ལེའུ་སོ་བདུན་པ། ཉམས་རྟོགས་ཡར་ངོའི་ཟླ་ལྟར་འཕེལ་བའི་ཕྱིར། །བོགས་འདོན་གདམས་པ་ཡིད་བཞིན་ནོར་བུ་ཡོད། །
༼ཇི༽ རི་ཆོས་མཚམས་ཀྱི་ཞལ་གདམས་ལས། བོགས་འདོན་ཡིད་བཞིན་ནོར་བུ་ཞེས་བྱ་བ་བཞུགས་སོ། །ཆོས་དབྱིངས་ཆུ་གཏེར་ཆེ་ལས་ལེགས་བྱུང་ཞིང་། །སེམས་ཉིད་རིན་ཆེན་བཻཌཱུར་མཐོན་ཀ་ཆེ། །སྨིན་བྱེད་གདམས་པ་བྱིན་རླབས་རྒྱུན་གྱིས་བརླན། །སྔོན་འགྲོའི་གདམས་པས་སྒྲིབ་གསུམ་ལེགས་ཕྱིས་ནས། །ཉམས་རྟོགས་དུ་མ་བརྩེགས་པའི་རྒྱལ་མཚན་རྩེར། །འཕྱར་འདི་དངོས་གྲུབ་རྣམ་གཉིས་ཆར་འབེབས་ཡིན། །ཉམས་ལེན་སྒྲུབ་པ་བྱེད་པའི་གང་ཟག་
ལ། །བོགས་འདོན་གདམས་པ་ལེགས་པར་མ་ཤེས་ན། །ཉམས་རྟོགས་བོགས་སྐྱེད་ཐོན་པར་མི་འགྱུར་ཏེ། །དཔེར་ན་ཆུ་ལུད་མེད་པའི་ལོ་ཏོག་བཞིན། །བོགས་འདོན་ཀུན་གྱི་རྩ་བ་བརྩོན་འགྲུས་ཏེ། །ཚེ་ལ་ངེས་མེད་ནམ་མཆི་ཆ་མེད་འདི། །ཉིན་རེ་ལན་གསུམ་སྙིང་ནས་དྲན་པ་གཅེས། །དེ་ཡིས་དགེ་སྦྱོར་ཀུན་གྱི་བོགས་སྐྱེད་འབྱུང་། །དེ་ནས་བསྐྱེད་རིམ་བོགས་སུ་འདོན་པ་ནི། །ཡི་དམ་ཐང་སྐུ་ཐིག་ཚད་བྲིས་ལེགས་པ། །ཉི་མ་ཤར་དུས་རང་གི་མདུན་དུ་བཤམས། །དབུ་ནས་གདན་གྱི་བར་དུ་ཡང་ཡང་བལྟ། །གདན་ནས་དབུ་ཡི་བར་དུ་ཡང་ཡང་བལྟ། །དེ་ནས་སྐུ་ལུས་སྤྱི་ལ་ཡུན་རིང་བལྟ། །དེ་འདྲ་ཞག་པོ་འགའ་ཟུང་བྱས་པའི་རྗེས། །མུན་ནག་ནང་དུ་མིག་བཙུམ་ཞལ་ཐང་དེ། །ཡིད་ལ་བཀོད་པས་མངོན་སུམ་ལྟ་བུར་འཆར། །དེ་ནས་བདག་མདུན་དེ་ཉིད་བཞིན་དུ་བསྒོམ། །དེ་ནི་བསྐྱེད་རིམ་གསལ་བའི་བོགས་འདོན་ཏེ། །རྒྱུད་སྡེ་རྣམས་ལས། །སྔགས་པ་ལས་ནི་དང་པོ་པས། །གཟུགས་བརྙན་ལ་སོགས་བྱ་བ་སྟེ། །བྲིས་སྐུ་དག་གིས་འགྲུབ་པར་འགྱུར། །གསུངས་པའི་དོན་ཡང་དེ་ལ་དགོངས་པ་ཡིན། །ཁྱད་པར་བྲིས་
སྐུ་ཕྱག་གི་གཡས་གཡོན་སོགས། །ཕྱག་མཚན་འགྱིང་ཐབས་གོ་ལོག་ཡོད་པར་བྲི། །དེ་ཉིད་ཉི་མ་ཤར་དུས་བཤམ་བྱས་ལ། །མེ་ལོང་མཐོ་སྐོར་དྭངས་པ་གཅིག་བསྟན་པས། །མེ་ལོང་ནང་དུ་སྐུ་གཟུགས་གསལ་པོར་འཆར། །དེ་ལ་སྔར་བཞིན་ཡང་ཡང་བལྟ་བྱས་ནས། །དེ་ལྟར་གསལ་ལ་ངོས་བཟུང་མེད་པར་བསྒོམ། །བར་སྣང་འཇའ་ཚོན་གསལ་པོ་ཤར་བའི་ཚེ། །གསལ་སྟོང་ཟུང་འཇུག་དཔེ་ཡང་དེ་ལ་བྱ། །སྒྲུབ་པ་བསྙེན་སྒྲུབ་ཀུན་གྱི་བོགས་འདོན་ནི། །དུས་བཟང་སྐབས་སུ་ཚོགས་དང་གཏོར་མ་དང་། །བསྐང་བ་སྦྱིན་སྲེག་བསྟོད་བསྐུལ་བྱ་བ་གཅེས། །རྫོགས་རིམ་ཐབས་ལམ་བསྒོམ་པའི་བོགས་འདོན་ནི། །ཚོགས་ཀྱི་དམ་རྫས་ཤ་ཆང་སྤྱོད་པ་དང་། །ཐིག་ལེ་འཕེལ་བའི་ཟས་ཀྱི་བཅུད་ལེན་གསུངས། །རང་ལུས་གསེར་གྱི་བུམ་པ་ཞིག་ཏུ་བསྒོམ། །དེ་ནང་རང་སེམས་རྡོ་རྗེ་རྣམ་འཇོམས་བསྒོམ། །ཐུགས་ཀར་ཉི་སྟེང་ཧཱུྃ་ལ་གཟུངས་ཀྱིས་སྒྱུ་བསྐོར། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཡིད་ཀྱིས་བསྟིམ། །སྐུ་ལས་བདུད་རྩིའི་རྒྱུན་བབས་ལུས་གང་བསམ། །གཟུངས་ནི་གསུམ་མམ་བདུན་སོགས་ཅི་འགྲུབ་བཟླས། །
དྲི་ཆུའི་ཐོག་མ་ཅུང་ཟད་འདོར་བྱ་ཞིང་། །སྙིགས་མའང་དོར་ཞིང་བར་མ་སྣོད་དུ་བསག །དྲི་ཆུ་མི་བསྐྱོད་པ་ཡི་ངོ་བོ་སྟེ། །ནད་གདོན་གྲིབ་སོགས་དག་བྱེད་མཆོག་ཡིན་ཕྱིར། །ཡེ་ཤེས་བདུད་རྩི་ཡིན་པའི་ངེས་ཤེས་ཀྱིས། །ཕུད་ནི་སོར་རྩེས་བླ་མ་ཡི་དམ་མཆོད། །དེ་ནས་ཧུབ་གསུམ་བདུད་རྩིར་བསམས་ལ་མིད། །དེ་རྗེས་ལུས་ཀུན་ཤིན་ཏུ་དག་པར་བཀྲུ། །རྩ་རྣམས་ཆད་དང་ཞར་དང་འཁུམ་པ་སོས། །དེ་སྟེང་ཤུ་དག་ནག་པོ་ཞིབ་བཏུལ་བ། །མར་རྙིང་སྦྱར་བ་བྱུགས་པས་དྲོད་སྐྱེ་སླ། །རྫོགས་རིམ་ཕྱག་རྒྱ་ཆེན་པོའི་བོགས་འདོན་མཆོག །སངས་རྒྱས་ཀུན་དང་བླ་མ་དབྱེར་མེད་པ། །རྡོ་རྗེ་འཆང་གི་སྐུ་རུ་སྤྱི་བོར་བསྒོམ། །མོས་གུས་གདུང་ཤུགས་རང་དབང་མེད་པ་ཡིས། །རྒྱང་འབོད་ལན་འགའ་བྱས་ནས་རང་ལ་བསྟིམ། །དེས་ནི་རྟོགས་པའི་བོགས་ནི་ཐོན་པ་ཡིན། །གསར་བུ་ཅིས་ཀྱང་གནས་ཉམས་མ་སྐྱེས་ན། །མལ་མི་བསོ་བར་བརྒྱ་ཕྱག་གཅིག་ཙམ་འཚལ། །དེ་མ་ཐག་ཏུ་རྣམ་སྣང་ཆོས་བདུན་བཅའ། །རླུང་ནི་དབུ་མར་ཚུད་པས་གནས་ཉམས་སྐྱེ། །ཇི་ལྟར་བྱས་ཀྱང་རྨུགས་འཐིབས་མི་གསལ་ན། །སྔ་དྲོ་དགོང་མོ་ནམ་མཁའ་གཡའ་དག་
དུས། །ཉི་མར་རྒྱབ་སྟོན་ལུས་གནད་ལེགས་པར་བཅའ། །མིག་གཉིས་ནམ་མཁའ་སྔོ་སངས་དཀྱིལ་དུ་གཏད། །སེམས་ཀྱང་དེར་གཏད་ཡུན་རིང་བར་དུ་བལྟ། །དེ་ཡི་གསལ་སྟོང་རྗེན་པའི་བོགས་དབྱུང་ངོ་། །རྒྱུན་དུ་བོགས་མེད་གནས་འགྱུ་རྐྱང་དེད་ན། །ཉིན་རེ་ཙམ་ལ་ཕྱག་དང་བསྐོར་བ་སོགས། །ལུས་པོ་མི་དལ་བྲེལ་བཞིན་ངོ་བོ་སྐྱོང་། །ངག་ཀྱང་མི་དལ་གསོལ་འདེབས་ཆོས་སྤྱོད་སོགས། །ཤིན་ཏུ་བྲེལ་བའི་ངང་ནས་ཨི་འདྲེས་ཚད། །ཉིན་རེ་ཙམ་ལ་ཤིན་ཏུ་དལ་བ་སྟེ། །ལྡེར་བཟོ་བཞིན་དུ་གཡོ་འགུལ་མེད་པ་རུ། །སྔགས་ཀྱང་མི་བཟླ་ལུས་གནད་ཀྲིག་གེར་བཅའ། །རེས་འགའ་གཉིད་པ་ལྟར་དུ་རོ་ཉལ་བྱེད། །རེས་འགའ་གསེར་སྐུ་བཞག་འདྲར་ལུས་གནད་བསྲང་། །དེ་ལྟར་རེས་མོས་བྱས་པས་བོགས་ཤིག་འབྱུང་། །དེ་ནས་ནད་ལ་བརྟེན་ནས་བོགས་འདོན་པ། །ནད་ཀྱི་རྒྱུ་ནི་སྔོན་གྱི་སྡིག་སྒྲིབ་སྟེ། །སྡིག་སྒྲིབ་སྦྱོང་ཐབས་སྟོང་ཉིད་ཀླུ་བསྒོམ་པ་ཟབ། །དཔེར་ན་མུན་པར་སྒྲོན་མེ་བལྟམས་པ་བཞིན། །ནད་ཀྱི་རྐྱེན་ནི་གདོན་བགེགས་འབྱུང་པོ་སྟེ། །དམིགས་པའི་ཏིང་འཛིན་མང་པོ་ལྷ་འདྲེས་ཤེས། །དམིགས་
མེད་སྟོང་ཉིད་ལྷ་འདྲེས་བསྒོམ་མི་ཤེས། །དེ་ཕྱིར་གདོན་འདུལ་མཆོག་ཀྱང་སྟོང་ཉིད་དེ། །སྟོང་པ་ཉིད་ལ་སུས་ཀྱང་གླག་མི་རྙེད། །ནད་ཀྱི་འབྲས་བུ་ན་སྙམ་རྣམ་རྟོག་སྟེ། །རྣམ་རྟོག་དེ་ལ་གཅེར་གྱིས་བལྟས་པ་ན། །ན་དང་མི་ནའི་རྣམ་རྟོག་ཁྱད་པར་མེད། །ང་ན་བསམ་མཁན་རྣམ་རྟོག་དེ་ཉིད་ལ། །བཅས་བཅོས་མེད་པར་མཉམ་པར་གཞག་པའི་ཚེ། །གཟེར་དེ་འཕྲལ་དུ་ཞི་བར་མ་གྱུར་ཀྱང་། །ན་བའི་སྡུག་བསྔལ་ཕྱག་རྒྱ་ཆེན་པོར་འཆར། །དེ་ལ་ཅུང་ཞིག་རྒྱུན་བསྲིང་བསྒོམ་པ་ན། །གཟེར་ཆེན་རྐང་ཆགས་ལུས་པོ་སྦྲིད་ཆིལ་འགྲོ། །དེ་ལ་ཡུན་རིང་བསྲིངས་ནས་བསྒོམ་ནུས་ན། །སྒྲིབ་པ་དག་པས་ནད་གདོན་རང་སར་ཞི། །དེ་ནི་རྒྱལ་བ་རྒོད་ཚང་པས་མཛད་པའི། །རོ་སྙོམས་དགོངས་དྲིལ་དོན་གྱི་རྩ་ཐོ་ཡིན། །དེ་བཞིན་གཉེན་འདུན་ཤི་སོགས་སྡུག་བསྔལ་དང་། །གདོན་རྒོད་ལྷ་འདྲེའི་ཆོ་འཕྲུལ་འཇིགས་སྐྲག་དང་། །མ་ཉེས་ཁ་ཡོག་སྐུར་འདེབས་ཚིག་ངན་སོགས། །སྙིང་ལ་མི་བཟོད་རྣམ་རྟོག་གང་སྐྱེས་ལ། །ངོ་བོར་བལྟས་ལ་གཞི་མེད་ཡལ་བཅུག་ན། །དེ་ཀུན་བོགས་འདོན་མཆོག་ཏུ་འགྱུར་བ་སྟེ། །བདེ་དལ་སྒོམ་སྒྲུབ་བརྒྱ་
ལས་ལྷག་པ་ཡིན། །རེ་ཞིག་ཞི་ཡང་ཕྱི་ནས་དུག་རུ་ལྟར། །ལྡང་བར་གྱུར་ན་སྔར་བཞིན་ངོ་བོ་བལྟ། །བདག་དང་བདག་གི་རྗེས་འཇུག་འབྲེལ་ཐོགས་དང་། །མ་འོངས་བདག་འཚང་རྒྱ་བའི་ཞིང་དེར་ཡང་། །དེ་འདྲའི་ངན་རྟོག་ཞི་ཞིང་མེད་པར་ཤོག །ཅེས་སོགས་རྗེས་ནས་བསྔོ་སྨོན་རྒྱ་ཡིས་གདབ། །དེ་ནས་བདེ་བའི་སྒོ་ནས་བོགས་བློའདོན་པ། །བདེ་སྟོང་ཟུང་འཇུག་རྟོགས་པ་མ་སྐྱེས་ན། །སྟོང་པ་ཉིད་ཀྱི་ཏིང་འཛིན་བརྟན་ན་ཡང་། །བླ་མེད་རྒྱུད་ཀྱི་ཕྱག་ཆེན་མིན་གསུངས་པས། །གཏུམ་མོའི་དམིགས་པ་རྩ་སྒྱུརླུང་འཁྲུལ་འཁོར་སྦྱང་། །དྲོད་སྐྱེས་དྲོད་ལ་བརྟན་ནས་བདེ་བ་སྐྱེ། །བདེ་བའི་ངོ་བོ་བལྟས་པས་བདེ་སྟོང་འདྲེས། །བདེ་སྟོང་ཟུང་འཇུག་བོགས་ཆེན་དེ་ནས་འབྱུང་། །དེ་ནས་གསལ་བའི་ངང་ནས་བོགས་འདོན་པ། །རྫོགས་ཆེན་ཐོད་རྒལ་ཉམས་ལེན་སྐྱོང་བ་ན། །འཇའ་འོད་ཐིག་ལེ་ཐིག་ཕྲན་ལྷ་སྐུ་འཆར། །དེ་དང་སེམས་ཉིད་བསྲེས་ལ་ངོ་བོ་བལྟ། །གསལ་སྟོང་ཟུང་འཇུག་བོགས་ཆེན་དེ་ནས་འབྱུང་། །དེ་ནས་མི་རྟོག་ངང་ནས་བོགས་འདོན་པ། །སེང་གེའི་ཉལ་སྟབས་བྱས་ལ་ཉལ་བའི་ཚེ། །བདག་བསྐྱེད་བསྡུ་
