Nitartha Digital Library
Tibetan
ཨ་རིག་པཎ་ཆེན་བླ་མ་པདྨ་ཚེ་དབང་ལྷུན་གྲུབ་གྱི་གསུང་འབུམ།

1 occurrence of ཆོས་རྒྱལ་ཕུག་
[Clear Hits]


 
 expand section
 expand section
 expand section
 collapse section
  
  
  
  
  
 collapse section
མདོ་སྔགས་གཞུང་ལུགས་རྒྱ་མཚོའི་དཀའ་གནད་ཞུས་ལན་ཀུན་གཟིགས་པཎ་ཆེན་བླ་མའི་ཞལ་ལུང་།
  
  
  
  
  
  
  
  
  
  
  
 expand section
 expand section
 expand section
  
  
  
 expand section
  


1 occurrence of ཆོས་རྒྱལ་ཕུག་
[Clear Hits]

 
previousམདོ་སྔགས་གཞུང་ལུགས་རྒྱ་མཚོའི་དཀའ་གནད་ཞུས་ལན་ཀུན་གཟིགས་པཎ་ཆེན་བླ་མའི་ཞལ་ལུང་།next

མདོ་སྔགས་གཞུང་ལུགས་རྒྱ་མཚོའི་དཀའ་གནད་ཞུས་ལན་ཀུན་གཟིགས་པཎ་ཆེན་བླ་མའི་ཞལ་ལུང་།

༄༅། །མདོ་སྔགས་གཞུང་ལུགས་རྒྱ་མཚོའི་དཀའ་གནད་ཞུས་ལན་ཀུན་གཟིགས་པཎ་ཆེན་བླ་མའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། རྨད་བྱུང་སྟོབས་བཅུའི་མངའ་བདག་ཤཱཀྱའི་ཏོག །རྒྱལ་ཀུན་མཁྱེན་པའི་རང་གཟུགས་འཇམ་པའི་དབྱངས། །འཛམ་གླིང་གྲུབ་པའི་འཁོར་བསྒྱུར་མཚོ་སྐྱེས་རྗེ། །རྣམ་གསུམ་དབྱེར་མེད་དཔལ་ལྡན་བླ་མར་འདུད། །དེ་ཡང་རྨད་བྱུང་ཁྱད་ཆོས་དྲུག་གིས་མངོན་པར་འཕགས་པའི་གསང་ཆེན་སྔ་འགྱུར་བའི་ཆོས་སྡེ་རྒྱ་གར་ལྷོ་ཕྱོགས་སྔ་འགྱུར་མཐོ་སློབ་ཆེན་མོ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་༧ཀུན་གཟིགས་མཁན་ཆེན་བླ་མ་དགེ་ལེགས་ཆོས་འཕེལ་དཔལ་བཟང་པོ་མཆོག་གིས་བཀའ་ཆོས་གསུང་སྐབས། སློབ་གཉེར་བ་རྣམས་ཀྱིས་གཞུང་ལུགས་སྤྱིའི་སྐོར་བཀའ་འདྲི་ཞུས་པ་ལ། ཞུས་ལན་པཎ་ཆེན་བླ་མའི་ཞལ་ལུང་ཞེས་བྱ་བའི་ཟིན་ཐོ་ཞིག་འབྲི་བ།

༈ ཐོག་མར་གསང་སྔགས་བླ་མེད་སྐོར་དྲི་བ་བཅུ་གསུམ་བཀོད་པ།

༈ དྲི་བ། ༡༽རྫོགས་ཆེན་སྡེ་གསུམ། མན་ངག་སྡེ་བཞི། སྤྱི་ཏི། ཨ་ཏི། ཡང་ཏི། རྣམས་ཀྱི་ཁྱད་པར་ཇི་ལྟར་ལགས།

༼༡ དྲིས་ལན། རྫོགས་ཆེན་སྡེ་གསུམ་ནི། ཨ་ཏི་བཀོད་པ་ཆེན་པོ་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་ལ་མན་ངག་སྡེ། །ཞེས་རྩ་བའི་འཇོག་མཚམས་ནི་དེ་ལྟར་གསུངས་ལ། དེ་དག་གི་ངོ་བོ་གནད་བསྡུས་ན། རིག་སྟོང་ཆོས་སྐུའི་ངང་དུ་འཇོག་པ་སེམས་སྡེ་དང༌། ཆོས་ཉིད་བྱ་རྩོལ་མེད་པའི་ངང་དུ་འཇོག་པ་ཀློང་སྡེ་དང༌། ཡེ་གྲོལ་སྤང་བླང་བྲལ་བའི་ཆོས་ཉིད་ཀྱི་ངང་དུ་འཇོག་པ་མན་ངག་སྡེ་ཞེས་གོང་མ་རྣམས་ཀྱི་གསུང་རྒྱུན་དེ་ལྟར་ཡིན་ཞིང་། སྤྱིར་དེ་དག་གི་འཇོག་བྱེད་དང་ནང་གསེས་ཀྱི་དབྱེ་བ་ཀློང་དགུ་སོགས་རྒྱ་ཆེར་ཀུན་མཁྱེན་བླ་མས་གྲུབ་མཐའ་མཛོད་སོགས་སུ་གསུངས་པ་ལྟར་རོ། །མན་ངག་སྡེ་བཞི་ནི། སློབ་དཔོན་བི་མ་ལའི་སྒྲོན་མ་སྣང་བྱེད་ལས། ཕྱི་སྐོར་ལུས་དང་འདྲ་སྟེ་ཐ་སྙད་རྒྱ་ཆེར་བསྟན། །ཞེས་སྤྱིར་བཏང་གི་རྫོགས་པ་ཆེན་པོའི་ཆོས་སྐོར་རྒྱ་ཆེར་གཏན་ལ་དབབ་པ་དང༌། ནང་སྐོར་མིག་དང་འདྲ་སྟེ་མཐོང་བ་བརྡ་ཡི་ཆོས། །གསུངས་པས་བརྡ་དོན་རྟགས་གསུམ་གྱི་མཚོན་ཚུལ་བཤད་པ་དང༌། གསང་སྐོར་སྙིང་དང་འདྲ་སྟེ་དྲན་བྱེད་གཟུངས་ཀྱི་ཆོས། །ཞེས་རྣལ་འབྱོར་པའི་ཅོག་བཞག་བཞིའི་སྒོམ་ཚུལ་གཏན་ལ་དབབ་པ་དང༌། ཡང་གསང་སྐོར་ནི། འདི་ནི་ལུས་ཀུན་རྫོགས་པའི་སྐྱེས་བུ་འདྲ། །ཞེས་འདིར་གདོད་མ་གཞིའི་གནས་ལུགས། བརྡ་དོན་རྟགས་གསུམ་གྱི་མཚོན་ཚུལ། ལམ་སྣང་བ་བཞིའི་འཆར་ཚུལ། བར་དོ་དུས་ཀྱི་སྒྲོན་མའི་འཆར་ཚུལ། འབྲས་བུ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་སུ་གྲོལ་ཚུལ་དང་བཅས་པ་སོགས་ཐ་སྙད་དང་མན་ངག་གི་གནད་གསང་ཐམས་ཅད་ཚང་བར་བསྟན་ཡོད་པས་ན་ལུས་ཡོངས་སུ་རྫོགས་པ་དང་འདྲ་ཞེས་གསུངས། སྤྱི་ཏི་ཨ་ཏི་ཡང་ཏི་རྣམས་ཀྱི་ཁྱད་པར་ནི། འདི་རྣམས་ཀྱི་ཐ་སྙད་རྣམ་བཞག་འཇོག་ལུགས་བླ་མ་གོང་མའི་ཞལ་རྒྱུན་འདྲ་མིན་ཡང་། དཔྱད་གཞི་ཙམ་ཞུ་ན། ལེགས་སྦྱར་གྱི་ཨ་ཏི་ཞེས་ཡོད་པ། བོད་སྐད་དུ་ཤིན་ཏུ་ཞེས་པའི་དོན་ཡིན་པས། ཨ་ཏི་ཡོ་ག་ལ་ཤིན་ཏུ་རྣལ་འབྱོར་ཞེས་འཇོག དེ་ལྟར་ན། ཡང་ཏིའམ་ཡང་ཟབ་ཅེས་ཤིན་ཏུ་དང་དོན་གཅིག་ཏུ་འགྱུར་སྙམ། སྤྱི་ཏི་ཡང་མན་ངག་སྤྱིའི་འཕྲོ་གཞི་ཡིན་པ་སོགས་ཀྱིས་མཚན་གྱི་རྣམ་གཞག་དེ་དང་དེ་མཛད་པ་ལས་འདི་རྣམས་ལ་གོང་འོག་གི་ཁྱད་ཅིག་ཡོད་པར་ཁོ་བོས་མི་སེམས་ལགས།

༈ དྲི་བ། ༢༽ཐོག་མའི་སྤྱི་གཞི་དང༌། འཁོར་འདས་ཀྱི་འཕྲོ་གཞི། མཐར་སེམས་ཅན་གྲོལ་གཞི་བཅས་ལ་ཁྱད་པར་དང༌། ཀུན་ཏུ་བཟང་པོ་གྲོལ་དགོས་ཚུལ་དང༌། སེམས་ཅན་འཁྲུལ་དགོས་ཚུལ་རྒྱུ་མཚན་ཡོད་མེད་གང༌།

༼༢ དྲིས་ལན། འཁོར་འདས་ཀྱི་འཕྲོ་གཞི་ནི་ཡོངས་གྲགས་ལྟར། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱི་སྤྲུལ། །ཞེས་གསུངས་པ་ལྟར་དང༌། སེམས་ཅན་གྲོལ་གཞི་ལ། རྫོགས་པ་ཆེན་པོའི་གཞུང་རྣམས་ན་གཞི་ལ་བཞེད་ཚུལ་རྣམ་པ་བདུན་བྱས་ནས་ཀ་དག་དང་ལྷུན་གྲུབ་གཉིས་གཞི་སྐྱོན་མེད་དུ་འཇོག་པ་དང༌། དེ་ལ་གཞི་ལས་གཞི་སྣང་འཆར་ཚུལ། འཆར་ལུགས་རྣམ་པ་དྲུག་དང་སྒོ་གཉིས་ཏེ་ལྷུན་གྲུབ་སྒོ་བརྒྱད་ཅེས་རྣམ་བཞག་མཛད། དེ་ལ་གཞི་སྣང་མ་ཤར་ན་ཅི་ཞིག་གྲོལ་ཞིང༌ཅི་ཞིག་འཁྲུལ་བར་འགྱུར། དོན་དེ་ཉིད་གོ་བདེ་བའི་དཔེ་ཞིག་སྦྱར་ན། ཐག་ཁྲ་ལ་སྦྲུལ་དུ་འཁྲུལ་བའི་གནས་སྐབས་སུ་སྒྲོན་མེ་བཏེགས་ནས་སྦྲུལ་མེད་པར་ངེས་པ་ན། ད་དུང་སྦྲུལ་ཨེ་ཡོད་སྙམ་པའི་དོགས་པ་འབྱུང་མི་སྲིད་པ་བཞིན་དུ། གཞི་ལས་གཞི་སྣང་ལྷུན་གྲུབ་སྒོ་བརྒྱད་འཆར་བའི་ཚེ་རང་ངོ་ཤེས་ཟིན་ཕན་ཆད་སླར་ཡང་འཁྲུལ་མི་ཤེས་པ་ཞིག་ཡིན་ནོ། །ཀུན་ཏུ་བཟང་པོ་གྲོལ་དགོས་ཚུལ་དང༌། སེམས་ཅན་འཁྲུལ་དགོས་པའི་རྒྱུ་མཚན། སྤྱིར་རང་རྣོ་ཅིག་ཆར་ཞེས་རྫོགས་ཆེན་གྱི་གཞུང་ནས་བཤད་པ་དེ་ཀུན་ཏུ་བཟང་པོའི་གྲོལ་ཚུལ་འདི་འདྲ་ལ་མ་བཞག་ན་འཇོག་མི་ཐུབ་ཅེས་གོང་མ་རྣམས་ཀྱིས་གསུངས་ལ། རང་རྣོ་དེ་ཨེ་ཡོད་སྙམ་ན་ཡོད་དེ། སྤྱིར་མངོན་པ་མཛོད་ཀྱི། ཁ་ཅིག་སྦྱངས་པ་ལས་གྱུར་སོགས་གསུངས་པའི་སྐབས་ན་ཡང་ཅུང་ཟད་རེ་བཤད་ལ། ཁྱད་པར་དཔེ་ཞིག་གིས་བསྟན་ན། ལྕགས་འགའ་ཞིག་མགར་བའི་བྱེད་པ་སོགས་ལ་མ་ལྟོས་པར་ཐོག་མ་ནས་རྣོ་ལྕགས་ཀྱི་ངོ་བོར་གནས་པ་ཡོད་མོད། དེ་ལ། རིག་པའི་མཐའ་ནི་ཆོས་ཉིད་ལ། །ཐུག་ནས་རྒྱུ་མཚན་ཚོལ་དུ་མེད། །ཅེས་གསུངས་པ་ལྟར། འདི་དང་པོ་ནས་རྣོ་ལྕགས་ཅིའི་ཕྱིར་ཡིན་ཞེས་སྨྲ་མི་འོས་པ་བཞིན་དུ། ཀུན་ཏུ་བཟང་པོ་གཞི་ལས་གཞི་སྣང་ཤར་མ་ཐག་ཏུ་རང་ངོར་འཕགས་པ་བྱེ་བྲག་ཕྱེད་པ་སོགས་ཁྱད་ཆོས་དྲུག་གིས་གྲོལ་བ་དེ་ནི་གང་ལས་ཡིན་ན་རང་རྣོ་ཤིན་ཏུ་ཅིག་ཆར་བ་ཡིན་པས་སོ། །དེར་མ་ཟད་ཚོགས་ཆེན་གཉིས་ཡེ་རྫོགས་ཀྱང་ཡིན་ཏེ། ཀུན་ཏུ་བཟང་པོ་ཁྱད་ཆོས་དྲུག་གི་རང་སྣང་རང་བཞིན་མེད་པར་ཤེས་ཏེ་གྲོལ་ནས་ཕྱིན་ཆད་འཁྲུལ་མི་ཤེས་པ་ཞིག་ཡིན་ནོ། །ཅིའི་ཕྱིར་ན་ལམ་བདེན་བདག་མེད་རྟོགས་པའི་ཤེས་རབ་སྟེ། ཚོགས་གཉིས་ཡོངས་སུ་རྫོགས་ཤིང་ཟག་མེད་རང་ངོ་ཤེས་པའི་དགེ་བ་རྒྱ་མཚོ་ལྟ་བུ་བསགས་ལ། ཀ་དག་གི་རང་ངོ་ཤེས་པ་ཡེ་ཤེས་ཀྱི་ཚོགས་དང༌། ལྷུན་གྲུབ་རང་སྣང་དུ་ཤེས་པ་བསོད་ནམས་ཀྱི་ཚོགས་ཞེས་གསུངས་སོ། །དཔེར་ན་ཉི་ཟླའི་བགྲོད་པ་དང་རྐང་པའི་བགྲོད་པ་གཉིས་གནས་གཅིག་ཀྱང་མྱུར་མི་མྱུར་ལ་ཁྱད་མཐོང་བ་ལྟར། ཀུན་ཏུ་བཟང་པོ་སྐད་ཅིག་གཅིག་ལ་བྱེ་བྲག་ཕྱེད་དེ་གྲོལ་ལོ། །གཞན་ཡང་བྱ་རྒྱུད་ན་མི་ཚེ་བཅུ་དྲུག་དང༌། རྣལ་འབྱོར་རྒྱུད་ལ་མི་ཚེ་བདུན་དང༌། སྔགས་བླ་མེད་ནི་ཚེ་ལུས་གཅིག་གིས་མགོན་པོ་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པ་དང་མཚུངས་པའི་ཕྱིར་རོ། །མདོར་ན་གྲོལ་བའི་རྒྱུ་མཚན། ཟག་མེད་རང་ངོ་ཤེས་པས་དགེ་བ་རྒྱ་མཚོ་བསགས་པའི་སྟོབས་དང༌། རང་རྣོ་ཅིག་ཆར་བ་རྣོ་ལྕགས་ཀྱི་དཔེ་བསྟན་པ་བཞིན་ཡིན་ནོ། །

༈ དྲི་བ། ༣༽རླུང་སེམས་ཀྱི་ལྷ་སྐུ། འོད་གསལ་གྱི་ལྷ་སྐུ། སྟོང་གཟུགས་ཀྱི་ལྷ་སྐུ། རིག་གདངས་ཀྱི་ལྷ་སྐུ་རྣམས་ཀྱི་ཁྱད་པར་གང་ཡིན།

༼༣ དྲིས་ལན། རླུང་སེམས་ཀྱི་ལྷ་སྐུ་ནི་དཔལ་གསང་འདུས་རིམ་ལྔའི་ཆོས་སྐད་ཡིན་ལ། ཐ་མལ་མ་དག་པའི་རླུང་སེམས་ཀྱིས་རྒྱུ་བྱས་ཏེ་དེ་འདྲ་གོམས་སྟོབས་ཀྱིས་བཅོས་མི་དགོས་པར་རང་ཤུགས་ཀྱིས་ལྷ་སྐུར་འཆར་བ་ལ་ཟེར། རིམ་ལྔའི་རྫོགས་རིམ་སྐབས་སྒྱུ་ལུས་དང་འོད་གསལ་གཉིས་ལས་སྒྱུ་ལུས་ཀྱི་ཆར་གསུངས་སོ། །འོད་གསལ་གྱི་ལྷ་སྐུ་ནི། དཔེ་དང་དོན་གྱི་འོད་གསལ་མཚན་ཉིད་པ་མཐོང་ཟིན་རྗེས་ལྷ་དང་སྐུ་ཡི་སྣང་བ་འཆར་བ་ལ་གསུངས། སྟོང་གཟུགས་ཀྱི་ལྷ་སྐུ་དུས་འཁོར་ལས་གཙོ་ཆེར་བཤད་པ་ཡིན། མཁས་པ་རྣམས་ཀྱིས་འོད་གསལ་ཐོད་རྒལ་གྱི་སྣང་ཆ་དང་འདི་གཉིས། རིག་གདངས་ཀྱི་ཆ་ལ་རྩལ་འདོན་བྱེད་མི་བྱེད་དང༌། སེམས་འཛིན་གྱི་རྩོལ་བ་ཡོད་མེད་ལས་ཕྱོགས་མཚུངས་གསུངས་ལ། སྟོང་གཟུགས་ཀྱི་ལྷ་སྐུར་སྣང་བ་དེ་ཡང་སྟོང་པ་འོད་གསལ་གྱི་ཆར་གྱུར་པ་ཞིག་ཡིན་ལ་རྡུལ་གྲུབ་བེམ་པོའི་ཆོས་སུ་གྲུབ་པ་མ་ཡིན་ནོ། །དེའི་ཕྱིར་དཔལ་ལྡན་དུས་འཁོར་ནི་སངས་རྒྱས་རིན་ཆེན་ཟ་མ་ཏོག་ཁ་འབྱེད་པ་ཞེས་རྒྱུད་ཀུན་གྱི་རྒྱལ་པོ་ཡིན་ཞིང་གསར་རྒྱུད་ཞིག་ལ་འདི་ལས་གོང་ན་མེད་པར་བཤད་དོ། །རིག་གདངས་ཀྱི་ལྷ་སྐུ་ནི། གདངས་རྡོ་རྗེ་ལུ་གུ་རྒྱུད་རིག་པ་སྐུ་རུ་སྨིན་པ་ཡིན་ནོ། །སྤྱིར་ན་རླུང་སེམས་ཀྱི་ལྷ་སྐུ་ནི་མ་དག་པའི་རླུང་སེམས་ཀྱི་སྣང་བ་ཞིག་ཡིན། སྟོང་གཟུགས་ཀྱི་ལྷ་སྐུ་སྟོང་པ་འོད་གསལ་གྱི་ཆར་གྱུར་པ་ཞིག་ཡིན་ཡང་ད་དུང་དེ་རྩོལ་བས་གཅུན་པ་སོགས་ཡོད་དགོས་སོ། །སྐབས་འདིར་བཞུགས་སྟངས་གསུམ་དང་གཟིགས་སྟངས་གསུམ་གྱིས་མ་བཅོས་རང་བབས་སུ་བཞག་པས། རིག་གདངས་ཀྱི་ལྷ་སྐུ་དངོས་རིག་པ་ཚད་ཕེབས་ཀྱི་དུས་ན་གསལ་བོ་འཆར་བར་འགྱུར་བ་ཡིན་ནོ། །སྤྱིར་གཏམ་འདི་འདྲ་ཁྱབ་བརྡལ་དུ་བསྒྲག་ན་འོས་པ་མ་ཡིན་ཡང་ཁྱེད་རྣམས་ཕལ་མོ་ཆེ་ལས་ལྡན་གྱི་གང་ཟག་ལོས་ཡིན་སྙམ་པས་ཞུས་པ་ལགས།

༈ དྲི་བ། ༤༽རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ཀྱི་ཁྱད་པར་གང་ཡོད།

༼༤ དྲིས་ལན། རྒྱུད་སྡེ་ནི། བཤད་པ་གཙོ་བོར་མཛད་པ་དང༌། སྒྲུབ་སྡེ་སྒྲུབ་པ་གཙོ་བོར་མཛད་པ་ཨེ་ཡིན་སྙམ། རྒྱུད་སྡེ་ལ་སྒྲུབ་པ་དང་སྒྲུབ་སྡེ་ལ་བཤད་པ་མེད་པ་མིན་ཡང་གཙོ་ཆེ་ཆུང་གིས་དེ་ལྟར་རྣམ་གཞག་མཛད། རྒྱུད་སྡེའི་སྐབས་ན་རྒྱུད་གསུམ་གྱི་རྣམ་གཞག་སྤྱིར་བསྟན་པ་དང་། ལམ་རྒྱུད་བྱེ་བྲག་ཏུ་བཤད་དེ་རྒྱུད་ཀྱི་དངོས་པོ་བཅུའི་སྒོ་ནས་བཤད་པ་གཙོ་ཆེར་གནང་བ་དང༌། སྒྲུབ་སྡེ་ནི། སྤྱིར་གཉིས་ཀ་མ་ཧཱ་ཡོ་གའི་ནང་གི་དབྱེ་བ་འདྲ་ཡང༌། ལས་བཞི་མཆོག་དང་བཅས་པའི་སྒྲུབ་པ་གཙོ་བོར་བྱས་པ་ཞིག་ཡིན་ལ། འདི་དག་གི་རྣམ་གཞག་རྒྱས་པར་གསང་སྔགས་བཀའ་ཡི་ཐ་རམ་དང་རྫོང་འཕྲང་སོགས་ན་གསལ་བས་འདིར་ཕྱོགས་ཙམ་མོ། །

༈ དྲི་བ། ༥༽བླ་ཚེ་སྲོག་གསུམ་གྱི་ཁྱད་པར་གང༌།

༼༥ དྲིས་ལན། ཆགས་མེད་རིན་པོ་ཆེས། བླ་ནི་དུར་ས་དེ་རུ་གནས། །རྣམ་ཤེས་ལས་ཀྱི་རྗེས་སུ་འབྲང༌། །ཞེས་གསུངས་པ་ལྟར། བླ་ནི་ལྷན་ཅིག་སྐྱེས་པའི་ལྷ་དེ་དང་འགྲོགས་ནས་མི་དེ་ལ་མགོན་དུ་བྱེད་པ་དང༌། ཚེ་དང་སྲོག་གཉིས་ནི། མངོན་མཛོད་དུ། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །ཞེས་གཅིག་ཏུ་གསུངས་པ་དང་དོན་མཚུངས་པ་ཡིན་ནོ། །

༈ དྲི་བ། ༦༽ རིག་པའི་རྒྱན། རྩལ། གདངས། ཆོ་འཕྲུལ་སོགས་ལ་ཁྱད་པར་གང་ཡོད།

༼༦ དྲིས་ལན། སྤྱིར་འདི་རྣམས་ལ་ཁྱད་མེད་པར་གཅིག་ཏུ་གསུངས་པ་ལྟ་བུའི་སྐབས་ཡོད་ཀྱང་། རྣམ་པ་ཀུན་ཏུ་གཅིག་ཡིན་པར་བཞག་ན་མ་ཡིན་སྙམ། རིག་པའི་རྒྱན་ནི། སེམས་ཉིད་རང་བཞག་གི་གནས་སྐབས་ན་ཆུ་བཞག་ན་རྙོག་མ་རང་སར་དག་པ་བཞིན། མངོན་པར་ཤེས་པ་སོགས་ཡོན་ཏན་གྱི་ཆ་འཕེལ་བ་ལ་ཟེར། གདངས་ནི་རྫོགས་ཆེན་གྱི་སྐབས་ནས་བཤད་པའི་ཤེས་རབ་རང་བྱུང་གི་སྒྲོན་མ་ལ་གསུམ་དུ་ཕྱེ་བའི་ནང་ཚན། རིག་པ་རྡོ་རྗེ་ལུ་གུ་རྒྱུད་མུ་ཏིག་བསྟར་ལ་བརྒྱུས་པའམ་གསེར་གྱི་སྐུད་པ་ལྡིང་བ་ལྟ་བུ་དེ་ཡིན་ཏེ། རྩལ་རྫོགས་ལས། རང་སྣང་རིག་པའི་དངོས་པོ་དེ། །ཡེ་ཤེས་ལུ་གུ་རྒྱུད་དུ་གནས། །ཞེས་གསུངས་པ་ལྟར་རོ། །རོལ་པའམ་ཆོ་འཕྲུལ་ལམ་རྩལ་ནི། ཉི་མའི་ཟེར་ལས་དྲོད་བྱུང་ནས་ས་དང་ཆུ་མཚོ་ཐམས་ཅད་དྲོད་ཀྱིས་ཁྱབ་སྟེ་ཉི་མ་རང་ཡང་སྒྲིབ་པར་འགྱུར་བ་དང༌། སླར་ཡང་ཉི་མའི་ཟེར་ལས་རླུང་བྱུང་ནས་སྤྲིན་ཆེན་དབྱིངས་སུ་གཏོར་བར་བྱེད་པ་ལྟར། ཐོག་མའི་སྤྱི་གཞི་ལས་གྲོལ་དང་འཁྲུལ་བའི་གཞི་བྱེད་པར་འགྱུར་བ་ནི་རྩལ་དང་རོལ་པ་ཡིན་པར་གསུངས་ལ། འདིའི་དོན་རྒྱས་པར་ཀློང་ཆེན་པའི་ཆོས་དབྱིངས་མཛོད་འགྲེལ་ན་གསལ་ལོ། །

༈ དྲི་བ། ༧༽ མཛོད་ལྡེ་ལས། ཡེ་ཤེས་ཀྱི་རང་སྣང་དང་སེམས་ཀྱི་རང་སྣང་གཉིས་ལས། སེམས་ཀྱི་རང་སྣང་གནས་ལུས་སོགས་ནི་ཡེ་ཤེས་ཀྱི་ཆ་དང་སེམས་ཀྱི་ཆ་གཉིས་ཀ་མིན་པར་གསུངས་ན། སེམས་ཙམ་པའི་སྣང་ཡུལ་དང་ཁྱད་པར་གང་ཡོད། ཡེ་ཤེས་ཀྱི་རང་སྣང་ལ་སྣང་བ་དང་སྣང་ཡུལ་གྱི་ཁྱད་པར་འཐད་དམ།

༼༧ དྲིས་ལན། དྲི་བ་འདི་ནི་ཁྱེད་རྣམས་ཀྱི་དགོངས་པ་ལ། སེམས་ཙམ་རྣམ་རྫུན་པ་དག་གིས་ད་ལྟའི་སྣང་བ་འདི་ནང་སེམས་ཉིད་ཡང་མ་ཡིན་ལ། ཕྱི་རོལ་གྱི་ཡུལ་ཡང་མ་ཡིན་པས། སྟོང་གཟུགས་མཁའ་ལ་སྐྲ་ཤད་ཀྱི་སྣང་བ་ལྟར་ཡིན་ཞེས་ཟེར་བས་དེ་དང་སྒྲོས་མཚུངས་པས་ཐ་སྙད་ཅུང་མི་བདེ་འདྲ་སྙམ་ཡང། དེ་ནི་སྤྱིར་རྣམ་བདེན་རྫུན་གཉིས་ལས་ཐ་སྙད་ཀྱི་རྣམ་གཞག་འཇོག་པ་ལ་རྣམ་བདེན་པ་བཟང་ལ། རྣམ་རྫུན་པ་ལ་སྣང་བ་གཏན་མེད་ཀྱི་སྐྱོན་འབབ་པར་འགྱུར་ཡང་། སྐབས་འདིར་དེ་དང་མཚུངས་པའི་སྐྱོན་མེད་དེ། ཐ་སྙད་དག་གཟིགས་ཚད་མས་རྣམ་པར་གཞལ་ན་སེམས་དང་ཡེ་ཤེས་ཀྱི་ཆ་གཉིས་ཀ་མ་ཡིན། འཁྲུལ་སྣང་གློ་བུར་བ་མཁའ་ལ་སྐྲ་ཤད་ཀྱི་སྣང་བ་ལྟར་ཡིན་པར་གསུངས་ན། སེམས་ཙམ་པ་དང་འཇོག་བྱེད་ཀྱི་ཚད་མ་མི་འདྲ་བས་ཁྱད་པར་ཆེ་སྙམ། ཡེ་ཤེས་ཀྱི་རང་སྣང་ལ་སྣང་བ་དང་སྣང་ཡུལ་གྱི་ཁྱད་པར་འཐད་དམ་སྙམ་ན། དེ་ནི་ངེས་དོན་མཐར་ཐུག་གི་ཕྱོགས་ནས་གཞལ་ན་ཡེ་ཤེས་ཉག་གཅིག་གི་རང་བཞིན་ཡིན་པས་དེ་ལ་སྣང་བ་དང་སྣང་ཡུལ་གྱི་ཁྱད་པར་ཕྱེ་རྒྱུ་གཏན་མེད་འདྲ་སྙམ།

༈ དྲི་བ། ༨༽ རང་གྲོལ་སྐོར་གསུམ་གྱི་བརྗོད་བྱ་ལ་ཁྱད་པར་གང་ཡོད།

༼༨ དྲིས་ལན། རྗོད་བྱེད་ཀྱི་གཞུང་རང་རང་གི་དོན་ལ་གཟིགས་ན་ངེས་ནུས་པས་དེ་ཀས་ཆོག་སྙམ།

༈ དྲི་བ། ༩༽ འཇའ་ལུས་དང༌། འོད་ལུས་དང༌། འཕོ་བ་ཆེན་པོའི་ཁྱད་པར་གང་ཡོད།

༼༩ དྲིས་ལན། སྤྱིར་འཇའ་ལུས་འཕོ་བ་ཆེན་པོ་ཡང་ཟེར་ལ། འོད་ལུས་འགྲུབ་པར་བྱིན་གྱིས་རློབས་གསུངས་པ་ཡང་འཕོ་ཆེན་དྭངས་མའི་སྐུར་འགྲུབ་པར་སྨོན་པ་ཡིན་པས་དེ་དག་ལ་ཁྱད་ཅིག་ཡོད་པར་མི་སེམས་ཀྱང༌། ཀ་དག་ཁྲེགས་ཆོད་ཀྱི་ལམ་མཐར་ཕྱིན་པས་ལུས་རྡུལ་ཕྲན་དུ་དེངས་པ་དང༌། འོད་གསལ་ཐོད་རྒལ་གྱི་ལམ་ནས་བཞེད་ན་འཕོ་ཆེན་དྭངས་མའི་སྐུར་བཞེངས་ནུས་པ་སོགས་དེ་འདྲའི་རྣམ་གཞག་ལམ་གྱི་ཁྱད་པར་ལ་ལྟོས་ནས་ཡོད་ལ། འཇའ་སྐུར་ཡལ་བ་དེ་ལ་ཡང་ནང་གསེས་ཀྱི་དབྱེ་བ་རེ་ཡོད་སྙམ་མོ། །

༈ དྲི་བ། ༡༠༽ དག་སྣང་དང་དགོངས་གཏེར་གྱི་ཁྱད་པར་གང་ཡིན།

༼༡༠ དྲིས་ལན། དག་སྣང་ནི། དག་པའི་སྣང་བ་ལ་ཡི་དམ་གྱི་ལྷ་དང་། ཡང་ན་སྔོན་གྱི་པཎ་གྲུབ་རིག་འཛིན་ཆེན་པོ་རྣམས་ཀྱི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ནས་སྒྲུབ་པའི་ཆོ་ག་དང་ཟབ་མོའི་གདམས་ཁྲིད་སོགས་གནང་བར་བྱེད་པ་ལ་གསུངས། དགོངས་གཏེར་ནི། སྤྱིར་ས་གཏེར་དགོངས་གཏེར་གཉིས་ཀ་ཆོས་དེ་དང་པོ་ཨོ་རྒྱན་རིན་པོ་ཆེས་གཏད་རྒྱའི་སྒོ་ནས་སྙིང་དབུས་མི་ཤིགས་པའི་དགོངས་ཀློང་ལ་གཏེར་དུ་སོང་ཚུལ། བར་དུ་དེ་ཉིད་ལ་འཕེལ་འགྲིབ་མེད་པར་བཞུགས་ཚུལ། མཐར་དུས་ལ་བབས་པ་ན། འོད་གསལ་གྱི་མཁྱེན་ཆའི་ངར་གཟོང་རྣོན་པོས་ཕྱེས་ཏེ་ཆོས་ཉིད་གཉུག་མའི་དྲན་པའི་གཏེར་སྒོ་ནས་ཐོན་དགོས་ཚུལ་ཕྱོགས་འདྲ་བ་ཡིན། འོན་ཀྱང་དགོངས་གཏེར་ནི། ནང་དགོངས་པའི་ཀློང་མཛོད་དུ་བཞུགས་པ་ཉིད་ཀྱི་སྟེང་ནས་གཏེར་དུ་བཞག་དགོས་པས་ཟབ་མོ་དགོངས་པའི་གཏེར་ཞེས་གསུངས། དགོངས་གཏེར་འགའ་ལ་བརྡ་ཡིག་ཡོད་པ་དང་མེད་པ་གཉིས་ཀ་ཡོད་ཀྱང་དེ་ནི་དང་པོ་གཏད་རྒྱ་ནོད་ཚུལ་གྱི་སྒོ་ནས་གཉིས་སུ་གྱུར་པ་ཡིན། དེ་ཇི་ལྟར་ན། ལྕགས་ཀྱུ་རིང་ཐུང་ལ་སོགས་པའི་ཡིག་གཟུགས་ཀྱི་རྣམ་པར་དགོངས་པའི་ཀློང་དུ་སྦས་ཡོད་ན་ཕྱིས་བརྡ་ཡིག་ཡོད་པ་དང༌། སྒྲར་གྲགས་པའི་སྒོ་ནས་སྙིང་ལ་བསྟིམས་ཡོད་ན་བརྡ་ཡིག་མེད་པ་ཡིན། དེ་ལ་སྒྲར་གྲགས་པ་དང་བརྡར་གྱུར་པ་གཉིས་ཡོད། སྒྲར་གྲགས་པ་དེ་ཡང་ཡི་གེ་ཙམ་གྱི་སྒོ་ནས་ཡོད་དེ། དཔེར་ན་ཨ་ལྟ་བུ་ཡིག་འབྲུ་གཅིག་ཐུགས་ལ་ཤར་བ་ཙམ་ལ་བརྟེན་ནས་སྔོན་གྱི་གཏད་རྒྱའི་སྟོབས་ཀྱིས་ཨོ་རྒྱན་རིན་པོ་ཆེས་བདག་རྗེ་འབངས་རྣམས་ལ་ཆོས་བཀའ་འདི་ལྟ་བུ་གནང་སྙམ་པ་ད་ལྟ་བཞིན་དུ་གསལ་བོར་སད་པར་འགྱུར་བ་ཡོད་པ་དང༌། འགའ་ཞིག་ལ་མིང་ཙམ། འགའ་ཞིག་ལ་ཚིག་ཏུ་ལོངས་པའི་དཔེ་སྒྲས་བསྟན་པ་སོགས་ཅི་རིགས་ཡོད་པར་གསུངས། དེ་ནི་སྔོན་གཏད་རྒྱའི་སྐབས་གཏད་རྒྱ་དང་གཏེར་སྦེད་གཉིས་ཀ་དོན་གཅིག་ཏུ་སོང་བས། ས་གཏེར་ལྟ་བུའི་གོ་རིམ་སྔ་ཕྱི་ཅན་མ་ཡིན་པས། སྒྲར་གྲགས་པའམ་ཡིག་གཟུགས་སོགས་གང་གི་སྟེང་ནས་གཏད་རྒྱ་ཐོབ་ཡོད་ན་ཕྱིས་སུ་ལས་འཕྲོ་དེ་སད་པའི་སྐབས་ཀྱང་སྔོན་བཞིན་ཐོན་ཡོང་བ་ལས་འཆོལ་མི་སྲིད་པ་ཞིག་ཡིན་ནོ། །སྤྱིར་དགོངས་གཏེར་ཐོན་ཚུལ་འདི་དག་ལ་ཤིན་ཏུ་རྒྱ་ཆེ་བའི་སྒོ་ནས་བཤད་དུ་ཡོད་ཀྱང་འདིར་ཕྱོགས་ཙམ་མོ། །

