Nitartha Digital Library
Tibetan
གཟུང་འདུས་གླེགས་བམ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཉེས་པ་ཀུན་སེལ་བྱིན་རླབས་ཀྱི་སྒྲོན་མེ།
   
   
   
   
   
   
   
   
   
   
   
   
   


 
previousཉེས་པ་ཀུན་སེལ་བྱིན་རླབས་ཀྱི་སྒྲོན་མེ།next

ཉེས་པ་ཀུན་སེལ་བྱིན་རླབས་ཀྱི་སྒྲོན་མེ།

༄༅། །ཉེས་པ་ཀུན་སེལ་བྱིན་རླབས་ཀྱི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །

ཊ་སྭ་སྭ་ཨ་བཱ་བ་ག །ཚེ་ཏ།ཐ༔ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་ཧཱུཾ། སྤྱི་དོན་གྲུབ་པ་ཉེས་པ་ཀུན་སེལ་བྱིན་རླབས་ཀྱི་སྒྲོན་མེ་ནི། གཟའ་སྐར་ངན་པ་ལ་བབས་པའི་ཚེ་བྱ་བ་བྱས་པ་ལ་སོགས་པ། བྱ་བ་བཟང་ངན་འབྲིང་སོགས་གང་བྱས་ལམ་དུ་མ་སོང་ཞིང༌། ཉེས་པ་ཅན་དུ་གྱུར་ནས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མགྲོན་རྣམ་བཞི་ལ་སོགས་པ་སྣང་སྲིད་ཀྱི་ལྷ་འདྲེ་རྣམས་ལ་གཏོར་མ་གསེར་སྐྱེམས་དང༌། ཆབ་གཏོར་རྔོན་ཆ་ལ་སོགས་པ་འབུལ་གྱི། རང་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག །དེའི་གཡས་ཕྱོགས་དང་གཡོན་དུ་འཕགས་པ་འཇམ་དཔལ་དང་ཕྱག་ན་རྡོ་རྗེ་བྷཻ་ཞིང༌། ཐུགས་ཞི་བ་མཉམ་ཉིད་ཆོས་ཀྱི་དབྱིངས་ཀྱི་ངང་ནས། འདི་ལྟར་བཀླག་པར་བྱའོ། །འཕགས་པ་བདེན་པ་རྣམས་ལ་ཕྱག་འཚལ་ལོ། །བདག་ཅག་ཡོན་མཆོད་དཔོན་གཡོག་མི་ནོར་འཁོར་འབངས་སྲིད་དང་བཅས་པ་ཐམས་ཅད་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ལས་རྣམ་པར་རྒྱལབར་གྱུར་ཅིག །མན་ཏྲོ་ཡང་དྷྲི་ཀ་ནཾ་ཏ་ཐཱ་ག་ཏ་ནཾ་སརྦ་ཏྲ་ཨ་པྲ་ཏི་ཧ་ཏ་པཱ་བ་ཏི། དྷརྨ་བཱ་ལི་ནཱཿ ཨོཾ་ཨཾ་ཨ་ས་མི་ས་མ་ས་མིནེ་ཏ་ཧོཿ ཨ་ནན་ཏ་རཱ་བ་བ་ཏི་ཤ་ས་ནི༔ ཧ་ར་ཧ་ར་མ་ར་མ་ར་ཎ༔ བཱི་ག་ཏ་ག་ར་ཏ༔ བུདྡྷ་དྷརྨ་ཏེ། ས་ར་ས་ར་ས་མ་བྷ་ལཱ༔ ཧ་ས་ཧ་ས་ཏྲ་ཡཱ་ཏྲ་ཡཱ༔ ཛྭ་ལ་ཛྭ་ལ༔ ན་ས་ག་རེ་སྭཱ་ཧཱ༔ ཨོཾ་སྭ་ཏི་སྭཱ་ཧཱ། ཨོཾ་དྷརྨ་དྷ་དྷུ་ར་པྲ་ཛྭ་ལཿསྭཱ་ཧཱ། ཨོཾ་སྭ་ཏི་སརྦ་གྷརྦེ་སྭཱ་ཧཱ༔ ཨོཾ་སརྦ་དྷརྨ་དྷ་དུ་གྷརྦེ་སྭཱ་ཧཱ༔ པྲ་ཛྭ་ལ་པྲ་ཛྭ་ལ་སྭཱ་ཧཱ༔ ཨོཾ་སུ་པྲ་ཏི་ཥྛ་བཛྲ་ཡེ་སྭཱ་ཧཱ༔ ཨོཾ་སརྦ་བྷྱིད་སྭཱ་ཧཱ༔ ཏདྱ་ཐཱ༔ ཨོཾ་མུ་ནི་དྷརྨ་སཾ་གྷྲ་ཧེ་དྷརྨེ༔ ཨ་ནུ་གྷྲ་ཧ་དྷརྨེ༔ བི་མུག་ཏི་དྷརྨེ་ས་ཌ་ཨ་ནུ་གྷྲ་ཧ་དྷརྨེ༔ བཻ་ཤར་མ་ན་བ་ཏི་ཏ་བ་དྷ་ན་དྷརྨེ༔ སརྦ་ཀ་རྒྱ་པ་ཏི་བ་ཏ་ནི་དྷརྨེ༔ ས་མ་དྭ་ཨ་མུ་བ་ཏི་བ་ར་དྷ་ན་དྷརྨ་སྭཱ་ཧཱ༔ ཨོཾ་པྲཛྙཱ་ཤུ་ཏི་མྲི་ཏི་བཛྲ་ཡེ་སྭཱ་ཧཱ༔ དྷི་དྷ་ར་ཎི་སྭཱ་ཧཱ༔ ཨོཾ་པྲཛྙཱ་བ་ལེ་སྭཱ་ཧཱ༔ ན་མོ་བུདྡྷ་ཡ༔ ཨོཾ་ཧུ་ནྲ་དྷུ་ན༔ མ་ཧཱ་བི་ར་ཧཱུཾ་ཕཊ་སྭཱ་ཧཱ༔ ན་མ་ཤ་ཏ་ཡ་དྷ་དྷཱི་ཡ་ཀྲ་ནི་སརྦ་ཏ་ཐཱ་ག་ཏཱ་ནཾ༔ ན་མོ་བུདྡྷ་ཡ༔ ཨོ་དྷུ་ན་དྷ་ན༔ མ་ཧཱ་བི་ར་ཨ་བཱི་ཥིཉྩ་ཏུ་མ༔ སརྦ་ཏ་ཐཱ་ག་ཏ་སྭཱ་ཧྭ༔ ན་མ་བེ་དྷ་ཏེ་ཀ་ནཾ༔ སརྦ་ཏ་ཐཱ་ག་ཏ་ཧུ་སྭཱ་ཧཱ༔ ཏ་ཐཱ་ག་ཏཱ་ཨ་ཏྭ་སརྦ་ཤནྟིཾ་ཀུ་རུ་སྭཱ་ཧཱ༔ ཨོཾ་ཀི་ལི་ཀི་ལི་བི་ཏི་ལི་ཨ་ཏི་ལ་སྭཱ་ཧཱ༔ ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྱི་ལ་མན་ཏ་ལ་མན་ཏེ་ལ༔ མ་ཌེཾ་སྭཱ་ཧཱ༔ ཨོཾ་ཀི་ལི་མི་ལི་པ་རི་ཤ་བ་རི་བ་རི་ཤ་ཨ་ར་ཡ་ཧཱུྃ་ཧཱུྃ་ཧཱུཾ༔ ཧོ་ཧོ་ཧོ༔ ཐཱ་སརྦ་ནཱ་ག་ཐཱ་སྭཱ་ཧཱ༔ ཏདྱ་ཐཱ༔ ཨེ་བ་མེ་ཨ་མ་བ་མེཿ ཨ་མ་ཏེ༔ པ་ཏེ་ཀུན་ཛ་ད་ན་སུ་ར་པ་ཧ་ཛ་ལུ༔ ཁ་མ་ཁ་ཡཱ༔ ཨི་ལི་མི་ལི༔ ཀི་ལི་མི་ལི༔ ཀེ་ཏྲེ་པ་ར་མུན་ཏྲེ༔ མུ་ཁེ་ས་ཧྭ༔ ཏདྱ་ཐཱ༔ ཨ་བ་ལོ་ཀི་ཏེཿ ཨ་བ་ལོ་ཀི་ཏེཿ སིཾ་བྷ་ཝ༔ དྷ་ར་དྷ་ར་དྷ་ར༔ བ་ར་བ་ར་བ་ར་༔ ཀ་ལེ་ཀ་ལེ་ཀ་ལེ༔ མ་ཧཱ་ཀ་ལེ༔ ཨ་བ་ལོ་ཀི་ཏི་པྲ་ས་ད་ནི༔ དྷ་མེ་དྷ་མེ་དྷ་མེ༔ དྷ་མེ་ནི་མ་ཧཱ་ཏེ༔ བདག་ལ་བསྲུང་དུ་གསོལ། འཕགས་པ་རིགས་གསུམ་གྱི་མགོན་པོས། མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཅན་ལ་གུས་པར་ཕྱག་འཚལ་ལོ། །བདག་འཇིགས་པ་ཐམས་ཅད་དང༌། གནོད་པ་ཐམས་ཅད་དང༌། གཤེད་བྱེད་དང་བྱད་སྟེམས་ཐམས་ཅད་དང༌། ནད་ཐམས་ཅད་དང༌། སྡིག་པ་ཐམས་ཅད་དང༌། བཟའ་ཉེས་པ་དང༌། སྐར་མ་ཉེས་པ་དང༌། མགོ་ཉེས་པ་དང༌། གནོད་སྒྲིབ་དང༌། གནད་ལྟས་དང༌། གནོད་པ་ཐམས་ཅད་ལས་བསྲུང་དུ་གསོལ་ལོ། །ལོ་མི་རུང་བ་དང༌། ཟླ་བ་མི་རུང་བ་དང༌། ཞག་མི་རུང་བ་དང༌། དུས་ཚོད་མི་རུང་བ་དང༌། ཟ་མ་མི་རུང་བའི་གནོད་པ་གྱུར་པ་ཐམས་ཅད་ཞི་བར་གྱུར་ཅིག །གནོད་པར་གྱུར་བ་དེ་དག་ཐམས་ཅད་ཕྱིར་ཟློག་པར་གྱུར་ཅིག །བྱ་བ་ལས་རྟགས་ངན་པར་གྱུར་པ་ཐམས་ཅད་ལས་བསྐྱབ་ཏུ་གསོལ། ཉེས་པར་གྱུར་པ་ཐམས་ཅད་སོར་ཆུད་ནས། བདག་ཅག་འཁོར་དང་བཅས་པ་ཐམས་ཅད་བདེ་ལེགས་སུ་གྱུར་ཅིག །བཟའ་དང་བཞོན་པ་དཔུང་ཚོགས་དང༌། །གོས་དང་སྤྱན་གཟིགས་ལོངས་སྤྱོད་དང༌། །འདོད་པ་ཕུན་སུམ་ཚོགས་གྱུར་ཅིག །ཚེ་རིང་བ་དང་ནད་མེད་དང༌། དཔལ་དང་གཟི་བརྗིད་རྒྱས་གྱུར་ཅིག །གང་ཡང་བདག་ཅག་འཁོར་བཅས་ཀྱིས། །འདོད་པ་ཡིད་བཞིན་འགྲུབ་གྱུར་ཅིག །མི་མཐུན་ཕྱོགས་ལས་རྣམ་རྒྱལ་ཞིང༌། །རེ་བ་ཡོངས་སུ་སྐོང་བར་ཤོག །རང་གཞན་ཀུན་ནས་རྩོད་གྱུར་པ། །བསམ་པ་ངན་དང་སྦྱོར་བ་དང༌། །རྨི་ལམ་ངན་པ་ཀུན་ཞི་ནས། །རྒྱལ་ཁམས་ཀུན་ཏུ་བདེ་གྱུར་ཅིག །ནད་ཡམས་འཁྲུག་རྩོད་མེད་པ་དང༌། །ལོ་ནད་སད་སེར་མེད་པ་དང༌། །འཇིག་རྟེན་ཁམས་ཀུན་བདེ་གྱུར་ཅིག །རྒྱལ་བ་ཅན་གྱི་འཕགས་པ་ཡིན། །ཀུན་ནས་བདག་ཅག་བསྐྱབ་ཏུ་གསོལ། །གཤིན་པོ་གནས་ངན་སྤངས་ནས་ཀྱང༌། །མཐོ་རིས་བདེ་བ་ཐོབ་གྱུར་ཅིག །གསོན་པོ་ཚེ་དང་ལྡན་པ་རྣམས། །ཆོས་དང་མཐུན་པའི་དབང་བྱས་ནས། །ཀུན་ཀྱང་བྱང་ཆུབ་ལམ་ཞུགས་ཤིང༌། །འབྲས་བུ་གསུམ་པ་གྲུབ་པར་ཤོག །འཕགས་པའི་ཞལ་བཟང་མཐོང་ནས་ཀྱང༌། །མྱུར་བར་རྗེས་སུ་གཟུང་དུ་གསོལ། །གསུང་ཐོས་ཐུགས་ཀྱི་བརྩེར་དགོངས་ནས། །ཁྱེད་དང་དབྱེར་མེད་གཅིག་པར་ཤོག །ཅེས་སྨོན་ལམ་དང་བཅས་པ་ལན་གསུམ་བརྗོད་པས། ཉེས་པ་བྱུང་བ་ཐམས་ཅད་སོར་ཆུད་ནས་ནམ་དུའང་བདེ་ལེགས་ཀྱི་དཔལ་ལ་སྤྱོད་པར་འགྱུར་རོ་དྷ་ཐིམ། ཉེས་པ་ཀུན་གསལ་བྱིན་རླབས་ཀྱི་སྒྲོན་མེ་ཞེས་བྱ་བ། ད་ལྟ་མངའ་བདག་ཡབ་སྲས་དང༌། མ་འོངས་རྗེས་འཇུག་རྣམས་ཀྱི་དོན་དུ་བདག་པདྨ་འབྱུང་གནས་ཀྱིས་བཀོད་པ། སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག །ཐམས་ཅད་མཁྱེན་པ་མ་ཧཱ་གུ་རུ་ཡིས། །དུས་གསུམ་ཀུན་སྟོན་སྒྲོལ་མ་དྲུག་བསྐོར་འདི། །བདག་འདྲ་ཡེ་ཤེས་མཚོ་རྒྱལ་ཟུང་གིས་བཟུང༌། །མ་སྤེལ་གསང་རྒྱ་རིན་ཆེན་གཏེར་དུ་སྦས། །ལན་ཅིག་བསྐལ་པ་དུས་ཀྱི་ཐ་མ་ལ། །སྨོན་ལམ་ལས་ཅན་གཅིག་དང་འཕྲད་པར་འགྱུར། །དུས་དེར་འདི་སྤྱོད་འགྲོ་བ་བསོད་ནམས་ལྡན། །དེ་ཕྱིར་གཡར་དམ་སེམས་ཀྱི་ཕུར་དུ་ཆོངས༔ ས་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ ཐིམ༔ དགེ་ལེགས་འཕེལ། གསུམ་ཞུས། མངྒ་ལཾ།། །།


previousཉེས་པ་ཀུན་སེལ་བྱིན་རླབས་ཀྱི་སྒྲོན་མེ།next