རིམ་དམིགས་པ་བྱས་པའི་རྗེས། །གཉིད་ལ་མ་སོང་བར་དུ་ངོ་བོ་སྐྱོང་། །ཤི་བའི་དུས་དང་གཉིད་དུས་ཆ་མཐུན་པས། །ཐིམ་རིམ་དཀར་ལམ་དམར་ལམ་ནག་ལམ་སོགས། །གསལ་པོ་མིན་པར་ཞད་ཙམ་འོང་བར་བཤད། །གཉིད་དུ་ཐིབས་སེ་སོང་ཚེ་ཚོགས་བརྒྱད་ཀྱི། །རྣམ་ཤེས་མི་གསལ་སྙིང་ག་དབུ་མའི་ནང་། །གཞི་ཡི་འོད་གསལ་ཅུང་ཙམ་འཆར་བར་བཤད། །དེ་དག་སོ་སོར་ངོས་ཟིན་དཀའ་ན་ཡང་། །སྒོམ་མཐའི་གཉིད་ཀྱིས་བསུ་བར་བྱས་པ་ཡིས། །གཉིད་མ་ཐག་ཏུ་རྨི་ལམ་མི་རྨིས་པར། །སེམས་ངོ་ངོས་ཟིན་ལྷང་ངེར་གནས་པ་ན། །དེ་ནི་གཉིད་ཀྱི་འོད་གསལ་ཟིན་པ་ཡིན། །དེ་འདྲ་ལན་བདུན་ཟིན་པར་གྱུར་པ་ན། །འཆི་དུས་ཐུགས་དམ་བསྐུལ་མ་མེད་ན་ཡང་། །རང་གིས་ཐུགས་དམ་ཟིན་པར་ཨོ་རྒྱན་གསུངས། །མ་གཉིད་བར་དུ་སེམས་ངོ་མ་ཡེངས་ཤིང་། །གཉིད་ནི་མ་སད་བར་དུ་གཉིད་འཐུགས་པས། །ཟིན་དང་མ་ཟིན་རང་གིས་མི་ཤེས་ཤིང་། །རྨི་ལམ་ཟ་ཟི་ཙམ་ཡང་མི་རྨིས་པར། །སད་མ་ཐག་ཏུ་སེམས་ངོའི་སྟེང་ཉིད་དུ། །ལྷང་ངེར་འཇུག་ཅིང་ཁམས་དྭངས་དབང་པོ་གསལ། །དེ་ནི་འཐུག་པོའི་འོད་གསལ་ཟིན་པ་
ཡིན། །དེ་སྐད་མཉམ་མེད་དྭགས་པོ་ལྷ་རྗེས་གསུངས། །གཉིད་མ་ཐག་ཏུ་སེམས་ངོ་ཟིན་པ་ལ། །སེམས་ངོའི་ངང་ནས་འགྱུ་བ་ཅུང་ཟད་འབྱུང་། །གཉིད་པའང་ཤེས་ཤིང་ཁྱིམ་གྱི་ནང་ཀུན་མཐོང་། །སེམས་ངོ་མ་ཡེངས་ངང་ནས་ཞལ་གཟིགས་སོགས། །མཐོང་སྣང་ཐོས་སྣང་རྣམ་པ་སྣ་ཚོགས་པ། །དེ་ནི་སྲབ་མོའི་འོད་གསལ་ཟིན་པའོ། །གཉིད་མ་ཐག་ཏུ་སེམས་ངོ་མ་ཟིན་ཀྱང་། །མིག་ནས་འོད་ཟེར་རག་དུང་འདྲ་བ་འབྱུང་། །ཡང་ན་ཟླ་ཐིག་ཉི་ཟེར་འདྲ་བ་མཐོང་། །དེ་ཡི་རྐྱེན་གྱིས་སེམས་ངོ་གསལ་པོར་ཟིན་། །དེ་ཡི་ངང་ནས་འོད་དེས་རྐྱེན་བྱས་ནས། །ཁང་ཁྱིམ་རི་བྲག་རྣམས་ཀྱིས་མ་བསྒྲིབ་པར། །ཐག་རིང་ཡུལ་དང་མི་ཡིས་ཅི་བྱེད་མཐོང་། །ཅི་ཟེར་ཐོས་སོགས་རེས་འགའ་འབྱུང་བ་ན། །དེ་ནི་ཉམས་ཀྱི་འོད་གསལ་བྱ་བ་ཡིན། །དེ་ལྟར་གཉིད་ལ་བརྟེན་ནས་ཉམས་ལེན་པ། །དེ་ནི་མི་རྟོག་པ་ཡི་བོགས་འདོན་ཆེ། །དེ་ལྟར་འོད་གསལ་ཟིན་པར་མ་གྱུར་ན། །སྙིང་གར་ཀུན་གཞིའི་རྣམ་ཤེས་འཐུམ་པ་དེ། །ལས་ཀྱི་རླུང་གིས་ཁྲིད་ནས་རྩ་རྒྱུད་འགྲིམ། །དེ་ལ་བརྟེན་ནས་རྨི་ལམ་སྣ་ཚོགས་འབྱུང་། །རྨི་ལམ་ཨི་ཡིན་མ་
