Nitartha Digital Library
Tibetan
བར་དོ་ཐོས་གྲོལ་ཆེན་མོའི་རྩ་གཞུང་གི་བྱུང་ཁུངས་དང་ལོ་རྒྱུས་ཀྱི་སྐོར།

0 occurrences of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 collapse section
  
  
  
ཞི་ཁྲོའི་ལས་བྱང་ཤིན་ཏུ་མདོར་བསྡུས་པ་གཏོར་སྒྲུབ་རང་གྲོལ་སྙིང་པོ།
  
  


0 occurrences of ཆོས་རྒྱལ་ཕུག་
[Clear Hits]

 
previousཞི་ཁྲོའི་ལས་བྱང་ཤིན་ཏུ་མདོར་བསྡུས་པ་གཏོར་སྒྲུབ་རང་གྲོལ་སྙིང་པོ། next

ཞི་ཁྲོའི་ལས་བྱང་ཤིན་ཏུ་མདོར་བསྡུས་པ་གཏོར་སྒྲུབ་རང་གྲོལ་སྙིང་པོ།

༔ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ ཞི་ཁྲོའི་ལས་བྱང་ཤིན་ཏུ་མདོར་བསྡུས་པ་གཏོར་སྒྲུབ་རང་གྲོལ་སྙིང་པོ་ཞེས་བྱ་བ་བཞུགས་སོ༔

དབྱིངས་རིག་རང་བཞིན་ཆོས་དབྱིངས་ཀ་ནས་དག༔ རིག་པའི་ངོ་བོ་མ་བཅོས་ལྷུན་གྱིས་གྲུབ༔ གཉིས་མེད་ཐུགས་རྗེ་ཞི་དང་ཁྲོ་གར་སྟོན༔ ཞི་ཁྲོ་སྐུ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ ཞི་ཁྲོའི་ཕྲིན་ལས་ཤིན་ཏུ་མདོར་བསྡུས་པ༔ གཏོར་སྒྲུབ་རང་གྲོལ་ལས་བྱང་སྙིང་པོ་འདི༔ ཕྱི་རབ་དོན་དུ་པདྨ་བདག་གིས་ནི༔ ཉམས་སུ་བླང་བའི་རིམ་པ་བསྟན་པར་བྱ༔ འདི་ལ་སྤྱི་དོན་རྣམ་པ་གསུམ་ཡིན་ཏེ༔ སྔོན་འགྲོ་དངོས་གཞི་རྗེས་དང་རྣམ་གསུམ་ལས༔ དང་པོ་སྔོན་འགྲོ་མཚམས་གཅོད་རྣམ་པ་བཞི༔ ཐོག་མར་ཁྲོ་བོའི་རོལ་མཚམས་བཅད་པ་ནི༔ སྐད་ཅིག་དྲན་རྫོགས་ཧེ་རུ་ཀ་རུ་བསྐྱེད༔ ཧཱུྃ༔ ང་ནི་ཁྲོ་རྒྱལ་ལས་ཀྱི་ཧེ་རུ་ཀ༔ སྐུ་མདོག་མཐིང་ནག་རྡོ་རྗེ་དྲིལ་བུ་བསྣམས༔ སྐུ་ལས་འོད་འཕྲོས་ཕྱོགས་བཅུ་མཐར་ཐུག་པའི༔ ཐམས་ཅད་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཏེ༔ ཁམས་གསུམ་གདུག་པ་མ་ལུས་རྡུལ་དུ་བརླག༔ ལྷ་ལས་མ་གཏོགས་བགེགས་ཀྱི་མིང་ཡང་མེད༔ ༀ་བཛྲ་ཧེ་རུ་ཀ་ལོ་ཀ་ཏི་ར་བཾ༔ སྟཾ་བྷ་རཀྵ་ཧཱུྃ༔ གཉིས་པ་མཚོན་ཆ་འབར་བས་མཚམས་བཅད་པ་ནི༔ ཧཱུྃ་བདག་དང་སྤྲུལ་པ་ཀུན་གྱི་འོད་ཟེར་ལས༔ ཡི་གེ་འབྲུ་དྲུག་མཚོན་ཆ་ལྔ་དང་མེ༔ ཕྱོགས་བཅུར་འཕྲོས་ཏེ་བླ་རེ་ས་གཞི་དང་༔ མཚོན་ཆའི་རྩིག་པ་མཚོན་ཆའི་གུར་དུ་གྱུར༔ མེ་དཔུང་ཆེན་པོ་ལྔ་ལྡན་སྲིད་གསུམ་བསྲེགས༔ བར་མཚམས་མེད་པར་མེ་དང་མཚོན་ཆས་གཏམས༔ ༀ་ཧཱུྃ་ཕཊ་ཨ་ཛྭ་ལ་རཾ༔ གསུམ་པ་བཤགས་པ་གསང་བའི་མཚམས་གཅོད་ནི༔ ཧཱུྃ༔ ཆོས་ཉིད་རོལ་པའི་དཀྱིལ་འཁོར་ཆེན་པོ་འདིར༔ འཁོར་འདས་སྣོད་བཅུད་རབ་འབྱམས་མ་ལུས་ཀུན༔ ཀློང་ཡངས་སྐྱེ་མེད་ངང་ལས་མ་གཡོས་ཀྱང་༔ དབྱིངས་དང་ཡེ་ཤེས་དབྱེར་མེད་རིག་པའི་ལྷ༔ མཉམ་ཡངས་ཆེན་པོར་མ་རྟོགས་མཐོལ་ལོ་བཤགས༔ གཉིས་མེད་རོལ་པ་ཆེན་པོར་རྟོགས་པར་བྱའོ༔ ༀ་སརྦ་དྷརྨ་དྷཱ་ཏུ་ཛྙཱ་ན་ས་མ་ཡ་ཨཱཿ བཞི་པ་གཏོར་མ་བྱིན་གྱིས་བརླབས་པ་ནི༔ ཧཱུྃ༔ བྷན་དྷའི་ནང་དུ་ཤ་ལྔ་བདུད་རྩི་ལྔ༔ ཉི་ཟླ་རྡོ་རྗེ་འབར་བས་རབ་བརྒྱན་ཏེ༔ ཧཱུྃ་ལས་རླུང་གཡོས་མེ་འབར་ཐོད་པ་དྲོས༔ མ་དག་སྦྱངས་ཏེ་སྨན་རཀ་གཏོར་མར་སྤྲུལ༔ འདོད་ཡོན་ལྔ་ལྡན་འཆི་མེད་བདུད་རྩིར་གྱུར༔ ཟག་མེད་བདེ་བ་ཆེན་པོར་བྱིན་གྱིས་བརླབས༔ ༀཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཐཱ༔ ༀ་ཨཱཿཧཱུྃ༔ མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿ་ཐཱཿ ༀ་ཨཱཿཧཱུྃ༔ མ་ཧཱ་བྷ་ལིང་ཏ་ཏེ་ཛྭ་བྷ་ལིང་ཏ་བྷ་ལ་བྷ་ཏི་གུ་ཧྱ་ས་མ་ཡེ་སྭཱ་ཧཱ༔ ཧཱུྃ༔ མེ་རླུང་དྲག་པོ་འབར་བའི་སྦྱོར་བ་ཡིས༔ སྨན་རག་གཏོར་གསུམ་བདུད་རྩི་ཁོལ་བ་ལས༔ ཟེར་མ་ཕྱོགས་བཅུའི་འཇིག་རྟེན་ཀུན་ཏུ་འཕྲོ༔ སྣོད་ཀྱི་འཇིག་རྟེན་བདུད་རྩི་གཏོར་མ་ལ༔ བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོའི་ངང་༔ བདེ་བ་ཆེན་པོའི་འདོད་ཡོན་མེར་མེར་གང་༔ ཧཱུྃ་ཡཾ་རཾ་ཨ་མྲྀ་ཏ་བྷ་ལིང་ཏ་རཀྟ་སུ་ཁ་ༀ་ཨཱཿཧཱུྃ༔ སྔོན་འགྲོའི་ལས་རིམ་དང་པོའོ༔