༈ དྲི་བ། ༡༡༽ སྣང་གསུམ་འཕོ་བའི་བག་ཆགས་ཞེས་པའི་སྣང་གསུམ་ཙམ་རྩི་སྲོལ་ཇི་ལྟར་ཡོད།

༼༡༡ དྲིས་ལན། སྣང་གསུམ་ནི་དཀར་དམར་རླུང་སེམས་ཀྱི་སྣང་བ་གསུམ་ཞེས་གསུངས། དཀར་ཆས་ལུས་ཀྱི་སྣང་བ་བསྐྱེད། དམར་ཆས་ངག་གི་སྣང་བ་བསྐྱེད། རླུང་གི་ཆ་ཕྲ་བ་ལས་ཤེས་རིག་གི་ཆ་བསྐྱེད་པ་ཡིན་ལ། ལུས་ངག་ཡིད་གསུམ་འདོད་ཁམས་ནི་རགས། གཟུགས་ཁམས་པ་དེ་ལས་ཕྲ་བ་ཕྱེད་སྣང༌། གཟུགས་མེད་ནི་མི་སྣང་བའི་བདག་ཉིད་ཅན་ནོ། །དེ་ལ་ཀློང་ཆེན་པས་ཡིད་བཞིན་མཛོད་འགྲེལ་ན། གཟུགས་མེད་ལ་སྟོང་རིག་ཏིང་འཛིན་གྱི་ལུས་ཞེས་པ་ཡོད་པར་ཡང་གསུངས། མདོར་ན་འདི་གསུམ་འབྲལ་མི་ཤེས་པའི་བདག་ཉིད་ཅན་དུ་ཡོད་པ་ཞིག་ཡིན། སྡོམ་ཊཱིཀ་དཔག་སྙེ་ན། བེམ་ཆོས་ལས་འདས་པའི་སྣང་གསུམ་འཕོ་བའི་བག་ཆགས་དཀར་དམར་རླུང་གསུམ་ཞེས་གསུངས་ཡོད་པ། གོང་མ་རྣམས་ཀྱི་གསུང་རྒྱུན་ལ་འདི་སྐབས་རླུང་ཞེས་པ་མཐར་ཐུག་གི་དོན་ལ་རིག་པ་དེ་འགྱུ་བའི་ཆ་ཙམ་ཞིག་ལ་རླུང་བཏགས་པ་ལས། བེམ་པོའི་ཆར་གྱུར་པ་ཞིག་མ་ཡིན་པ་དང༌། དེ་བཞིན་རིག་ཆ་དེ་ཉིད་ལ་ལུས་དང་ངག་གི་སྣང་བ་བསྐྱེད་པའི་ནུས་པ་ཡོད་པས་ན་སྣང་གསུམ་འཕོ་བའི་བག་ཆགས་མཐར་ཐུག་པ་བེམ་ཆོས་ལས་འདས་པ་དེ་ནི་དེ་ལྟར་རྣམ་པར་འཇོག་སྙམ།

༈ དྲི་བ། ༡༢༽ རྩ་འཁོར་ལ་སྐུ་གསུང་ཐུགས་ཀྱི་ས་བོན་ཡི་གེའི་གཟུགས་སུ་གནས་པ་དེ་ནི་ཇི་ལྟར་ཡིན།

༼༡༢ དྲིས་ལན། དེ་ཡང་ལེགས་སྦྱར་གྱི་སྐད་ལ་ཨཀྵ་ལྔ་བཅུའི་བདག་ཉིད་ཅན་དང་། བོད་ཡིག་ཡིན་ན་ཀ་སྨད་སུམ་ཅུའི་ཚུལ་གྱིས་སྐུ་གསུང་ཐུགས་ཀྱི་ས་བོན་ཡི་གེའི་གཟུགས་སུ་ལུས་ལ་གནས་པའི་སྟོབས་ཀྱིས། རང་རང་གི་ངག་གི་འདུ་བྱེད་ཀྱི་རྩོལ་བ་ལ་བརྟེན་ནས་རང་སྐད་ཀྱི་བརྗོད་པ་རང་ཤུགས་སུ་བཅོས་བསྒྱུར་མེད་པར་འབྱུང་བ་ནི། གཞི་རང་གི་ལུས་གནས་ཀྱི་ཡི་གེ་ལ་བརྟེན་ནས་འབྱུང་བ་ཡིན། དེ་ལ་སྦྱང་བྱར་གྱུར་པའི་མ་དག་རིགས་དྲུག་གི་ས་བོན་དང༌། སྦྱོང་བྱེད་དུ་གྱུར་པའི་སྐུ་གསུང་ཐུགས་ཀྱི་ས་བོན་སོགས་ཀྱི་རྣམ་བཞག་ཀྱང་ཡོད་དོ། །

༈ དྲི་བ། ༡༣༽ ནང་རྒྱུད་ཡོ་ག་གསུམ་ཆོས་ཐམས་ཅད་ཀྱི་གཞི་ལམ་འབྲས་གསུམ་ཡིན་པའི་རྒྱུ་མཚན་གང༌།

༼༡༣ དྲིས་ལན། དེ་ཡང་གཞི་མ་ཧཱ་ནི། གསང་སྔགས་བླ་མེད་ཀྱི་སྐབས་སུ། ཐོག་མར་སྣང་སྲིད་དག་མཉམ་དུ་གཏན་ལ་དབབ་མི་དགོས་པ་ཞིག་ངེས་པར་མེད་པས། མ་ཧཱས་སྣང་སྲིད་དག་མཉམ་ཆེན་པོ་རྒྱས་པར་གཏན་ལ་ཕབ་པས་ན། བསྐྱེད་པ་མ་ཧཱ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་གཞི་ལྟ་བུའོ། །ལམ་ཨ་ནུ་ནི། སྟེང་སྒོ་རྣམ་གྲོལ་དང་། འོག་སྒོ་ཁམས་གསུམ་རོལ་པའི་ལམ་གསང་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་ནས་གསང་སྔགས་མཆོག་གི་ཉེ་ལམ་སྟོན་པའི་ཁོག་གཞུང་ཡིན་པས་ན། ལུང་ཨ་ནུ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་ལམ་མོ། །འབྲས་བུ་ཨ་ཏི་ནི། ད་ལྟ་ཉིད་ནས་ཀ་དག་ལྷུན་གྲུབ་ཀྱི་ཡེ་ཤེས་རང་ལ་གྲུབ་པས་སངས་རྒྱས་གཞན་ནས་བཙལ་མི་དགོས་པར་སྟོན་པས་ན། མན་ངག་ཨ་ཏི་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་འབྲས་བུའོ། །ཞེས་གསུངས་སོ། །

༈ ཤེར་ཕྱིན་སྐོར་དྲི་བ་བཅུ་གསུམ་བཀོད་པ།

༈ དྲི་བ། ༡༽ གཞི་ཤེས་ཡིན་ན་ཉི་ཚེ་བའི་མཁྱེན་པ་ཡིན་པས་ཁྱབ་པ་ཡོད་མེད།

༼༡ དྲིས་ལན། སྤྱིར་གཞན་གཞུང་འགར་གཞི་ཤེས་ཡིན་ན་ཉི་ཚེ་བའི་མཁྱེན་པ་ཡིན་པ་ལྟ་བུར་གསུངས་ཡོད་མོད། རང་ལུགས་ལ་གཞི་བདག་མེད་དུ་རྟོགས་པ་ཙམ་དེ་ཉི་ཚེ་བའི་མཁྱེན་པ་ཡིན་ཡང༌། གཞི་བདག་མེད་དུ་རྟོགས་པ་ཐབས་ཤེས་ཁྱད་པར་ཅན་གྱི་མངོན་རྟོགས་དེ་ནི་ཉི་ཚེ་བ་མ་ཡིན་པས། གཞི་ཤེས་ཡིན་ན་ཉི་ཚེ་བའི་མཁྱེན་པ་ཡིན་པས་མ་ཁྱབ་སྙམ།

༈ དྲི་བ། ༢༽ ཤེར་ཕྱིན་འགྲེལ་བ་པུཎྜ་རི་ཀའི་དོ་ཤལ་མི་ཕམ་གསུང་ཡིན་ནམ་མིན།

༼༢ དྲིས་ལན། ང་རང་གིས་ཚོད་འཇོག་བྱས་ནས་ཡིན་མིན་ཞུ་མི་ཤེས་ཀྱང༌། ད་ལྟ་འགྲེལ་བ་རང་གི་མཛད་བྱང་ན་འཁོད་ཡོད་པ་ལྟར། འཇམ་མགོན་མི་ཕམ་རིན་པོ་ཆེའི་ཕྱག་མཆན་ལྟར་རྩེ་མོའི་མངོན་རྟོགས་སོགས་ཀྱི་སྐོར་ཅི་རིགས་ཀཿཐོག་སི་ཏུས་ཕྱག་བྲིས་གནང་བ་དང༌། གཞན་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེས་ཕྱག་བྲིས་གནང་བར་གསུངས་ཡོད་པ་ལྟར་ཡིན་ཏེ། ཁོང་རྣམས་ནི་ཚད་མའི་སྐྱེས་བུ་ཆེན་པོ་ཡིན་པས་དེ་ཉིད་དུ་གང་གསུངས་ལྟར་རྣམ་པར་འཇོག་དགོས་པ་ཞིག་རེད་སྙམ།

༈ དྲི་བ། ༣༽ ས་དང་པོའི་རྗེས་ཐོབ་ཀྱི་ཡེ་ཤེས་མཐོང་ལམ་ཡིན་མིན་གང་ཡིན།

༼༣ དྲིས་ལན། ས་དང་པོའི་རྗེས་ཐོབ་ཀྱི་ཡེ་ཤེས་རྟེན་འབྲེལ་ལུགས་འབྱུང་ལྡོག་ཏུ་བསྒོམ་པར་བཤད་པ་སོགས་མཐོང་ལམ་ཡིན་ཏེ། མངོན་རྟོགས་རྒྱན་ལས། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་དང༌། །ལུགས་མི་མཐུན་ལ་རྟོག་པར་བྱེད། །ཅེས་གསུངས་པ་ལྟར། མཐོང་སྤང་གི་བག་ཚ་བ་མེད་པར་འཇུག་ནུས་པའི་ཕྱིར་ན་མཐོང་ལམ་ཨེ་ཡིན་སྙམ།

༈ དྲི་བ། ༤༽ ཤེར་ཕྱིན་བཀའ་བབས་དྲུག་པོ་བརྒྱུད་ཚུལ་ཇི་ལྟར་ཡིན།

༼༤ དྲིས་ལན། ཤེར་ཕྱིན་བཀའ་བབས་དྲུག་ནི། བདེ་བའི་འབྱུང་གནས་དགའ་ལྡན་ལྷའི་ཡུལ་ནས་བརྒྱུད་པ་དང༌། ལོངས་སྤྱོད་ཀྱི་འབྱུང་གནས་འོག་ཀླུ་ཡུལ་ནས་བརྒྱུད་པ་དང༌། བྱིན་རླབས་ཀྱི་འབྱུང་གནས་ནུབ་ཕྱོགས་ཨོ་རྒྱན་མཁའ་འགྲོའི་གླིང་ནས་བརྒྱུད་པ་དང༌། རིག་པའི་འབྱུང་གནས་རྒྱ་གར་ཤར་ཕྱོགས་བྷཾ་ག་ལ་ནས་བརྒྱུད་པ་དང༌། ཡོན་ཏན་གྱི་འབྱུང་གནས་ལྷོ་ཕྱོགས་བྷེ་ཏ་ལ་ནས་བརྒྱུད་པ་དང༌། ངོ་མཚར་གྱི་འབྱུང་གནས་ལྷོ་བྷི་ཤོ་ཀོ་ཏ་ཙནྚ་ཡི་གླིང་ནས་བརྒྱུད་པའོ། །དེ་ལྟ་བུའི་བཀའ་བབས་དྲུག་པོའི་བརྒྱུད་ཚུལ་རེ་རེ་ནས་ད་ལྟ་བགྲང་དུ་ཡོད་མེད་སོགས་གསལ་བོར་ཞུ་མི་ཤེས་ལགས།

༈ དྲི་བ། ༥༽ ལམ་ཤེས་དེ་མངོན་སུམ་དང་རྗེས་དཔག་གཉིས་ཀ་གཞག་རྒྱུ་ཡོད་དམ་མེད། འཕགས་རྒྱུད་ཀྱི་གཞན་སེམས་ཤེས་པའི་མངོན་ཤེས་དེ་ལམ་ཤེས་ཡིན་དང་མིན།

༼༥ དྲིས་ལན། ལམ་ཤེས་ཡིན་ན་མངོན་སུམ་གྱི་ཏིང་ངེ་འཛིན་ཡིན་པས་ཁྱབ་ལ། དབྱེ་ན། མཉམ་བཞག་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང༌། རྗེས་ཐོབ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཡོད། སྔགས་ཀྱི་ཆོས་སྐད་རྣམས་སུ་རྗེས་ཐོབ་རྒྱ་ཡན་དང༌། མདོ་ལམ་དུ་འཇིག་རྟེན་པའི་ཕར་ཕྱིན་སོགས་ནི་ལམ་ཤེས་མ་ཡིན་སྙམ། འཕགས་རྒྱུད་ཀྱི་གཞན་སེམས་ཤེས་པའི་མངོན་ཤེས་དེ་ལམ་ཤེས་ཡིན་དང་མིན་ཟེར་ན། དེ་ནི་ཁས་བླང་ཕྱོགས་གཅིག་པ་མ་ཡིན་ཏེ། ལམ་ཤེས་ཡིན་པ་དང་མ་ཡིན་པ་གཉིས་ཡོད་ཆོག་སྙམ། དཔེར་ན། འཕགས་པའི་རྒྱུད་དང་སོ་སྐྱེས་ཀྱི་རྒྱུད་མཁྱེན་པ་བཞིན་ནོ། །

༈ དྲི་བ། ༦༽ ཤེས་རྣམ་དང་དོན་རྣམ་གཉིས་ཀྱི་ཁྱད་པར་ཇི་ལྟར་ཡིན།

༼༦ དྲིས་ལན། དེ་ལ་ཤེས་རྣམ་ཚད་མེད་བཞི་སྒོམ་པ་ལྟ་བུ་དང༌། དོན་རྣམ་བདག་མེད་གཉིས་སྒོམ་པ་ལྟ་བུ་ལ་འཇོག སྤྱིར་བོད་སྤྲུལ་རིན་པོ་ཆེ་དང་གཞུང་མང་རབས་ཀྱི་དགོངས་པ་ནི། སྦས་དོན་མངོན་རྟོགས་ཀྱི་སྐབས་རྒྱལ་ཚབ་བྱམས་པས་ཤེས་རྣམ་བསྒོམ་པར་གསུངས་ལ། དངོས་བསྟན་སྟོང་ཉིད་ཀྱི་རིམ་པར་ཀླུ་སྒྲུབ་ཀྱིས་དོན་རྣམ་བསྒོམ་པའི་རྣམ་གཞག་བསྟན་ཞེས་གསུངས་སྙམ།

༈ དྲི་བ། ༧༽ མངོན་རྟོགས་རྒྱན་གྱི་སེམས་བསྐྱེད་བསྟན་པ་དེ། སེམས་བསྐྱེད་སྤྱིའི་མཚན་ཉིད་དུ་འཇོག་ཐུབ་བམ། ཐུབ་ན་དེས་དོན་དམ་སེམས་བསྐྱེད་ལ་ཁྱབ་ཚུལ་ཇི་ལྟར་ཡིན།