ཤེས་ངང་ཉིད་ལ། །ཉིན་གྱི་བག་ཆགས་བསྐྱེད་རྫོགས་ཟིན་པ་ན། །དེ་ནི་རྨི་ལམ་འོད་གསལ་ཞེས་བྱའོ། །དང་པོ་རྨི་ལམ་ཡིན་པར་ངོས་ཟིན་ནས། །དེ་ནས་བསྐྱེད་རྫོགས་བསྒོམ་པས་ཉིན་ལས་གསལ། །ཡང་ན་བྱ་སོགས་ལུས་ཀྱི་སྤྲུལ་བསྒྱུར་གྱིས། །ཞིང་ཁམས་བགྲོད་དང་ཞལ་མཇལ་ཆོས་ཞུ་སོགས། །དེ་ལྟར་གཉིད་ལ་བརྟེན་ནས་བོགས་འདོན་ཏེ། །ཀྱེ་རྡོ་རྗེ་ལས། གཉིད་ནི་སྤང་བར་མི་བྱ་ཞིང་། །དབང་པོ་རྣམ་ཀྱང་མི་དགག་གོ །གསུངས་པའི་དོན་ཡང་དེ་ལ་དགོངས་པ་ཡིན། །དེ་ཡང་གསར་བུས་ཉམས་ལེན་སྐྱོང་བའི་ཚེ། །ཉིན་མོ་མི་སྙན་ཝ་དང་ཁྭ་ཏའི་སྐད། །ལུག་ཁྱུ་མ་བུ་འདྲེས་དང་ཀུ་ཅོའི་སྒྲ། །མཚན་མོ་ཁྱི་སྐད་ཆུ་སྒྲ་ཆེ་བ་རྣམས། །ཏིང་ངེ་འཛིན་ལ་ཤིན་ཏུ་གནོད་པའི་ཚེ། །གནོད་པའི་སྒྲ་གཅིག་ལ་ནི་སེམས་གཏད་དེ། །སྒྲ་དང་སེམས་དེ་བསྲེས་ལ་ངོ་བོ་བལྟ། །སྒྲ་དེ་རྣ་བར་ཐོས་ཀྱང་ངོ་བོ་སྟོང་། །དེ་འདྲ་ལན་འགའ་བྱས་ལ་ནན་གྱིས་བསྒོམ། །དེ་ནས་ཐོས་ཚད་སྒོམ་གྱི་ངོ་བོར་འཆར། །སེམས་ངོ་མ་ཡེངས་ཧྲིག་གེར་སྐྱོང་བའི་ཚེ། །གཟུགས་ཀྱི་རྣམ་པ་སྣ་ཚོགས་གང་ཡང་རུང་། །གསལ་བར་མཐོང་ཡང་འདི་ཡིན་འདི་མིན་
གྱི། །འཛིན་པ་མི་འཇུག་སེམས་ངོའི་ངང་དུ་གནས། །དཔེར་ན་བུ་ཆུང་ལྷ་ཁང་མཇལ་བ་བཞིན། །སེམས་ཉིད་སྤྲོས་བྲལ་སྟོང་པའི་ངང་ལ་གནས། །དེ་ནི་སྤྲོས་བྲལ་ངོ་བོ་སྐྱོང་ལུགས་ཏེ། །འཛིན་པའི་སེམས་དེ་སྟོང་པར་རྟོགས་ན་ཡང་། །གཟུང་བའི་ངོ་བོ་སྟོང་པར་མ་རྟོགས་པས། །རྡོར་དྲིལ་ལ་སོགས་གཟུགས་ཤིག་མདུན་དུ་བཞག །དེ་དང་སེམས་ངོ་བསྲེས་ནས་སྒོམ་པ་ཡིས། །གཟུགས་དེ་མེད་ནི་སོང་བ་མ་ཡིན་པར། །གཟུགས་དང་སེམས་འདྲེས་ངོ་བོ་སྟོང་པར་རྟོགས། །དེ་བཞིན་མདུན་གྱི་བྲག་སོགས་ལ་ཡང་བྱ། །དེ་ནས་མཐོང་ཚད་གཟུགས་ཀུན་དུས་གཅིག་བསྲེ། །དེ་ནས་གླིང་བཞི་རི་རབ་སྟོང་གསུམ་ཁམས། །ཡིད་ལ་བཀོད་ནས་བསྲེས་པས་དབྱེར་མེད་འདྲེས། །དེ་ནས་བསྲེ་བ་ལ་སོགས་མི་དགོས་པར། །ཕྱི་ནང་སྣོད་བཅུད་གཟུགས་རྣམས་ཐམས་ཅད་ཀུན། །རྒྱ་མཚོར་ཤར་བའི་གཟའ་སྐར་ཇི་བཞིན་དུ། །རྣམ་པ་གསལ་ཡང་ངོ་བོ་སྟོང་ཉིད་སྒྱུ་དུ། །སྒོམ་ཡང་མི་དགོས་རང་བཞིན་ཤུགས་ཀྱིས་འཆར། །དེ་བཞིན་ནམ་མཁའ་ཉིད་དང་སེམས་བསྲེས་ལ། །ངོ་བོ་སྐྱོང་བས་སེམས་དང་ནམ་མཁའ་འདྲེས། །དེ་བཞིན་ནམ་