གཉིས་པ་དངོས་གཞི་བསྐྱེད་པའི་རིམ་པ་ནི༔ ༀ་སྟོང་ཉིད་སྙིང་རྗེ་གཉིས་མེད་རང་རིག་ཨ༔ དྲན་རྫོགས་རང་རིག་ཀུན་བཟང་ཡབ་ཡུམ་སྐུ༔ ཞལ་གཅིག་ཕྱག་གཉིསམཐིང་ག་གཉིས་མེད་འཁྲིལ༔ རྡོ་རྗེ་སྐྱིལ་ཀྲུང་མཉམ་བཞག་དབྱེར་མེད་རོལ༔ མཚན་དང་དཔེ་བྱད་སྣང་ལ་རང་བཞིན་མེད༔ འོད་ཟེར་དཔག་མེད་བྱིན་བརླབས་དབང་དང་ལྡན༔ བཛྲ་ཙིཏྟ་ཧཱུྃ༔ ས་མནྟ་བྷ་དྲ་ༀ་ཨཱཿཧཱུྃ༔ ཧཱུྃ༔ གྲུ་གསུམ་མཐིང་ནག་འབར་བའི་ནམ་མཁའ་ལས༔ རྒྱ་གྲམ་ལྗང་ཀུ་རླུང་གི་དཀྱིལ་འཁོར་འཁྲིགས༔ དམར་ནག་གྲུ་གསུམ་མེ་ཡི་དཀྱིལ་འཁོར་འབར༔ ཀེང་རུས་རི་རབ་དབང་ཆེན་ས་གཞི་བརྡལ༔ དུར་ཁྲོད་རིན་ཆེན་ཡེ་ཤེས་གཞལ་ཡས་ཁང་༔ འབྱུང་བ་ཡུམ་ལྔ་ཞི་ཁྲོའི་གཞལ་ཡས་གསལ༔ ཨེ་ཡཾ་རཾ་སུཾ་ཀིཾ་རཾ་བྷྲཱུཾ༔ གཞལ་ཡས་དབུས་སུ་ལྷ་ཚོགས་བསྐྱེད་པ་ནི༔ ཧཱུྃ༔ ཀུན་བཟང་ཡབ་ཡུམ་སྤྲུལ་པའི་ལྕམ་དྲལ་ནི༔ རྡོ་རྗེ་སེམས་དཔའ་རིགས་ལྔ་སངས་རྒྱས་ཡབ༔ དབྱིངས་ཕྱུག་སྤྱན་མ་རིགས་ལྔ་ཡུམ་དང་འཁྲིལ༔ སེམས་དཔའ་སེམས་མ་ལྕམ་དྲལ་བཅུ་དྲུག་དང་༔ ཐུབ་དྲུག་སྒོ་བ་ཡབ་ཡུམ་བརྒྱད་ལ་སོགས༔ བཞི་བཅུ་རྩ་གཉིས་ཞི་བའི་ལྷ་ཚོགས་གསལ༔ ༀ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཧཱུྃ༔ ཀུན་བཟང་ཆེ་མཆོག་ཡབ་ཡུམ་རིག་རྩལ་ལས༔ བཛྲ་ཧེ་རུ་ཀ་སོགས་ཁྲག་འཐུང་ལྔ༔ ཀྲོ་དྷཱི་ཤྭ་རི་དབྱིངས་ཕྱུག་ཡུམ་ལྔ་སྦྱོར༔ ཀཽ་རཱི་བརྒྱད་དང་སེང་ཧ་ཕྲ་མེན་བརྒྱད༔ སྒོ་མ་བཞི་དང་དབང་ཕྱུག་ཉི་ཤུ་བརྒྱད༔ ལྔ་བཅུ་རྩ་བརྒྱད་ཁྲག་འཐུང་ལྷ་ཚོགས་གསལ༔ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔

གཉིས་པ་ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་པ་ནི༔ ཧཱུྃ༔ རྣམ་དག་ཆོས་ཀྱི་དབྱིངས་ཀྱི་ངང་ཉིད་ལས༔ རོལ་པའི་ཡེ་ཤེས་རྒྱལ་བ་ཞི་ཁྲོའི་ཚོགས༔ ཕྱོགས་བཅུ་དུས་གསུམ་བདེ་གཤེགས་བཅོམ་ལྡན་འདས༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྣམས༔ ཆོས་ཀྱི་དབྱིངས་ལས་འགྲོ་དོན་སྐུར་སྤྲུལ་ཏེ༔ ཡབ་ཡུམ་འཁོར་བཅས་གནས་འདིར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ༔ གསུམ་པ་ལྷ་ཚོགས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ འབྱུང་བ་རིམ་བརྩེགས་ཡེ་ཤེས་གཞལ་ཡས་འདིར༔ མ་བཅོས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ༔ གླང་ཆེན་སེང་གེ་རྟ་མཆོག་རྨ་བྱ་དང་༔ ཤང་ཤང་རཱུ་ཏྲ་བམ་དང་ཉི་ཟླའི་སྟེང་༔ དབྱིངས་དང་རིག་པ་གཉིས་མེད་དགྱེས་པ་ཡི༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས་སུ་གསོལ༔ ས་མ་ཡ་ཨཱ་ཝེ་ཤ་ཡ་ཏིཥྛ་ལྷན༔ བཞི་པ་ལྷ་ལ་གུས་ཕྱག་འཚལ་བ་ནི༔ ཧཱུྃ༔ སྐུ་ནི་གསལ་སྟོང་དབྱེར་མེད་བསྒྲེས་རྒུད་བྲལ༔ གསུང་ནི་གྲགས་སྟོང་དབྱེར་མེད་སྐྱེ་འགགས་བྲལ༔ ཐུགས་ནི་རིག་སྟོང་དབྱེར་མེད་གཟུངས་འཛིན་བྲལ༔ ཡོན་ཏན་བདེ་སྟོང་དབྱེར་མེད་སྡུག་བསྔལ་བྲལ༔ ཕྲིན་ལས་སྣང་སྟོང་དབྱེར་མེད་འགྲོ་འོང་བྲལ༔ རྒྱལ་བ་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོ༔ པྲ་ཏི་ཙྪ་ཧོ༔ ན་མི་ན་མོ་ཧཱུྃ༔ ལྔ་པ་ཕྱི་ནང་གསང་མཆོད་འབུལ་བ་ནི༔ ཧཱུྃ་ཧྲཱི༔ མཆོད་ཡོན་བདུན་དང་རྒྱལ་སྲིད་རིན་ཆེན་བདུན༔ འདོད་ཡོན་ལྔ་ལྡན་ཕྱི་ཡི་མཆོད་པ་འབུལ༔ ལྷ་མོ་བརྒྱད་དང་གླུ་གར་སྨན་རཀ་གཏོར༔ སྦྱོར་སྒྲོལ་དུག་ལྔ་ནང་གི་མཆོད་པ་འབུལ༔ རྣམ་ཤེས་ཚོགས་བརྒྱད་དགའ་བཞི་བདེ་སྟོང་གསལ༔ ཡེ་ཤེས་ལྔ་ལྡན་གསང་བའི་མཆོད་པ་འབུལ༔ ༀ་ཨཱཿཧཱུྃ་སརྦ་པཱུ་ཛ་ཨཱཿཧཱུྃ༔

