Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཟ༽


   
   
   
   
  collapse section
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
གཉིས་པ། ལམ་བསྒོམས་པས་གྲོལ་བའི་ལེའུ།
   
   
  collapse section
   
   
   
   
   


 
previousགཉིས་པ། ལམ་བསྒོམས་པས་གྲོལ་བའི་ལེའུ།next

གཉིས་པ། ལམ་བསྒོམས་པས་གྲོལ་བའི་ལེའུ།

རྡོ་རྗེ་རྩེ་མོ་མཆོག་གི་གཉིས་མེད་ལམ། །གང་ཤར་རིག་པ་དེར་འཛིན་མེད་པའི་ངང་། །ཆེར་གྱིས་བལྟས་ལ་ཆམ་གྱིས་བཞག་པའི་ཚེ། །ངང་དྭངས་ཤེས་པ་ཆུ་ལ་ཆུ་བཞག་བཞིན། །གཉིས་མེད་རང་གྲོལ་བདེ་གསལ་མི་རྟོག་འཆར། །ཡང་གཅིག་འཕྲོས་ཀྱང་མི་གཡོ་བརྟན་པར་གནས། །དེ་ཚེ་སྐྱེ་མེད་སེམས་ཉིད་ཆོས་སྐུའི་ངང་། །ཤར་གྲོལ་རིག་པ་གཟུགས་སྐུ་མྱ་ངན་འདའ། །སྤང་བླང་མི་དགོས་འཕྲོ་གནས་གང་བདེར་ཐོངས། །ཤར་གནས་ཞི་ལྷག་ཐབས་ཤེས་ཟུང་འཇུག་ལ། །བློ་ཡིས་མ་བཅོས་བཟོ་རིག་མ་བྱེད་ཅིག །གལ་ཏེ་དགག་སྒྲུབ་སྤང་བླང་འགའ་ཡོད་ན། །དེ་ཚེ་རེ་དོགས་གཉིས་འཛིན་གཟེབ་ཏུ་འཆིང་། །འདོད་སར་མི་ཕྱིན་གོལ་སར་ལྟུང་བས་ན། །གང་ཤར་དོན་ལ་སྤང་བླང་མེད་པ་གཅེས། །གྲོགས་དག་སེམས་ནི་གོ་བཟློག་རྔ་མོ་འདྲ། །བཟུང་ན་འགྲོ་ལ་སྤྲོས་ན་བརྟན་པར་གནས། །རང་བབ་གློད་ན་རང་གྲོལ་གཉུག་མའི་ངང་། །གཟུང་འཛིན་རང་སར་གྲོལ་བས་བློ་བདེ་རྙེད། །དེ་བས་ཆེད་དུ་དམིགས་པའི་སེམས་བཏང་སྟེ། །དམིགས་མེད་གང་ཤར་བཅོས་བསླད་མེད་པར་བཞག །གཟུང་འཛིན་གཉིས་མེད་རང་གྲོལ་ཆེན་པོར་གནས། །འགག་མེད་རིག་པ་གསལ་སྟོང་ཡེ་ཤེས་འཆར། །

༈ སྣ་ཚོགས་འཕྲོ་བས་སྣང་བའི་ཐབས་ཡིན་ལ། །གྲོལ་བའི་ལྷག་མཐོང་ཤེས་རབ་ལྷུན་གྱིས་གྲུབ། །དེ་ཉིད་ངང་གནས་ངང་དྭངས་ཞི་གནས་ལ། །(༣༥)བདེ་གསལ་མི་རྟོག་བསམ་གཏན་ལྷུན་གྱིས་གྲུབ། །མ་བྱས་མི་འཇིག་རང་བབ་ཆེན་པོ་འོ། །འགྱུ་བ་སེང་ལ་གནས་པས་རྣམ་པར་གནོན། །རང་བབ་འཕྲོ་གནས་ཡོན་ཏན་མཐའ་ལས་ཏེ། །འཕྲོས་པས་མ་བྱིང་སེམས་གནས་ཞེན་པ་འགོག །ལྷག་མཐོང་ཤེས་རབ་ཉོན་མོངས་རྩད་འབྱིན་ཞིང་། །གཟུགས་དང་གཟུགས་མེད་སེམས་ལས་རྣམ་པར་གྲོལ། །གནས་པའི་མི་རྒོད་སྤྲོས་པའི་དྲྭ་བ་འགོག །ཞི་གནས་ཡེ་ཤེས་ཉོན་མོངས་མགོ་གནོན་ཞིང་། །འདོད་པའི་སེམས་ལས་རྣམ་པར་གྲོལ་བ་ཡིན། །

