Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་གཅིག་པ།


  expand section
   
  expand section
རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་བཤད་སྦྱོར།  ཏ་ཐཱ་ག་ཏ་རཀཥི་ཏ།
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
  collapse section
   
   
   
   
  expand section
  expand section
   


 
previousརྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་བཤད་སྦྱོར། ཏ་ཐཱ་ག་ཏ་རཀཥི་ཏ།next

རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་བཤད་སྦྱོར།
ཏ་ཐཱ་ག་ཏ་རཀཥི་ཏ།

ངེས་པར་བསྟན་པ་དང་པོ།


DTG021_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཡོ་གི་ནཱི་སཾ་ཙཱཪྻ་ནི་བནྡྷཾ། བོད་སྐད་དུ། རྣལ་འབྱོར་མ་ཀུན་དུ་སྤྱོད་པའི་བཤད་སྦྱར། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །རྟག་ཏུ་བདེ་བའི་སེམས་ནི་ཐུགས་ཀྱི་མགོན་པོ་གཅིག་པོ་སྟེ། །ནང་གི་ངོ་བོར་བདེན་ཞིང་མི་བདེན་ཤིན་ཏུ་མི་གསུང་བ། །སྲིད་ལ་ཕན་པའི་དོན་དུ་གང་གིས་སྐུ་ནི་སྤྲུལ་མཛད་དེ། །སྡུ་གུ་མཛེས་མའི་ཕྱག་གིས་འཁྱུད་པས་འགྲོ་ལས་རྒྱལ་གྱུར་ཅིག །རྒྱུད་འདིར་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པའི་གླེང་གཞིའི་ཚིག་ཅིའི་ཕྱིར་མེད་ཅེས་རྒོལ་བ་ལ། བཅོམ་ལྡན་འདས་ནི་རྟག་ཏུ་གནས་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་མ་ཡིན་ནོ་ཞེས་སློབ་དཔོན་


DTG021_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཁ་ཅིག་གསུང་ངོ༌། །ཡང་གསུངས་པ། སངས་རྒྱས་མྱ་ངན་མི་འདའ་ཞིང༌། །ཞེས་བྱ་བས་སོ། །ཡོངས་སུ་མྱ་ངན་ལས་འདས་པ་སྲིད་ན་སྡུད་པ་པོས་གླེང་གཞིའི་ཚིག་རྗོད་པར་བྱེད་དོ། །དེ་བཞིན་དུ་མདོ་ལས་ཀྱང༌། དགེ་སློང་དག་ང་ཡོངས་སུ་མྱ་ངན་ལས་འདས་ནས་འདི་སྐད་བདག་གིས་ཐོས་པའི་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་ངའི་ཆོས་བསྡུ་བར་གྱིས་ཤིག་ཅེས་སོ། །གཞན་ཡང་རྒྱུད་གཞན་གྱིས་གླེང་གཞིའི་ཚིག་རྒྱུད་འདིར་དྲང་བར་བྱ་སྙམ་དུ་སེམས་སོ། །དང་པོར་རེ་ཞིག་རྗོད་པར་བྱེད་པ་དང༌། བརྗོད་པར་བྱ་བ་དང༌། འབྲེལ་བ་དང༌། དགོས་པ་དང། དེའི་དགོས་པ་རྣམས་ཉེ་བར་མཐོང་ནས་རྟོག་པ་དང་ལྡན་བ་རྣམས་འཇུག་པར་འགྱུར་རོ་ཞེས་བྱ་བ་སྟེ། དེ་ཉིད་བསྟན་པར་བྱ་བའི་ཕྱིར་འདི་སྐད་དུ། ཉན་པོ་ཐོས་ལ་འཇུག་བྱའི་ཕྱིར། །དོན་སྒྲུབ་འབྲེལ་པ་གྲུབ་པ་དང༌། །འབྲེལ་པ་དགོས་པར་བཅས་པ་ནི། །བསྟན་བཅོས་ཀྱི་ནི་དང་པོར་བརྗོད། །ཅེས་སོ། །དེ་ལ་དེ་ནས་ཞེས་བྱ་བ་ནས་བརྩམས་ནས། ཀུན་དུ་སྤྱོད་པ་ཞེས་བྱ་བའི་གཞུང་གི་ཚོགས་ཐམས་ཅད་ནི་རྗོད་བྱེད་དོ། །གང་ཞིག་དེའི་བརྗོད་བྱ་བཅོམ་ལྡན་འདས་དང༌། བཅོམ་ལྡན་འདས་མའི་ངོ་བོ་ཉིད་ནི་བརྗོད་པར་བྱ་བའོ། །བརྗོད་བྱ་དང་རྗོད་བྱེད་དག་གི་དངོས་པོའི་མཚན་ཉིད་དང༌། ཐབས་དང་ཐབས་ལས་བྱུང་བའི་དངོས་པོའི་མཚན་ཉིད་ནི་འབྲེལ་པའོ་ཞེས་བྱ་བ་ནི་གཞན་གྱིའོ། །དགོས་པ་ནི་ཀུན་དུ་སྤྱོད་པའི་དོན་གུས་པས་རྒྱུན་མི་འཆད་པར་དུས་རིང་བར་གོམས་པར་བྱེད་པའོ། །དགོས་པའི་དགོས་པ་ནི་དཔལ་བདེ་མཆོག་འཁོར་ལོའི་གོ་འཕང་ཐོབ་པར་བྱེད་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་འདིར་ཚིགས་ཕྲད་ཀྱི་ཚོགས་སོ། །དེ་ལ་དེ་ནས་ཀྱི་སྒྲ་ནི་རྗེས་ཐོགས་དང༌། རིམ་པ་སྟོན་པ་སྟེ་ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་རྗེས་ཐོགས་ལ་རིམ་པ་འདིས་འོག་ནས་འཆད་པར་འགྱུར་བའི་དོན་ཏོ། །ཡང་དག་བཤད་བྱ་བ་ཞེས་པ་ནི་ཡང་དག་པ་ཕྱིན་ཅི་མ་ལོག་པར་བསྟན་པར་བྱ་བའོ། །ཀུན་དུ་སྤྱོད་པའི་ཆོ་ག་ཞེས་བྱ་བ་ནི་ཀུན་དུ་སྤྱོད་པ་ནི་རབ་ཏུ་སྤྱོད་པ་སྟེ། རྣལ་འབྱོར་མ་རྣམས་དང་རྣལ་འབྱོར་པའི་ལུས་ཀྱི་དཀྱིལ་འཁོར་རོ། །དེའི་ཆོ་ག་ནི་ཆོ་ག་རྣམ་པར་གཞག་པའོ། །གོང་ན་མེད་


DTG021_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་གོ་འཕང་ཐོབ་པའི་རྒྱུར་གྱུར་པས་ན་མཆོག་གོ །སྟོན་ཅིག་ཅེས་བྱ་བའི་སྟོན་པ་ནི་འདིར་གསལ་བར་བྱེད་པ་སྟེ། དེ་ཡང་སེམས་ཅན་རྣམས་ལ་སྟོན་ཅིག་ཅེས་པའི་དོན་ཏོ། །ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནི་ལྷག་མའོ། །དེ་ཉིད་ཀྱིས་ན་ཕྱག་ན་རྡོ་རྗེས་སྡུད་པ་པོ་མཛད་དོ། །འདི་ཞེས་བྱ་བ་ནི་འདིར་ཐུགས་ལ་གནས་པར་བྱས་པའི་ཀུན་དུ་སྤྱོད་པའི་ཆོ་གའོ། །ཅིར་གྱུར་པ་ཞེ་ན། འཁོར་ལོ་གསུམ་བདག་འདི་བསྒོམ་པ། །རྣལ་འབྱོར་ལམ་ལ་རྣམ་གནས་པ། །ཞེས་པ་ནི། འཁོར་ལོ་གསུམ་གྱི་བདག་ཉིད་བཅོམ་ལྡན་འདས་དེའི་རྣལ་འབྱོར་ནི་སྒོམ་པའོ། །དེ་ཉིད་ཀྱི་རིམ་པས་སྒྲུབ་བྱེད་ཉེ་བར་གནས་པར་བྱེད་པའི་ཕྱིར་ལམ་སྟེ། དེའི་ཚུལ་གྱིས་རྣམ་པར་གནས་པའོ། །སླར་ཡང་ཅིར་འགྱུར་ཞེ་ན་གསུངས་པ། སྦས་པ་ཞེས་བྱ་བ་ལ་སོགས་པ་སྟེ། སྦས་པ་ནི་མ་དད་པ་རྣམས་ལ་མི་གསལ་བར་བྱས་པའོ། །གང་ཞེས་པ་ནི་གང་ཞིག་ལའོ། །དེ་བཞིན་ཞེས་པ་ནི་དེ་བཞིན་དུ་ཡོད་ཀྱང་སྟེ། ལམ་ཉིད་དུ་ཡོད་ཅེས་པའི་དོན་ཏོ། །རྒྱུད་དུ་ཞེས་པ་ནི་མངོན་པར་བརྗོད་པ་འབུམ་པར་རོ། །ཇི་ལྟར་སྦས་ཤེ་ན། གསུངས་པ། ལུགས་འབྱུང་ལུགས་ལས་བཟློག་པར་གནས། །ཞེས་པ་སྟེ། རིམ་པ་དང་རིམ་པ་ལས་བཟློག་པ་གཉིས་སུ་བརྗོད་པའི་ཕྱིར་རོ། །དེ་ནི་སྦས་པ་ཞེས་བྱ་བའི་དོན་ཏོ། །རིམ་པ་དང་རིམ་པ་ལས་བཟློག་པ་གཉིས་སུ་མདོར་བསྟན་པ་ལ་སོགས་པ་དེ་ལས་གསུངས་པ་དེ་འདིར་བསྟན་པའི་ཕྱིར་རོ། །མདོར་བསྟན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མདོར་བསྟན་པ་ཞེས་བྱ་བ་ནི་མདོར་བསྟན་པ་སྟེ་མདོའོ། །ཇི་ལྟར་བསྟན་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་བརྗོད་པ་སྟེ། བཤད་པ་ཞེས་བྱ་བ་ནི་མ་ལུས་པར་བསྟན་པས་འབྲེལ་པའི་རང་གི་ངོ་བོ་ཡིན་ནོ། །རྒྱས་བཤད་ཅེས་བྱ་བ་ནི་རང་གི་ངོ་བོ་མི་གསལ་བ་གསལ་བར་སྟོན་པ་རྒྱས་བཤད་ནི་འགྲེལ་བཤད་དོ། །མ་ལུས་ཉིད་ཅེས་པ་ནི་འདི་གསུམ་མོ། །བརྡ་ཡི་ཆོ་ག་རྒྱས་པ་ཡིན། །ཞེས་པ་ནི། བརྡའི་ཆོ་ག་ཆོས་མང་པོ་ཞེས་པའི་དོན་ཏོ། །ཕན་ཡོན་གང་ཡིན་ཞེ་ན། གསུངས་པ། གང་ཞིག་ཅེས་པ་ལ་སོགས་པ་སྟེ། གང་ཞིག་ཅེས་པ་ནི་ཀུན་དུ་སྤྱོད་པའི་ཆོ་གའོ། །ཤེས་པ་ཙམ་གྱིས་ནི་ཞེས་པ་ནི་བསྒོམས་


