གཅོད་བསང་བསྡུས་པ།
གཅོད་བསང་བསྡུས་པ་བཞུགས་སོ།། ན་མོ་དཀོན་མཆོག་གསུམ་དང་རྩ་བ་གསུམ། །སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི། །འགྲོ་ཀུན་བདེ་ལྡན་སྡུག་བསྔལ་བྲལ། །བདེ་བའི་སངས་རྒྱས་སར་འགོད་ཤོག །ཀ་དག་ཀློང་ནས་སྤྲུལ་པ་ཡི། །གནམ་ས་གང་བའི་མཆོད་སྤྲིན་འཁྲིགས། །བསངས་དུད་འདོད་ཡོན་ལོངས་སྤྱོད་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ བསང་མཆོད་འདོད་ཡོན་ལྔ་ལྡན་འདིས། །གཅོད་ཡུལ་བརྒྱུད་པའི་བླ་མ་རྡོ་རྗེ་འཆང་། །བཀའ་བརྒྱུད་བླ་མ་ཐམས་ཅད་བསང་། །ཆོས་སྐུའི་ཡུམ་ཆེན་ཕྱོགས་བཅུའི་སངས་རྒྱས་བསང་། །ཤཱཀྱ་ཐུབ་པ་བསྐལ་བཟང་སངས་རྒྱས་བསང་། །དམ་པ་སངས་རྒྱས་གྲུབ་ཆེན་བརྒྱད་ཅུ་བསང་། །རྡོ་རྗེ་ཕག་མོ་མཁའ་འགྲོ་སྡེ་ལྔ་བསང་། །མ་གཅིག་ལབ་སྒྲོན་བཀའ་བབ་བུ་ཆེན་བསང་། །ཁྲོས་མ་ནག་མོ་རིགས་བཞི་མཁའ་འགྲོ་དང་། །གདོང་ཅན་བཞི་ཡི་མཁའ་འགྲོ་འཁོར་བཅས་བསང་། །བྱ་རྒྱུད་སྤྱོད་རྒྱུད་རྣལ་འབྱོར་བླ་མེད་རྒྱུད། །གཅོད་ཡུལ་བརྒྱུད་པའི་བླ་མའི་ལྷ་ཚོགས་བསང་། །མྱུར་མཛད་མགོན་པོ་ཡུམ་ཆེན་རེ་མ་ཏི། །ཨ་གྷོ་ར་སོགས་དུར་ཁྲོད་བདག་པོ་བསང་། །སྤྱང་ཞོན་ལྷ་མོ་
མཆེད་གསུམ་དམག་གི་རྒྱལ། །གཅོད་ཡུལ་བཀའ་སྲུང་བསྟན་འཛིན་ཐམས་ཅད་བསང་། །རཱ་ཧུ་ལ་དང་གདོང་མོ་མཆེད་སྡེ་བཞི། །ཡེ་ཤེས་གཟའ་ཆེན་འཁོར་བཅས་ཐམས་ཅད་བསང་། །བཙན་རྒོད་འབར་མ་མ་རུངས་མཆེད་སྡེ་བདུན། །ཡམ་ཤུད་བཙན་གྱི་རིགས་རྒྱུད་ཐམས་ཅད་བསང་། །ནོར་ལྷ་མཆེད་བརྒྱད་རྒྱལ་ཆེན་སྡེ་བཞི་སོགས། །ཛཾ་ལྷ་རིགས་ལྔ་ལྷ་མོ་ནོར་རྒྱུན་བསང་། །ཚངས་པ་བརྒྱ་བྱིན་ལྷ་མོ་བརྟན་མ་སོགས། །ས་བདག་ཀླུ་རིགས་དགེ་བསྙེན་ཐམས་ཅད་བསང་། །ཐང་ལྷ་ཡར་ཞུད་འོད་དེ་གུང་རྒྱལ་དང་། །སྐུ་ལྷ་མཁའ་རི་ཡར་ལྷ་ཤམ་པོ་སོགས། །ཀླུ་རྒྱལ་དྲག་པོ་ཟླ་སྐྱོང་ཐམས་ཅད་བསང་། །མགུར་ལྷ་བཅུ་གསུམ་བརྟེན་མ་བཅུ་གཉིས་དང་། །ལྷ་ཀླུ་གཉན་སོགས་སྣང་སྲིད་ཐམས་ཅད་བསང་། །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ཐམས་ཅད་ན། །གཅོད་ཡུལ་བཀའ་དང་འཁོར་དུ་གཏོགས་ཚད་བསང་། །དངོས་འབྱོར་ཡིད་སྤྲུལ་གཟུགས་སྒྲ་དྲི་རོ་རེག །ཕུན་སུམ་ཚོགས་པའི་མཆོད་པ་ཕུལ་བའི་མཐུས། །དམ་པ་མ་གཅིག་ལབ་སྒྲོན་དམ་བཞག་ལྟར། །གཅོད་ཡུལ་བསྟན་ལ་གནོད་པའི་དགྲ་བགེགས་སྒྲོལ། །
རིགས་དྲུག་ལན་ཆགས་བུ་ལོན་བྱང་གྱུར་ཅིག །ནམ་མཁས་ཁྱབ་པའི་སེམས་ཅན་ཐམས་ཅད་ལ།། །བདེ་སྐྱིད་ཕུན་ཚོགས་བསྟན་པ་དར་བ་དང་། །ཚེ་རིང་ནད་མེད་ལོ་ལེགས་ཕྱུགས་འཕེལ་ཞིང་། །དགོས་འདོད་ཆར་ལྟར་འབེབས་པའི་དངོས་གྲུབ་སྩོལ། །ཕྱི་མར་ཐར་པའི་ལམ་མཆོག་ཐོབ་པར་ཤོག །གཅོད་ཡུལ་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། །མི་ནུབ་བསྟན་པའི་རྒྱལ་མཚན་འཛུགས་གྱུར་ཅིག །སངས་རྒྱས་བསྟན་པ་དར་བ་ཡི། །དགེ་འདུན་སྡེ་ཚོགས་འཕེལ་གྱུར་ཅིག །བཀྲ་ཤིས་དོན་དང་ལྡན་གྱུར་ཅིག །རཱ་ག་ཨ་སྱས་སྦྱར་བའོ།། །།