དེ་ནས་གཏོར་མའི་མཆོད་པ་འབུལ་བ་ནི༔ ཧཱུྃ༔ ཕྱི་ནང་སྣོད་བཅུད་སྣང་སྲིད་གཏོར་མར་སྦྱར༔ འདོད་ཡོན་སྣ་ཚོགས་ཕྱི་ཡི་གཏོར་མར་འབུལ༔ དུག་ལྔ་ཕུང་པོ་ཤ་ལྔ་བདུད་རྩིར་བསྒྱུར༔ ཡེ་ཤེས་བདུད་རྩི་ནང་གི་གཏོར་མ་འབུལ༔ ཉོན་མོངས་ཡེ་ཤེས་ལྔ་རུ་བྱིན་བརླབས་ནས༔ སྤྲོས་མེད་ཏིང་འཛིན་གསང་བའི་གཏོར་མར་འབུལ༔ ༀ་ཨཱཿཧཱུྃ༔ ན་མོ་རཏྣ་གུ་རུ༔ དྷརྨ་ཀ་ཡ༔ སཾ་བྷོ་ཀཱ་ཡཱ༔ ནིརྨ་ཀཱ་ཡ༔ ས་མནྟ་བྷ་དྲ༔ ཛ་ཡ་པཉྩ༔ ༀ་ཨཱཿཧཱུྃ་སྭཱ་ཧཱ༔ མཱུྃ་ལཱྃ་མཱྃ་པྱྃ་ཏཱྃ༔ སརྦ་ཧེ་རུ་ཀ་ཀྲོ་ཏ༔ བཛྲ་བུདྡྷ་རཏྣ་པདྨ་ཀརྨ༔ སརྦ་བུདྡྷ་དྷརྨཱ་སཾ་ཀ་རཏྣ་ཏྲ་ཡཱ་ཡ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི༔ བུདྡྷ་བོ་དྷི་ས་ཏྭ༔ སརྦ་བྷི་ར༔ ཌཱ་ཀི་ནཱི༔ སརྦ་ཡོ་གི་ནཱི༔ བྷོ་དྷི་ས་ཏྭ་དེ་ཝ་དེ་ཝཱི༔ སརྦ་དུཥྚཱན༔ ཡགྴ་བ་སུ་དེ་ཝ༔ ན་ཐཱ་མ་ཧཱ་ཀཱ་ལ༔ མ་མ་ཨེ་ཀ་ཛ་ཊཱི༔ རེ་མ་ཏི༔ ས་མ་ཡ༔ དྷརྨཱ༔ ཀྵེ་ཏྲ་པཱ་ལ༔ ས་པཱ་རི་ཝ་ར་ཨེ་དཾ་བ་ལིང་ཏ༔ གྲྀཧྣ་གྲྀཧྣ༔ གྲྀཧྣ་ཧོ༔ བྷུཉྫ་ཧོ༔ ཨ་མྲྀ་ཏ༔ རཀྟ་པི་པ་ཧོ༔ མ་ཏི་པྲ་མ་ཏི༔ ས་མ་ཡ༔ ཁ་ཁ་ཁཱ་ཧི་ཁཱ་ཧི༔ སརྦ་དྷརྨ་སིདྡྷི་སྭཱ་ཧཱ༔ ཞེས་གཏོར་མ་འབུལ་ནས་བཤགས་པ་ནི༔ ཧཱུྃ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་དགོངས་སུ་གསོལ༔ ཐམས་ཅད་ཆོས་དབྱིངས་མཉམ་པའི་ངང་ཉིད་ལས༔ རིག་རྩལ་མ་འགགས་ལྷུན་གྲུབ་རོལ་པ་རྣམས༔ གཉིས་མེད་མཉམ་པའི་ངང་ལས་མ་གཡོས་ཀྱང་༔ མ་རིག་དབང་གིས་ཕྱོགས་རིས་སོ་སོར་བཟུང་༔ དབྱེར་མེད་རོ་གཅིག་ངང་དུ་མཐོལ་ལོ་བཤགས༔ བཛྲ་ས་མ་ཡ་ཨ་ཨཱཿ

