ལྷ་མོའི་བསང་མཆོད་སྣ་ཁ་གཉིས།
ལྷ་མོའི་བསང་མཆོད་ཡོད། ན་མོ་དེ་ཝི་ཀཱ་ལི་ཡེ། ཕྱི་ལྟར་ལྷ་མོ་དབྱངས་ཅན་མ། །ནང་ལྟར་རྡོ་རྗེ་ཕག་མོ་སྟེ། །གསང་བ་དཔལ་ལྡན་དུད་སོལ་མ། །སྔགས་ཀྱི་སྲུང་མ་རེ་མ་ཏི། །སྐུ་ལུས་གཅིག་ལ་སྤྲུལ་པ་སྟོང་། །དོན་དམ་འཕགས་མ་སྒྲོལ་མ་ཉིད། །སྤྲུལ་པ་བརྒྱ་སྟོང་གྲངས་མེད་པ། །ཆུ་བོ་བཞི་ཡིས་མཐར་ཐུག་པ། །འཛམ་གླིང་ཁྱབ་པར་ཀུན་ཏུ་རྒྱུ།།བྱང་ཆུབ་སེམས་ལྡན་རྣལ་འབྱོར་མ། །ལུས་དང་གྲིབ་བཞིན་རྗེས་སུ་འབྲང་། །མ་དང་སྲིང་མོ་འཛའ་མོ་དང་། །བྲན་མོའི་ཚུལ་དུ་ཕྲིན་ལས་སྒྲུབས། །ཡེ་ཤེས་ལས་དང་འཇིག་རྟེན་ཚུལ། །ལྷ་མོ་འཁོར་དང་བཅས་པ་བསང་། །ཐུགས་དང་འགལ་བ་སྙིང་ནས་བཤགས། །སྐྱེ་བ་མང་པོའི་གོང་རོལ་ནས། །ལྷ་མོ་ཁྱོད་དང་དམ་ཚིག་གཅིག །བདག་དང་བརྒྱུད་པར་བཅས་པ་ལ། །མ་ལྟར་བྱམས་པའི་ཐུགས་ཀྱིས་སྐྱོངས། །སྲིང་ལྟར་གདུང་བའི་ཐུགས་ཀྱིས་དགོངས། །གྲོགས་ལྟར་འབྲེལ་བར་མཛད་པ་ཡིས་། །ཁྲོན་ལྟར་ཅི་བསམ་ཡིད་བཞིན་སྒྲུབས། །བདག་ཅིག་མི་ནོར་འཁོར་བཅས་ལ། །ཡམས་ནད་རིམས་ནད་མེད་པ་ཡི། །གཉེར་ཁ་མགཅིག་ཁྱེད་ཀྱིས་མཛོད། །ཅེས་ལྷ་
མོ་རྒྱན་བཟང་ཞི་ལོགས་ཀྱང་ནད་རིམས་ཀྱི་རྟགས་ཤིག་བྱུང་ནས་ཨ་རཱ་གས་བྲིས། དཔལ་ལྡན་ལྷ་མོའི་རྒྱུན་བསང་བཞུགས་སོ།། བྷྱོ༔ རང་བཞིན་གནས་ཞིང་ཐམས་ཅད་ནས། །དཔལ་ལྡན་ཡེ་ཤེས་ལྷ་མོ་མཆོག །མཁའ་འགྲོ་ནག་མོ་དུད་སོལ་མ། །འཁོར་བཅས་སྤྱན་འདྲེན་གཤེགས་སུ་གསོལ། །སྣང་ཞིང་སྲིད་པའི་མཆོད་པའི་ཚོགས། །བསྐང་བསྟེན་མ་ཚང་མེད་པའི་རྫས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ། །དགྱེས་པར་བཞེས་ལ་དངོས་གྲུབ་སྩོལ། །གཙང་མ་བསང་གི་མཆོད་པ་འབུལ། །མ་དག་ཉེས་པ་ཀུན་བྱང་ཤོག །གསང་བ་གསུམ་གྱི་དམ་ཚིག་ཚོགས། །འགལ་བ་ཅི་མཆིས་འགྱོད་པས་བཤགས། །སྒྲུབ་མཆོག་བདག་གི་བར་ཆད་སོལ། །རྟག་ཏུ་མི་འབྲལ་བུ་བཞིན་སྐྱོང་། །རྣམ་བཞིའི་ཕྲིན་ལས་ཐམས་ཅད་ནི། །ཐོགས་མེད་འགྲུབ་པར་མཛད་དུ་གསོལ། །ཨ་རཱ་གས་སོ།།