོར་མཛོད། །མ་བྱིན་ལེན་པས་ཡི་དྭགས་འགྲོ་བ་སྐྱེད། །ལྔ་སྟོང་ཁྲི་ཡང་ཟས་སྐོམ་སྒྲ་མི་གྲགས། །གལ་ཏེ་མིར་སྐྱེས་ནོར་མེད་སྤྲང་པོར་སྐྱེས། །མུ་གེའི་འཇིགས་པས་འཚོ་བ་ལྔ་བརྒྱ་བཏུང་། །དེ་བས་ནོར་ཕྱིར་རྐུན་ཇག་བྱ་བ་བཤོལ། །འབྱོར་པར་འདོད་ན་མཆོད་སྦྱིན་གཏེར་ལ་སྤྱོད། །འཁོན་འཛིན་ཕྲ་མོ་དུག་ཆུའི་ཟིལ་པ་ཡི། །རིམ་མྱོས་དགེ་བའི་ལྗོན་ཤིང་ཀུན་བསྲེགས་པའི། །འཁྲུགས་རྩོད་མེ་ཆེན་སྦར་བས་རང་གཞན་གྱི། །ཐར་པའི་སྲོག་ཤིང་ཐལ་བར་བྱེད་ཉེན་པས། །ཐོག་མ་ཉིད་ནས་བག་དང་ལྡན་པ་ཡིས། །འཁོན་པ་ཟླུམ་ལ་སྤྲོ་བ་མི་ལྷོད་འཚལ། །དྲང་པོའི་སྤྱོད་པ་མི་ཡི་ཆོས་ལུགས་ཏེ། །ཤིན་ཏུ་དྲངས་ན་ལྷ་ཡི་ཆོས་ལུགས་ཡིན། །འཁྱོགས་པོའི་རང་བཞིན་སྙིགས་མའི་ཆོས་ལུགས་ཏེ། །ཤིན་ཏུ་འཁྱོགས་པ་དམྱལ་བའི་ཆོས་ལུགས་དངོས། །དེ་བས་ཁྱེད་ཀྱང་འཁྱོགས་པོའི་ལམ་སྤངས་ནས། །དྲང་པོའི་ལམ་ལ་ཡང་དག་གཤེགས་མཛོད་དང་། །དེ་ཡི་འབྲས་བུ་ཕྱིས་ནས་མངོན་པར་འགྱུར། །བློ་གཏད་ཡིད་ཆེས་དཀོན་མཆོག་གསུམ་ལ་གྱིས། །འདི་ཕྱི་གཉིས་ཀའི་འདུན་མ་དེ་ཡིས་འགྲུབ། །ཉེ་འཁོན་མེད་པའི་བསམ་པ་བཟང་པོ་ཡིས། །ཀུན་ལ་ཕན་པ་སྒྲུབས་དང་འཕྲལ་ཡུན་དགེ། །གཞན་ཡང་བསྙེན་གནས་ཡན་ལག་བརྒྱད་པ་སོགས། །དུས་དང་དུས་སུ་ཚུལ་ཁྲིམས་ལེགས་བསྲུངས་ཤིང་། །གཞན་དག་རྣམས་ཀྱང་ཚུལ་དེར་བསྐུལ་མཛོད་དང་། །མཐོ་རིས་ཐར་པ་ཐོབ་ལ་ཐག་མི་རིང་། །བླ་མ་ལ་གུས་དད་ཅིང་དམ་ཚིག་སྲུངས། །སེམས་ཅན་ཕ་མར་ཤེས་ནས་སྙིང་རྗེས་སྐྱོངས། །རྒྱུ་འབྲས་ཡིད་ཆེས་དགེ་སྒྲུབས་སྡིག་པ་སྤོངས། །གནད་ཀྱི་ལག་ལེན་མ་ལུས་དེ་ནང་ཚང་། །མཆོད་སྦྱིན་ཚོགས་གསོག་བགྱིས་ན་ཅི་བསམ་འགྲུབ། །སྒོ་གསུམ་སྒྲིབ་སྦྱོང་འབད་ན་སྡུག་བསྔལ་འཛད། །ཚོགས་རྫོགས་སྒྲིབ་པ་བྱང་ན་རྟོགས་པ་སྐྱེ། །གནས་ལུགས་མངོན་དུ་གྱུར་ན་རྣམ་གྲོལ་ཉིད། །དེས་ན་ཁྱེད་ཀྱང་མཆོག་གསུམ་སྐྱབས་སོང་ལ། །སངས་རྒྱས་སྒྲུབ་བྱ་སྙམ་དུ་དམ་བཅས་ཏེ། །དེ་རྒྱུ་བསགས་སྦྱང་གནས་ལ་ཅི་ནུས་འབད། །དགེ་རྩ་དེ་ཡང་སྦྱོར་བ་སེམས་བསྐྱེད་དང་། །དངོས་གཞི་འཁོར་གསུམ་མི་རྟོག་ཤེས་རབ་ཆེ། །རྗེས་ལ་བྱང་ཆུབ་ཡོངས་བསྔོས་རྒྱས་ཐོབ་དང་། །ཐར་པ་ཆ་མཐུན་ཟག་མེད་ལམ་དུ་འགྲོ། །དེ་སྐད་ཕན་སེམས་འོ་མའི་རྒྱ་མཚོ་ལས། །ཉེར་ཐོན་བསླབ་བྱ་པདྨ་དཀར་པོ་འདི། །སྐལ་བཟང་བུང་བའི་ཚོགས་ཀྱིས་ལེགས་སྤྱོད་ནས། །ཐར་གྲོལ་སྦྲང་རྩིས་ཡུན་གྱི་སྲོག་འཚོ་ཤོག །ཅེས་འདི་ལུགས་ཟུང་རྣམ་དཔྱོད་རབ་ཡངས་པ། །འགུ་ལོག་སྟོད་པའི་དཔོན་ཆེན་མདོ་སྡེ་ཡི། །བསམ་སྦྱོར་རབ་དཀར་ཡར་ཟླ་ལྟར་འཕེལ་ཆེད། །ཞེ་ཆེན་རྒྱལ་ཚབ་སྤྲུལ་མིང་འཛིན་པས་བྲིས། །