༼༧ དྲིས་ལན། འདི་དོན་ལ་མཁས་པ་རྣམས་ཀྱི་བཞེད་ཚུལ་འདྲ་མིན་ཡོད་ཀྱང༌། འདིར་སེམས་བསྐྱེད་སྤྱིའི་མཚན་ཉིད་ལ་འཇོག་དགོས་སྙམ། མཚན་ཉིད་དེ་བཞག་མ་ཐག་མཚན་ཉིད་དེ་དང་ལྡན་པའི་མཚན་གཞི། དེ་ཡང་ས་གསེར་ཟླ་བ་མེ། །སོགས་ནས་སངས་རྒྱས་ཀྱི་སའི་བར་གྱི་སེམས་བསྐྱེད་ཀྱི་རྣམ་དབྱེ་མཛད་པའི་ཕྱིར་རོ། །དེས་ན་དོན་དམ་སེམས་བསྐྱེད་ལ་ཁྱབ་ཚུལ་ནི། འདིར་དོན་དམ་དང་ཀུན་རྫོབ་ཀྱི་སེམས་བསྐྱེད་གང་གི་སྐབས་ཡིན་ཡང༌། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཞེས་གསུངས་ལ། སངས་རྒྱས་ཀྱི་སར་དམིགས་མཚན་ཅན་གྱི་སྙིང་རྗེ་ཞིག་མེད་ཀྱང་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ནི་འཇོག་དགོས་པས་ན་ཆེད་དུ་བྱ་བ་གཞན་དོན་ལ་འདྲ། ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པའི་ཟུར་ཕྱི་མ་བྱང་ཆུབ་དེ་ལ་ཆོས་ཅན་དང་ཆོས་ཉིད་ཀྱི་ཆ་གཉིས་ཡོད་པས། ཆོས་ཉིད་ཀྱི་ཆ་ལ་དམིགས་པའི་སྟོང་དང་སྙིང་རྗེའི་བདག་ཉིད་ཅན་གང་ཡིན་པ་དེ་དོན་དམ་སེམས་བསྐྱེད་ཡིན་པར་གསུངས་པ་ལྟར་རོ། །

༈ དྲི་བ། ༨༽ ཐོགས་མེད་དང་དབྱིག་གཉེན་གྱི་རྒྱན་འགྲེལ་དེ་རྒྱ་འགྲེལ་ཉེར་གཅིག་གི་ཁོངས་སུ་མི་བརྩི་བའི་རྒྱུ་མཚན་གང༌།

༼༨ དྲིས་ལན། དེ་ནི་བོད་དུ་འགྱུར་ཡོད་ཅིང་ད་ལྟ་མཇལ་དུ་ཡོད་པ་རྒྱ་འགྲེལ་ཉེར་གཅིག་ཅེས་གྲངས་བཟུང་བ་ཡིན་སྙམ། སྤྱིར་དབྱིག་གཉེན་གྱི་རྒྱན་འགྲེལ་དེ་འགྱུར་ཡོད་ཅེས་མཁས་པ་འགས་གསུངས་ཀྱང་། ཡོངས་གྲགས་སུ་ཐོགས་མེད་ཀྱིས་སེམས་ཙམ་དུ་བཀྲལ་བའི་རྒྱན་འགྲེལ་དེ་དང་། དབྱིག་གཉེན་འགྲེལ་བ་གཉིས་མ་འགྱུར་བས་གྲངས་ངེས་བཟུང་བ་འདྲ།

༈ དྲི་བ། ༩༽ རང་ལུགས་སངས་རྒྱས་ཀྱི་ས་ལ་ཀུན་རྫོབ་སེམས་བསྐྱེད་ཡོད་དམ་མེད།

༼༩ དྲིས་ལན། སྤྱིར་རགས་པ་བརྡ་ལས་བྱུང་བའི་སེམས་བསྐྱེད་ཆོ་གས་བླངས་པ་དང༌། རང་ཉིད་བྱང་ཆུབ་ཀྱི་ལམ་ལ་སྨོན་པ་ལྟ་བུ་དེ་སངས་རྒྱས་ཀྱི་སར་མེད་མོད། གོང་བཤད་ལྟར་བདེན་པ་གཉིས་ཀའི་སེམས་བསྐྱེད་གང་ཡིན་ཀྱང་ཆེད་དུ་བྱ་བ་གཞན་དོན་ཡིན་པ་ལ་འདྲ། དམིགས་ཡུལ་རྫོགས་བྱང་དེ་ལ་ཆོས་ཅན་དང་ཆོས་ཉིད་ཀྱི་ཆ་གཉིས་ཡོད་པའི་ཚུལ་སོགས་བྱས་ན། རང་བྱང་ཆུབ་ཀྱི་སར་སྨོན་པ་ལྟ་བུ་མེད་ཀྱང་གཞན་སེམས་ཅན་ཀུན་བྱང་ཆུབ་ཀྱི་སར་འགོད་པའི་སྙིང་རྗེ་ཆེན་པོ་ཐུགས་རྒྱུད་ལ་མངའ་བའི་ཚུལ་སོགས་ཞིབ་མོའི་བློས་རྣམ་པར་ཕྱེ་ན་སངས་རྒྱས་ཀྱི་སར་ཀུན་རྫོབ་སེམས་བསྐྱེད་ཡོད་ཅེས་སྨྲས་ཀྱང་འགལ་བ་མེད་སྙམ།

༈ དྲི་བ། ༡༠༽ ལམ་ཤེས་ཀྱི་སྐབས་སུ་ཐེག་གསུམ་གྱི་རྟོགས་པ་ཤེས་པར་བྱ་བ་དང༌། བསྐྱེད་པར་བྱ་བ་དང༌། ཤེས་མཐོང་གི་འདའ་ཚུལ་ཇི་ལྟར་ཡིན།

༼༡༠ དྲིས་ལན། ལམ་ཤེས་ཀྱི་སྐབས་ཐེག་གསུམ་གྱི་རྟོགས་པ་ཤེས་པར་བྱ་བ་ཡིན་པའི་ཚུལ། མཚན་ཉིད་དེ་ཡི་སྦྱོར་བ་དང་ཞེས་སོགས་ཀྱི་སྐབས་ལམ་གསུམ་གྱི་མཚན་ཉིད་ཀྱང་ཇི་ལྟ་བ་དབྱེ་ཞིང་གཏན་ལ་ཕབ་པ་བྱང་སེམས་ཚོགས་སྦྱོར་ནས་ཡོད་པ་དང༌། བསྐྱེད་པར་བྱ་བ་ཡང་ཡིན་ཏེ། དཔེར་ན། སྦྱོར་ལམ་དུ། དམིགས་པ་དང་ནི་རྣམ་པ་དང༌། །རྒྱུ་ནི་ཡོངས་སུ་འཛིན་པ་ཡིས། །སོགས་ཀྱི་དམིགས་རྣམ་རྒྱུ་གསུམ་འཇོག་སྐབས། ཉན་ཐོས་ཀྱི་རྟོགས་རིགས་ནི་མཐོང་ལམ་བསྐྱེད་པའི་རྒྱུར་གྱུར་པ་ཐེག་ཆེན་གྱི་སྦྱོར་ལམ་དེ་ཡིན་པས་ན་ཞེས་རྣམ་གཞག་མཛད་པ་དང༌། དེས་བསྐྱེད་པའི་འབྲས་བུ་ཡང་ཐེག་གསུམ་རྟོགས་རིགས་འདུས་པའི་བདག་ཉིད་ཅན་གྱི་མཐོང་ལམ་དེ་སྐྱེད་བྱེད་ཐེག་ཆེན་སྦྱོར་ལམ་གྱི་ཁྱད་ཆོས་ལ་འཇོག་གོ། ཤེས་མཐོང་གི་འདའ་ཚུལ་ནི། གོང་དུ་ཐེག་གསུམ་གྱི་རྟོགས་པ་དེ་ཤེས་པར་ཡང་བྱས། བསྐྱེད་པར་ཡང་བྱས་ནས། མཐར་ཤེས་མཐོང་གི་ཉན་རང་གི་ལམ་དེ་འདའ་བྱ་ཡིན་པ་ལས་ཇི་ལྟ་བ་བཞིན་ཉམས་སུ་བླངས་ཤིང་གོམས་པར་བྱ་བ་མ་ཡིན་ནོ། །ཅིའི་ཕྱིར་ན་ཐེག་པ་ཆེན་པོ་གཞན་དོན་འབའ་ཞིག་ལ་བརྩོན་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་སྙམ།

༈ དྲི་བ། ༡༡༽ ཤེར་ཕྱིན་གྱི་མཚན་ཉིད་སྤྲོས་བྲལ་མངོན་སུམ་རྟོགས་པའི་མཁྱེན་པ་བཞག་ན། རང་བཞིན་ཤེར་ཕྱིན་དེ་ཤེར་ཕྱིན་མཚན་ཉིད་པ་ཡིན་དང་མིན།

༼༡༡ དྲིས་ལན། སྤྱིར་རང་ལུགས་ལ་ཤེར་ཕྱིན་གྱི་མཚན་ཉིད། གནས་ལུགས་རང་བཞིན་མེད་རྟོགས་ཀྱི་མཁྱེན་པ་ཞེས་འཇོག་པ་ལས། སྤྲོས་བྲལ་མངོན་སུམ་རྟོགས་པའི་མཁྱེན་པ་ཞེས་བཞག་ཡོད་མེད་མི་ཤེས་ཀྱང༌། སྐབས་འདིར་རྒྱལ་ཚབ་མ་ཕམ་པས། སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཏན་ལ་དབབ་ནས་གསུངས་ལ། ཕྱོགས་གླང་གིས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱའི་དོན་དེ་དང་ལྡན་པས། །གཞུང་ལམ་གཉིས་ལ་དེ་སྒྲས་བཏགས། །ཞེས་དབྱེ་གཞི་སྦས་དོན་ཡུལ་ཅན་མངོན་རྟོགས་ཀྱི་རིམ་པ་དེ་བྱས་ནས་དབྱེ་ངོ་ལམ་དང་འབྲས་བུའི་ཤེར་ཕྱིན་དང༌། སྟོན་པར་བྱེད་པའི་གཞུང་རྣམས་བཞག་པར་མཛད་དོ། །གཞི་ཤེར་ཕྱིན་ནི། སྐབས་འདིར་རྟོགས་བྱ་ཡིན་ཏེ། གང་ཚེ་ཆོས་དཀར་ཐམས་ཅད་ཀྱི། །རང་བཞིན་ཤེས་རབ་ཕ་རོལ་ཕྱིན། །ཞེས་དང༌། སློབ་དཔོན་ཆོས་བཤེས་ཀྱི་འགྲེལ་བར་རྒྱས་པར་གསུངས་ལ། སྤྱིར་ཤེས་པ་ཐམས་ཅད་ཀྱི་རབ་ཏུ་འགྱུར་འགྲོ་བའི་རྒྱུ་མཚན་ནི་རང་བཞིན་ཤེར་ཕྱིན་ནམ་གཞི་ཤེར་ཕྱིན་ཤེས་པ་ལས་བཞག་པར་གསུངས། ཡུལ་གྱི་སྐབས་མགོན་པོ་ཀླུ་སྒྲུབ་ཀྱིས། གཞི་དབུ་མ་དེ་དབུ་མ་མཚན་ཉིད་པའི་རྣམ་གཞག་མཛད་ཀྱང༌། སྐབས་འདིར་གོང་བཤད་ལྟར་རྒྱལ་ཚབ་བྱམས་པས། ཡུལ་ཅན་མངོན་རྟོགས་ཀྱི་རིམ་པ་དབྱེ་གཞི་བྱས་ནས་གཏན་ལ་ཕབ་པའི་སྐབས་སུ། གཞི་ཤེར་ཕྱིན་ལ་མཚན་ཉིད་ཀྱིས་ཁྱབ་མ་ཁྱབ་དཔྱད་པ་བྱེད་མི་དགོས་སྙམ།

༈ དྲི་བ། ༡༢༽ རྣམ་རྫོགས་སྦྱོར་བའི་སྐབས་རྣམ་པ་བརྒྱ་དང་དོན་གསུམ་པོ་བསྡུས་ནས་སྒོམ་ཚུལ་ཇི་ལྟར་ཡིན།

༼༡༢ དྲིས་ལན། མཉམ་བཞག་གི་ངོ་ཁ་ལ་རྣམ་པ་བརྒྱ་དོན་གསུམ་པོ་སྐྱེ་མེད་གཅིག་གི་ངང་དུ་བསྡུས་ཏེ་སྒོམ་ཚུལ་ལ་དྲི་བ་ཨེ་ཡིན་སྙམ། དེ་ཡིན་ན་དཔལ་དགེ་རིན་པོ་ཆེའི་སྒོམ་རིམ་ན། དེ་ཡང་འཕགས་པའི་མཉམ་བཞག་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ཡིན་པས་རྣམ་པ་ཐ་དད་དུ་སྒོམ་པ་མེད་ཀྱང་། སྟོང་པ་ཕྱོགས་གཅིག་པ་མིན་པར་སྣང་སྟོང་ཟུང་འཇུག་གི་དོན་ཅན་ཡིན་པས་རྣམ་པ་གཏན་མེད་པ་ཡང་མ་ཡིན་ཏེ། དཔེར་ན་མཐོང་ལམ་རྩེ་མོའི་སྐབས་སུ། སྦྱིན་པ་ལ་སོགས་རེ་རེར་ནི། །ཞེས་སོགས་གསུངས་པ་ལྟར་རོ། །མདོར་ན་སྦྱིན་པ་ལ་སོགས་པ་སུམ་ཅུ་རྩ་དྲུག་དེ་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་གཅིག་གི་ངོ་བོར་སྤྲོས་པ་མཐའ་དག་ཉེ་བར་ཞི་བའི་ཚུལ་དུ་རྫོགས་ཚུལ་གསུངས་པ་ལྟར་ཡིན་སྙམ། དེ་ལས་གཞན་འཕགས་པའི་མཉམ་བཞག་གི་ངོ་བོ་འདི་ལྟར་ཡིན་ཞེས་སྟོན་མི་ནུས་པས་སོ། །

༈ དྲི་བ། ༡༣༽ ཀུན་མཁྱེན་གྱིས་སྦྱོར་ལམ་མཉམ་བཞག་ངོ་བོ་རྟོག་མེད་བཞེད་ན་དེ་ཆོས་ཉིད་ལ་མངོན་སུམ་ཡིན་དང་མིན།

༼༡༣ དྲིས་ལན། དེ་ཡང་སྦྱོར་ལམ་གྱི་ལུས་རྟེན་དེ་འགྲོ་བ་ལྔ་དང་སེམས་རྟེན་དེ་བསམ་གཏན་ས་དྲུག་གིས་བསྡུས་ཞེས་གསུངས། ཀུན་མཁྱེན་བླ་མས། སྦྱོར་ལམ་ཆ་བཞི་སྒོམ་དུས་ཀྱི་ཡེ་ཤེས་ཀྱི་ངོ་བོ་མཉམ་བཞག་གི་ཆ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ལ། དེ་ལས་ལངས་པའི་རྗེས་ཐོབ་ནི་རྟོག་རྟོག་མེད་ཅི་རིགས་ཡོད་ཅེས་གསུངས་པ་དེས་ན། བདེན་བཞིའི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་བདག་ཉིད་ཅན་མ་ཡིན་པའི་ཕྱིར་ན་འཇིག་རྟེན་པའི་སྒོམ་བྱུང་ཡིན་ནོ། །དེ་ལྟར་ན་ཡང་རྣམ་པར་མི་རྟོག་པ་ཡིན་ཏེ་ཞི་གནས་རྩེ་གཅིག་པ་འགྲུབ་ཅིང་བདེན་བཞི་ལ་དམིགས་པའི་ཚུལ་ཅན་ཡིན་པའི་ཕྱིར་རོ། །སྦྱོར་ལམ་མཉམ་བཞག་གི་ངོ་བོ་དེ་བསམ་གཏན་ས་དྲུག་གང་རུང་གིས་བསྡུས་པའི་ངོ་བོ་ཅན་ཡིན་ལ། བསམ་གཏན་ས་དྲུག་ནི་འཇིག་རྟེན་པའི་སྒོམ་བྱུང་མཉམ་བཞག་གི་ས་བ་ཞིག་ཡིན་ནོ། །འདིར་རྣམ་པར་མི་རྟོག་པའི་ཡེ་ཤེས་གསུངས་པ་ནི། སྤྱིར་བསམ་གཏན་ས་དྲུག་དེ་མཉམ་བཞག་གི་ས་པ་རྣམ་པར་རྟོག་པའི་འདུ་བྱེད་ཀྱི་སྤྲོས་པ་དང་བྲལ་བ་དང༌། བདེན་བཞི་ལ་དམིགས་པས་ན་ཡེ་ཤེས་ཞེས་བཞག་པའི་ཚུལ་ཅན་ཞིག་ཨེ་ཡིན་སྙམ།