DTG021_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་སྟོབས་ཀྱི་རིམ་པས་ཁྱད་པར་དུ་ཤེས་པ་ཙམ་གྱིས་མངོན་དུ་བྱས་པར་འགྱུར་རོ། །སྒྲུབ་པ་པོ་ནི་བདེ་མཆོག་གི་བདག་ཉིད་དོ། །གྲུབ་པ་ནི་སངས་རྒྱས་ཉིད་དོ། །ཐོབ་པ་ནི་བརྙེས་པའོ། །ད་ནི་རྒྱུད་ཀྱི་དོན་བསྟན་པའི་ཕྱིར་གསུངས་པ་སུམ་ཅུ་རྩ་བདུན་ཞེས་པ་ལ་སོགས་པ་སྟེ། སུམ་ཅུ་རྩ་བདུན་རྣལ་འབྱོར་གྱིས་ཞེས་པ་ནི། བཅོམ་ལྡན་འདས་དང་བཅས་པའི་ལྷ་སུམ་ཅུ་རྩ་བདུན་དང་སྦྱར་རོ། །བྱང་ཆུབ་ཕྱོགས་ཞེས་པ་ནི། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སོ། །འཇིག་རྟེན་དུ་ནི་བསྒོམ་བྱར་བཤད། །ཅེས་པ་ནི་ཐབས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རབ་ཏུ་བསྒོམ་པར་བྱ་བ་ཡིན་པར་འཇིག་རྟེན་ལ་རབ་ཏུ་གྲགས་པར་གྱུར་པའོ། །ཐབས་ཉིད་ཇི་ལྟར་ཡིན་ཞེ་ན། འདིར་གསུངས་པ། ཧེ་རུ་ཀ་དཔལ་འགྲོ་བའི་མཆོག །ཅེས་པ་སྟེ། དཔལ་ཧེ་རུ་ཀ་ཞེས་པ་ནི་ཉེ་བར་མཚོན་པ་སྟེ། རབ་ཏུ་གཏུམ་མོ་ལ་སོགས་པ་གཞན་ཡང་རིག་པར་བྱའོ། །གང་གི་ཕྱིར་འདི་རྣམས་འགྲོ་བའི་གཙོ་བོར་གྱུར་པ་བསྒོམ་པར་བྱ་བ་ཡིན་པས་ན་དཔལ་ཧེ་རུ་ཀ་ལ་སོགས་པའོ། །དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཏེ། དེའི་ཕྱིར་ཐབས་ཉིད་ཡིན་ནོ་ཞེས་དགོངས་སོ། །ད་ནི་སྒོམ་པའི་རིམ་པ་བསྟན་པའི་ཕྱིར་གསུངས་པ་དེ་ལ་ཐོག་མར་ཞེས་བྱ་བ་ལ་སོགས་པ་སྟེ། ཐོག་མར་ཞེས་པ་ནི་སྒོམ་པ་རྩོམ་པའོ། །རྣལ་འབྱོར་གྱི་དབང་ཕྱུག་གིས་ཞེས་བྱ་བ་ནི། སྐད་ཅིག་གིས་ལྷག་པར་མོས་པས་དཔལ་བདེ་མཆོག་གི་རྣལ་འབྱོར་དང་ལྡན་པས་སོ། །ཕུང་པོ་ལྔ་ལ་ལྷའི་ང་རྒྱལ་ཞེས་བྱ་བ་ནི་བདག་ཉིད་ཀྱི་ཕུང་པོ་ལྔ་ལ་ལྷའི་ང་རྒྱལ་དུ་བྱེད་པའོ། །གཟུགས་ཀྱི་ཕུང་པོ་ལ་སོགས་པ་ནི་གོ་སླའོ། །ཁམས་ཞེས་བྱ་བ་ནི་ཁམས་གསུམ་ཐམས་ཅད་ལྷའི་རྣམ་པར་བསྟན་པའོ། །སའི་ཁམས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་མཇུག་བསྡུ་བའོ། །འདི་ནི་ངེས་པར་བསྟན་པ་དང་པོའོ།། །།

ངེས་པར་བསྟན་པ་གཉིས་པ།


DTG021_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་ལྷའི་རྣལ་འབྱོར་གང་གིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་སྦྱར་བར་བྱ་བ་དེ་ཀུན་ཀྱང་གང་ཞེ་ན་ཞེས་པ་ནི་སྦྱར་བར་བྱ་བ་སྟེ་ཞེས་པ་ལ་སོགས་པའོ། །རྫུ་འཕྲུལ་སྐྱེད་པར་བྱེད་པ་ཞེས་བྱ་བ་ནི་འདིས་


DTG021_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྫུ་འཕྲུལ་བསྐྱེད་པ་སྟེ། འདུན་པ་ཉིད་རྫུ་འཕྲུལ་རྐང་པ་སྟེ། འདུན་པའི་རྫུ་འཕྲུལ་རྐང་པའོ། །དེ་ལྟར་གཞན་ལ་ཡང་ངོ༌། །དེ་ལྟ་ན་ཞེས་བྱ་བ་ལ་སོགས་པ་ནི་མཇུག་བསྡུ་བའོ། །འདི་ནི་ངེས་པར་བསྟན་པ་གཉིས་པའོ།། །།

ངེས་པར་བསྟན་པ་གསུམ་པ།


DTG021_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ལ་དེ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི། ད་ནི་འདི་ཀུན་གྱིས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ལྷའི་ངོ་བོ་ཉིད་དུ་གོ་བར་བྱའོ། །དེ་ཀུན་ནི་གོ་སླའོ། །འདི་ནི་ངེས་པར་བསྟན་པ་གསུམ་པའོ།། །།

ངེས་པར་བསྟན་པ་བཞི་པ།


DTG021_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དཔའ་བོ་གཉིས་མེད་ཅེས་བྱ་བ་ནི། དཔལ་བདེ་མཆོག་གི་བདག་ཉིད་ཀྱི་རྣལ་འབྱོར་པ་དཔའ་བོ་ཁཎྜ་ཀ་པཱ་ལ་ལ་སོགས་པ་རྣམས་དང་ལྷན་ཅིག་གཉིས་མེད་ནི་གཅིག་པའོ། །གཉིས་མེད་པ་ཉིད་ཇི་ལྟར་ཡིན་ཞེ་ན། ཧེ་རུ་ཀ་དཔལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་ཡན་ལག་ཅེས་བྱ་བ་ནི་མདོར་བསྟན་པའོ། །ཡན་ལག་ཀུན་གྱི་ཆ་ཤས་གནས། །ཞེས་བྱ་བ་ནི་རྒྱས་པར་བསྟན་བའོ། །སོ་དང་སེན་མོ་ལ་ནི་ཞེས་བྱ་བ་ལ་སོགས་པ་ནི་ཤིན་ཏུ་རྒྱས་པར་བསྟན་པ་ཡིན་ནོ། །འདི་ནི་ངེས་པར་བསྟན་པ་བཞི་པའོ།། །།

ངེས་པར་བསྟན་པ་ལྔ་པ།


DTG021_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཇི་ལྟར་ནང་གི་བདག་ཉིད་ཇི་ལྟ་བ་དེ་བཞིན་དུ་ཕྱི་རོལ་གྱི་དཀྱིལ་འཁོར་ཤེས་པར་བྱ་བ་ཞེས་སྦྱར་རོ། །རྣམ་དགོད་ཇི་ལྟར་སྦྱར་བ་ནི། །ཞེས་བྱ་བ་ནི། དེ་མ་ཐག་ཏུ་ལྷ་མོ་རྣམས་ཀྱི་དགོད་པ་གསུངས་པ་ཇི་ལྟ་བ་དེ་བཞིན་དུ་གཞན་ཡང་ཤེས་པར་བྱའོ་ཞེས་པའི་དོན་ཏོ། །ད་ནི་ལྷ་རྣམས་དགོད་པ་ལ་འཇུག་པར་བྱ་བའི་ཕྱིར། རྟེན་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྟེན་དང་བརྟེན་པའི་ཚུལ་གྱིས་འཁོར་ལོ་སྟེ། དེར་ཡི་གེ་ཡཾ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་ལ་སོགས་པའི་སྟེང་དུ་གྱུར་པར་བསམ་མོ་ཞེས་དགོངས་སོ། །ཤེས་པས་ཞེས་བྱ་བ་ལ་སོགས་པ་ནི། དེར་དཀྱིལ་འཁོར་བཞི་རྣམ་པར་བསྒོམ་པར་བྱའོ། །གང་ཞིག་ཆོ་ག་ཞེས་བྱ་བ་ནི་གང་ཆོ་ག་བཞིན་ནོ། །བླ་མ་བརྒྱུད་རིམ་ཇི་བཞིན་དུ། །ཞེས་པ་ནི། དེ་དང་དེ་རྣམས་བླ་མའི་གདམས་ངག་གི་རིམ་པ་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ལྷག་མའོ། །རི་ཞེས་བྱ་བ་ལ་སོགས་པ་ནི་དེ་མ་ཐག་ཏུ་བསྟན་པའི་རླུང་གི་དཀྱིལ་འཁོར་ལ་སོགས་


