Nitartha Digital Library
Tibetan
གསུང་འབུམ་པོད་བདུན་པ། དྲང་ངེས་སོགས།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཉིས་པ་འཁོར་ལོ་ཐ་མའི་རྗེས་འབྲང་གི་དབུ་མ་པའམ་གཞན་སྟོང་དབུ་མ་ཆེན་པོའི་ལུགས་ཀྱི་དྲང་ངེས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
  expand section


 
previousགཉིས་པ་འཁོར་ལོ་ཐ་མའི་རྗེས་འབྲང་གི་དབུ་མ་པའམ་གཞན་སྟོང་དབུ་མ་ཆེན་པོའི་ལུགས་ཀྱི་དྲང་ངེས།next

གཉིས་པ་འཁོར་ལོ་ཐ་མའི་རྗེས་འབྲང་གི་དབུ་མ་པའམ་གཞན་སྟོང་དབུ་མ་ཆེན་པོའི་ལུགས་ཀྱི་དྲང་ངེས།

གཉིས་པ་འཁོར་ལོ་ཐ་མའི་རྗེས་འབྲང་གི་དབུ་མ་པའམ་གཞན་སྟོང་དབུ་མ་ཆེན་པོའི་ལུགས་ཀྱི་དྲང་ངེས་ནི།