༈ ཚད་མའི་སྐོར་དྲི་བ་ལྔ་བཀོད་པ།

༈ དྲི་བ། ༡༽ རང་ལུགས་ལ་མངོན་སུམ་ཡིན་ན་ཚད་མ་ཡིན་དགོས་སམ་དེའི་རྒྱུ་མཚན་གང༌།

༼༡ དྲིས་ལན། འཇམ་མགོན་མི་ཕམ་རིན་པོ་ཆེ་ནི། སྤྱིར་མངོན་སུམ་ལ་ངེས་པ་ཡོད་པའི་ལུགས་མ་ཡིན་པ་ཙམ་རིགས་གཏེར་དང་འདྲ་ཡང༌། བླ་མ་ཉིད་ཀྱིས་མཁས་འཇུག་གི་བློ་རིག་སྐབས། སྣང་ལ་མ་ངེས་པའི་མངོན་སུམ་དེ་མ་རྟོགས་པའི་བྱེ་བྲག་ཏུ་བགྲང་ཚུལ་ལ་བརྟག་ན། མངོན་སུམ་གྱི་སྟོབས་ཀྱིས་ངེས་པ་འདྲེན་ནུས་མི་ནུས་ལ་ཕུགས་གཏད་དགོས་སྙམ། མཁྲིས་ནད་ཅན་ལ་དུང་སེར་སྣང་སོགས་མངོན་སུམ་ལྟར་སྣང་ལ་བསྡུ་ཆོག་ཀྱང༌། སོ་སྐྱེས་ཀྱི་མིག་ལ་མཚོན་ན། སྔོ་འཛིན་དབང་མངོན་དེ་ཞིབ་པར་དཔྱད་ན། སོ་སྐྱེས་ཀྱི་མདུན་དུ་སྔོན་པོ་བཞག་ནས་སྔོ་འཛིན་དབང་མངོན་སྐྱེ་བའི་སྐབས་དེ་ན་དབང་མངོན་དེའི་སྟོབས་ཀྱིས་སྔོན་པོ་མཐོང་བའི་རྗེས་སུ་ངེས་པ་འདྲེན་ཆོག་ལ། སྔོན་པོ་དང་དོན་གྱི་བདག་ཉིད་གཅིག་པའི་མི་རྟག་པ་དེ་མངོན་སུམ་དུ་སྣང་སོང་ཡང་ཕྱིས་ངེས་པ་འདྲེན་མི་ནུས་པས། དེས་ན་སོ་སྐྱེའི་སྔོ་འཛིན་དབང་མངོན་དེ་སྔོན་པོ་ལ་ཚད་མར་སོང་ཡང་སྔོན་པོ་མི་རྟག་པ་རྟོགས་པ་ལ་ཡང་མངོན་སུམ་ཚད་མ་ཡིན་ཞེས་འཇོག་དགོས་ན་དཀའ་སྙམ། ད་རུང་ཁྱེད་རྣམས་ཀྱིས་དཔྱད་པ་མཛད་དགོས།

༈ དྲི་བ། ༢༽ རྒྱུ་ཆོས་རྗེས་དཔག་གི་འབྲས་རྟགས་ལ་གཟུགས་ད་ལྟ་བས་རོ་ད་ལྟ་བ་དཔོག་པ་དེ་རྟགས་ཆོས་འབྲེལ་བ་མེད་པས་རྟགས་ཡང་དག་ཇི་ལྟར་རུང༌།

༼༢ དྲིས་ལན། འབྲས་རྟགས་ཡིན་ན་རོ་ད་ལྟ་བས་གཟུགས་ད་ལྟ་བ་དཔོག་པ་ལྟ་བུ་ཡིན་ན། ད་ལྟ་བ་ལ་འབྲེལ་བ་མེད་པ་ལྟ་བུར་དྲི་བ་བཀོད་པ་ཨེ་ཡིན་སྙམ། དེ་ནི་ཆོས་ཀྱི་གྲགས་པས། ནུས་པ་འཇུག་པ་མེད་པར་ནི། །རོ་མེད་དེ་ཉིད་གཞན་གྱི་རྒྱུ། །དེ་ལྟར་འདས་དུས་གཅིག་རྣམས་རྟོགས། །དེ་ནི་འབྲས་བུའི་རྟགས་ལས་སྐྱེས། །ཞེས་གསུངས་ལ། རོ་སྔ་མ་དེའི་ནུས་པ་འཇུག་པ་མེད་ན་རོ་ད་ལྟ་བ་མེད་ལ། རོ་སྔ་མ་དེ་རོ་ཕྱི་མ་དེ་ཉིད་ཀྱི་ཉེར་ལེན་གྱི་རྒྱུ་ཡིན། རོ་སྔ་མ་དེ་དང་ཚོགས་པ་གཅིག་ལ་འབྲལ་མི་ཤེས་པའི་གཟུགས་དེ་མེད་ན་ལྷན་ཅིག་བྱེད་རྐྱེན་མེད་ལ། དེ་མེད་ན་ཉེར་ལེན་གྱི་རྒྱུ་ཡོད་ཀྱང་ཆུ་ལུད་དྲོད་གཤེར་མ་ཚོགས་པ་དང་འདྲ། དེ་བཞིན་དུ་གཟུགས་སྔ་མ་དེ་གཟུགས་ཕྱི་མའི་ཉེར་ལེན་གྱི་རྒྱུ་དང༌། རོ་ལ་སོགས་པ་དེའི་ལྷན་ཅིག་བྱེད་རྐྱེན་ཡིན་པའི་ཚུལ་སོགས་ལ་བསམ་ན་སྔ་མའི་ནུས་པ་དེ་ཕྱི་མའི་ཚོགས་པ་གཅིག་ལ་འབྲལ་མི་ཤེས་པའི་ཚུལ་དུ་འཕང་ཡོད་པ་དེ་འདྲ་ཡིན་ནོ། །སྤྱིར་དཔྱད་པ་ཞུགས་པའི་ཚིག་འདྲ་ལོས་ཡིན་ཀྱང༌། འཇམ་མགོན་བླ་མས་དངོས་སུ་དེ་བྱུང་མིན་ཡང་ཕན་ཚུན་མེད་ན་མི་འབྱུང་བའི་འབྲེལ་བ་ལས་རྟོགས་པ་ཡིན་པས་འབྲས་བུའི་རྟགས་ལས་སྐྱེ་ཞེས་གསུངས་པས་འདིར་དེ་བྱུང་གི་འབྲེལ་བ་ལས་ངེས་པ་ཡིན། རོ་ད་ལྟ་བས་གཟུགས་ད་ལྟ་བ་དཔོག་པ་ན་གོང་བཤད་ལྟར་རོ་སྔ་མ་དེ་ཉེར་ལེན་གྱི་རྒྱུ་དང་གཟུགས་དེ་ལྷན་ཅིག་བྱེད་རྐྱེན་བྱས་ནས་ཚོགས་པ་གཅིག་པ་འབྲལ་མི་ཤེས་པའི་ཚུལ་གྱིས་ལྷན་ཅིག་བྱུང་བས། དེ་ལྟར་འདས་དུས་གཅིག་རྣམ་རྟོགས། །ཞེས་གསུངས་ལ་མ་འོངས་པ་ན་རོ་རྒྱུན་ཆད་པ་སོགས་ཡོད་པའི་ཕྱིར་དཔོག་མི་ནུས་སྙམ།

༈ དྲི་བ། ༣༽ དོན་རང་མཚན་དང་དོན་གྱི་གཞན་སེལ་ལ་ཁྱད་པར་གང༌།

༼༣ དྲིས་ལན། དོན་རང་མཚན་ནི་ཡུལ་དུས་རྣམ་པ་མ་འདྲེས་པའི་མདུན་གནས་ཀྱི་ཨུཏྤལ་སྔོན་པོ་ལྟ་བུ་དེ་ཡིན། དོན་རང་མཚན་གྱི་གཞན་སེལ་ནི་ཨུཏྤལ་སྔོན་པོ་ལྟ་བུ་དེ་དོན་རང་གི་སྟེང་ན་རྟག་པ་ལས་ལོག་པ་སོགས་རང་མིན་གཞན་སེལ་བའི་ཚུལ་དུ་གནས་པ་དེ་ཡིན། དོན་རང་མཚན་དང་གཞན་སེལ་གཉིས་ལོགས་སུ་རྫས་གྲུབ་ཏུ་མི་བཞེད་དོ། །སྤྱིར་འདི་དོན་ལ་རྒྱ་གར་གྱི་པཎ་ཆེན་ཐར་བ་འབྱུང་གནས་དང་། ཤཱཀྱ་བློ་སོགས་ཀྱིས་དོན་རང་མཚན་གྱི་གཞན་སེལ་བཞེད་པ་དང༌། ཆོས་མཆོག་སོགས་ཀྱིས་མི་བཞེད་ལ། བོད་འདིར་ཡང་བཞེད་པ་སྣ་ཚོགས་ཤིག་བྱུང་བ་ཡིན། དེ་ལ་མཁས་དབང་གོ་རམས་པའི་ཚད་མའི་སྤྱི་དོན་ན། མཁན་ཆེན་བླ་མའི་གཞུང་། འཇིགས་མེད་ལ་སོགས་དོན་རང་མཚན་སོགས་དྲངས་ནས་དོན་སེལ་གྱི་རྣམ་གཞག་རྒྱ་ཆེར་བཤད་པ་མཛད་ལ། གཞན་སེལ་གསུམ་གྱི་རྣམ་གཞག་བྱེད་ཚེ་འདི་ཉིད་དོན་ལ་གནས་པ་ཡིན་ཞེས་དང༌། དཔེར་ན་སྒྲ་རྟག་འཛིན་རྟོག་པ་ལྟ་བུ་དེ། དོན་རང་མཚན་གྱི་གཞན་སེལ་མེད་ན་གཞན་སེལ་གཞན་གཉིས་ཡོད་ཀྱང་ཕྱིན་ཅི་ལོག་ཏུ་འགྲོ་བའི་ཚུལ་སོགས་གསུངས་པ་དང༌། གཞན་ཡང་དོན་རང་མཚན་གྱི་གཞན་སེལ་མི་བཞེད་པ་དག་གིས་ཀྱང༌། གཞན་སེལ་ཕྱིན་ཅི་མ་ལོག་པ་ཞེས་གསུངས་ལ། བཏགས་པ་དོན་ལ་འཇུག་པ་དང༌། །མི་འཇུག་པ་དེ་རྣམ་པ་གཉིས། །འཇུག་པས་འཇུག་ཡུལ་རང་མཚན་ཐོབ། །ཅེས་གསུངས། སྒྲ་རྟག་པ་དེ་དོན་རང་མཚན་གྱི་སྟེང་ན་སེལ་མེད་ན་སྒྲ་རྟག་འཛིན་དང་སྒྲ་མི་རྟག་པར་འཛིན་པ་གཉིས་བློ་དོན་མཐུན་ཡིན་པ་ལ་ཁྱད་མེད་པར་འགྱུར་རོ། །སྤྱིར་དོན་རང་མཚན་གྱི་སྐབས་འདི་ན། སྔོ་འཛིན་དབང་ཤེས་དེ། སྔོན་པོ་ལ་སྒྲུབ་འཇུག་ཡིན་ན་དེ་ཡོངས་གཅོད་དུ་འཇུག་པ་ལས་རྣམ་གཅོད་དུ་མི་འཇུག་ལ། འོན་ཀྱང་མི་ཕམ་རིན་པོ་ཆེས་སྔོན་པོ་མངོན་སུམ་མཐོང་བའི་སྐབས་ན་སྔོ་མིན་མ་བཅད་ཅེས་འཇོག་དགོས་ན་དཀའ་ཞེས་དང༌། ཡང་མི་རྟག་པ་དོན་ལ་གནས་པ་དེའོ། །ཞེས་གསུངས་ཡོད་པ་སོགས་ལ་བརྟག་དཔྱད་བྱས་ན་དོན་རང་མཚན་གྱི་གཞན་སེལ་འདི་སེལ་འཇུག་སྨྲ་བ་ལ་མེད་དུ་མི་རུང་བའི་ལེགས་བཤད་རྨད་དུ་བྱུང་བ་ཡིན་པར་གོ་ནུས་པ་ཡིན། འདི་དོན་གྱི་རྣམ་གཞག་རྒྱས་པར་མཁན་ཆེན་ཡབ་སྲས་ཀྱི་གཞུང་རྩ་འགྲེལ་གཉིས་ལ་གཟིགས་ན་གསལ་བོར་ངེས་ནུས་ཤིང༌། སྤྱིར་མཁན་ཆེན་ཡབ་སྲས་ནི་རྣམ་དཔྱོད་ཤིན་ཏུ་རྒྱ་ཆེ་བ་དང༌། ཁྱད་པར་རང་ཅག་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞིང་ལས་དང་སྨོན་ལམ་གྱི་འབྲེལ་ཟབ་ཆེ་བ་སོགས་ཀྱི་ཚུལ་ལ་བསམ་ནས་རྗེས་འཇུག་ཐོས་བསམ་པ་རྣམས་ཀྱིས་ཞིབ་གཟིགས་རེ་མཛད་པར་བཀའ་དྲིན་ཞུ།

༈ དྲི་བ། ༤༽འགལ་མེ་ལ་འཁོར་ལོར་འཛིན་པ་དབུ་མ་རྒྱན་དང་རྣམ་འགྲེལ་ལས་ཡིད་རྟོག་ལ་གསུངས་པ་དང༌། རིན་ཆེན་ཕྲེང་བ་ལས་མིག་འཁྲུལ་བར་གསུངས་པ་ཇི་ལྟར་ཡིན།

༼༤ དྲིས་ལན། དྲི་བ་འདི་ཅི་ཞིག་ལ་གསུངས་པ་ཡིན་གསལ་བོར་ཞུ་མི་ཤེས་ལགས། འོན་ཀྱང༌། རིན་ཆེན་ཕྲེང་བ་ལས། མིག་འཁྲུལ་བར་གསུངས་པ་དང་། དབུ་མ་རྒྱན་ལས། དེ་དང་ཚུལ་གཅིག་པར། འགལ་མེ་ལ་ཡང་ཅིག་ཆར་དུ། །འཁོར་ལོར་འཛིན་པའི་སྣང་བ་འབྱུང༌། །གསལ་བར་རབ་ཏུ་སྣང་བའི་ཕྱིར། །མཐོང་བས་མཚམས་སྦྱོར་མ་ཡིན་ནོ། །ཞེས་རྟོག་མེད་ཀྱི་ཤེས་པ་ལ་གསལ་བར་རབ་ཏུ་སྣང་བའི་ཕྱིར་ན་མངོན་སུམ་མཐོང་བ་ཡིན་ཞེས་བཤད་ཡོད་ལ་ཡིད་རྟོག་ལ་གཏན་ནས་གསུངས་མེད་སྙམ།

༈ དྲི་བ། ༥༽ ཚད་མ་ཕྱི་རབས་པ་དང་ཚད་མ་སྔ་རབས་པ་མི་འདྲའི་ཐུན་མིན་གྱི་བཞེད་པ་གང་ཡོད།

༼༥ དྲིས་ལན། དེ་ཡང་ཕྱྭ་བ་ཆོས་ཀྱི་སེང་གེ་དང་སློབ་མ་སེང་ཆེན་བརྒྱད་སོགས་བྱོན་པའི་སྐབས་ལ་ཚད་མ་སྔ་རབས་དང༌། འཇམ་མགོན་ས་སྐྱ་པཎ་ཆེན་བྱོན་ནས་རིགས་གཏེར་གྱི་གཞུང་མཛད་པ་ནས་ཚད་མ་ཕྱི་རབས་ཞེས་བཞག་ན་ཨེ་ཆོག་སྙམ། སྤྱིར་ཐུན་མིན་གྱི་བཞེད་པའི་ཁྱད་པར་མཐའ་ཡས་པ་དག་ཞུ་ཡང་མི་ཤེས་ལ། བརྗོད་ཀྱང་དཀའ་བ་ཡིན། སྤྱིར་ཀུན་མཁྱེན་མི་ཕམ་རིན་པོ་ཆེ་ནི། ཚད་མ་སོགས་གཞུང་གང་ཡིན་ཡང་དངོས་པོ་སྟོབས་ཤུགས་ཀྱི་རིགས་པ་གཙོ་བོར་མཛད་པ་ལས་གཞན་ལུགས་རྗེས་བརྗོད་ཀྱི་རྣམ་པ་གཏན་མི་མཛད་པ་ཡིན། དེས་ན། བསིལ་ལྡན་འདི་ན་ཆོས་སེང་སོགས། །རིགས་པ་རྣོ་བའི་འཁྲུལ་གར་གྱིས། །སློབ་གསར་རྨོངས་སུ་འཇུག་པའི་ངག །ད་ནི་གཞུང་སྨྲ་རྒན་པོས་ཀྱང༌། །རྗེས་བརྗོད་སྨྲ་བས་གཞུང་བཟང་བསླད། །སྨྲ་བ་འདི་འདྲ་མཁས་རློམ་པ། །མགུ་ཡང་བདག་ཅག་འདི་འདྲའི་རྗེས། །བྲག་ཆ་བཞིན་དུ་མ་ཞུགས་སོ། །ཞེས་གསུངས་པའི་ཚུལ་སོགས་ལ་བསམ་ན་རང་ལུགས་ནི་མཐའ་གཅིག་ཏུ་སྔ་རབས་ཁོ་ནའི་རྗེས་སུ་འབྲང་དགོས་པ་མ་ཡིན་ལ། ཡང་དག་པའི་རིགས་ལམ་གྱི་འཐད་པའི་ཕྱོགས་གཙོ་བོར་འཛིན་དགོས་པ་ཡིན་སྙམ།

༈ མངོན་པའི་སྐོར་དྲི་བ་ལྔ་བཀོད་པ།

༈ དྲི་བ། ༡༽ མུན་པ་གཉིས་པོ་བཅོམ་ཚུལ་ཐོབ་པ་ཆད་པའི་ཚུལ་གྱིས་སྤངས་ན་སླར་སྐྱེ་མི་སྐྱེ། མི་སྐྱེ་ན་དགྲ་བཅོམ་ཉམས་པའི་ཆོས་ཅན་དེ་ལ་སླར་སྐྱེ་བ་མིན་ནམ།