DTG021_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ་བཞིའི་སྟེང་དུ་ཡི་གེ་སུཾ་ཡོངས་སུ་གྱུར་པ་ལས་རི་རབ་ཀྱི་སྟེང་དུ་ཡི་གེ་པཾ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ལྟེ་བ་དང་བཅས་པ་ལ་ཞེས་པའི་དོན་ཏོ། །དེ་ཡི་དབུས་བཞུགས་དཔའ་བོ་ནི། །ཞེས་པ་ནི་དེའི་ལྟེ་བའི་སྟེང་དུ་ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ནམ་མཁའི་ཕྱོགས་ན་གནས་པའི་ནཱ་ད་ལས་སྐྱེས་པའི་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་དཔའ་བོའི་དབང་ཕྱུག་གཽ་རཱི་དང༌། དེའི་བདག་པོ་གཡས་བརྐྱང་བས་མནན་པ་ཉི་མའི་དཀྱིལ་འཁོར་ལ་བཞུགས་པ་ཞེས་བྱ་བར་དགོངས་སོ། །མཁའ་འགྲོ་མ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་འདིས་ཤར་ལ་སོགས་པའི་ཕྱོགས་དང་འདབ་མ་རྣམས་སུ་མཁའ་འགྲོ་མ་ལ་སོགས་པ་རྣམས་གཡོན་སྐོར་གྱིས་དགོད་པར་བྱའོ་ཞེས་བརྗོད་དོ། །ཕྱག་གཉིས་པ་ལ་ཞལ་གཅིག་པ་སྟེ། དེ་ཐམས་ཅད་ཞལ་གཅིག་པ་ཕྱག་གཉིས་པར་ཞེས་བྱ་བའི་དོན་ཏོ།། སྣ་ཚོགས་གཟུགས་དང་སྒེག་མོའི་ཞེས་པ་ནི་གཟུགས་སྣ་ཚོགས་པ་དང་སྒེག་པའོ། །མཚམས་ཀྱིས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཡི་གེ་པུ་སོགས་ཡང་དག་སྦྱར། །ཞེས་པ་ནི། པུལླཱི་ར་མ་ལ་ཡ་ལ་སོགས་པ་བློས་དམིགས་པར་བྱའོ། །ཡུལ་དང་ཡུལ་དུ་གནས་པ་ཡིན།། ཞེས་བྱ་བ་ནི་པུལླཱི་ར་མ་ལ་ཡ་ལ་སོགས་པ་དེ་རྣམས་སུ་བཞུགས་པའོ། །རབ་ཏུ་གཏུམ་མོ་ལ་སོགས་པ་དང་ལྷན་ཅིག་པ་ཐོད་པའི་དུམ་བུ་ལ་སོགས་པའོ། །སྤྱན་དྲངས་ཞེས་བྱ་བ་ནི་དགུག་པའོ། །འཁོར་ལོའི་དབུས་གནས་ཞེས་བྱ་བ་ནི་ཐུགས་ཀྱི་འཁོར་ལོ་ལ་སོགས་པ་འཁོར་ལོ་གསུམ་གྱི་དབུས་སུ་བཞུགས་པར་མཛད་པའོ། །མཆོད་ཅེས་པ་ནི་བསྒོམ་པའོ། །རྟག་ཏུ་ཞེས་པ་ནི་ཐུན་མཚམས་སོ་སོར་རོ། །པུ་ཞེས་བྱ་བ་ལ་སོགས་པ་ལ། པུ་ལ་སོགས་པ་ཞེས་བྱ་བ་ནི་མདོར་བསྟན་པའོ། །པུལླཱི་ར་མ་ལ་ཡ་ཞེས་པ་ནི་རྒྱས་པར་བཤད་པའོ། །དེ་ལྟར་ཀུན་ལ་སྦྱར་ཏེ། ཐམས་ཅད་དུ་གོ་སླའོ། །ཕྱོགས་སུ་ཞེས་པ་ནི་ཕྱོགས་ཀྱི་སྒོ་རྣམས་ཀྱི་ཕྱོགས་སུའོ། །མཚམས་ཞེས་བྱ་བ་ནི་ཕྱོགས་མཚམས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་ད་ལྟར་ཇི་བཞིན་བསྟན་པའི་དཀྱིལ་འཁོར་རོ། །ཕྱི་དང་ནང་གི་བདག་ཉིད་ཅེས་བྱ་བ་ནི་ཕྱི་རོལ་


DTG021_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དང་ནང་གི་བདག་ཉིད་དོ། །དམིགས་ཞེས་པ་ནི་དམིགས་པར་བྱའོ། །དུས་ཇི་ཙམ་དུ་ཞེ་ན། གསུངས་བ་ཇི་སྲིད་དུ་ངེས་པར་རྟོགས་པའི་སྤྱོད་ཡུལ་དུ་ཞེས་པ་ནི་ཇི་སྲིད་མྱ་ངན་ལས་འདས་པ་སྤྱོད་ཡུལ་དུ་མ་གྱུར་གྱི་བར་དུ་ཞེས་བྱ་བའི་དོན་ཏོ། །འདི་ནི་ངེས་པར་བཤད་པ་ལྔ་པའོ།། །།

ངེས་པར་བསྟན་པ་དྲུག་པ།


DTG021_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བདག་པོ་སོགས་ཀུན་གྱི་མཚན་མ་ཕྱག་རྒྱའི་ཚོགས་རྣམས་དང་ཞེས་པ་ནི་ལྷ་ཐམས་ཅད་ཀྱི་བདག་པོ་ནི་བཅོམ་ལྡན་འདས་སོ། །སོགས་པའི་སྒྲས་རྡོ་རྗེ་ཕག་མོ་ལ་སོགས་པ་ཡོངས་སུ་གཟུང་ངོ༌། །དེ་རྣམས་ཀྱི་ཕྱག་མཚན་དང་བཅས་པའི་ཕྱག་མཚན་གྱི་ཚོགས་ངེས་པར་བྱ་ཞེས་པ་གཞན་དུ་སྦྱར་རོ། །བརྗོད་ཅེས་པ་ལྷག་མའོ། །རང་མདོག་ཕྱག་མཚན་བཞུགས་ཚུལ་རྣམས། །ཞེས་པ་ནི་ལྷ་ཐམས་ཅད་ཀྱི་བདག་པོའི་སྐུ་མདོག་ལ་སོགས་པ་ཡང་ངོ༌། །རྒྱུད་དུ་སྦས་པ་ཞེས་བྱ་བ་ནི་རྒྱས་པའི་རྒྱུད་དུ་སྦས་པ་འདིར་བརྗོད་ཅེས་དགོངས་པའོ། །དཔལ་ཧེ་རུ་ཀ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཕྱག་གཉིས་ཡང་དག་འཁྱུད་པ་དང༌། །ཞེས་བྱ་བ་ནི་འཁྱུད་པའི་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་སོ་ཞེས་པ་ལྷག་མའོ། །གཡས་ཀྱི་ལྷག་མར་ཞེས་བྱ་བ་ནི་ཕྱག་གཡས་ཀྱི་ལྷག་མ་རྣམས་སུ་ཕྱག་མཚན་འདི་རྣམས་བསྣམས་ཞེས་པའི་དོན་ཏོ། །ཐོད་པ་ཁྲག་གིས་བཀང་བ་ཞེས་བྱ་བ་ནི། ཁྲག་གིས་བཀང་བའི་ཐོད་པའོ། །མགོ་བོ་ནི་ཚངས་པའི་མགོ་བོའོ། །གཡོན་གྱི་ལྷག་མར་ཞེས་བྱ་བ་ནི་སྔར་གྱི་བཞིན་དུ་ཕྱག་གཡོན་གྱི་ལྷག་མ་རྣམས་ཀྱི་ཕྱག་མཚན་རྣམས་བཤད་དོ། །བཅུ་གཉིས་ཀྱིས་ནི་བརྒྱན་པ་ཡིན། །ཞེས་བྱ་བ་ནི་ཕྱག་མཚན་བཅུ་གཉིས་པོ་བསྣམས་པ་འདིས་ཕྱག་བཅུ་གཉིས་བརྒྱན་པར་གྲགས་པའི་བཅོམ་ལྡན་འདས་སྒོམ་མོ་ཞེས་བྱ་བའི་དོན་ཏོ། །ཐོད་པའི་ཕྲེང་བའི་མཆོད་ཕྱིར་ཐོགས། །བརྒྱ་ཕྱེད་པར་ནི་ཤེས་པར་བྱ། །ཞེས་བྱ་བ་ནི། བརྒྱ་ཕྱེད་པའི་མགོ་བོའི་ཕྲེང་བ་འཕྱང་པའོ། །མཆོད་ཕྱིར་ཐོགས་ཞེས་པ་ནི་མཆོད་ཕྱིར་ཐོགས་འཆང་བའོ། །བཅོམ་ལྡན་འདས་ཡུམ་ནི་མདུན་དུ་བཞུགས་ཞེས་པ་ནི། བཅོམ་ལྡན་འདས་མ་མདུན་ན་བཞུགས་པ་ལ་གཟིགས་ཞེས་པ་