༈ དེ་འདྲའི་སྒོམ་པ་མ་བྱས་ལྷུན་གྲུབ་ལ། །སྤང་བླང་གཉིས་མེད་རང་སེམས་གྲོགས་སུ་འཆར། །གཟུང་འཛིན་རང་གྲོལ་ཡོན་ཏན་ཕུན་སུམ་ཚོགས། །སེམས་སངས་བླ་མེད་མཉམ་གཞག་ཆེན་པོ་ཡིན། །

༈ དེ་ནས་ལངས་པའི་མཉམ་གཞག་རྒྱ་ཡན་དུ། །སྣང་བའི་རང་བཞིན་རྨི་ལམ་སྒྱུ་མ་དང་། །སྨིག་སྒྱུ་མིག་ཡོར་བྲག་ཆ་གཟུགས་བརྙན་དང་། །ཆུ་ཟླ་སྤྲུལ་པ་ལྟ་བུར་ངོ་བོས་སྟོང་། །མེད་བཞིན་སྣང་ལ་སང་སིང་ཁྲལ་མ་ཁྲོལ། །བན་བུན་འལ་འོལ་ཡལ་ཡོལ་ཕྱད་མ་ཕྱོད། །སྣང་ལ་དེར་འཛིན་མེད་པའི་ངང་ལ་སྤྱད། །

༈ བར་འགའ་ངེས་འབྱུང་སྐྱོ་ཤས་གཏིང་ནས་བསྐྱེད། །རྟག་ཏུ་འཆི་བསམ་བློ་སྣ་བཙན་ཐབས་བསྟུངས། །དག་སྣང་ཕྱོགས་མེད་མོས་གུས་རྒྱུན་ཆད་མེད། །སྐྱབས་འགྲོ་སེམས་བསྐྱེད་ཚོགས་གཉིས་ལམ་ལ་འབད། །དགེ་སྡིག་ལས་འབྲས་འཁོར་བའི་ཉེས་དམིགས་བསམ། །མདོར་ན་སེམས་ལ་དྲན་པའི་མེལ་ཚེ་ཡིས། །རྟག་ཏུ་བག་ཡོད་ཤེས་བཞིན་བསྟེན་པར་བྱ། །རེས་འགའ་སྣང་སྲིད་སྒྱུ་མའི་རྩལ་སྦྱོང་གི། །མཉམ་རྗེས་བསྲེ་ཞིང་རྐྱེན་ངན་ལམ་དུ་བསླང་། །ལྟ་སྒོམ་དོན་ལ་སྣ་ཚོགས་བོགས་འབྱིན་ཞིང་། །ཚོགས་དྲུག་རང་གྲོལ་སྒོ་ལྔའི་གཟིགས་མོ་ལྟ། །སྐྱབས་སུ་ངང་དྭངས་རྩེ་གཅིག་དོན་ལ་བཞག །རྩེ་གཅིག་ཞི་གནས་ཏིང་འཛིན་འགྲུབ་པར་འགྱུར། །དེ་བཞིན་རིག་པ་དལ་དུ་མི་གཞུག་པར། །ཕྱི་ནང་ཀུན་རྟོག་དུག་ལྔ་འཕྲོར་བཅུག་ལ། །སྐད་ཅིག་རང་གྲོལ་ལྷག་མཐོང་རྩལ་སྦྱང་བྱ། །དགག་སྒྱུར་རྐྱེན་ངན་སེམས་ཀྱི་གཟིགས་མོར་འཆར། །