༼༡ དྲིས་ལན། འདིར་ཁྱེད་རྣམས་ཀྱི་དགོངས་པ་ལ་དེ་འདྲའི་དགྲ་བཅོམ་དེའི་རྒྱུད་ལ་འོག་མའི་ཉོན་མོངས་གང་རུང་ཞིག་སྐྱེ་ནས་ཉམས་པར་འགྱུར་བར་གསུངས་ན་ཐོབ་པ་ཆད་པའི་ཚུལ་གྱིས་སྤངས་ན་སླར་སྐྱེ་བར་འགྱུར་འོང་གི་སྙམ་པའི་དོགས་གཞི་ཞིག་བཀོད་པ་འདི་ནི་ཆོས་མངོན་པ་ལས་བསྟན་པའི་རིགས་པ་ཆེས་ལེགས་པ་ཞིག་ཡིན། འདི་དོན་ལ་གསལ་བོ་ཞིག་ཞུ་མི་ཤེས་ཀྱང་ཕྱོགས་མགོ་དཔྱད་གཞི་ཙམ་ཞུ་ན། དཔེར་ན། རྩལ་པོ་ཆེ་ཅུང་རྡོག་འཆའ་ན་ཡང་ལུས་ས་ལ་འདྲིལ་བར་མི་འགྱུར་བར་དེ་མ་ཐག་སོར་ཆུད་པར་འགྱུར་བ་ལྟར། ཐོབ་པ་ཆད་པའི་ཚུལ་གྱིས་སྤངས་པས་སླར་གང་ཟག་དེའི་རྒྱུད་ལ་གཏན་དུ་སྐྱེ་བར་མི་འགྱུར་གསུངས་པ་ཨེ་ཡིན་སྙམ།

༈ དྲི་བ། ༢༽ སོར་སྡོམ་ཟིན་པའི་འབྱུང་བ་ལས་བྱུང་བར་གསུངས་པ་དང༌། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་གཉིས་མ་ཟིན་པ་ལས་བྱུང་བར་གསུངས་པ་ཇི་ལྟར་ཡིན།

༼༢ དྲིས་ལན། སྤྱིར་འདི་སྐབས་སུ་སོར་སྡོམ་ཟིན་པའི་འབྱུང་བ་ལས་བྱུང་བར་གསུངས་པ་ནི་ཐུགས་ལ་ངེས་ཟིན་ལྟར་དང༌། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་གཉིས་མ་ཟིན་པ་ལས་ཀྱང་བྱུང་བར་གསུངས་པ་ནི། བསམ་གཏན་གྱི་དངོས་གཞིའི་སེམས་ལྟ་བུ་མངོན་དུ་བྱས་ཏེ་ལྷའི་མིག་གི་མངོན་ཤེས་ལ་སོགས་པ་རྣམ་གནས་ཡིད་བྱེད་ཀྱི་སྒོ་ནས་སྒྲུབ་པར་བྱེད་པ་ཡིན་ན། དེའི་སྐབས་སུ་མིག་གི་དབང་པོའི་ཉེ་སྐོར་རམ་མཐའ་སྐོར་དུ་བསམ་གཏན་དེ་བའི་སས་བསྡུས་པའི་ཤིན་ཏུ་རྡུལ་དྭངས་པ་འབྱུང་བར་གསུངས་པ་སོགས་ནི་མ་ཟིན་པ་ལས་ཀྱང་བྱུང་བར་གསུངས་པ་དེ་ལྟར་ཨེ་རུང་སྙམ།

༈ དྲི་བ། ༣༽ བྱེ་སྨྲས་ཆོས་མཆོག་ལ་ཆེ་འབྲིང་ཆུང་གསུམ་མི་མཛད་པ་གང༌།

༼༣ དྲིས་ལན། དེ་ནི་གོང་མ་དག་གི་ཞལ་རྒྱུན་ལ། འདིར་གཞན་དོན་བྱེད་པ་གཙོ་བོར་བྱེད་མི་བྱེད་ཀྱི་རེད་གསུངས་སྙམ། དེ་ནི་ཇི་ལྟར་ན་ཆོས་མཆོག་དེ་མ་ཐག་པའི་ཡེ་ཤེས་ཞེས་པ་ཡིན་ན་དེ་མ་ཐག་ཏུ་རང་གི་སྟོབས་ཀྱིས་ཟག་མེད་གསར་དུ་འདྲེན་ནུས་པ་དེ་ལྟ་བུ་ཞིག་ཡིན་པས་དེ་འབའ་ཞིག་དོན་དུ་གཉེར་བ་དག་ལ་དབྱེ་བ་མ་མཛད་ལ། གཞན་སེམས་ཅན་གྱི་དོན་གཙོ་བོར་སྒྲུབ་པའི་ཆ་ནས་ཆོས་མཆོག་ལ་དབྱེ་བ་བྱས་ཞེས་པ་ལྟ་བུ་ཞིག་དེ་ཉིད་ཀྱི་དོན་ཨེ་ཡིན་སྙམ།

༈ དྲི་བ། ༤༽ ཀུན་བཏུས་དང་མཛོད་གཉིས་ཀྱི་ལམ་བདེན་འཇོག་ཚུལ་འགལ་མེད་ཇི་ལྟར་ཡིན།

༼༤ དྲིས་ལན། སྤྱིར་མངོན་པ་ཀུན་བཏུས་ཀྱི་སྐབས་སུ་ཟག་མེད་ཀྱི་དབང་པོ་གསུམ་གསུངས་པའི་དབང་པོ་སྔ་མ་སྦྱོར་ལམ་ནས་འཇོག་ལ་དེ་ལ་ཟག་བཅས་ཡིན་མིན་གཉིས་ཡོད་པ་དང༌། མངོན་མཛོད་ལས། ཟག་མེད་ཀྱི་དབང་པོ་གསུམ་ཡིན་ན་ངེས་པར་ཟག་མེད་ཡིན་པས་ཁྱབ་པ་ལྟ་བུ་སོགས་མངོན་པ་གོང་འོག་གཉིས་བཞེད་སྲོལ་མི་འདྲ་བ་ཆེས་མང་ན་དེ་ཐམས་ཅད་རེ་རེ་ནས་དགོངས་མཐུན་དུ་སྒྲུབ་དགོས་མི་དགོས་ཀྱང་མི་ཤེས་ལ། སྐབས་འདིར་མངོན་པ་གོང་འོག་གཉིས་ཀའི་ལམ་བདེན་འཇོག་ཚུལ་འགལ་མེད་ཇི་ལྟར་ཡིན་གསུངས་ན། ཀུན་བཏུས་ཀྱི་ལུགས་ལ་ཚོགས་སྦྱོར་གཉིས་ཀྱང་ལམ་བདེན་གྱི་ཕྱོགས་སུ་རྩི་བ་ཞིག་ཨེ་ཡིན་སྙམ། མངོན་མཛོད་ལས། མཐོང་སྒོམ་མི་སློབ་པའི་ལམ་གསུམ་མ་གཏོགས། གཞན་ཚོགས་སྦྱོར་གཉིས་ནི་ཟག་མེད་ཀྱི་དབང་པོ་དང་འདྲ་བར་ལམ་བདེན་དུ་མི་འཇོག་པ་དང༌། ཀུན་བཏུས་སུ་འཁོར་དང་བཅས་པའི་སྒོ་ནས་ལྔ་བོ་ལམ་བདེན་དུ་བཞག མངོན་མཛོད་དུ་ཟག་མེད་རང་ཉིད་ཁོ་ན་བཞག་པ་ལམ་བདེན་གྱི་གཙོ་བོའི་དབང་དུ་བྱས་པ་ཨེ་ཡིན་སྙམ།

༈ དྲི་བ། ༥༽མཛོད་ལུགས་ལ་ལས་ཀྱི་མཚན་ཉིད་ཇི་ལྟར་ཡིན།

༼༥ དྲིས་ལན། སྤྱིར་མཚན་ཉིད་ནི་སྐྱོན་གསུམ་དང་བྲལ་བ་ཞིག་དགོས་ན་མཆིམས་ཆེ་ཆུང་སོགས་ལས་མ་གསུངས་ན་རང་གི་གསལ་བོར་ཞུ་མི་ཤེས་ཀྱང༌། ཁྱེད་རྣམས་ཀྱི་བརྟགས་དཔྱད་མཛད་པའི་གཞི་ཞིག་ཞུ་ན། ལས་ལ་སེམས་པའི་ལས་དང་བསམ་པའི་ལས་གཉིས། སེམས་པའི་ལས་ནི་ཐོག་མར་ལས་གང་དང་གང་ཡིན་ཡང་སེམས་པས་སེམས་ཡུལ་ལ་གཡོ་བར་བྱེད་པས་ལས་དེ་བསགས་པ་ཞིག་ཡིན། དེས་ན་ཟག་བཅས་རྒྱུར་གྱུར་གྱི་ཆ་ཞིག་ཡིན་པ་གཞིར་བཞག་ནས། ཟག་བཅས་རྒྱུར་གྱུར་གྱི་ཆ་ཡིན་པ་གང་ཞིག་སེམས་པ་གཙོ་བོར་གྱུར་བའི་ལས་ཞེས་བཞག་ན་ཨེ་ཆོག་སྙམ། ཡང་ན་ཟག་བཅས་རྒྱུར་གྱུར་གྱི་ཆ་གང་ཞིག་སེམས་པས་ཀུན་ནས་བསླངས་བའི་ལས་ཞེས་ཨེ་རུང་སྙམ།

༈ དབུ་མའི་སྐོར་དྲི་བ་དགུ་བཀོད་པ།

༈ དྲི་བ། ༡༽ ཐལ་རང་གི་བདེན་གཉིས་གཅིག་ཐ་དད་འཇོག་ཚུལ་གྲུབ་མཐའ་མཛོད་དང་། ཤེར་འགྲེལ་དང་། ལྟ་གྲུབ་ཤན་འབྱེད་ལས་གསུངས་པ་རྣམས་མི་འགལ་ཚུལ་ཇི་ལྟར་ཡིན།

༼༡ དྲིས་ལན། སྤྱིར་གྲུབ་མཐའ་མཛོད་ན་ནང་པའི་གྲུབ་མཐའ་དེ་རྒྱས་ཤིང་དབུ་མ་ཐལ་རང་གི་རྣམ་གཞག་རྒྱ་ཆེར་བསྟན་པར་མཛད་ལ། རང་རྒྱུད་པའི་སྐབས་སུ་བདེན་གཉིས་གཅིག་ཐ་དད་ལ་སྐྱོན་བཞི་བཞི་ཡོད་ཚུལ་རྒྱས་པར་གསུངས་པ་དང༌། ཐལ་འགྱུར་བའི་བདེན་གཉིས་སྐབས། བྱང་ཆུབ་སེམས་འགྲེལ་ལས། ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་སྟེ། །མེད་ན་མི་འབྱུང་ངེས་པའི་ཕྱིར། །བྱས་དང་མི་རྟག་པ་བཞིན་ནོ། །ཞེས་བྱང་ཆུབ་སེམས་འགྲེལ་གྱི་ལུང་དྲངས་ཡོད་པ་ལ་བརྟེན་ནས། ཁྱེད་རྣམས་ཀྱི་དགོངས་པར་ཐལ་འགྱུར་བའི་ལུགས་ལ་བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་བཞེད་དགོས་སྙམ་པའི་དོགས་གཞི་བྱུང་ཡོད་པ་འདྲ། དེ་ནི་སྤྱིར་བྱས་དང་མི་རྟག་པ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའི་དཔེར་ཡོངས་སུ་གྲགས་ལ། བྱང་ཆུབ་སེམས་འགྲེལ་ནི། མགོན་པོ་ཀླུ་སྒྲུབ་ཀྱི་གསུང་མདོ་སྔགས་སྤྱིའི་གཞུང་འགྲེལ་ཞིག་ཡིན་པས་དེ་ན་མཐའ་གཅིག་ཏུ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་པར་གསལ་བོར་ངེས་ན་དེ་དབུ་མ་ཐལ་འགྱུར་བས་བཞེད་དགོས་ཀྱང༌། སྐབས་འདིར། མེད་ན་མི་འབྱུང་ངེས་པའི་ཕྱིར། །ཞེས་པའི་དོན་ལ་མཁས་པ་རྣམས་ཀྱིས་དགོངས་པ་བཀྲལ་ཚུལ་ཡོད་ལ། བྱས་དང་མི་རྟག་པ་བཞིན་དུ། །མེད་ན་མི་འབྱུང་ངེས་པའི་ཕྱིར། །ཞེས་གསུངས་པ་རང་རྒྱུད་པའི་སྐབས་བྱས་དང་མི་རྟག་པ་བཞིན་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དང༌། ཐལ་འགྱུར་བའི་སྐབས། མེད་ན་མི་འབྱུང་ཞེས་བདེན་པ་གཉིས་པོ་གཅིག་ཤོས་མེད་ན་ཅིག་ཤོས་མི་འབྱུང་བའི་དོན་ཡིན་ཞེས་མཁས་པའི་དབང་པོ་མང་པོས་དེ་ལྟར་གསུངས། ཀུན་མཁྱེན་བླ་མས་ཀྱང༌། དེའང་སྟོང་པ་ཉིད་སྣང་བའི་དབྱིངས་ཅན་དེ་བྱང་ཆུབ་སེམས་འགྲེལ་ལས་ཞེས་ལུང་དྲངས་ན། སྟོང་པ་ཉིད་སྣང་བའི་དབྱིངས་ཅན་དེ་ཞེས་པ་མེད་ན་མི་འབྱུང་བའི་གོ་དོན་ཡིན་གྱི། ངོ་བོ་གཅིག་པའི་གོ་དོན་མ་ཡིན་པར་མ་ཟད། དེ་མ་ཐག་ཏུ། གལ་ཏེ་དབྱེ་བ་ཐ་དད་དུ་གྲུབ་ན་ཞེས་དགོངས་པ་ངེས་འགྲེལ་གྱི་ལུང་དྲངས་པ་དེས་གཅིག་ཏུ་གྲུབ་ན་ཞེས་པ་ཡང་ཤུགས་ལ་རྟོགས་པར་འགྱུར་ཏེ། མདོ་ལུང་ན་གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་ཅན་སོགས་གསུངས་སོ། །དེས་ན་ཀློང་ཆེན་པས་ཀླུའི་བྱང་ཆུབ་སེམས་འགྲེལ་གྱི་དགོངས་པ་སྐབས་ཐོབ་ཀྱིས་བླངས་ནས། རང་རྒྱུད་པའི་སྐབས་བྱས་དང་མི་རྟག་པ་བཞིན་ནོ་ཞེས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དང༌། ཐལ་འགྱུར་བའི་སྐབས་མེད་ན་མི་འབྱུང་ངེས་པའི་ཕྱིར་ཞེས་མཁས་པ་མང་པོས་གསུངས་བཞིན་མེད་ན་མི་འབྱུང་ཙམ་དུ་བཞེད་པས། གྲུབ་མཐའ་མཛོད་དང་ཤེར་འགྲེལ་ལྟ་གྲུབ་ཤན་འབྱེད་བཅས་ཕན་ཚུན་འགལ་འགྲོ་བ་ཞིག་མ་ཡིན་སྙམ།

༈ དྲི་བ། ༢༽ མདོ་སྡེ་པའི་ལུགས་ལ་དངོས་པོ་ཡིན་ན་དོན་དམ་པས་ཁྱབ་མ་ཁྱབ་གང་ཡིན། གཞུང་འགར་དོན་དམ་ཆ་མེད་གཉིས་ལ་འཇོག་པ་དང༌། གཞུང་འགར་མིག་དང་གཟུགས་སོགས་ཀྱང་དོན་དམ་དུ་གསུངས་པ་མི་འགལ་ཚུལ་ཇི་ལྟར་ཡིན།

༼༢ དྲིས་ལན། མདོ་སྡེ་བ་དེ་ལ་ལུང་གི་རྗེས་འབྲང་དང་། རིགས་པའི་རྗེས་འབྲང་གཉིས་སུ་མ་ཕྱེས་ན་འཆད་མི་ཐུབ་སྙམ། རིགས་པའི་རྗེས་འབྲང་གི་མདོ་སྡེ་པས། དོན་དམ་དོན་བྱེད་ནུས་པ་གང༌། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་པ་ཉིད་དེ། །དེ་དག་རང་སྤྱིའི་མཚན་ཉིད་དོ། །ཞེས་གསུངས། དོན་བྱེད་ནུས་པ་གང་ཡིན་པ། །ཞེས་བརྗོད་ན་མ་ཆོག་པ་མེད་པ་འདྲ་ཡང༌། འདིར་དོན་དམ་དོན་བྱེད་ནུས་པ་ཞེས་གསུངས་པ་ནི། རྫས་བཏགས་ཀྱི་ཁྱད་པར་ཕྱེ་དུས་ཡང་། ཆོས་དེ་བློ་ཡུལ་དུ་འཆར་བར་བྱེད་པ་ལ་ཆོས་གཞན་ལ་ལྟོས་མི་དགོས་པར་བློ་ཡུལ་དུ་འཆར་བ་རྫས་ཡོད། ཆོས་དེ་བློ་ཡུལ་དུ་འཆར་བ་ལ་ཆོས་གཞན་བློ་ཡུལ་དུ་འཕངས་ནས་ཤེས་དགོས་པ་ཞིག་ལ་བཏགས་ཡོད་དོ། །ཞེས་གསུངས་པ་དེས་ན་དོན་དམ་པར་ན་རང་མཚན་གྱི་སྟེང་ནས་དོན་བྱེད་ནུས་པའི་དངོས་པོ་གང་ཡིན་པ་དེ་དོན་དམ་ཡིན་པས་ཁྱབ་ཅེས་འཇོག་ཐུབ་སྙམ། དེ་ཙམ་གྱིས་གོ་ནུས་ལ་ཁྱེད་རྣམས་ཀྱིས་མདོ་སྡེ་པའི་ལུགས་ལ་དངོས་པོ་ཡིན་ན་དོན་དམ་ཡིན་པས་ཁྱབ་ཟེར་ན་ལྡན་མིན་འདུ་བྱེད་ལ་དོགས་གཞི་བྱུང་ཡོད་པ་འདྲ་ཡང་དེ་ནི། དོན་དམ་དོན་བྱེད་ནུས་པ་གང༌། །ཞེས་བཅད་པས་གསལ་བོར་གོ་སྙམ། གཞུང་འགར་དོན་དམ་ཆ་མེད་གཉིས་ལ་འཇོག་པ་དང༌། གཞུང་འགར་མིག་གཟུགས་སོགས་ཀྱང་དོན་དམ་དུ་གསུངས་བ་མི་འགལ་ཚུལ་ཇི་ལྟར་ཡིན་ཞེ་ན། དེ་ནི་གཞུང་འགར་མིག་གཟུགས་སོགས་ཀྱང་དོན་དམ་པར་གསུངས་པ་དེ་ནི། དཔེར་ན་གཟུགས་ལྟ་བུ་མཐར་རྡུལ་ཕྲན་ཆ་མེད། མིག་གི་ཤེས་པ་ལྟ་བུ་དེ་མཐར་ཤེས་པ་ཆ་མེད་དུ་ཐུག་གོ །ཡུལ་དང་དབང་པོ་རྡུལ་ཕྲ་རབ། །འཚོགས་པའི་སྐད་ཅིག་ཇི་སྙེད་པ། །མྱོང་བའི་རྣམ་ཤེས་དེ་རྙེད་དོ། །གསུངས་པ་ལྟར་བུམ་པ་མངོན་སུམ་དུ་མཐོང་བའི་སྐབས་ཀྱང་རྡུལ་མ་གཏོགས་པ་ཡུལ་ཐོག་ན་མེད་མོད། རྡུལ་ཕྲན་ཁྱད་པར་བ་ཡིན་པས་ན་མིག་ཤེས་བསྐྱེད་ནུས་པའི་རྡུལ་ཕྲན་དུ་སོང་བའི་སྐབས་གཟུགས་ཞེས་འཇོག སྒྲ་དང་དྲི་ཡང་རང་རང་གི་ཤེས་པ་དེ་བསྐྱེད་ནུས་པའི་ཆ་ནས་རྡུལ་ཁྱད་པར་བ་ཞེས་འཇོག་པ་ཡིན་ནོ། །མདོར་ན་ཆ་མེད་གཉིས་དོན་དམ་དུ་འཇོག་པ་དང༌། མིག་གཟུགས་སོགས་དོན་དམ་དུ་འཇོག་པ་ནི། མཐར་གཏུགས་ན་ཆ་མེད་གཉིས་ལས་འགྲོ་ས་མེད་པས་མི་འགལ་བ་ཡིན་སྙམ།