DTG021_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྷག་མའོ། །འཁྱུད་པ་ཡིས་ནི་ཐོད་པ་དག །གདུག་པའི་བདུད་ཀྱི་ཁྲག་བཀང་བསྣམས། །ཞེས་པ་ནི་འཁྱུད་པའི་ཕྱག་རྒྱ་གཡོན་པ་ན་གདུག་པའི་ཁྲག་དང་རྒྱུ་མས་བཀང་བའི་ཐོད་པ་བསྣམས་པའོ། །གཡས་པས་རྟག་ཏུ་སྡིགས་མཛུབ་དང༌། །མ་རུངས་པ་ཡི་གྲི་གུག་བསྣམས། །ཞེས་བྱ་བ་ནི་ཕྱག་གཡས་པ་ན་གདུག་པ་ཅན་ལ་བསྡིགས་པའི་སྡིགས་མཛུབ་དང་བཅས་པའི་རྡོ་རྗེ་རྟག་པར་ཀུན་དུ་བསྣམས་པའོ། །ཐོད་དུམ་བརྒྱན་པའི་སྐེ་རགས་ཅན། །ཞེས་བྱ་བ་ནི་ཐོད་པ་དུམ་བུར་བྱས་པའི་སྐེ་རགས་ཀྱིས་རྐེད་པའི་ཕྱོགས་བརྒྱན་པའོ། །གཉིས་ཀ་ཁ་སྤྱར་ཚུལ་གྱིས་བཞུགས། །ཞེས་བྱ་བ་ནི་བཅོམ་ལྡན་འདས་དང༌། བཅོམ་ལྡན་འདས་མའི་སྐུ་སྙོམས་པར་ཞུགས་ཤིང་ཁ་སྦྱར་བ་ཞེས་བྱ་བའི་དོན་ཏོ། །མཁའ་འགྲོ་མ་སོགས་ཞེས་བྱ་བ་ནི་མཁའ་འགྲོ་མ་ལ་སོགས་པའོ། །བཞི་པོ་ཞེས་བྱ་བ་ནི་བཞི་པོ་རྣམས་སོ། །ཁ་ཊྭཱཾ་ག་སྣོད་ཅེས་བྱ་བ་ནི་ཐམས་ཅད་ཀྱི་གཡོན་ན་ཁ་ཊྭཱཾ་ག་དང་བཅས་པའི་ཐོད་པ་འཆང་བའོ། །མཚོན་ཆ་རྣམས་ཞེས་བྱ་བ་ནི་དེ་བཞིན་དུ་གཡས་ན་གྲི་གུག་གོ །སྐུ་ལ་སྤྱན་གསུམ་ཕྱག་རྒྱ་ལྔ། །སོགས་ཞེས་བྱ་བ་ནི་སྐུ་ལ་ཇི་ལྟར་རིགས་པས་ཕྱག་རྒྱ་ལྔ་འཆང་བའོ། །སོགས་པའི་སྒྲས་དཔུང་རྒྱན་ལ་སོགས་པ་ཡོངས་སུ་གཟུང་ངོ༌། །སྐྲ་གྲོལ་བས་ནི་རྣམ་པར་བརྒྱན། །ཞེས་བྱ་བ་ནི་སྐྲ་གྲོལ་བས་མཛེས་པའོ། །དཔའ་བོ་ཉི་ཤུ་རྩ་བཞི་ནི། །ཞེས་བྱ་བ་ནི་དཔའ་བོ་ཉི་ཤུ་རྩ་བཞིའོ། །ཕྱག་རྒྱ་ལྔ་ལ་སོགས་པས་བརྒྱན། །ཞེས་བྱ་བ་ནི་མགུལ་རྒྱན་ལ་སོགས་པའི་ཕྱག་རྒྱ་ལྔ་འཆང་བའོ། །སོགས་པའི་སྒྲས་དཔུང་རྒྱན་དང་ཞབས་གདུབ་ལ་སོགས་པ་གཟུང་ངོ༌། །ཕྱག་གཉིས་ཞལ་གཅིག་ཅེས་བྱ་བ་ནི། ཞལ་གཅིག་པ་ཕྱག་གཉིས་པའོ། །རལ་པའི་ཅོད་པན་དར་གྱིས་བཅིངས། །ཞེས་བྱ་བ་ནི་དང་པོའི་མང་པོའི་ཚིག་གོ །རྡོ་རྗེ་དྲིལ་བུས་ལེགས་འཁྱུད་ཅིང༌། ཆགས་པ་ཆེན་པོ་རྗེས་ཆགས་པས། །ཞེས་པ་ནི་ཆགས་པ་ཆེན་པོ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེའི་དོན་དུ་རྗེས་སུ་ཆགས་པའོ། །ཆགས་པ་ཆེན་པོས་དེའི་རྗེས་སུ་ཆགས་པའི་རྒྱུ་དེའི་ཕྱིར་ན་འཁྱུད་པར་བཞུགས་པའི་ཕྱག་གཉིས་ན་རྡོ་རྗེ་དང་དྲིལ་བུ་བསྣམས་པ་


DTG021_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡིན་ནོ་ཞེས་དགོངས་པའོ། །ཕྱག་རྒྱ་ལྔ་ལ་སོགས་པ་ནི་སྤྱི་གཙུག་ནོར་བུ་དང་བཅས་པའི་ཕྱག་རྒྱ་ལྔ་ལ་སོགས་པ་འཆང་བའོ་ཞེས་བྱ་བའི་དོན་ཏོ། །འོག་པག་དག་གིས་བརྒྱན་ཞེས་བྱ་བ་ནི་རྐེད་པའི་ཆ་ལ་སྟེ། སྐ་རགས་ཀྱིས་བརྒྱན་པའོ། །རྣལ་འབྱོར་སྣོད་དང་བཅས་པས་འཁྱུད། །ཅེས་བྱ་བ་ནི་གཡོན་གྱིས་ཐོད་པ་བསྣམས་པའོ། །ཧེ་རུ་ཀ་དཔལ་ལ་སོགས་ཀུན། །ཞེས་བྱ་བ་ནི། དཔལ་ཧེ་རུ་ཀ་ལ་སོགས་པའོ། །ཀུན་ཞེས་བྱ་བ་ནི་ཐམས་ཅད་དོ། །གཡས་བརྐྱང་བ་ཡི་གནས་པས་བཞུགས། །ཞེས་བྱ་བ་ནི་དང་པོའི་མང་པོའི་ཚིག་གོ ། དཔལ་ཧེ་རུ་ཀའི་ཁྱད་པར་གང་ཞེ་ན་གསུངས་པ། མགུར་ཆུ་ཞེས་པ་ལ་སོགས་པའོ། །མཆོད་ཕྱིར་ཐོགས་དང་ཐལ་བ་ནི། །ཕྱག་རྒྱ་དྲུག་ཏུ་རབ་ཏུ་བཤད། །ཅེས་བྱ་བ་ནི་རིམ་པ་འདིས་མཆོད་ཕྱིར་ཐོགས་དང་ཐལ་བ་སྟེ། གཉིས་པོ་དང་བཅས་པའི་མགུར་ཆུ་ལ་སོགས་པ་ཕྱག་རྒྱ་དྲུག་གིས་བརྒྱན་པ་ཞེས་བྱ་བའི་དོན་ཏོ། །ཕ་རོལ་ཕྱིན་དྲུག་རྣམ་དག་པས། །ཕྱག་རྒྱ་དྲུག་གིས་བརྒྱན་པ་ཡིན། །ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པའི་ཕྱག་རྒྱ་དྲུག་གིས་བཅོམ་ལྡན་འདས་ཀྱི་སྐུ་བརྒྱན་པ་ཡིན་ནོ་ཞེས་དགོངས་པའོ། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཡི་གེ་གསུམ་གྱི་དངོས་གྲུབ་ཀྱི། །ཞེས་བྱ་བ་ནི་སྐུ་ལ་སོགས་པའི་ཡི་གེ་གསུམ་གྱི་ངོ་བོ་ནི་དེའི་གཟུགས་ཀྱིས་བསྐྱེད་པའོ། །དེ་ལས་སྐྱེས་པའི་ངོ་བོ་ནི་ཡི་གེ་ཧཱུཾ་གི་རྣམ་པ་སྟེ། ཡི་གེ་གསུམ་གྱི་ངོ་བོའོ། །དེ་བས་ན་དེའི་ཕྱིར་ན་བསྐྱེད་པ་ཞེས་གོ་བར་བྱའོ། །ངོ་བོར་བདག་ཉིད་བསྒོམ་བྱ་ཞིང༌། །ཞེས་བྱ་བ་ནི་དཔལ་བདེ་མཆོག་གི་ངོ་བོར་བདག་ཉིད་བསྒོམ་པར་བྱའོ། །དངོས་གྲུབ་འདོད་པས་གཞན་མི་བྱ། །ཞེས་བྱ་བ་ནི་སངས་རྒྱས་འདོད་པའི་རྣལ་འབྱོར་པས་དགོས་པ་ཅིའི་ཆེད་དུ་དངོས་པོ་གཞན་དང་གཞན་སྒོམ་ཞེས་ཆེ་བའི་བདག་ཉིད་བརྗོད་དོ། །ཕན་ཡོན་གསུངས་པ་དེའི་བསོད་ནམས་ཞེས་བྱ་བ་ལ་སོགས་པ་སྟེ། འགྱུར་བ་ནི་འགྱུར་བའོ། །དེའི་ཞེས་བྱ་བ་ནི་བདེ་མཆོག་གི་རྣལ་འབྱོར་པའོ། །ལྕེ་ནི་ཞེས་བྱ་བ་ནི་མདོར་བསྟན་པའོ། །བརྒྱ་སྟོང་ཞེས་བྱ་བ་ནི་རྒྱས་བཤད་དེ་ཁ་སྟོང་གིས་ཀྱང་ཞེས་པའི་དོན་ཏོ། །བརྗོད་པར་བྱ་ཞེས་བྱ་བ་ནི་ལྷག་མའོ། །དེའི་བསོད་