མཁས་གར་ཁྱབ་ཡིད་བཀོད་ལ། །སེམས་དང་བསྲེས་པས་དབྱེར་མེད་གཅིག་འདྲེས་ནས། །འདི་ཕན་ནམ་མཁའ་འདི་ཚུན་སེམས་ཡིན་ཞེས། །ཕྱེ་རྒྱུ་མེད་པར་ཉམས་ལེན་གཅིག་གི་ངང་། །དང་པོ་ཡི་དམ་ལ་སོགས་སངས་རྒྱས་གཅིག །ཐུགས་ཡིད་དབྱེར་མེད་བསྲེས་ལ་ངོ་བོ་བལྟ། །དེ་ནས་དེ་བཞིན་སངས་རྒྱས་ཀུན་དང་བསྲེ། །དེ་བཞིན་སེམས་ཅན་གཅིག་དང་ཀུན་ལ་བསྲེ། །རྒྱལ་བ་ཀུན་གྱི་ཐུགས་དང་འགྲོ་ཀུན་སེམས། །རང་སེམས་དབྱེར་མེད་རྟོགས་པའི་བོགས་ཆེན་འབྱུང་། །དམིགས་པས་བསྒོམ་དང་གོ་བ་ཟླུམ་ཡིན་པར། །ངེས་པར་གཏིང་ནས་རྟོགས་ན་ལྟ་བ་ཡིན། །ད་རུང་ཡེངས་སྐབས་བརྗེད་སྐབས་མང་དུ་འབྱུང་། །དེ་བཞིན་འཆི་བ་མི་རྟག་བརྗེད་གྱུར་བས། །བརྩོན་འགྲུས་ཐང་ལྷོད་ཤོར་བའི་རྐྱེན་བྱེད་པས། །རང་གི་སྒྲུབ་ཁང་ནང་གི་ཕྱོགས་བཞི་རུ། །ས་དཀར་སྣག་ཚ་བཙག་གསུམ་གང་བདེ་ཡིས། །འཆི་བ་ཟེར་བའི་ཡིག་འབྲུ་ཆེན་པོ་དང་། །མ་ཡེངས་ཟེར་བའི་ཡིག་འབྲུ་ཆེན་པོ་བྲི། །ཕྱོགས་བཞི་གང་དུ་བལྟས་ཀྱང་དེ་མཐོང་བྱ། །དབུས་གཙང་དེ་འདྲའི་ཕྱག་སྲོལ་མིག་གིས་མཐོང་། །དེ་བཞིན་འཆི་བ་མི་རྟག་དྲན་པ་
དང་། །འཆི་བ་དྲན་ནས་སེམས་ངོ་བལྟ་དྲན་བྱ། །བདེ་ཉམས་འཐུག་པོ་སྐྱེས་པའི་དུས་ཉིད་དུ། །ཡེངས་མེད་འཁོར་ཡུག་འདྲ་བ་འབྱུང་ན་ཡང་། །རིང་ཡང་ལོ་ཟླ་ཙམ་ལས་རྟག་མི་ཐུབ། །རྟོགས་པ་དངོས་གཞི་ཡེངས་སྐབས་ཤིན་ཏུ་མང་། །དྲན་ཚེ་ཡེངས་སོང་སྙམ་དུ་འགྱོད་པ་ཤོར། །ནམ་ཙམ་ཡེངས་སོང་སྙམ་ནས་རྗེས་ར་བྱེད། །དེ་ནས་བློ་སེམས་མི་བདེ་སྐྱོང་མི་འདོད། །དེ་ཡི་བོགས་འདོན་དྲན་པའི་སྐབས་དེ་ནས། །དེ་སྔ་ཡེངས་ཚད་རྣམ་རྟོག་དུ་སོང་ཀུན། །ཡིད་ལ་བཀོད་ལ་ཕྱི་བལྟས་བྱེད་པ་ལྟར། །ངོ་བོ་བལྟས་པས་སྟོང་པར་སངས་ཀྱིས་འགྲོ། །དེ་ཡིས་བློ་ཁ་ཚིམས་ཤིང་གོ་ཆོད་གསུངས། །དེ་དོན་མཉམ་མེད་དྭགས་པོ་ལྷ་རྗེ་ཡིས། །ངོ་བོ་རྟོགས་ན་ཅུང་ཟད་ཡེངས་སྐབས་ཀྱི། །རྣམ་རྟོག་དེ་ཡིས་སྒྲིབ་པར་མི་ནུས་གསུངས། །གཏན་ནས་ཡེངས་སྐབས་མེད་པ་དེ་འདྲ་ནི། །སྒོམ་མེད་མ་རྟོགས་བར་དུ་མི་འོང་བ། །མར་པའི་རླུང་སེམས་གཉིས་མེད་ཁྲིད་ཡིག་གསལ། །དེང་སང་ཡེངས་མེད་ཡོད་ཟེར་ཕལ་ཆེར་ནི། །བདེ་ཉམས་སྐབས་ཀྱི་ཡེངས་མེད་ཡིན་པར་སྣང་། །དེ་ལྟར་ཡེངས་མེད་དངོས་དེ་མི་འབྱུང་དོན། །ཐུགས་ནི་