བློ་གྲོས་མི་ཟད་པའི་མདོ་དང༌། གཟུངས་ཀྱི་དབང་ཕྱུག་རྒྱལ་བོའི་ཞུས་པའི་མདོ་དང༌། མྱང་འདས་ཆེན་པོའི་མདོ་དང༌། སོར་མོའི་འཕྲེང་བ་ལ་ཕན་པའི་མདོ་དང༌། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་མདོ་རྣམས་དགོངས་པ་གཅིག་དང་དབྱངས་གཅིག་ཡིན་པས་དེ་དག་ལ་བརྟེན་ནས་དྲང་ངེས་ཀྱི་མདོའི་ཁྱད་པར་བཤད་ལ། དགོངས་འགྲེལ་གྱི་བསྟན་བཅོས་ཡང་བྱམས་ཆོས་སྡེ་ལྔ་དང༌། རྒྱུད་བླ་ཐོགས་འགྲེལ་དང༌། ས་སྡེ་ལྔ་དང༌། ཐེག་བསྡུས་དང༌། མངོན་པ་ཀུན་བཏུས་དང༌། དབྱིག་གཉེན་གྱི་ཡུམ་གསུམ་གནོད་འཇོམས་དང༌།པྲ་ཀ་ར་ཎ་སྡེ་བརྒྱད་དང༌། སེམས་འགྲེལ་བསྐོར་གསུམ་སོགས་ལ་བརྟེན་ནས་ཆོས་རྗེ་ཀུན་མཁྱེན་ཆེན་པོས་དྲང་ངེས་ཀྱི་མདོའི་ཁྱད་པར་ཕྱེ་བ་ཡིན་ལ། དེ་ཡང་འཁོར་ལོ་གསུམ་ལ་སྦྱར་ནས་དྲང་ངེས་གསལ་བར་ཕྱེ་བ་ནི་སངས་རྒྱས་ཀྱིས་རང་གི་དགོངས་པ་རང་གིས་འགྲེལ་བའི་མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུ་ཡིན་ལ།རྒྱལ་བ་བཅོམ་ལྡན་འདས་ཀྱྀས། མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །ཅེས་དྲང་ངེས་འབྱེད་པར་ལུང་བསྟན་པའི་ས་གསུམ་བརྙེས་པ་འཕགས་པ་ཐོགས་མེད་ཀྱིས་གཙོ་བོར་དགོངས་འགྲེལ་ལ་བརྟེན་ནས་དྲང་ངེས་འབྱེད་པ་ཡིན་ཏེ། བསྡུ་བ་ལས། དོན་དམ་པ་མཚན་ཉིད་ལྔ་དང་ལྡན་པ་ཡང་དགོངས་འགྲེལ་ལས་འབྱུང་བ་བཞིན་ཤེས་པརབྱའོ། །ཞེས་དགོངས་འགྲེལ་གྱི་དོན་དམ་པའི་ལེའུ་རྣམས་དྲངས་ཤིང༌། ཆོས་རྣམས་ཀྱི་མཚན་ཉིད་ནི་དགོངས་འགྲེལ་ལས་འབྱུང་བ་བཞིན་བལྟ་བར་བྱའོ། །ཞེས་མཚན་ཉིད་གསུམ་སྟོན་པའི་མཚན་ཉིད་ཀྱི་ལེའུ་རྣམས་དྲངས་ལ། ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པའི་མཚན་ཉིད་ནི་དགོངས་འགྲེལ་ལས་འབྱུང་བ་བཞིན་བལྟ་བར་བྱའོ། །ཞེས་མདོ་སྡེ་ལ་འགལ་སྤོང་གི་དྲིས་ལན་དང་དྲང་ངེས་ལ་སོགས་པ་རྣམས་སྟོན་པའི་ངོ་བོ་ཉིད་མེད་པའི་ལེའུ་རྣམས་དྲངས་སོ། །དེ་བཞིན་དུ་རྣམ་ཤེས་ཚོགས་བརྒྱད་དང་མཐར་ཐུག་རིགས་ངེས་པ་ཡང་དགོངས་འགྲེལ་ནས་གསུངས་པ་རྣམས་དྲངས་ནས་གསུངས་པ་སོགས་ས་སྡེ་ལྔ་དང་ཀུན་བཏུས་སོགས་མདོ་སྡེ་དགོངས་པ་ངེས་འགྲེལ་ལ་བརྟེན་ནས་བཀྲལ་བ་དང༌། འབྱེད་རྣམ་གཉིས་དང་མདོ་སྡེ་རྒྱན་སོགས་སུ་རྗེ་བཙུན་བྱམས་མགོན་གྱིས་དགོངས་འགྲེལ་ལ་བརྟེན་ནས་གསུངས་པས་མདོ་འདི་རྣམ་རིག་སྨྲ་བའི་དབུ་མ་གཞན་སྟོང་བའི་ལུགས་ལ་དྲང་ངེས་འབྱེད་པའི་རྩ་བ་ལྟ་བུ་ཡིན་ནོ། ། སྤྱིར་མདོ་སྡེ་དགོངས་པ་ངེས་འགྲེལ་ལ་དྲི་ལན་མི་འདྲ་བའི་ལེའུ་བཅུ་ཡོད་དེ། དང་པོ་ཕྱི་དོན་དུ་མ་གྲུབ་པ་དེ་ཉིད་གཏན་ལ་འབེབས་པ་དགོངས་པ་ངེས་འགྲེལ་དང་ཚུལ་བཞིན་ཀུན་ཏུ་དྲི་བ་གཉིས་ཀྱི་དྲི་ལན་གྱི་ལེའུ།གཉིས་པ་ཆོས་ཉིད་རྟོག་གེའི་སྤྱོད་ཡུལ་ལས་འདས་པར་སྟོན་པ་ཆོས་འཕགས་ཀྱི་ལེའུ་དང༌། གསུམ་པ་བདེན་གཉིས་ངོ་བོ་གཅིག་པ་བཀག་པའི་ཐ་དད་པའི་ཚུལ་སྟོན་པ་བློ་གྲོས་རྣམ་དག་གི་ལེའུ་དང༌། བཞི་བ་ཆོས་ཀྱི་དབྱིངས་སུ་དབྱེར་མེད་པར་སྟོན་པར་རབ་འབྱོར་ཀྱི་ལེའུ་དང༌། ལྔ་པ་ཀུན་གཞི་གཙོ་བོར་སྟོན་པ་བློ་གྲོས་ཡངས་པའི་ལེའུ་དང༌། དྲུག་པ་མཚན་ཉིད་གསུམ་སྟོན་པ་ཡོན་ཏན་འབྱུང་གནས་ཀྱི་ལེའུ་དང༌། བདུན་པ་ངོ་བོ་ཉིད་མེད་པ་སོགས་སུ་གསུངས་པའི་དྲང་ངེས་སོ་སོར་འབྱེད་པ་དོན་དམ་ཡང་དག་འཕགས་ཀྱི་ལེའུ་དང༌། བརྒྱད་པ་ཞི་ལྷག་གི་རྣམ་གཞག་སྟོན་པ་བྱམས་པས་ཞུས་པའི་ལེའུ་དང༌། དགུ་པ་ས་བཅུའི་རྣམ་གཞག་སྟོན་པ་སྤྱན་རས་གཟིགས་ཀྱིས་ཞུས་པའི་ལེའུ་དང༌། བཅུ་པ་སངས་རྒྱས་ཀྱི་སའི་ཡོན་ཏན་སྟོན་པ་འཇམ་དཔལ་གྱིས་ཞུས་པའི་ལེའུ་དང་བཅུ་ལས་ལེའུ་བརྒྱད་པ་དང་དགུ་པས་ལམ་བསྟན། བཅུ་པས་འབྲས་བུ་བསྟན་ལ། གཞན་བདུན་ཀས་གཞིའི་རྣམ་གཞག་གཏན་ལ་འབེབས་པའོ། །


previousགཉིས་པ་འཁོར་ལོ་ཐ་མའི་རྗེས་འབྲང་གི་དབུ་མ་པའམ་གཞན་སྟོང་དབུ་མ་ཆེན་པོའི་ལུགས་ཀྱི་དྲང་ངེས།next