DTG021_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནམས་ཞེས་བྱ་བ་ནི་དེའི་བསོད་ནམས་སོ། །སྒྲུབ་པའི་ཞེས་བྱ་བ་ནི་སྒྲུབ་པའོ། །ཡོན་ཏན་རྒྱ་ཆེན་པོ་ཞེས་བྱ་བ་ནི་ཡོན་ཏན་རྒྱ་ཆེན་པོར་རོ། །ཁྭ་གདོང་ལ་སོགས་རྣམ་པ་བཞི། །ཞེས་བྱ་བ་ནི་ཁྭ་གདོང་མ་ལ་སོགས་པ་བཞིའོ། །ཐམས་ཅད་ཀྱང་ནི་སྒོ་སྐྱོང་སྟེ། །ཞེས་བྱ་བ་ནི་འདི་དག་ཐམས་ཅད་སྒོ་བཞི་ཀ་ན་བཞུགས་པའོ་ཞེས་བྱ་བའི་དོན་ཏོ། །གཤིན་རྗེ་བརྟན་སོགས་ཞེས་བྱ་བ་ནི་གཤིན་རྗེ་བརྟན་མ་ལ་སོགས་པ་བཞིའོ། །མཚམས་བཞིར་ཞེས་བྱ་བ་ནི་མཚམས་བཞི་རྣམས་སོ། །དེའི་ཞབས་གཉིས་ཞེས་བྱ་བ་ནི་གཡས་བརྐྱང་བས་སོ། །གཟུགས་གཉིས་ལྡན་ཞིང་ཡིད་འཕྲོག་མ། །ཞེས་པ་ནི་གཤིན་རྗེ་བརྟན་མ་ལ་སོགས་པའི་ལྷ་མོ་བཞི་སོ་སོའི་ཡིད་འཕྲོག་པའི་གཟུགས་གཉིས་གཉིས་སོ་ཞེས་པའི་དོན་ཏོ། །མཁའ་འགྲོ་མ་བསྐྱེད་ཇི་བཞིན་དུ། །ཞེས་པ་ནི་མཁའ་འགྲོ་མ་ལ་སོགས་པའི་མདོག་ཇི་ལྟ་བར་གནས་པ་ཞེས་པ་ལྷག་མའོ། །ཁྭ་གདོང་ལ་སོགས་དབྱེ་བ་ཉིད། །ཅེས་བྱ་བ་ནི་དེ་བཞིན་དུ་ཁྭ་གདོང་མ་ལ་སོགས་པའི་སྐུའི་བྱེ་ཕྲག་ཀྱང་སོ་སོར་གནས་ཞེས་པའི་དོན་ཏོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་མཇུག་བསྡུ་བའོ། །མ་ལུས་འཁོར་ལོར་གནས་ཞེས་བྱ་བ་ནི་མ་ལུས་པར་འཁོར་ལོ་ལ་གནས་པ་རྣམས་སོ། །མདོག་དབྱེའི་ཆོ་གའི་རིམ་བཞིན་ནོ། །ཞེས་པ་ནི་དང་པོའི་དོན་ཏེ། འདི་ནི་མཚོན་པ་སྟེ། ཕྱག་གཉིས་ཀྱང་རིག་པར་བྱའོ། །འདི་ནི་ངེས་པར་བསྟན་པ་དྲུག་པའོ།། །།

ངེས་པར་བསྟན་པ་བདུན་པ།


DTG021_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་གོ་ཆ་གཉིས་པོ་ནི། །ཞེས་བྱ་བ་ལ་སོགས་པ་ནི། བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མའི་གོ་ཆའི་སྔགས་དྲུག་ཚན་གཉིས་སོ། །ཇི་ལྟར་ཞེ་ན། གསུངས་པ། རྒྱུད་དུ་སྦས་པ་ངེས་བཤད་བྱ། །ཞེས་བྱ་བ་ནི་དྲུག་པ་གཉིས་པོ་དེས་ངེས་པར་བརྒྱན་པ་ནི་རྒྱས་པའི་རྒྱུད་དུ་སྦས་པ་སྟེ། གང་གིས་དེའི་ངེས་པར་གྱུར་པའི་རྒྱུད་དེར་སྦས་པ་རྒྱུད་འདིར་གསལ་བར་བསྟན་པར་བྱ་བའི་དོན་ཏོ། །ཡན་ལག་ཅེས་བྱ་བ་ནི་ཆོས་ཀྱི་བརྡ་སྟེ། ཡན་ལག་ཐམས་ཅད་དོ། །སྦྱར་ཞེས་བྱ་བ་ནི་ཨོཾ་ཧ་ལ་སོགས་པས་སྙིང་ག་ལ་སོགས་པ་རྣམས་སུ་སྦྱར་བར་བྱའོ་ཞེས་དགོངས་སོ། །དང་པོ་རྡོ་རྗེ་སེམས་དཔའ་སྟེ། །ཞེས་བྱ་བ་ནི་སྙིང་གར་རྡོ་རྗེ་སེམས་དཔའ་དངོས་སུ་འམ་


DTG021_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལྷག་པར་མོས་པས་བལྟ་བར་བྱའོ་ཞེས་དགོངས་སོ། །དེ་ལྟར་རྣམ་པར་སྣང་མཛད་ལ་སོགས་པ་དང༌། རྡོ་རྗེ་ཕག་མོ་ལ་སོགས་པ་རྗེས་ཐོགས་སུ་ཡོངས་སུ་བསམ་པར་རིག་པར་བྱའོ། །ཡན་ལག་ནི་ཞེས་བྱ་བ་ནི་ཡན་ལག་ཐམས་ཅད་དོ། །དཔའ་བོ་གཉིས་མེད་རྣལ་འབྱོར་མ། །ཞེས་བྱ་བ་ནི་དཔའ་བོ་དང་ལྷན་ཅིག་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྣལ་འབྱོར་གྱིས་སྙོམས་པར་འཇུག་པའོ། །དེ་གང་ལ་ཡོད་པ་དེ་ལ་དཔའ་བོ་གཉིས་སུ་མེད་པའི་རྣལ་འབྱོར་མ་ཞེས་དགོངས་པའོ། །འདི་ནི་ངེས་པར་བསྟན་པ་བདུན་པའོ།། །།

ངེས་པར་བསྟན་པ་བརྒྱད་པ།


DTG021_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་གོ་ཆ་གཉིས་ཞེས་པ་ནི་བསྟན་མ་ཐག་པ་ཡིས་སོ། །དམ་ཚིག་ཅེས་བྱ་བ་ནི་དཔལ་བདེ་མཆོག་བདག་ཉིད་རང་གི་སྐུའི་གནས་ཇི་ལྟ་བར་གོ་བ་གོ་ཞེས་པ་ལྷག་མའོ། །ཡེ་ཤེས་འཁོར་ལོ་རྣམ་བསྒོམས་ནས། །ཞེས་བྱ་བ་ནི་སྙིང་གའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཏེ། མདུན་དུ་བསྒོམ་པའོ། །གཞུག་བྱ་ཞེས་བྱ་བ་ནི་གཞུག་པར་བྱའོ། །མྱུར་བ་ཞེས་བྱ་བ་ནི་མཆོད་ཡོན་དང་ཞབས་བསིལ་ལ་མི་ལྟོས་པའོ། །སྔགས་དང་ཕྱག་རྒྱ་ཞེས་བྱ་བ་ནི་འོག་ནས་འཆད་པར་འགྱུར་བའི་སྔགས་དང་ཕྱག་རྒྱ་གཉིས་སོ། །སྦྱོར་བ་ཞེས་བྱ་བ་ནི་རྣལ་འབྱོར་པས་སོ། །རྐང་པ་མནན་པ་ཞེས་བྱ་བ་ནི་རྐང་པ་གཡོན་པས་གཡས་པ་མནན་པའོ། །སྟེང་དུ་བལྟ་ཞེས་བྱ་བ་ནི་གཡོན་ངོས་ཀྱིས་གྱེན་དུ་བལྟ་བའོ། །སྟེང་དུ་ཞེས་བྱ་བ་ལ་སོགས་པ་ནི་ཁ་ནས་ཕེཾ་གྱི་སྒྲ་བསྒྲགས་ལ་ཞེས་བྱ་བ་ནི་ཡི་གེ་ཕེཾ་གྱི་སྔགས་བརྗོད་པའོ། །ཕྱོགས་བཅུའི་འཇིག་རྟེན་ཁམས་གནས་པའི། །དཔའ་བོ་རྣལ་འབྱོར་མ་རྣམས་དགུག །ཅེས་པ་ནི་སྔགས་འདིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་སྤྱན་དྲངས་པར་འགྱུར་རོ་ཞེས་པའི་དོན་ཏོ། །སྔགས་ཀྱིས་ཡང་དག་བསྐུལ་བ་དང༌། །ཞེས་པ་ནི་སྔགས་འདི་ཉིད་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་བསྐུལ་བར་བྱའོ། །སྐད་ཅིག་དེ་ལ་སྤྱན་དྲང་བྱ། །ཞེས་པ་ནི་འཆད་པར་འགྱུར་བའི་ཕྱག་རྒྱས་སྐད་ཅིག་གིས་སྤྱན་དྲང་ངོ་ཞེས་པའི་དོན་ཏོ། །བྱ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནི་ཞེས་བྱ་བ་ནི་ཕྱག་རྒྱའོ། །དཔྲལ་བའི་ཕྱོགས་ཀྱི་དབུས་


DTG021_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་བ་ནི་དཔྲལ་བའི་དཀྱིལ་དུའོ། །གཅུ་ཞིང་གཅུ་ཞིང་བསྐོར་བ་ཞེས་བྱ་བ་ནི་བསྒྱུར་ཞིང་བསྒྱུར་ཞིང་བསྐོར་བའོ། །ད་ནི་སྙོམས་པར་འཇུག་པ་བསྟན་པ་ནི། སྔགས་པས་དཔའ་བོ་རྣལ་འབྱོར་མ་བྱིན་བརླབ་ཅེས་པ་ལ་སོགས་པ་སྟེ། བྱིན་གྱིས་བརླབ་ཅེས་བྱ་བ་ནི་སྔགས་སྔོན་དུ་འགྲོ་བས་སོ། །དཔའ་བོ་རྣལ་འབྱོར་མ་ཞེས་བྱ་བ་ནི་དཔྲལ་བའི་དཀྱིལ་དུའོ། །ལྷ་དང་ལྷ་མོ་གཉིས་མེད་ཅེས་བྱ་བ་ནི་སྙོམས་པར་ཞུགས་པའི་རྒྱུ་མཚན་ནོ། །སྣ་རྩེ་ཞེས་བྱ་བ་ནི་པདྨའི་སྣ་རྩེར་རོ། །མཚན་གྱི་ལྟེ་བར་ཞེས་བྱ་བ་ནི་རྡོ་རྗེའི་ལྟེ་པར་རོ། །སྔགས་ཀྱི་ཚོགས་དང་བཅས་པས་བྱིན་གྱིས་བརླབ་ཅེས་བྱ་བ་ནི་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མའི་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་བརྗོད་པ་སྔོན་དུ་འགྲོ་པས་བཅོམ་ལྡན་འདས་ཀྱིས་བཅོམ་ལྡན་འདས་མའི་ལྟེ་བ་ལ་སོགས་པ་རྣམས་བྱིན་གྱིས་བརླབ་པར་བྱའོ་ཞེས་པའི་དོན་ཏོ། །རྣལ་འབྱོར་སངས་རྒྱས་མཁའ་འགྲོ་མ། །ཞེས་པ་ནི་རྡོ་རྗེ་ཕག་མོའོ། །ལྕེ་ཞེས་བྱ་བ་ནི་ལྕེའོ། །ཨ་ཝ་དྷཱུ་ཏཱི་གཉིས་ཀྱིས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་རྣམས་ཀྱིས་སོ། །དཔའ་བྱིན་བརླབ་ཅེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ལྟེ་བ་ལ་སོགས་པ་རྣམས་སུའོ། །རྣལ་འབྱོར་མ་དང་དཔའ་བོ་གཉིས་མེད་ཡིན། །ཞེས་བྱ་བ་ནི། འདི་ཐམས་ཅད་བྱས་ནས་དཔའ་བོ་དང་བཅས་པའི་རྣལ་འབྱོར་མ་སྙོམས་པར་འཇུག་པ་བསྒོམ་མོ་ཞེས་པའི་དོན་ཏོ། །སྙོམས་པར་ཞུགས་པའི་དགོས་པ་གསུངས་པ། །དགའ་བ་ཞེས་བྱ་བ་ལ་སོགས་པ་སྟེ། དཔའ་བོ་ཞེས་པ་ནི་དཔའ་བོ་ལྟ་བུའོ། །རྣལ་འབྱོར་མ་ཞེས་བྱ་བ་ནི་རྣལ་འབྱོར་མ་ལྟ་བུའོ། །རབ་ཏུ་དགའ་བའི་ཆེད་དུ་ཐབས་དང་ཤེས་རབ་གཉིས་མེད་ཅེས་དགོངས་པའོ། །མ་ལུས་ཉིད་ཅེས་བྱ་བ་ནི་ཐམས་ཅད་ཉིད་དོ། །འདི་གསུངས་པ་ཡང་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གསུངས་པ་བདེ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་ཞེས་བྱ་བ་ནི་རབ་ཏུ་དགའ་བའི་དགའ་བ་དེའོ། །ཐབས་ཞེས་བྱ་བ་ནི་བསྐྱོད་པའི་མཚན་ཉིད་ཀྱིས་བྱ་བའོ། །ཀུན་རིག་ཅེས་བྱ་བ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་དེ། ལྷན་ཅིག་སྐྱེས་པ་སྤྱིས་གསུམ་ཆར་ཡང་ལྷན་ཅིག་སྐྱེས་པའི་རང་གི་ངོ་བོའོ་ཞེས་བྱ་བའི་དོན་ཏོ། །ལྷན་ཅིག་སྐྱེས་པའི་