༈ རེས་འགའ་རི་རྩེ་དུར་ཁྲོད་ལུང་སྟོང་སོགས། །དགའ་འཇིགས་མྱ་ངན་སྐྱེ་བའི་གནས་སོང་ནས། །ལུས་འདི་མཆོང་རྒྱུག་གར་དང་ཕྱག་རྒྱར་བསྒྱུར། །ངག་ནི་ཅ་ཅོ་གླུ་ལེན་འོ་དོད་འབོད། །སེམས་ནི་འགྲོ་དྲུག་བདེ་སྡུག་སྣ་ཚོགས་བསམ། །སྐད་ཅིག་མི་དལ་བརྩོན་པས་རང་གྲོལ་སྦྱང་། །ལྟ་སྒོམ་སྤྱོད་པ་ཐོག་ཏུ་ཕེབས་སམ་བལྟ། །དེ་རྗེས་སྣང་སྲིད་རྨི་ལམ་སྒྱུ་མར་སྦྱང་། །མཆོག་དང་ཐུན་མོང་དངོས་གྲུབ་མྱུར་དུ་ཐོབ། །མི་མཐུན་རྐྱེན་ངན་བར་ཆད་མ་ལུས་སེལ། །

༈ བར་འགའ་ནད་གདོན་ཆོ་འཕྲུལ་ཆེ་བ་ན། །མཚོ་གླིང་ནགས་ཚལ་(༣༦)བྲག་རོང་ཤིང་གཅིག་སོགས། །འདྲེ་དང་འབྱུང་པོ་རྒྱུ་བའི་གནས་སོང་ནས། །སྐྱབས་འགྲོ་སེམས་བསྐྱེད་བླ་མའི་མོས་གུས་བྱ། །དེ་རྗེས་ལུས་ནི་རི་རབ་ཙམ་སྤྲུལ་ནས། །གང་ལ་ཅི་འདོད་དུམ་བུར་ཕྱོགས་བཅུར་འཐོར། །བགེགས་རྣམས་ཚིམ་ཞིང་འགྲོ་དྲུག་ལན་ཆགས་སྦྱང་། །དེ་ནས་ནད་གདོན་འདྲེར་སྣང་འདྲེར་འཛིན་ཀུན། །སེམས་སུ་ཐག་བཅད་སེམས་ནི་སྟོང་པའི་ངང་། །དྲན་བསམ་ཡིད་ཀྱི་ཚོལ་ཁྲོ་ཀུན་བཞག་ལ། །ཐམས་ཅད་ཕྱམ་གཅིག་སྙེམས་བྲལ་ཉལ་ལ་བསྡད། །སྣ་ཚོགས་ཆོ་འཕྲུལ་རང་བྱུང་རང་ཞིར་བཞག །དེས་ནི་ནད་གདོན་བར་ཆད་ཞི་བ་དང་། །སེམས་ཀྱི་བདེ་སྡུག་སྤང་བླང་མེད་པ་དང་། །ཐམས་ཅད་མཁའ་ལྟར་གཟུང་འཛིན་མེད་རྟོགས་ཤིང་། །གཉུག་མའི་ངང་ལ་རིག་པའི་རྩལ་དབང་ཐོབ། །གཞན་ཡང་ཉིན་མཚན་དུས་དྲུག་འདི་ལྟར་སྦྱང་། །ཐོ་རངས་ངང་དྭངས་ནམ་མཁའ་ལྟ་བུ་ལ། །རྟོག་མེད་ཤེས་པ་གཟའ་སྐར་བཞིན་དུ་བཞག །སྔ་དྲོ་འཕྲོ་གནས་གཉིས་སུ་མེད་པ་ལ། །སྐད་ཅིག་རང་གྲོལ་ལྷག་མཐོང་རྗེན་པར་བཞག །གུང་ལ་དག་སྣང་མོས་གུས་ཕྱོགས་མེད་ལ། །སྣ་ཚོགས་ཆོས་ཀུན་རྨི་ལམ་སྒྱུ་མར་སྦྱང་། །ཕྱི་དྲོ་ངེས་འབྱུང་སྐྱོ་ཤས་བསྐྱེད་པ་དང་། །སྙིང་ནས་མི་རྟག་འཆི་བ་དྲན་པར་བྱ། །སྲོད་ལ་ཕུང་པོ་ཚོགས་ཀྱི་འཁོར་ལོ་དང་། །བྱམས་དང་སྙིང་རྗེ་བདེ་གསལ་མི་རྟོག་སྦྱང་། །གུང་ལ་སེམས་ཉིད་སྐྱེ་བ་མེད་པའི་ངང་། །རིག་པའི་འཕྲོ་འདུ་འཇུག་པ་ཐིམ་པར་ཉལ། །གཉིད་དང་རྨི་ལམ་འོད་གསལ་ཆེན་པོར་འཆར། །དེ་ལྟར་སྤྱོད་ལམ་དུས་དྲུག་རྣམ་སྦྱངས་པས། །འཁོར་བའི་ཀུན་རྟོག་བག་ཆགས་རང་ཞི་ནས། །སེམས་ཉིད་རང་གྲོལ་མྱ་ངན་འདས་གཞིར་འགྲོ། །སྤྱན་དང་མངོན་ཤེས་ཡོན་ཏན་སྣ་ཚོགས་འགྲུབ། །དང་པོར་ངན་པའི་རྨི་ལམ་བཟང་པོར་འགྱུར། །བར་དུ་ཟིན་དང་ཐ་མ་དབྱིངས་སུ་ནུབ། །དེ་ཚེ་འཁོར་བ་མྱ་ངན་འདས་པར་གྲོལ། །ས་དང་ལམ་རྫོགས་བསྐྱེད་རྫོགས་མཐར་ཕྱིན་ཏེ། །ཚེ་འདི་ཉིད་ལ་སེམས་ཉིད་རྫོགས་སངས་རྒྱ། །འདི་ནི་ངེས་དོན་སྙིང་པོའི་ཐེག་པ་ཡིན། །གནད་ཀྱི་སྙིང་པོ་ཐོག་ཏུ་ཁེལ་བའི་རྟགས། །རིམ་གྱིས་སྦྱངས་པ་ལས་ནི་འདི་ལྟར་འབྱུང་། །སྙིང་ནས་མི་རྟག་བློ་སྣ་ཐུང་བ་དང་། །སྐྱོ་ཤས་ངེས་འབྱུང་སྙིང་རྗེ་ཚད་མེད་སྐྱེ། །དག་སྣང་མོས་གུས་རྟོགས་པ་ཕྱོགས་མེད་འཆར། །ཆགས་ཞེན་རང་གྲོལ་དངོས་འཛིན་འཁྲུལ་པ་ཞིག །དེ་ཚེ་མ་ནོར་ལམ་དུ་ཚུད་པའི་རྟགས། །ཆེས་ཆེར་གོང་དུ་འཕེལ་བས་ས་མཆོག་འགྲུབ། །ཆོས་ཀུན་མ་སྐྱེས་སྒྱུ་མའི་རང་བཞིན་དུ། །ལྟ་སྒོམ་སྤྱོད་པས་ལེགས་པར་རྩལ་སྦྱངས་ལ། །སྙིང་པོའི་སེམས་ཉིད་ཐར་པའི་ཁང་བཟང་དུ། །ཆོས་ཉིད་འོད་གསལ་གཏན་སྲིད་ཟིན་པར་འགྱུར། །ནམ་(༣༧)ཞིག་རྣལ་འབྱོར་འབྱུང་བཞིའི་ཕུང་པོ་དེ། །དེ་ཚེ་ས་ཆུ་མེ་རླུང་རྣམ་པར་ཤེས། །ནམ་མཁའ་ཆོས་སྐུའི་འོད་གསལ་འགྲུབ་པའི་ཚེ། །ཚོགས་དྲུག་ཡུལ་དབང་ཀུན་གཞིའི་རྣམ་པར་ཤེས། །ཀུན་གཞི་ལ་ཞུགས་དེ་ཉིད་ཆོས་སྐུར་ཐིམ། །དེ་ཚེ་སྣང་མཆེད་ཐོབ་པ་ཉེར་ཐོབ་པ། །ཤིན་ཏུ་མི་རྟོག་འོད་གསལ་རྣམ་པ་བཞི། །རིམ་གྱིས་ཤར་བས་རང་བཞིན་བརྒྱད་ཅུ་ནུབ། །རང་ངོ་ཤེས་པས་ཆོས་སྐུའི་དབྱིངས་སུ་གྲོལ། །དེ་ནས་ལོངས་སྐུ་རིགས་ལྔའི་བར་དོ་ཡང་། །བསམ་གཏན་དག་པའི་ཞག་ལྔར་རིམ་གྱིས་འཆར། །རང་ངོ་ཤེས་པས་ལོངས་སྐུར་གྲོལ་བའི་ཚེ། །སྤྲུལ་སྐུའི་བར་དོར་སྣ་ཚོགས་རྣམ་འཕྲོ་བས། །འགྲོ་བའི་དོན་བྱས་སླར་ཡང་ལོངས་སྐུར་ཐིམ། །ལོངས་སྐུ་ཆོས་སྐུའི་ངང་དུ་རབ་ཐིམ་པས། །ཆོས་སྐུ་མི་གཡོ་བདེ་ཀློང་གཅིག་ཏུ་འཁྱིལ། །སྐུ་དང་ཡེ་ཤེས་ནང་གསལ་འདུ་འབྲལ་མེད། །འཆར་གཞིའི་རྣམ་པར་ཕྲ་བ་ཡེ་ཤེས་སུ། །ཐམས་ཅད་མཁྱེན་པ་འབྱེད་པ་མེད་པར་བཞུགས། །མཁའ་བཞིན་མ་སྐྱེས་འགག་མེད་ལྷུན་གྱིས་གྲུབ། །གདུལ་བྱ་ཡོད་ན་དེ་ལ་ཕྱིར་གསལ་དུ། །ལོངས་སྐུ་རིགས་ལྔ་སྤྲུལ་སྐུའི་འཆར་གཞིར་སྣང་། །སླར་ཡང་སྔོན་བཞིན་གཞི་ཐོག་ལྷུན་གྱིས་གྲུབ། །འདི་ནི་འབྲིང་རྣམས་བར་དོར་གྲོལ་བ་ཡིན། །ཐ་མས་སྲིད་པའི་བར་དོར་རིམ་ཤར་ནས། །རྨི་ལམ་བཞིན་དུ་སྣ་ཚོགས་སྣང་བའི་ཚེ། །བདེན་མེད་ངང་དྭངས་སྒྱུ་མ་བསྐྱེད་རྫོགས་དང་། །སྐྱབས་འགྲོ་སེམས་བསྐྱེད་བླ་མའི་རྣལ་འབྱོར་གྱིས། །འཁོར་བའི་རུ་བཟློག་མངལ་སྒོ་དགག་དང་འདམ། །དག་པའི་ཞིང་དུ་རྣམ་ཤེས་འཕོ་བར་བྱ། །ཕྱི་མར་རང་སྣང་ཆོས་ལ་སྤྱོད་པའི་ལུས། །ཡོན་ཏན་བདུན་དང་ལྡན་པ་ཐོབ་ནས་གྲོལ། །འདི་ནི་ཡང་ཟབ་གནད་ཀྱི་གདམས་པ་ཡིན། །གྲོགས་དག་ཉིན་མཚན་མི་དལ་བརྩོན་པ་ཡིས། །ལྟ་བའི་རྩལ་སྦྱོང་སྒོམ་པའི་ཉམས་ལེན་དང་། །སྤྱོད་པའི་བོགས་འབྱིན་དོན་ལ་ནན་ཏན་བྱ། །ཐ་མལ་ཕྱོགས་སུ་སྐད་ཅིག་མི་བཏང་བར། །ཇི་སྐད་བཤད་ལ་སྒྲུབ་པའི་བརྩོན་འགྲུས་བརྩམ། །ད་ལྟའི་སེམས་ལ་རང་