དྲུག་པ་ཞི་ཁྲོའི་ལྷ་ལ་བསྟོད་པ་ནི༔ ཧཱུྃ༔ གདོད་ནས་མ་སྐྱེས་སྐྱེ་མེད་ཀུན་ཏུ་བཟང་༔ འགག་མེད་རོལ་པ་ཡུམ་ཆེན་ཀུན་བཟང་མོ༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་འོད་ཟེར་འཕྲོས༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཞི་བའི་སྐུ༔ མཚན་དང་དཔེ་བྱད་རྒྱན་རྣམས་མཛེས་ཚུལ་ལྡན༔ ཞི་བ་བཞི་བཅུ་གཉིས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཆོས་ཉིད་ཞི་བའི་རིག་རྩལ་ཆོ་འཕྲུལ་ལས༔ སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་༔ རྒོད་དང་གཤེ་དང་རྔམ་པར་སྟོན་པ་དང་༔ སྙིང་རྗེ་ཞི་དང་ཁྲོ་ཚུལ་གར་དགུ་ལྡན༔ མཉམ་ཉིད་ཞི་བའི་དབྱིངས་ལས་ཁྲོ་རྒྱལ་སྐུ༔ ཁྲག་འཐུང་ལྔ་བཅུ་བརྒྱད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཆོས་སྐུ་ནམ་མཁའ་ལྟ་བུར་ཀུན་ལ་ཁྱབ༔ ལོངས་སྐུ་ཉི་འོད་ལྟ་བུར་སོ་སོར་འཕྲོ༔ སྤྲུལ་སྐུ་འཇའ་ཚོན་ལྟ་བུར་འགྲོ་དོན་མཛད༔ འགྲོ་བའི་དོན་ཕྱིར་ཞི་དང་ཁྲོ་གར་སྤྲུལ༔ ཕྲིན་ལས་རྣམ་བཞིས་འགྲོ་བའི་རེ་འདོད་བསྐང་༔ རྒྱལ་བ་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་བསྟོད༔ ཚོགས་ལས་བྱེད་ན་ཚོར་བ་རང་གྲོལ་ལྟར་སྐབས་འདིར་ཤེས་པར་བྱའོ༔