DTG021_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆེ་བའི་བདག་ཉིད་གསུངས་པ། ས་སྟེངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ས་སྟེངས་ནམ་མཁའ་སྟེ་གཟུགས་དང་གཟུགས་མེད་དོ། །གཟུགས་གཅིག་ཅེས་བྱ་བ་ནི་གཅིག་གི་རང་གི་ངོ་བོའོ། །སྐད་ཅིག་གིས་ཞེས་པ་ནི་ལྷན་ཅིག་སྐྱེས་པའོ། །ལྷན་ཅིག་སྐྱེས་པའི་དགའ་བའི་སྟོབས་ཀྱིས་ས་སྟེངས་ལ་སོགས་པ་བདེ་མཆོག་གི་རང་བཞིན་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྒོམ་པ་བདག་གིས་བཤད་པའི་ཞེས་བྱ་བ་ནི་སྔགས་དང་ཕྱག་རྒྱ་གཉིས་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཏེ་སྒོམ་པར་བཤད་པ་ཉིད་དོ། །བསྡུ་བ་ཞེས་པ་ནི་སྤྱན་དྲངས་པའི་ཡེ་ཤེས་ཀྱི་འཁོར་ལོ་བདག་ཉིད་ལ་གཞུག་པར་བྱའོ། །དེ་གཉིས་བཤད་པ་ཞེས་བྱ་བ་ནི་རྒྱས་པའི་རྒྱུད་དུ་ཆོ་ག་ཇི་ལྟར་བསྟན་པ་སྟེ། དེ་ནི་བསྟན་ཞེས་བྱ་བ་ནི་ལྷག་མའོ། །བསྡུ་བ་ཉིད་གསུངས་པ་གཡོན་ཞེས་པ་ལ་སོགས་པ་སྟེ། བསྐོར་བ་ཞེས་བྱ་བ་ནི་བསྐོར་བའོ། །མཁའ་འགྲོ་མ་ཡི་བདེ་བ་དེ། །ཞེས་བྱ་བ་ནི། རྣལ་འབྱོར་མ་རྣམས་སྔགས་དང་ཕྱག་རྒྱས་མཉེས་པར་བྱའོ། །ཨོཾ་ཡོ་ག་ཤུདྡྷཿ་སརྦ་དྷརྨཱ་ཡོ་ག་ཤུདྡྷཽ྅ཧཾ། ཞེས་པའི་སྔགས་བརྗོད་པ་སྔོན་དུ་འགྲོ་བའི་ཕྱག་རྒྱ་འདིས་ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་གི་འཁོར་ལོ་ལ་གཞུག་པར་བྱ་ཞེས་བྱ་བར་དགོངས་པའོ། །འདི་ནི་ངེས་པར་བསྟན་པ་བརྒྱད་པའོ།། །།

ངེས་པར་བསྟན་པ་དགུ་པ།


DTG021_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སྤྲུལ་པར་ཞེས་པ་ནི། སྤྲོ་པ་དང་བསྡུ་བས་འགྲོ་བའི་དོན་བྱེད་པའི་ཆེད་དུ་ལྷའི་སྐུའི་བདག་ཉིད་ནི་སྤྲུལ་པའི་སྐུའི་རང་བཞིན་ནོ། །ཤེས་བྱ་ཞེས་བྱ་བ་ནི་ལྷག་མའོ་ཞེས་བྱ་བ་དང༌། ལོངས་སྤྱོད་རྫོགས་པར་འདོད་པ་ཉོན། །ཞེས་པ་ནི་དེ་ནས་འོག་ནས་ལོངས་སྤྱོད་རྫོགས་པའི་སྐུ་འཆད་པར་འགྱུར་བའི་རིམ་པ་འདིས་མཉེས་པར་བྱ་བ་ཉོན་ཞེས་པར་སྦྱར་རོ། །ཐེག་པ་ཆེན་པོ་ཞེས་བྱ་བ་ནི་ཐེག་པ་ནི་དེར་འགྲོ་བས་ན་ཐེག་པའོ། །ཆེན་པོ་ཡང་ཡིན་ལ་ཐེག་པ་ཡང་ཡིན་པས་ན་ཐེག་པ་ཆེན་པོའོ། །ཕྱག་རྒྱ་ཞེས་བྱ་བ་ནི་དཔལ་བདེ་མཆོག་གི་སྐུའོ། །རྣལ་འབྱོར་མ་ཡི་གྲུབ་སྟེར་བཤད། །ཅེས་བྱ་བ་ནི་དེ་བཞིན་དུ་དེ་ལྟ་བུའི་སྐུས་རྣལ་འབྱོར་པ་ལ་སོགས་པ་ལ་གཞལ་ཡས་ཁང་དུ་བཞུགས་ཏེ། ཆོས་བསྟན་པའི་སྒོ་ནས་དངོས་གྲུབ་སྟེར་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱིས་ན་ཆོས་ལ་


DTG021_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལོངས་སྤྱོད་པའི་སྒོ་ནས་གཞལ་ཡས་ཁང་ན་གནས་པའི་ལྷ་རྣམས་ཀྱིས་ལོངས་སྤྱོད་བཞིན་པ་ཉིད་ཀྱི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བརྗོད་དོ། །ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི་ལྷའི་སྐུ་ཕྱག་རྒྱ་ཆེན་པོའོ། །མཆོག་གཞན་མེད་ནི་གཞན་མཆོག་ཏུ་གྱུར་པ་མེད་དོ། །ཅིའི་ཕྱིར་ཞེ་ན། གསུངས་པ། རྣལ་འབྱོར་ཀུན་ལས་མཆོག་ཡིན་ཏེ། །ཞེས་བྱ་བ་ནི་གང་གི་ཕྱིར་རྣལ་འབྱོར་ཀུན་གྱི་ནང་ནས་མཆོག་གི་རྣལ་འབྱོར་ཡིན་པ་དེའི་ཕྱིར་ཞེས་བྱ་བའི་དོན་ཏོ། །འདི་སླར་ཇི་ལྟ་བུ་ཞེ་ན། གསུངས་པ། ཧེ་རུ་ཀ་དཔལ་རྒྱལ་པོ་ཆེ། །རྣལ་འབྱོར་ཀུན་བདག་དབང་ཕྱུག་ཡིན། །ཞེས་པ་ནི་ཐམས་ཅད་གོ་སླའོ། །ཀུན་ལས་འདི་ནི་དང་པོའི་དོན་གྱི་གཉིས་པའོ། །ནམ་མཁའ་དང་མཉམ་ལས་བསྡུས་པ། །ཞེས་པ་ནི། མཆོག་དེ་ཉིད་ནམ་མཁའ་དང་མཉམ་པའི་མིང་ཅན་གྱི་རྒྱུད་ལས་སྟོན་ཞེས་པའི་དོན་ཏོ། །ཀུན་མཁྱེན་ཡེ་ཤེས་དེའི་རང་བཞིན། །ཞེས་བྱ་བ་ནི། ཀུན་མཁྱེན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་བདེ་བ་ཆེན་པོར་བསྟན་པ་དེའི་རང་བཞིན་འདི་ཡིན་ནོ་ཞེས་དགོངས་པའོ། །ཧེ་རུ་ཀ་དཔལ་དཔའ་བོ་མཆོག །ཅེས་པ་ནི་གོ་སླའོ། །ཚིགས་སུ་བཅད་པ་འདིའི་ནང་དུ་ཚོགས་ཀྱི་སྟོན་མོའང་བསྟན་ཏོ། །འདི་ཉིད་ཀྱི་རྣལ་འབྱོར་གྱིས་རྣལ་འབྱོར་པ་སེམས་མཚུངས་པ་རྣམས་ཀྱིས་ལྷན་ཅིག་པར་ཞི་བའི་བཏུང་བ་ལ་སོགས་པའི་ཆོ་གས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །པུ་ལ་སོགས་པ་ཡང་དག་སྦྱར། །ཞེས་པ་ནི། པུལླཱི་ར་མ་ལ་ཡ་ལ་སོགས་པ་བློས་དམིགས་པར་བྱའོ། །ཡུལ་དང་ཡུལ་དུ་རྣམ་པར་གནས། །ཞེས་བྱ་བ་ནི་དེ་དང་དེ་རྣམས་ཀྱི་ཡུལ་ན་གནས་པའི་རབ་ཏུ་གཏུམ་མོ་ལ་སོགས་པའི་ལྷ་མོའི་ཚོགས་སོ། །ཧེ་རུ་ཀ་དཔལ་བདག་ཉིད་ཅེས་པ་ནི། །ཧེ་རུ་ཀའི་བདག་ཉིད་ཀྱི་ངོ་བོར་བསྒོམ་ཞེས་གོ་བར་བྱའོ། །ཇི་ལྟར་བསྒོམ་པར་བྱ་ཞེ་ན། གསུངས་པ་བདག་ཉིད་དགོད། ཡི་གེ་ཉི་ཤུ་རྩ་བཞི་ནི། །ཞེས་པ་ནི། པུ་ལ་སོགས་པའི་ཡི་གེ་ཉི་ཤུ་རྩ་བཞི་མགོ་ལ་སོགས་པ་རྣམས་སུ་དགོད་ཅིང༌། དེར་སོན་པའི་རྩ་རྣམས་ནི་རབ་ཏུ་གཏུམ་མོ་ལ་སོགས་པའི་གཟུགས་ཀྱི་དངོས་པོར་བསྒོམ་མོ་ཞེས་དགོངས་པའོ། །