མཉམ་པར་མ་གཞག་མི་མངའ་བར། །སངས་རྒྱས་མ་འདྲེས་ཆོས་སུ་གསུངས་ཕྱིར་རོ། །ཡེངས་དང་མ་ཡེངས་དྲན་དང་མ་དྲན་དང་། །གཉིད་དང་མ་གཉིད་དོན་ལ་ཁྱད་མེད་དེ། །ངོ་བོ་སྟོང་ཉིད་ཆོས་སྐུ་རྗེན་པ་ཉིད། །མ་དྲན་ཡེངས་པས་ངན་དུ་མི་འགྲོ་ལ། །དྲན་ཞིང་སྒོམ་ཡང་བཟང་དུ་མི་འགྲོ་བར། །འགྱུར་མེད་ས་ལེ་སྦྲམ་གྱི་གསེར་བཞིན་དུ་། །རྟོགས་པ་འདི་ནི་ངོ་བོ་རྟོགས་པ་སྟེ། །དེ་ཡི་གོ་བ་ཙམ་ལ་གདེང་བཅས་ནས། །དགེ་སྦྱོར་སྤངས་ན་བདུད་ཀྱི་ལས་སུ་འགྱུར། །ཡེངས་དང་མ་ཡེངས་ཁྱད་མེད་གདེང་རྙེད་ཀྱང་། །ཡང་ཡང་དྲན་པས་གསལ་འདེབས་ཟབ་པར་གསུངས། །འདི་དོན་དྭགས་པོས་མི་ལ་མ་མཇལ་བར། །མ་དགོངས་སྒོམ་ལ་འོ་རྒྱལ་བྱུང་ཞེས་གསུངས། །འདི་དོན་ཕག་གྲུས་ཞུས་ལན་སྐབས་སུ་གསལ། །ཁྲིད་ཡིག་རྣམས་དང་བླ་མ་རྣམས་ཀྱིས་གསུངས། །རང་གི་ཉམས་མྱོང་བསྟུན་པས་བློ་བདེ་རྙེད། །མཉམ་རྗེས་འདྲེས་པའི་བོགས་ཆེན་དེ་དུས་འབྱུང་། །འགའ་ཞིག་བདེ་ཉམས་ལུས་སེམས་བདེ་བས་རྒྱས། །ཉིན་མོ་སྐད་ཅིག་ཙམ་ཡང་ཡེངས་པ་མེད། །སེམས་ལ་ངེས་ཤེས་དགའ་བ་ཆེན་པོ་ཡོད། །དེ་བཞིན་སེམས་ནི་
གསལ་སྟོང་རྗེན་པར་བུད། །ལྷང་ངེ་རྗེན་ནེ་ངེས་ཤེས་གདེང་དང་ལྡན། །གཉིད་དུས་ཕལ་ཆེར་དེ་ཡི་ངང་དུ་འགྲོ། །རྟོགས་པ་འདི་འདྲ་གཞན་ལ་མེད་སྙམ་ནས། །རང་རྩིས་ཆེ་ཞིང་རྟོགས་ལྡན་མཆོག་ཏུ་རློམ། །དེ་གཉིས་ཉམས་ཡིན་བཤིགས་ནས་མ་བསྒོམས་ན། །གསེར་དུ་རློམས་ནས་ར་གན་འཆང་དང་མཚུངས། །དེ་གཉིས་་བཤིག་རྒྱུ་བཤིག་ལུགས་གང་ཡིན་ན། །ངེས་ཤེས་བརྟན་པོ་དེ་ཉིད་བཤིག་དགོས་སོ། །ངེས་ཤེས་དེ་ནི་རྣམ་པར་རྟོག་པ་ཡིན། །རྣམ་པར་རྟོག་པ་མ་རིག་འཁོར་བའི་རྒྱུ། །ཕྱག་རྒྱ་ཆེན་པོ་མི་རྟོག་ཡེ་ཤེས་ཡིན། །དེ་ཕྱིར་བཀའ་བརྒྱུད་གོང་མའི་གསུང་རྣམས་ལ། །སྒོམ་འདེབས་ཤེས་པ་མང་སྟེ་བཤིག་ཤེས་དཀོན། །ཞེས་གསུངས་དོན་ཡང་དེ་ལ་དགོངས་པ་ཡིན། །འོ་ན་སྒོམ་དེ་ཇི་ལྟར་ཡིན་ཞེ་ན། །ཚེ་རབས་སྔོན་གྱི་ལས་འཕྲོ་སད་པའམ། །ཚོགས་བསགས་སྒྲིབ་སྦྱངས་བྱས་པའི་འབྲས་བུ་འམ། །མོས་གུས་སྟོབས་ཀྱིས་བྱིན་རླབས་ཞུགས་པའམ། །ཡི་དམ་བསྙེན་སྒྲུབ་ཐེམ་པའི་དངོས་གྲུབ་ལས། །ཅི་ཡིན་ཆ་མེད་རང་ཡང་དགོད་བྲོ་བ། །སྔོན་གྱི་ཉམས་རྟོགས་བཟང་དགུ་ཤུན་པར་བུད། །