༈ དྲི་བ། ༣༽ ཀུན་མཁྱེན་གྱིས་རྒྱས་འགྱུར་གྱི་རིགས་གཞི་ལ་ཡོད་པར་གསུངས་པ་དང༌། རྒྱུད་བླ་མར་ཡང་དག་བླངས་པ་ལས་བྱུང་བར་གསུངས་པ་ཇི་ལྟར་ཡིན།

༼༣ དྲིས་ལན། འདི་ནི་ཀུན་མཁྱེན་བླ་མས་སྔགས་བླ་མེད་ཀྱི་དགོངས་པ་གཞིར་བཞག་གིས་གྲུབ་མཐའ་མཛོད་སོགས་སུ་རིགས་ཀྱི་སྐབས་རྒྱ་ཆེར་བསྟན་ཡོད། དེ་ནི་རང་ལུགས་ལ་རང་སྣང་ལོངས་སྐུ་འཇོག་དགོས་ན་རང་སྣང་ཞེས་པ་སངས་རྒྱས་རང་སྣང་ལ་བཞེད་ན། དེ་ལ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆ་མང་པོ་ཞིག་ཡོད་ན་འགལ་བ་ཡིན་པས། རང་སྣང་ལོངས་སྐུའི་ཞིང་ན་སྐྱེ་འགག་དང་བྲལ་བའི་སྟོན་འཁོར་གྱི་ཚོགས་པ་ཉིད་ལས་མི་གཞན་པ་གཞིར་བཞག་གིས་བཤད་དགོས་ན་རྒྱས་འགྱུར་གྱི་རིགས་ཞེས་བྱ་བ་གཞི་ལ་མ་བཞག་ཐབས་མེད་ཡིན་ནོ། །འཇམ་མགོན་བླ་མས་ཝ་མང་དགེ་བཤེས་ལ་ལན་གནང་བའི་སྐབས། གཞོན་ནུ་བུམ་སྐུ་བཅག་པའི་ཐོ་བ་བརྩམས་ཀྱང་གཞོན་ནུ་བུམ་སྐུ་བཅག་ན་ད་དུང་དེའི་ཞོར་ལ་མི་ཤིགས་ཏི་ལ་ཤི་བའི་ལྟོ་རྒྱུ་ཞིག་ཀྱང་ཞར་ལ་ཁྱོད་ཀྱི་གློ་རྒྱན་དུ་རང་བྱུང་དུ་སྐྱེས་ནས་ན་རག་དམྱལ་བའི་སྒོ་དྲུང་དུ་འགྲོ་བའི་ཚུལ་དང༌། སྐུ་ཡིན་པས་མི་རུང་རྒྱུ་དང་ཐིག་ལེ་ཡིན་པས་རུང་རྒྱུ་མེད་ཚུལ་སོགས་རྒྱ་ཆེར་གསུངས་སོ། །རྒྱུད་བླ་མར་ཡང་དག་བླངས་པ་ལས་བྱུང་བའི་རིགས་དེ་ཡང་གནས་སྣང་གི་ཁྱད་ཕྱེ་དགོས་སྙམ།

༈ དྲི་བ། ༤༽ ཐལ་རང་གཉིས་པོས་བདེན་མེད་གཏན་ལ་འབེབས་ཚེ་དགག་བྱ་ལ་ཁྱད་པར་གང་ཡོད།

༼༤ དྲིས་ལན། ཐལ་རང་གཉིས་པོས་བདེན་མེད་གཏན་ལ་འབེབས་ཚེ། ཆོས་ཅན་མཐུན་སྣང་བ་གྲུབ་མ་གྲུབ་དེ་ལ་མ་དཔྱད་ཐབས་མེད་ཡིན། དབུ་མ་རྩ་ཤེས་ཀྱི་འགྲེལ་བ་ཚིག་གསལ་ན། ཁྱད་པར་སྦྱར་བ་དོན་མེད་པ་རྒྱས་པར་གསུངས་པ་དང༌། སློབ་དཔོན་ལེགས་ལྡན་གྱིས་ཆོས་ཅན་མཐུན་སྣང་བ་དངོས་སྨྲ་བ་དང་མཐུན་སྣང་དུ་མེད་པར་སྨྲ་བ་དེ་མི་རིགས་པའི་ཚུལ་རྒྱ་ཆེར་བསྟན་ཏེ། མདོར་ན་དབུ་མ་རང་རྒྱུད་པས་དོན་དམ་གཏན་ལ་འབེབས་སྐབས་ཀྱང་བདེན་གཉིས་རྣམ་པར་ཕྱེས་ཏེ་ཐ་སྙད་རང་མཚན་གྱིས་གྲུབ་པ་དེ་ནི་དོན་དམ་རིགས་པས་དཔྱད་ཀྱང་འགོག་མི་ནུས་ཤིང༌། ཕྱིས་སུ་དབུ་མ་བ་ཕལ་གྱིས་བུམ་པ་མི་དགག་པར་བུམ་པའི་བདེན་གྲུབ་འགོག་པ་ལྟ་བུའི་གྲུབ་མཐའ་ཡང་དེ་དང་ཕྱོགས་འདྲ་བ་ཡིན་པའི་ཚུལ་ལྟ་གྲུབ་ཤན་འབྱེད་ལས་ཡང་ཡང་གསུངས་པ་ལྟར་རོ། །འཇམ་མགོན་མི་ཕམ་རིན་པོ་ཆེས་ཀྱང་། འདི་གཉིས་ནི་དོན་དམ་གཏན་ལ་འབེབས་པའི་ཚུལ་ཞིག་ཡིན་གསུངས་པ་ལྟར། དོན་དམ་རིགས་པའི་ངོ་ཁ་ན་མི་དགག་རྒྱུའི་ཐ་སྙད་ཅིག་ཡོད་ན་དཔལ་ལྡན་ཟླ་བས་འཕགས་པའི་མཉམ་བཞག་དངོས་པོའི་འཇིག་རྒྱུར་ཐལ་བ་སོགས་སྐྱོན་གསུམ་བརྗོད་པས་ཀྱང་གནོད་པ་དེའི་ཕྱིར་དགག་བྱ་ལ་ཁྱད་པར་ཆེ་བ་ཞིག་ཡོད་པ་ཡིན་སྙམ།

༈ དྲི་བ། ༥༽ སྟོང་ཐུན་སྐབས། སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ཏེ། དེ་བཞིན་ཉིད་ལ་དབྱེར་མེད་པའི་ཕྱིར། ཞེས་པ་ཁ་ཅིག་དང་རང་ལུགས་འགྲེལ་ཚུལ་དང༌། ཁ་ཅིག་ལ་སྐྱོན་བརྗོད་པའི་ཚུལ་རང་ལུགས་ལ་མི་འཇུག་ཚུལ་ཇི་ལྟར་ཡིན།

༼༥ དྲིས་ལན། སྟོང་ཐུན་གྱི། དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །ཞེས་པའི་སྐབས་ཀྱི་གསུང་ཚུལ་ནི། སངས་རྒྱས་དང་སེམས་ཅན་ཀྱང་དོན་དམ་པར་དབྱེ་བ་མེད་དེ། འཁོར་འདས་ཀྱི་ཆོས་ཐམས་ཅད་གནས་ལུགས་སྟོང་པ་ཉིད་གདོད་མའི་འོད་གསལ་ཆེན་པོར་དབྱེར་མེད་རོ་གཅིག་པའི་ཕྱིར། དེ་ལྟ་ན་འཁྲུལ་བ་གློ་བུར་བ་སྣང་ཡང་དོན་དམ་པའི་ཆོས་ཉིད་ལས་ནི་འགྱུར་བ་ཅུང་ཟད་ཀྱང་མེད་པ་སོགས་གསུངས་ཡོད་དོ། །ཁ་ཅིག་ལ་བརྗོད་པའི་སྐྱོན་རང་ལུགས་ལ་མི་འཇུག་པའི་ཚུལ་ནི། ཆོས་ཉིད་དེ་བཞིན་ཉིད་དབྱེར་མེད་པ་ཙམ་ཞིག་གིས་སངས་རྒྱས་ཀྱི་རིགས་སུ་གྲུབ་ན། འོ་ན་སྔར་གཞན་ལ་བདེན་མེད་ཡིན་པས་སངས་རྒྱས་ན་ས་རྡོ་སོགས་ཀྱང་འཚང་རྒྱ་བར་ཐལ་བའི་སྐྱོན་དེ་རང་ལ་འབབ་པར་འགྱུར་སྙམ་པའི་དྲི་བ་བཀོད་པ་ཨེ་ཡིན་སྙམ། དེ་ལ་སྐབས་འདིར་བདེན་མེད་ཡིན་པ་ཙམ་གྱིས་སངས་རྒྱས་རུང་སྒྲུབ་པ་མ་ཡིན་ལ། སྤྱིར་རིགས་ཞེས་པ་ནི། ཁམས་ཡོད་ན་ནི་ལས་བྱས་པས། །ས་ལེ་སྦྲམ་དག་མཐོང་བར་འགྱུར། །ཁམས་མེད་ན་ནི་ལས་བྱས་ཀྱང༌། །ཉོན་མོངས་འབའ་ཞིག་སྐྱེ་བར་ཟད། །ཅེས་གསུངས་པས་ཁམས་སམ་རིགས་ཞེས་བྱ་བ་ནི་གང་ལ་དཔྱད་པ་འཇུག་ན། འཁྲུལ་བའི་སེམས་ཅན་གྱིས་ལམ་ཡང་ཡང་བསྒྲུབ་པར་བྱས་ན་སྒྲིབ་གཉིས་དེ་ཟད་པར་སྤངས་ནས་མ་འཁྲུལ་བའི་སངས་རྒྱས་ཤིག་ཨེ་འབྱུང་མི་འབྱུང་ཞེས་དཔྱད་ནས་དེ་འབྱུང་བའི་རྒྱུ་སྐྱོན་མེད་ཞིག་ལ་འཇོག་པ་ཡིན་ན། ས་རྡོ་སོགས་འཁྲུལ་བའི་སེམས་ཀྱི་དབང་གིས་སྣང་བ་ཞིག་རེད་མ་གཏོགས་ས་རྡོ་སོགས་ཀྱི་དབང་གིས་འཁྲུལ་བའི་སེམས་བྱུང་བ་མ་ཡིན་པས། དཔལ་ལྡན་ཟླ་བས། སེམས་ཉིད་ཀྱིས་ནི་སེམས་ཀྱི་འཇིག་རྟེན་དང༌། །སྣོད་ཀྱི་འཇིག་རྟེན་སྣ་ཚོགས་དཔག་ཡས་དགོད། །ཅེས་སོགས་གསུངས་པ་ལྟར། སེམས་ཀྱིས་ལས་བསགས་པའི་སྟོབས་ཀྱིས་ས་རྡོ་ལ་སོགས་པའི་སྣང་བ་འདི་འབྱུང་བ་ཡིན་པས། སེམས་ཉིད་སངས་རྒྱས་སུ་གྲུབ་ན་ཕྱི་རོལ་གྱི་ས་རྡོ་སོགས་ལྷག་འགྲོ་བ་མ་ཡིན་སྙམ།

༈ དྲི་བ། ༦༽ མི་ཕམ་པས་དོན་དམ་ཡོངས་གཅོད་དུ་ཤེས་བྱ་མིན་པར་གསུངས་པ་དང༌། བོད་སྤྲུལ་གྱིས་ཡོངས་གཅོད་དུ་མཚན་ཉིད་འཇོག་པ་ཇི་ལྟར་ཡིན།

༼༦ དྲིས་ལན། དྲི་བ་འདི་ནི་རང་ལུགས་ལ་གསལ་བོར་ངེས་དགོས་པའི་གནད་གལ་པོ་ཆེ་ཞིག་ཀྱང་ཡིན། དེ་ལ་འགའ་ཞིག་གི་བསམ་པར་འཇམ་མགོན་མི་ཕམ་རིན་པོ་ཆེའི་ཤེར་འགྲེལ་ན་དོན་དམ་ཡོངས་གཅོད་དུ་ཤེས་བྱ་མིན་པར་གསུངས་པ་དང༌། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མས་ཡོངས་གཅོད་དུ་མཚན་ཉིད་འཇོག་པར་མཛད་ན་དེ་གཉིས་འགལ་ལོ་སྙམ་ན། ཀུན་གཟིགས་བོད་པ་སྤྲུལ་སྐུའི་གསུངས་པ་དེ་གཞན་སུ་ཞིག་གི་རྗེས་སུ་འབྲངས་པ་མ་ཡིན་ལ། དཔལ་ལྡན་ཟླ་བའི་དགོངས་པ་ཡིན་ཏེ། ཡང་དག་མཐོང་ཡུལ་གང་དེ་དེ་ཉིད་དེ། །ཞེས་གསུངས་པའི་དོན་ཡིན། ཡང་དག་པ་འཕགས་པའི་མཉམ་བཞག་གི་ཡེ་ཤེས་དེ་ཚུར་མཐོང་མ་ཡིན་པའི་ཕྱིར་རོ། །འཇམ་མགོན་བླ་མས་ཇི་ལྟར་གསུངས་ན། ཚུར་མཐོང་གིས་ཡོངས་གཅོད་དུ་ཤེས་པར་བྱ་བ་ཡིན་ན་དངོས་པོ་ཡིན་པས་ཁྱབ་ཅེས་གསུངས་སོ། །དེས་ན་དེ་གཉིས་འགལ་བ་ཅི་ཞིག་འགྲོ། མི་ཕམ་རིན་པོ་ཆེས་ཡོངས་གཅོད་དུ་ཤེས་བྱ་མིན་གསུངས་པ། ཚུར་མཐོང་གིས་ཡོངས་སུ་གཅོད་པའི་སྒོ་ནས་ཤེས་པར་བྱ་བ་མིན་གསུངས་ལ། སྤྲུལ་སྐུས་ཡོངས་གཅོད་ཀྱི་སྒོ་ནས་འཇོག་པ་དེ། མཉམ་གཞག་ཡེ་ཤེས་ཀྱི་གཟིགས་དོན་གཞིར་བཞག་གིས་ཟླ་བའི་དགོངས་པ་བཀྲལ་ན་དེ་ཚུར་མཐོང་མ་ཡིན་ནོ། །གཞན་ཡང་བླ་མ་མི་ཕམ་རིན་པོ་ཆེའི་གསུང་ན། དེ་ལ་སོ་སོ་རང་རིག་པ་ཞེས། སོ་སོ་ནི་གཞན་དང་མ་འདྲེས་པའི་དོན་ཡིན་ལ། རང་ཞེས་པ་ཡུལ་དེ་དག་གི་ངོ་བོ་མ་ནོར་བ་དང༌། རིག་པ་ཞེས་མཐོང་བ་སྟེ་སྒྲ་བསྡོམས་ན། གཞན་བུམ་སོགས་ཤེས་པའི་མིག་ཤེས་ལྟ་བུ་ཚུར་མཐོང་གིས་འདི་མི་ཤེས་ཀྱི་འདི་རང་ཉིད་ཤེས་པའི་ཤེས་པ་གཅིག་པུ་དེ་ཐུན་མོང་མིན་པའི་བློ་ཞིག་གི་ཡུལ་ཡིན་པའོ། །ཞེས་གསུངས་པ་ལྟར། ཡོངས་གཅོད་ཀྱི་ཤེས་པར་བྱ་བ་མིན་གསུངས་པ་ནི་བུམ་སོགས་ཤེས་པའི་མིག་ཤེས་ལྟ་བུ་ཚུར་མཐོང་གི་བློས་འདི་མི་ཤེས་གསུངས་ལ། དཔལ་ལྡན་ཟླ་བ་དང་བོད་པ་སྤྲུལ་སྐུའི་བཞེད་པ་ལྟར། ཡང་དག་མཐོང་ཡུལ་གང་དེ་སོགས་དང༌། ཇི་ལྟའི་མཉམ་བཞག་བློ་འདས་ཡེ་ཤེས་དེ། །གསུངས་པའི་དོན་ལྟར། འདི་རང་ཉིད་ཤེས་པའི་ཤེས་པ་གཅིག་པུ་ཐུན་མོང་མིན་པའི་བློ་ཞིག་གི་ཡུལ་ཡིན་པར་བསྟན་ཏོ། །མདོར་ན་ཚུར་མཐོང་གིས་ཡོངས་གཅོད་དུ་ཤེས་པར་བྱ་བ་ཡིན་ན་དངོས་པོ་ཡིན་པས་ཁྱབ་ཅེས་པའི་གོ་དོན་ལ་བསམ་ན་དགོངས་པ་འགལ་མེད་ཀྱི་ཤན་ལེགས་པར་དབྱེ་ནུས་སོ། །