DTG021_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཇུག་བསྡུ་བ་གསུངས་པ། ལོངས་སྤྱོད་རྫོགས་པར་ཞེས་བྱ་བ་ལ་སོགས་པ་ནི་རིམ་པ་འདིས་ན་ལོངས་སྤྱོད་རྫོགས་པའི་སྐུའོ། །བསྟན་ཞེས་པ་ནི་བཤད་པའོ། །རྣལ་འབྱོར་ཆེ་ལ་གནས་པ་ཡིན། །ཞེས་པ་ནི། རྣལ་འབྱོར་ཆེན་པོའི་ཏིང་ངེ་འཛིན་གྱི་དབང་དུ་བྱ་སྟེ་རྣམ་པར་གཞག་གོ་ཞེས་བྱ་བའི་དོན་ཏོ། །རབ་ཏུ་འཇུག་པ་ཞེས་བྱ་བ་ནི་རིམ་པ་འདིས་དཔལ་ཧེ་རུ་ཀ་བསྐྱེད་དོ་ཞེས་བྱ་བའོ། །ཤེས་པར་བྱ་ཞེས་པ་ནི་གོ་བར་བྱ་བའོ། །ལྡོག་པའང་ཇི་ལྟར་བསྟན་པ་ནི། །ཞེས་པ་ནི་ཇི་ལྟར་དེའི་ལྡོག་པ་ནི་འགོག་པ་སྟེ། ཆོས་ཀྱི་སྐུ་བསྒོམ་པར་བརྗོད་ཅིང་ཞེས་པའི་དོན་ཏོ། །ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ནི་རང་བཞིན་སྟོང་པ་སྟེ། །ཞེས་བྱ་བ་ནི་ཕྱག་དང་ཞབས་ལ་སོགས་པ་དེའི་རང་བཞིན་ནི་གཟུང་བ་དང་འཛིན་པའི་རྣམ་པས་སྟོང་པ་རང་བཞིན་མེད་པ་དོན་དམ་པ་བདེ་བ་ཆེན་པོའི་རང་བཞིན་ཡིན་པའི་ཕྱིར་དེ་ཡང་བདེ་བ་ཆེན་པོའོ། །ཀུན་དུ་འགྲོ་ཞིང་ཞེས་པ་ནི་འགྲོ་བ་ཐམས་ཅད་ལ་ཁྱབ་པའོ། །མི་ཤིགས་པ་ཞེས་བྱ་བ་ནི་གཟུང་བ་ལ་སོགས་པའི་རྣམ་པར་རྟོག་པས་གཞོམ་དུ་མེད་པའོ། །སྒོམ་བྱེད་པ་ཞེས་པ་ནི་གོ་སླའོ། །བྱང་ཆུབ་ཕྱོགས་ནི་སུམ་ཅུ་བདུན། །དེར་ནི་ངེས་པར་བསྒོམ་པར་བྱ། །ཞེས་བྱ་བ་ནི་གང་ཞིག་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ལྷན་ཅིག་ཏུ་བསྒོམ་པ་སྟེ། དེ་ལས་འབྱུང་བར་འགྱུར་རོ་ཞེས་པའི་དོན་ཏོ། །འདི་ནི་ངེས་པར་བསྟན་པ་དགུ་པའོ།། །།

ངེས་པར་བསྟན་པ་བཅུ་པ།


DTG021_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི། བསྒོམས་པས་སྐྱོ་ཞིང་དུབ་གྱུར་ན། །ཞེས་བྱ་བ་ནི་གང་ཞིག་བསྒོམས་པས་སྐྱོ་ཞིང་ལྡང་བར་འདོད་པར་གྱུར་ན་བདག་ཉིད་ལ་དཀྱིལ་འཁོར་པའི་ལྷ་རྣམས་བསྡུས་ཏེ་ལྡང་བར་བྱའོ་ཞེས་པའི་དོན་ཏོ། །ལངས་ནས་ཅི་བྱ་ཞེ་ན་གསུངས་པ། སྤྱོད་ཚུལ་ཞེས་བྱ་བ་ལ་སོགས་པ་སྤྱོད་ཚུལ་ཁྱད་བར་གྱིས་ཞེས་བྱ་བ་ནི་མཉམ་པར་མ་བཞག་པའི་སྤྱོད་པའོ། །སྦྱོར་དང་བྲལ་བར་མི་བྱ་ཞེས་པ་ནི་དཔལ་བདེ་མཆོག་གི་ང་རྒྱལ་དང་ཡོངས་སུ་མི་འབྲལ་བའོ། །འདི་ཡིན་ཞེས་བྱ་བ་ནི་འདིས་སོ། །སྤྱོད་པའི་རྣལ་འབྱོར་ཞེས་པ་ནི། མཉམ་པར་མ་བཞག་པའི་སྤྱོད་བ་དང་ལྡན་པས་སོ། །ད་ནི་གཏོར་མའི་ཆོ་ག་གསུངས་


DTG021_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པ། ཇི་སྐད་ཅེས་བྱ་བ་ལ་སོགས་པ་སྟེ། ཇི་སྐད་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའོ། །སྔར་བཤད་པའི་བསམ་གཏན་ཞེས་པ་ནི་སྔགས་དང་ཕྱག་རྒྱས་སྔར་བསྟན་པའི་འཁོར་ལོ་མདུན་དུ་སྤྱན་དྲངས་ཏེ་བསྒོམ་པར་བྱའོ། །ཆོ་ག་ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོའི་ཆོ་གའོ། །རྒྱས་བྱས་ལ་ཞེས་བྱ་བ་ནི་ཤ་དང་ཆང་ལ་སོགས་པ་ཆེས་མང་བའོ། །སྤྱིན་པར་བྱ་ཞེས་པ་ནི་བདུད་རྩི་མྱང་བའི་ཆོ་ག་རྫོགས་པར་བྱ་སྟེ་སྦྱིན་པར་བྱའོ། །ལས་ལ་ཞེས་པ་ནི་ཞི་བ་ལ་སོགས་པའི་ལས་ཀྱི་དོན་དུའོ། །ཁྱད་པར་དུ་ཞེས་པ་ནི་གཡས་དང་གཡོན་དུ་བསྐོར་བའི་ཁྱད་པར་གྱིས་སོ། །མར་ངོའི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྟོན་མོ་བྱ་བའི་འཁོར་ལོ་སྤྱན་དྲངས་པ་གསུངས་པ། རྐང་པ་མནན་པ་ཞེས་བྱ་བ་ལ་སོགས་པ་སྔར་བཤད་པ་ཉིད་དོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་གསུངས་པ། སྔར་བཤད་ཅེས་བྱ་བ་ལ་སོགས་པ་ལ། སྔར་བཤད་སྔགས་དང་རྒྱ་སྦྱར་བ། །ཞེས་པ་ལ་རྒྱ་ནི་དྲ་བའི་ཕྱག་རྒྱའོ། །སོགས་པའི་སྒྲས་རྐང་པ་མནན་པ་སྔོན་དུ་འགྲོ་བས་སྟེང་དུ་བལྟའོ། །སྔགས་ཞེས་པ་ནི་ཡི་གེ་ཕེཾ་ངོ༌། །སྦྱར་ཞེས་པ་ནི་ཕྱག་རྒྱ་ལ་སོགས་པ་འདི་རྣམས་དང་སྦྱར་བར་བྱ་སྟེ། དཀྱིལ་འཁོར་སྤྱན་དྲངས་ཞེས་པ་ནི་ལྷག་མའོ། །ཆོ་ག་བཞིན་དུ་ཡང་དག་བསྲུང༌། །ཞེས་པ་ནི་བདག་ཉིད་ཆོ་ག་ཇི་ལྟ་བར་དཔལ་བདེ་མཆོག་གི་སྐུར་རྣམ་པར་བསྒོམ་ཞིང་གོ་ཆ་གཉིས་ཀྱིས་གོ་བགོ་ཞེས་པའི་དོན་ཏོ། །སྔགས་གསུངས་པ་ཨོཾ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ཞེས་པ་ནི་སྔགས་འདིའོ། །དམ་ཚིག་སོགས་རྫས་ཞེས་པ་ནི། གནས་པས་མངོན་བཟླ་ཞེས་གཞན་དང་སྦྱར་རོ། །དམ་ཚིག་གི་རྫས་ནི་གོ་ཀུ་ད་ཧ་ན་ལ་སོགས་པའོ། །སོགས་པའི་སྒྲས་བཟའ་བ་དང་ཚོད་མ་ལ་སོགས་པ་གོ་བར་བྱའོ། །ལེགས་གནས་ཞེས་བྱ་བ་ནི་བདུད་རྩི་མྱང་བའི་ཆོ་གས་ལེགས་པར་འདུས་བྱས་ཤིང་གཞག་པའོ། །གྱེན་ཁ་ཕྱེ་ཞེས་པ་ནི་གྱེན་ཁ་དབྱེ་བའོ། །དཔའ་བོ་རྣལ་འབྱོར་མ་ཞེས་པ་ནི་དཔའ་བོ་ཤེས་རབ་དང་བཅས་པ་དང༌། མཁའ་འགྲོ་མ་ལ་སོགས་པ་ནས་གཤིན་རྗེ་འཇོམས་མ་ལ་ཐུག་གི་བར་དུ་རྣལ་འབྱོར་མ་རྣམས་ལ་དབུལ་ཞེས་པ་ལྷག་མའོ། །ཁཎྜ་ཀ་པཱ་ལ་ལ་སོགས་པ་ནི་དཔའ་བོ་ཡིན་ནོ། །འདི་རྣམས་ལ་ཡང་