བདུན་པ་བསྐུལ་ཞིང་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་མཁའ་དབྱིངས་དག་པ་ལས༔ རོལ་པ་ཡེ་ཤེས་རྒྱལ་བ་ཞི་ཁྲོའི་ཚོགས༔ སྤྲུལ་པ་ཡང་སྤྲུལ་བཅས་པའི་དམ་ཚིག་ཅན༔ འགྲོ་བའི་དོན་དུ་ཐུགས་རྗེས་སྐུར་བཞེངས་ལ༔ ཕྱི་ནང་དམ་ཅན་ཐུགས་དམ་གནད་བསྐུལ་ཏེ༔ ཕྲིན་ལས་རྣམ་བཞི་སྩོལ་བའི་ལས་མཛོད་ཅིག༔ ས་མ་ཡ༔ དངོས་གཞི་ལས་ཀྱི་རིམ་པའོ༔ སྤྱི་དོན་གསུམ་པ་རྗེས་ཀྱི་ལས་རིམ་གྱི༔ དང་པོ་གཏོར་མའི་ལྷ་དབང་བསྐུར་བ་ནི༔ ཧཱུྃ༔ ཀུན་བཟང་ཞི་ཁྲོ་སྐུ་གསུམ་ལྷ་ཚོགས་ཀྱི༔ ཐབས་དང་ཐུགས་རྗེ་སྤྱོད་པས་འགྲོ་བའི་དོན༔ ཡེ་ནས་རྣམ་དག་རང་བྱུང་ཡེ་ཤེས་ངང་༔ སྐུ་གསུང་ཐུགས་དབང་ཡོངས་རྫོགས་འདི་བསྐུར་བས༔ ལུས་ངག་ཡིད་གསུམ་སྒྲིབ་པ་ཀུན་བྱང་ནས༔ སྐུ་གསུམ་ཞི་ཁྲོ་རབ་འབྱམས་དབང་ཐོབ་ཤོག༔ ཀཱ་ཡ་སིདྡྷི་ༀ༔ ཝཱ་ཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ རྗེས་སུ་གཏོར་མར་དངོས་གྲུབ་བླང་བ་ནི༔ བཅོམ་ལྡན་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཀྱིས༔ འགྱུར་མེད་སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ འགགས་མེད་གསུང་གི་དངོས་གྲུབ་སྩལ་དུ་གསོལ༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ ཡོན་ཏན་རེ་སྐོང་དངོས་གྲུབ་སྩལ་དུ་གསོལ༔ ཕྲིན་ལས་འགྲོ་འདུལ་དངོས་གྲུབ་སྩལ་དུ་གསོལ༔ ༀ་ཨཱཿཧཱུྃ་སརྦ་སིདྡྷི་ཕ་ལ་ཨ་ལ་ལ་ཧོ༔ གཏོར་ཕུད་སྦྱིན་སྲེག་བྱ་སྟེ་ལྷག་མ་རོལ༔ གཉིས་པ་སྔོན་གྱི་ཐ་ཚིག་ཆད་མདོ་ནི༔ ཧཱུྃ༔ རྒྱལ་བ་ཞི་ཁྲོ་བླ་མ་རིག་འཛིན་གྱི༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་དཀྱིལ་འཁོར་དུ༔ ཡོན་ཏན་ཡོངས་རྫོགས་ཕྲིན་ལས་མཛད་པའི་ཚེ༔ མ་དང་མཁའ་འགྲོ་ཆོས་སྐྱོང་དྲེགས་པའི་ཚོགས༔ སོ་སོའི་སྐུ་གསུང་ཐུགས་སུ་བསྟན་ནས་ཀྱང་༔ ཇི་ལྟར་ཁས་བླངས་དམ་བཅས་དེ་བཞིན་དུ༔ མཆོད་གཏོར་བཞེས་ལ་ཕྲིན་ལས་གྲུབ་པར་མཛོད༔ གསུམ་པ་བཤལ་ཆུས་བརྟན་མ་སྐྱོང་བ་ནི༔ ཧཱུྃ༔ བརྟན་སྐྱོང་དཔལ་ལྡན་མ་དང་ཡང་དག་ཤེས༔ ཁྱུང་བཙུན་ཀོང་ལྷ་གཡུ་བུན་མེ་ཏོག་མ༔ ཟླ་འོད་བྱང་རྒྱལ་གསེར་ཐང་ཀུན་བཟང་མ༔ ཤཱནྷིཾ་དཔལ་དང་ཀླུ་མོ་གཟི་འབར་སོགས༔ མ་སྲིང་འཁོར་བཅས་ཁྱེད་ཅག་དམ་ཚིག་ཅན༔ བོད་ཁམས་རྟག་ཏུ་བདེ་བའི་ཕྲིན་ལས་མཛོད༔ བཞི་པ་ཡེ་ཤེས་སེམས་དཔའ་གཤེགས་ནས་ཀྱང་༔ དམ་ཚིག་བསྡུ་ཞིང་རྒྱུན་སྤྱོད་བྱ་བ་ནི༔ ༀ་ཡེ་ཤེས་ལྷ་ཚོགས་ཐུགས་རྗེས་འཁོར་བ་སྟོང་༔ རང་བཞིན་དམིགས་མེད་ཞིང་དུ་གཤེགས་སུ་གསོལ༔ ཆོས་སྐུའི་ཀློང་གི་རོལ་པ་སྣ་ཚོགས་ལས༔ ཐམས་ཅད་མཉམ་པ་དམིགས་མེད་ཀློང་དུ་བསྡུ༔ སྒོ་གསུམ་སྐུ་གསུང་ཐུགས་ཀྱི་རྒྱས་བཏབ་ནས༔ ལྟ་སྤྱོད་ཟུང་འབྲེལ་མཁྱེན་པའི་སྤྱོད་ལམ་བྱའོ༔ ༀ་བཛྲ་མུ༔ ༀ་ཨཱཿཧཱུྃ༔ ལྔ་པ་དགེ་བའི་རྩ་བ་བསྔོ་བ་ནི༔ ཨེ་མ་ཧོ༔ བདག་གཞན་དགེ་བ་ཡོད་དང་དུས་གསུམ་དུ༔ བྱས་བསྐུལ་ཡི་རང་ཟག་བཅས་ཟག་མེད་ཀྱི༔ བསོད་ནམས་ཡེ་ཤེས་དམིགས་མེད་གཏེར་དུ་སྦ༔ བདག་དང་འགྲོ་ཀུན་སྐུ་གསུམ་སངས་རྒྱས་ཤོག༔ ཁམས་གསུམ་འཁོར་བ་དོང་ནས་སྤྲུག་པར་ཤོག༔ ཆོས་རྣམས་ཀ་དག་ཟད་སར་སྐྱོལ་བར་ཤོག༔