ངེས་ཤེས་ཡོད་པ་ཐམས་ཅད་གཏིང་ནས་གཏོར། །བསྒོམ་བྱ་སྒོམ་བྱེད་འཛིན་པ་ཅི་ཡང་མེད། །ཐ་མལ་ཆོས་མ་ཐོས་དུས་སེམས་ཉིད་དེ། །ཕྱག་རྒྱ་ཆེན་པོར་ལྷན་གྱིས་རྟོགས་གྱུར་པས། །ཨ་ཨ་འདི་ཉིད་ཡིན་པར་འདུག་པ་ལ། །བླ་མས་མ་གསུངས་པ་ལ་མགོ་བསྐོར་བཏང་། །རང་གིས་མ་རྟོགས་ཧ་རེ་ལོང་དུ་སོང་། །ད་ནི་བསྒོམ་རྒྱུ་ཅི་ཡང་མི་འདུག་པས། །ཁ་རོག་བསྡད་པ་འདི་ཀས་ཆོག་པར་འདུག །སྙམ་ནས་སེམས་ཉིད་ངལ་སོས་ལྟ་བུ་འགྱུར། །ཐ་མལ་ཤེས་པ་རྗེན་པ་ཞེས་བྱ་དང་། །ཆེན་པོ་གསུམ་གྱིས་བློ་ཡིས་མ་རེག་དང་། །སྨྲ་བསམ་བརྗོད་མེད་སྤྲོས་དང་བྲལ་བ་རྣམས། །ཐམས་ཅད་དེ་ཡི་མིང་གི་རྣམ་གྲངས་ཏེ། །མ་ཡེངས་དྲན་རྫིའི་ཡང་ཡང་གསལ་འདེབས་ལས། །བྱ་རྒྱུ་ཅི་ཡང་མེད་པ་ཉམས་ལེན་ཡིན། །ཐོས་པ་ཆུང་ན་དེ་ཡིས་ཡིད་མི་ཚིམ། །གསལ་སྟོང་རྗེན་པ་བདེ་ཉམས་ཡོད་པ་འདོད། །སྔོན་བཞིན་ཨེ་འོང་ཚད་ཀྱང་མ་བྱུང་བས། །ཉམས་ལེན་ཞན་དུ་སོང་སྙམ་སེམས་མི་དགའ། །དེ་ནི་རྟོགས་པ་ཉམས་ལ་ཤོར་བ་ཡིན། །དེ་ཡི་བོགས་འདོན་དེ་ཉིད་སྐྱོང་བ་ལས། །ཉམས་རྟོགས་བཟང་པོའི་འདོད་པ་སྤང་བར་
བྱ། །དེ་ནས་གོལ་ས་ཤོར་ས་ཡོལ་བ་ཡིན། །གསལ་དྭངས་ཐོན་དང་མ་ཐོན་ཙམ་ཞིག་ལས། །ངོ་བོ་དེ་ལ་འགྱུར་བ་མེད་པ་ཡིན། །ཞེས་པ་ཤིང་སྦྲུལ་མགོ་ཡི་ཟླ་བ་ཡི། །བཅུ་གཅིག་དང་ནི་བཅུ་གཉིས་དགོང་ཐུན་མཚམས། །བླ་མ་བརྩོན་འགྲུས་རྒྱ་མཚོས་བསྐུལ་བྱས་ནས། །རཱ་ག་ཨ་སྱས་བསམ་བློ་མ་བཏང་བར། །འཕྲལ་དུ་གང་དྲན་སྨྲས་ཕྱིར་གོ་རིམ་འཆོལ། །དེ་ཡི་ནོངས་པ་མཁྱེན་ལྡན་རྣམས་ལ་བཤགས། །འདི་རུ་གོ་རིམ་འཆོལ་བར་གྱུར་ན་ཡང་། །ཁྲིད་ཡིག་རྣམས་སུ་གོ་རིམ་གསལ་མོད་ཀྱི། །དེ་ལ་ནི་རིམ་གྱིས་པ་ཡི་དབང་དུ་མཛད། །ཐོད་རྒལ་བ་ལ་གོ་རིམ་མ་ངེས་བྱ། །གོ་རིམ་འཆོལ་ཡང་ཧ་ཅང་འགལ་བ་མེད། །འདི་ཉིད་བཤད་པའི་ཆོས་ནི་མ་ཡིན་ཕྱིར། །ས་བཅད་་གོ་རིམ་ལུང་འདྲེན་སྤྲོས་པ་བསྐྱུངས། །འདི་ཉིད་སྙན་དངགས་བསྟན་བཅོས་མ་ཡིན་ཕྱིར། །ཚིག་གི་མཛེས་རྒྱན་སྡེབ་སྦྱོར་སྤྲོས་པ་བསྐྱུངས། །འདི་ཉིད་གཞུང་གི་བཤད་པ་མ་སྒྱུ་ཡིན་ཕྱིར། །རང་ལུགས་གཞན་ལུགས་དགག་བཞག་སྤྲོས་པ་བསྐྱུངས། །འདི་ཉིད་མཁས་འདོད་བསྟན་བཅོས་མ་ཡིན་ཕྱིར། །ཡིག་ཆ་མང་པོ་བསྡུ་བའི་བྲི་བཤུ་བསྐྱངས།
འདི་ཉིད་གཞན་ཟེར་རྗེས་ཟློས་མ་ཡིན་ཕྱིར། །གྲུབ་ཆེན་གོང་མའི་གསུང་གི་ལུང་འདྲེན་བསྐྱུངས། །བླུན་པོའི་རང་བཟོ་བླུན་ཚིག་མ་ཡིན་པས། །མདོ་རྒྱུད་གོང་མའི་གསུང་དང་འགལ་བ་མེད། །རང་གི་ཉམས་མྱོང་ལྷུག་པར་སྨྲས་པའི་ཕྱིར། །རང་འདྲའི་དམན་པ་འགའ་ལ་ཕན་ནམ་སྙམ། །དེ་ཕྱིར་བླ་མ་བཱིརྱ་སཱ་ག་རས། །འཁྱག་བསྒྱུར་བྱས་ཏེ་སྒྲོན་མེའི་ངོགས་ལ་བྲིས། །དགེ་བས་མཐོང་ཚད་ཉམས་རྟོགས་མཐར་ཕྱིན་ཤོག །ལེའུ་སོ་བདུན་པའོ་མངྒ་ལཾ།། །།