དབང་མ་ཐོབ་ན། །ཕྱི་མའི་སེམས་ལ་གྲོལ་བ་ཐོབ་མི་འགྱུར། །ཚེ་ནི་མྱུར་འགྲོ་འཁོར་བ་ཕ་མཐའ་མེད། །འདི་ལས་ད་རེས་ཐར་པའི་ཐབས་འཚལ་ལོ། །མདོར་ན་ཐོག་མེད་འཁོར་བར་འཁྱམས་པ་ཡང་། །གཉིས་འཛིན་གོམས་པའི་བདག་འཛིན་ལས་བྱུང་བས། །རྟག་ཏུ་བདེན་མེད་སྟོང་པའི་རང་བཞིན་འགྲོས། །སེམས་ཉིད་རྒྱལ་པོ་བྱ་རྩོལ་མེད་པར་སྦྱང་། །ཇི་སྲིད་བདག་འཛིན་འཁྲུལ་པའི་སེམས་ཡོད་པར། །ལྟ་སྒོམ་རྩལ་སྦྱང་དགེ་སྡིག་བླང་དོར་གཅེས། །ནམ་ཞིག་གཉིས་འཛིན་རང་སར་གྲོལ་བ་ན། །སྤང་གཉེན་མི་དགོས་ལྟ་སྒོམ་ཆོས་ལས་འདས། །དེ་ཚེ་སྣང་(༣༨)སྲིད་ཆོས་སྐུར་ཤར་བ་ཡིན། །ཀྱེ་ཧོ་གྲོགས་དག་འཁོར་འདས་གཞན་མེད་དེ། །ཐམས་ཅད་དབྱིངས་དང་སེམས་ཉིད་རོལ་པའི་ངང་། །གཞི་གྲོལ་ལམ་གྲོལ་འབྲས་བུ་ཡེ་ནས་གྲོལ། །ཐམས་ཅད་རང་གྲོལ་སྒྱུ་མའི་རྩེད་མོ་ལ། །འདི་ཡིན་གཟའ་གཏད་མེད་པའི་སྣང་བ་ཤར། །ཐམས་ཅད་དེ་ཡིན་ཆེད་འཛིན་ཞེན་པ་ཐོང་། །མཐར་ཐུག་དོན་ལ་འཁྲུལ་པ་འཁྲུལ་མཁན་མེད། །སྒོམ་དང་མི་སྒོམ་མེད་པར་ཐག་ཆོད་པས། །སྤྱོད་དང་སྤྱད་བྱ་མང་པོས་ཅི་ཞིག་བྱ། །གང་སྣང་དོན་ལ་འཛིན་ཞེན་མེད་པ་ཡིན། །ཆགས་མེད་ཞེན་མེད་རྩིས་མེད་རིག་མེད་བྱ། །བདག་མེད་སྟོང་པ་གཉིས་མེད་ལྷུན་གྱིས་གྲུབ། །འཁོར་བར་མི་གནས་མྱ་ངན་འདས་མི་གནས། །མདོ་རྒྱུད་མན་ངག་ཀུན་གྱི་དགོངས་པ་ཡིན། །འདི་ནི་རྒྱལ་སྲས་དྲི་མེད་འོད་ཟེར་གྱིས། །སྙིང་པོའི་གདམས་པ་མ་ལུས་བསྟན་ནས་སོང་། །ཕྱི་རབས་ཚེ་འདིར་གྲོལ་བ་གཉེར་འདོད་པས། །ཟབ་མོའི་དོན་འདིར་ཞུགས་ལ་བརྩོན་པར་མཛོད། །རྫོགས་པ་ཆེན་པོ་ཆོས་ཉིད་རང་གྲོལ་ལས། ལམ་བསྒོམས་པས་གྲོལ་བའི་ལེའུ་སྟེ་གཉིས་པའོ།། །།


previousགཉིས་པ། ལམ་བསྒོམས་པས་གྲོལ་བའི་ལེའུ།next