དྲུག་པ་ཞིང་དུ་སྨོན་ལམ་བཏབ་པ་ནི༔ བདག་གི་དགེ་བ་འདི་ཡི་བསོད་ནམས་ཀྱིས༔ ནམ་མཁའི་མཐའ་མཉམ་ཞིང་ཁམས་རབ་འབྱམས་སུ༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག༔ སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པར་ཤོག༔ ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག༔ བདག་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག༔ བདུན་པ་བཀྲ་ཤིས་བརྗོད་ཅིང་མེ་ཏོག་དོར་བ་ནི༔ ཧཱུྃ༔ ཀུན་བཟང་ཆོས་སྐུའི་བཀྲ་ཤིས་འགྱུར་བ་མེད༔ ལོངས་སྐུ་ཞི་ཁྲོའི་བཀྲ་ཤིས་འགགས་པ་མེད༔ སྤྲུལ་སྐུ་འགྲོ་འདུལ་བཀྲ་ཤིས་རྩོལ་བ་མེད༔ སྐུ་གསུམ་རབ་འབྱམས་བཀྲ་ཤིས་སེམས་ཀྱི་གཏེར༔ བུམ་པ་བཟང་དང་དཔག་བསམ་ནོར་བུ་ལྟར༔ བསམ་པ་ཐམས་ཅད་དེང་འདིར་གྲུབ་པར་ཤོག༔ ༀ་སུ་པྲ་ཏིཥྛ་བཛྲེ་མངྒ་ལམ་བྷ་ཝནྟུ༔ རྗེས་སུ་ཡིག་བརྒྱ་ཨཱ་ལི་ཀཱ་ལི་དང་༔ རྟེན་འབྲེལ་སྙིང་པོས་ལྷག་ཆད་ཁ་བསྐང་བྱ༔ ཞི་ཁྲོའི་ལས་བྱང་ཤིན་ཏུ་མདོར་བསྡུས་པ༔ ཕྲིན་ལས་རང་གྲོལ་སྙིང་པོ་ཞེས་བྱ་བ༔ ཇི་སྲིད་འཁོར་བའི་འཇིག་རྟེན་མ་སྟོང་བར༔ དེ་སྲིད་དམ་པའི་ཆོས་འདི་མ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གྲུབ་ཐོབ་ཀརྨ་གླིང་པས་གདན་དྲངས་པའོ། །

༈ ལས་བྱང་བསྡུས་པ་འདི་ཉིད་ཉག་ཞི་བ་དགོན་ནས་གསར་དུ་རྙེད་པ་ཡིན།


previousཞི་ཁྲོའི་ལས་བྱང་ཤིན་ཏུ་མདོར་བསྡུས་པ་གཏོར་སྒྲུབ་རང་གྲོལ་སྙིང་པོ། next