༈ དྲི་བ། ༧༽ འཇུག་པར། གལ་ཏེ་རང་གི་མཚན་ཉིད་བརྟེན་གྱུར་ན། །ཞེས་པའི་སྐབས་ཀྱི་ཐལ་བ་གསུམ་གྱི་སྔ་རྒོལ་དང་ཐལ་བ་འགྲོ་ཚུལ་ཇི་ལྟར་ལགས།

༼༧ དྲིས་ལན། འཇུག་པར། གལ་ཏེ་རང་གི་མཚན་ཉིད་བརྟེན་གྱུར་ན། །དེ་ལ་བསྐུར་བས་དངོས་པོ་འཇིག་པའི་ཕྱིར། །སྟོང་ཉིད་དངོས་པོ་འཇིག་པའི་རྒྱུར་འགྱུར་ན། །ཞེས་སོགས་གསུངས་པའི་ཐལ་བ་གསུམ་པོ་དེ་མཁས་པ་འགས་སེམས་ཙམ་པ་ལ་གསུངས་པ་ཡིན་ཞེས་བཞེད་ཀྱང༌། རང་ལུགས་ལ་དཔལ་ལྡན་ཟླ་བས་རང་རྒྱུད་པ་འགོག་པའི་ཐུན་མིན་གྱི་རིགས་པ་གསུམ་ཞེས་འཇོག ཐལ་བ་འགྲོ་ཚུལ་ནི། སྔར་ཞུས་ལྟར་དཔལ་ལྡན་ཟླ་བས་དོན་དམ་གཏན་ལ་འབེབས་པའི་སྐབས། གང་ལ་དངོས་འཛིན་ཞུགས་ན་ཀ་བུམ་སོགས་ཐ་སྙད་ཀྱི་སྣང་བ་འདི་ལ་ཞུགས་པས་དེ་སྐྱེ་བ་མེད་པར་གཏན་ལ་ཕབ་ནས། བདེན་པ་གཉིས་ཆར་མ་སྐྱེས་པའི་དབུ་མའི་ལམ་བསྟན་པར་མཛད་ལ། རང་རྒྱུད་པས་དོན་དམ་གཏན་ལ་འབེབས་སྐབས་ཀྱང་ཐ་སྙད་རང་མཚན་གྱི་ཆོས་འདི་མི་དགག་པར་འཇོག་པ་ཡིན། དེས་ན་དོན་དམ་ཇི་ལྟར་གཏན་ལ་ཕབ་པ་བཞིན་དུ་དོན་དམ་མངོན་སུམ་རྟོགས་པའི་བློས་ཀྱང་དེ་ལྟར་ཡུལ་དུ་བྱེད་དགོས་པ་ཡིན་ནོ། །དོན་དམ་གཏན་ལ་ཕབ་ཚེ་ཐ་སྙད་རང་མཚན་གྱི་གྲུབ་པ་ཞིག་མ་དགག་པར་བཞག་ཡོད་ན། འཕགས་པའི་མཉམ་བཞག་སྣང་མེད་རྡོ་རྗེ་ལྟ་བུ་ཏིང་ངེ་འཛིན་གྱི་ངོ་ཁ་ན་ཐ་སྙད་ཀྱི་ཆོས་རང་མཚན་དེ་ག་ཞིག་ཡོད་པ་མ་ཡིན་པས། འཕགས་པའི་མཉམ་བཞག་དེ་ཐོ་བ་ལྟ་བུ་དང༌། ཁྱོད་ཀྱི་ཐ་སྙད་རང་མཚན་དེ་བུམ་པ་ལྟ་བུར་གྱུར་ནས་ཐོ་བས་བུམ་པ་བཅོམ་པ་ལྟར་དེ་དེའི་འཇིག་རྒྱུར་ཐལ་བའི་སྐྱོན་དང༌། གཞན་ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ་དང༌། དོན་དམ་པས་སྐྱེ་བ་མི་ཁེགས་པར་བསྟན་པ་གཉིས་ཀྱང་དོན་དམ་གཏན་ལ་འབེབས་སྐབས་ཐ་སྙད་རང་མཚན་གྱིས་གྲུབ་ན་སྐྱོན་གཉིས་པོ་འཇུག་པར་ཞིབ་ཏུ་དཔྱད་ན་རྟོགས་ནུས་སོ། །འཇམ་མགོན་བླ་མས་འདི་གཉིས་ནི་དོན་དམ་གཏན་ལ་འབེབས་ཚུལ་ཞིག་ཡིན་གསུངས་པ་ལྟར། གཙོ་བོ་དོན་དམ་གཏན་ལ་འབེབས་སྐབས་ཀྱང་ཐ་སྙད་རང་མཚན་མི་དགག་པའི་ཞལ་བཞེས་འདི་ལ་ཐུག་སྙམ།

༈ དྲི་བ། ༨༽ རང་ལུགས་ལ་རྒྱུ་གསུམ་དང་དེ་ལས་སྐྱེས་པའི་རྒྱལ་སྲས་ཀྱི་མ་མཐའི་ས་མཚམས་གང་དུ་འཇོག

༼༨ དྲིས་ལན། སྤྱིར་རང་ལུགས་ལ་འདིའོ་ཞེས་ཤན་ཕྱེས་ཏེ་ཞུ་དགོས་ན་མི་ཤེས་ཀྱང་དཔྱད་གཞི་ཙམ་རང་གི་བློ་ལ་འཆར་ཚུལ་ནི། རྒྱལ་སྲས་ཀྱི་རྒྱུ་གསུམ་ནི། སྙིང་རྗེའི་སེམས་དང༌། གཉིས་སུ་མེད་པའི་བློ་དང༌། བྱང་ཆུབ་ཀྱི་སེམས་ཞེས་གསུངས་ན། སྙིང་རྗེའི་སེམས་དང་བྱང་ཆུབ་ཀྱི་སེམས་གཉིས་ཀ་རྒྱལ་སྲས་ཀྱི་རྒྱུ་ཐུན་མིན་ཡིན་ན། གཉིས་སུ་མེད་པའི་བློ་ཁོ་ན་ཉན་རང་དང་ཐུན་མོང་གྱུར་པ་མ་ཡིན་ནོ། །དེས་ན་དཔལ་ལྡན་ཟླ་བས། སོ་སོའི་སྐྱེ་བོའི་དུས་ནའང་སྟོང་པ་ཉིད་ཐོས་ནས། །ནང་དུ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང༌། །རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་བརླན་ཞིང་། །ལུས་ཀྱི་བ་སྤུ་ལྡང་བར་འགྱུར་བ་གང་ཡིན་པ། །དེ་ལ་རྫོགས་པའི་སངས་རྒྱས་བློ་ཡི་ས་བོན་ཡོད། །ཅེས་གསུངས་པས་སངས་རྒྱས་ཀྱི་རིགས་ཐུན་མིན་ཡོད་པའི་རྟགས་སུ་སྟོང་ཉིད་ཐོས་ན་ཆེས་རབ་ཏུ་དགའ་བས་ལུས་བ་སྤུ་གཡོ་བ་དང༌། མིག་མཆི་མ་འཁྲུགས་པ་སོགས་ཡོད་པས་སངས་རྒྱས་རིགས་སད་པ་རྗེས་སུ་དཔོག་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་སྟོང་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ། ཐེག་ཆེན་ཐུན་མིན་སངས་རྒྱས་ཀྱི་རྒྱུ་ཡིན་པ་དང༌། དེ་ལ་མོས་པ་གཞན་ལས་ཁྱད་པར་འཕགས་པ་ཞིག་ཡོད་ན། དེ་འཕགས་པ་གསུམ་གྱི་ནང་ནས་སངས་རྒྱས་ཀྱི་རིགས་སད་པ་ཡིན་པར་གསུངས་པ་ལྟར་རོ། །རྒྱུ་གསུམ་དེ་ལས་སྐྱེས་པའི་རྒྱལ་སྲས་ཀྱི་མ་མཐའི་ས་མཚམས་ནི། མགོན་པོ་བྱམས་པས། ཐེག་མཆོག་ལ་མོས་ས་བོན་ཤེས་རབ་དང༌། །སངས་རྒྱས་ཆོས་བསྐྱེད་མ་དང་བསམ་གཏན་གྱི། །བདེ་བའི་མངལ་གནས་སྙིང་རྗེའི་མ་མ་ཅན། །གང་ཡིན་དེ་དག་ཐུབ་པའི་རྗེས་སྐྱེས་སྲས། །ཞེས་ཐེག་མཆོག་ལ་མོས་པ་ས་བོན་དང༌། ཤེས་རབ་ནི་མ་དང༌། བསམ་གཏན་གྱི་ཏིང་ངེ་འཛིན་ནི་བདེ་བའི་མངལ་གནས་དང༌། སྙིང་རྗེའི་མ་མ་ལས་སྐྱེས་པ་གང་ཡིན་དེ་དག་ཐུབ་པའི་སྲས་ཡིན་པར་གསུངས་པ་དང༌། དཔལ་ལྡན་ཟླ་བ་རང་ཉིད་ཀྱིས། བྱང་ཆུབ་སེམས་དཔའ་ཞེས་བྱའི་སྒྲ་ཉིད་ཀྱིས་བསྙད་དོ། །ཞེས་གསུངས་པའི་ཚུལ་སོགས་ལ་བསམ་ན་མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་མཐོང་བའི་སྐབས་ནས་བཞག་ན་ཨེ་ཆོག་སྙམ།

༈ དྲི་བ། ༩༽ མཉམ་བཞག་ཡེ་ཤེས་དེ་སྣང་སྟོང་བདེན་གཉིས་ཀྱི་དོན་དམ་ཡིན་དང་མིན། ཡིན་ན་ཀུན་མཁྱེན་གྱིས་གྲུབ་མཐའ་མཛོད་དུ་གསུངས་པ་ཇི་ལྟར་ཡིན།

༼༩ དྲིས་ལན། དྲི་བ་འདི་ཅི་ཞིག་གསུངས་པ་ཡིན་གསལ་བོ་མི་ཤེས་ཀྱང༌། སྤྱིར་མཉམ་བཞག་ཡེ་ཤེས་རང་གི་ངོ་བོ་ལ་གཞལ་ན། གནས་སྣང་གི་དབང་དུ་བྱས་ན་གནས་ཚུལ་མཐའ་བཞི་སྤྲོས་པ་དང་བྲལ་བ་ཡིན་པ་དེ་མཉམ་བཞག་ཡེ་ཤེས་ཀྱི་ངོ་ཁ་ལ་ཇི་བཞིན་སྣང་སོང་བས་གནས་སྣང་མཐུན་པའི་ཡུལ་དང་ཡུལ་ཅན་མཐར་ཐུག་པ་མཉམ་བཞག་དེ་ཡིན། སྣང་སྟོང་གི་དབང་དུ་བྱས་ན་སྣང་སྟོང་ཟུང་འཇུག་མཐར་ཐུག་གི་བདག་ཉིད་ཅན་དེ་མཉམ་བཞག་ཡེ་ཤེས་དེ་ཡིན་ནོ། །དེས་ན་དེ་ལ་འགལ་བ་ཅི་ཞིག་ཡོད། སྤྱིར་དབུ་མ་ཐལ་འགྱུར་བའི་ལུགས་ལ་སྣང་སྟོང་བདེན་གཉིས་དང་། གནས་སྣང་བདེན་གཉིས་དེ་གཉིས་པོ་འགལ་མེད་ཀྱི་གོ་བ་ལེགས་པོ་ཞིག་རྙེད་བྱུང་ན་ཀུན་མཁྱེན་བླ་མས་གྲུབ་མཐའ་མཛོད་དུ་ཅི་གསུངས་ཡོད་ཀྱང་ཧ་ཅང་དོགས་དགོས་རྒྱུ་མ་ཡིན་སྙམ་ལགས།

༈ དེ་ལྟར་ཁྱེད་རྣམས་ལ་གོང་དུ་ཞུས་པའི་དྲི་བ་དེ་དག་གི་ལན་དེ་ཚོ་ཕྱོགས་མགོ་བརྟག་དཔྱད་རེ་མཛད་པའི་གཞི་མ་གཏོགས། རང་གིས་གསང་ཆེན་སྔ་འགྱུར་བའི་རང་ལུགས་ནི་འདི་མིན་འདི་ཡིན་ཞེས་ཞུ་ཤེས་ནི་མ་རེད། འོན་ཀྱང་ཁྱེད་རྣམས་ལ་དཔྱད་གཞི་རེ་ཞུས་ན་བློ་སྒོ་རེ་ཕྱེ་བ་ལ་ཅུང་ཨེ་ཕན་སྙམ་ནས་རང་གིས་ལྷག་བསམ་བཟང་པོས་བློ་ལ་འཆར་སྟངས་ཞུས་པ་ཡིན་ཡང་། རྒན་བུ་ཕྲན་སྐྱེས་སྦྱངས་ཀྱི་ཡོན་ཏན་ཤིན་ཏུ་ན་ཕྲ་བས། ད་དུང་ཁྱེད་རྣམས་ལ་ཞུ་རྒྱུ་དེ་ཀའི་ནང་ན་ཡིན་རྒྱུ་མིན་རྒྱུ་གཉིས་ཀ་ལས་མིན་རྒྱུ་མང་བས་དེ་ལུགས་ཀྱིས་ཐུགས་ཁྲེལ་མི་གནང་བར་ཞུ་ཞེས་འཕྲོས་གཏམ་འགའ་གནང་མཛད་དོ། །སླར་སྨྲས་པ། གདོད་ནས་མངོན་པར་བྱང་ཆུབ་བརྙེས་ཟིན་ཀྱང༌། །གདུལ་དཀའ་སྙིགས་ལྔའི་བླང་དོར་ལྡོང་བའི་འགྲོ། །བརྩེ་ཆེན་ཐུགས་ཀྱིས་ཡལ་བར་མ་གནང་བའི། །མཁན་ཆེན་བླ་མའི་བཀའ་དྲིན་ཡང་ཡང་དྲན། །གང་གི་ཐུགས་གསང་ལྷ་ལམ་ཡངས་པའི་ཁྱོན། །ཟབ་རྒྱས་ཆོས་ཀྱི་ཆུ་འཛིན་ལང་ལོང་གཡོ། །དཔྱོད་ལྡན་རྨ་བྱའི་ཡིད་དབང་གསོ་བའི་ཕྱིར། །ལུང་རིགས་དབྱར་རྔའི་མགྲིན་གླུ་སྲིད་ན་ལྡིར། །ངོ་མཚར་གསུང་གི་ཆ་ཤས་ཟིལ་བ་ཙམ། །དད་གསུམ་བློ་ཡིས་སུག་བྲིས་དགེ་བའི་མཐུས། །བསྟན་འཛིན་མཆོག་རྣམས་སྐུ་ཚེ་བརྟན་པ་དང༌། །རྒྱལ་བསྟན་རིན་ཆེན་ཟླ་ལྟར་རྒྱས་གྱུར་ཅིག །ཅེས་ཟིན་བྲིས་འདི་ཉིད་ཀུན་གཟིགས་མཁན་ཆེན་བླ་མ་རིན་པོ་ཆེའི་གསུང་གིས་འཚོ་བའི་བཙུན་གཟུགས་ཐ་ཤལ་བ་༧ འཇིགས་བྲལ་པདྨ་རིག་འཛིན་ནས་སྒྲ་ཐག་འཁོར་ལོ་ལས་ཞལ་བཤུས་པ་ཡིན་ཡང་། སྐབས་འགར་སྒྲ་མི་གསལ་བ་དང༌། ཕན་ཚུན་ངོས་ལྡོག་མཚམས་ནས་ཚིག་ཆད་པ་དང༌། མ་ཟད་རང་བློ་རྨོངས་པའི་དབང་གིས་ནོར་འཁྲུལ་གྱི་ཆ་གང་མཆིས་དཔྱོད་ལྡན་རྣམས་ཀྱི་སྤྱན་སྔར་མཐོལ་འཆགས་ཞུ་ལགས། རྣམ་དཀར་ལེགས་བྱས་ཀྱི་དགེ་བས་སྐྱེ་བ་ཀུན་ཏུ་དཔལ་ལྡན་བླ་མ་མཆོག་དང་འབྲལ་བ་མེད་པར་སྨིན་གྲོལ་གྱི་དཔལ་ལ་ལོངས་སྤྱོད་ནས་དོན་གཉིས་ལྷུན་གྱིས་འགྲུབ་པའི་རྒྱུར་གྱུར་ཅིག ཨ་ནུ་དྷེ་ཡཱཏྲ་སརྦ་ཛཱ་ཏེ་གུ་རུ་ཎཱ།


previousམདོ་སྔགས་གཞུང་ལུགས་རྒྱ་མཚོའི་དཀའ་གནད་ཞུས་ལན་ཀུན་གཟིགས་པཎ་ཆེན་བླ་མའི་ཞལ་ལུང་།next