DTG021_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཨོཾ་ཀ་ར་ཀ་ར་ཞེས་པ་ལ་སོགས་པའི་སྔགས་ལན་ཅིག་བརྗོད་དེ་དབུལ་བར་བྱའོ། །ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་པ་ལ་སོགས་པའི་སྔགས་འདིས་ལན་གཉིས་བརྗོད་པས་ཕྱོགས་སྐྱོང་རྣམས་ལ་སྦྱིན་པར་བྱ་ཞེས་དགོངས་སོ། །ལྷའི་རྣལ་འབྱོར་དང་ལྡན་པས་གཏོར་མ་དབུལ་ཞེས་བསྟན་པའི་ཕྱིར་གསུངས་སོ། །དཔའ་བོ་ཞེས་བྱ་བ་ལ་སོགས་པ་ལ་དཔའ་བོ་ནི་བཅོམ་ལྡན་འདས་སོ། །དེ་ཁོ་ན་ཉིད་ཀྱི་ཡིད་ཀྱིས་འགྲོ་བ་སྐྱོབ་པས་ན་སྔགས་སོ། །སོགས་པའི་སྒྲས་རྡོ་རྗེ་ཕག་མོ་ལ་སོགས་པའི་ལྷ་ཀུན་གཟུང་སྟེ། དེ་རྣམས་ཀྱི་འཁོར་ལོ་ནི་གཞལ་ཡས་ཁང་ངོ༌། །དུར་ཁྲོད་ལ་སོགས་ཀྱིས་ཀྱང་བརྒྱན། །ཞེས་པ་ནི་དུར་ཁྲོད་བརྒྱད་ལ་སོགས་པ་དང་ལྡན་པའོ། །སོགས་པའི་སྒྲས་ཕྱི་རོལ་གྱི་རྡོ་རྗེ་ར་བའང་རིག་པར་བྱའོ། །ལྷོ་ཕྱོགས་ཁ་བལྟས་ཞེས་པ་ནི་ཉེ་བར་མཚོན་པ་ཙམ་གྱིས་གཅེར་བུ་སྐྲ་གྲོལ་ཞེས་པ་ཡང་གོ་བར་བྱའོ། །གནས་ནི་མཐོན་པོར་ཞེས་པ་ནི་དུར་ཁྲོད་དམ་རིའམ་གནས་མཐོན་པོར་རོའི་སྟེང་དུ་ཉེ་བར་འདུག་པའོ། །མཆོད་ཅེས་པ་ནི་སྒོམ་པའོ། །བསྒོམས་ནས་ཅི་ཞིག་བྱ་ཞེ་ན། གསུངས་པ་དབུལ་བར་བྱ་ཞེས་བྱ་བ་ལ་སོགས་ལ། དབུལ་ཞེས་པ་ནི་ཞུ་བའི་རྫས་ལ་སོགས་པ་ལྷ་རྣམས་ལ་ཉེ་བར་དབུལ་བར་བྱའོ། །བདག་གིས་ནུས་པས་ཞེས་པ་ནི་ཇི་ལྟ་བུར་ནུས་པ་ནི་འབྱོར་པ་དང་རྗེས་སུ་མཐུན་པ་ཞེས་དགོངས་པའོ། །རིམ་པ་མཚོན་པ་ཇི་ལྟ་བར། །ཞེས་པ་ནི་འདུ་བྱ་བའི་ཆེད་དུ་སྒོམ་པའི་རིམ་པ་ལས་མི་འདའ་བར་བསྒོམས་ལ་ཞེས་པའི་དོན་ཏོ། །ད་ནི་ཚོགས་ཀྱི་སྟོན་མོ་གསུངས་པ། དགུན་ཟླ་འབྲིང་པོ་ལ་སོགས་པའི་ཞེས་པ་སྟེ། མཆོད་ཅེས་པ་ནི་རྣལ་འབྱོར་མ་སྤྱན་དྲངས་ཏེ། ཡོ་བྱད་ལས་མཆོད་པའོ། །བདེ་བ་ཐམས་ཅད་དབུལ་བར་བྱ། །ཞེས་པ་ནི་བཟའ་བ་དང་ཚོད་མ་ལ་སོགས་པ་ཡོད་པ་ཀུན་བསྒྲུབ་པར་བྱའོ། །སྐྱེ་བོ་དམ་པ་ཀུན་འདུས་ལ། །ཞེས་པ་ནི་ཚོགས་ཀྱི་དཀྱིལ་འཁོར་དུའོ། །དེར་ནི་ཞེས་བྱ་བ་ནི་ཚོགས་ཀྱི་དཀྱིལ་འཁོར་དུའོ། །ལྷག་མ་སྣོད་དུ་ཞེས་པ་ནི་ཞུ་བའི་རྫས་ཆང་དང༌། ལྷན་ཅིག་ཏུ་སྣོད་གཉིས་སུ་སོན་པ་བཟའ་བ་དང་ཚོད་མ་ལ་སོགས་པ་གཞག་པར་བྱ་ཞེས་པ་ནི་བདུད་རྩི་མྱང་བའི་


DTG021_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཚོགས་རྫོགས་པའོ། །ཕན་ཡོན་གསུངས་པ། དེའི་ཞེས་བྱ་བ་ལ་སོགས་པ་སྟེ། མཆོད་ཅེས་པ་ནི་རབ་པོ། །འདི་ནི་ངེས་པར་བསྟན་པ་བཅུ་པའོ།། །།

ངེས་པར་བསྟན་པ་བཅུ་གཅིག་པ།


DTG021_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཕ་རོལ་ཕྱིན་དྲུག་ཅེས་པ་ནི་མགོ་རྒྱན་ལ་སོགས་པ་རྒྱན་དྲུག་གོ །དང་པོར་ཞེས་པ་ནི་དང་པོར་གྲུབ་པའོ། །ཕ་རོལ་ཕྱིན་པ་ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་ཕྱོགས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་ཕྱོགས་ནི་སུམ་ཅུ་བདུན། །ཞེས་པ་ནི། ཆེ་མཆོག་ལྷ་ཡི་བདག་ཉིད་ཅན། །ཞེས་པའི་ཚིག་འདི་དང་སྤྱར་རོ། །ཆེ་མཆོག་ཅེས་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ནོ། །ལྷའི་བདག་ཉིད་ཅེས་པ་ནི་གང་དུ་དཔལ་ཧེ་རུ་ཀ་ལ་སོགས་པའི་ལྷའི་སྐུ་སྟེ། ཡང་དག་པའི་ཏིང་ངེ་འཛིན་དང་ལྷན་ཅིག་ཏུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རང་བཞིན་ཞེས་དགོངས་པའོ། །གནས་སོགས་ས་ནི་བཅུ་པོ་རྣམས། །ཞེས་པ་ནི་སྒྲུབ་པ་པོ་འདིས་གནས་ལ་སོགས་པ་དང་པུལླཱི་ར་མ་ལ་ཡ་ལ་སོགས་པ་དེར་རབ་ཏུ་དགའ་བ་ལ་སོགས་པས་བཅུའི་རང་བཞིན་ཞེས་འདིས་ཀུན་དུ་གོ་བར་བྱའོ། །འདིར་རྒྱན་ལ་སོགས་པ་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ངོ་བོར་བསྒོམ་ཞིང་རྣམ་པར་དག་པར་བསམ་པར་བྱ་ཞེས་པའོ། །ཇི་ལྟར་འདི་བསྒོམས་པས་གཞན་བྱ་བར་ནུས་སམ་ཞེ་ན། གསུངས་པ། དངོས་པོ་གང་དང་གང་དག་གིས། །ཞེས་བྱ་བ་ལ་སོགས་པ་སྟེ། དངོས་པོ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའོ། །དེའི་རང་བཞིན་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་རང་བཞིན་ནོ། །སྣ་ཚོགས་གཟུགས་ཅན་ནོར་བུ་འདྲ། །ཞེས་པ་ནི། ཇི་ལྟར་ཤེལ་རྡོ་རས་དང་ཉེ་བར་སྔོན་པོ་དང་སེར་པོ་ལ་སོགས་པའི་དངོས་པོ་བཞིན་དུ་སྔོན་པོ་དང་སེར་པོ་ལ་སོགས་པར་འདི་ལ་སྣང་བར་འགྱུར་རོ། །དེ་བཞིན་དུ་འདིར་ཡང་ཡིད་ལས་སྣང་བར་འགྱུར་རོ་ཞེས་པའི་དོན་ཏོ། །མཇུག་བསྡུ་བ་ལ་སོགས་པ་གསུངས་པ། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་རིམ་པ་འདིས་སོ། །ཇི་ལྟ་ཇི་ལྟར་གནས་ཞེས་པ་ནི། གང་དང་གང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་འཇུག་པར་འགྱུར་རོ། །འཇིགས་བཅས་པའམ་འཇིགས་མེད་པ། །ཞེས་པ་ནི་


DTG021_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གནས་ཞེས་པ་ལྷག་མའོ། །བསམ་གཏན་ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས། སངས་རྒྱས་ལ་ཐུག་པར་བསམ་གཏན་བྱ་བའོ། །སྒོམ་པ་བདག་གིས་ཞེས་པ་ནི་སངས་རྒྱས་ཉིད་ཚུན་ཆད་དུ་བསྒོམ་པའོ། །ལས་རྣམས་ཐམས་ཅད་རབ་སྒྲུབ་བྱེད། །ཅེས་པ་ནི། རང་དང་གཞན་དག་གིས་དེའི་ཡིད་ལ་གང་ཅུང་ཟད་ཅི་འདོད་པ་དེ་ཐམས་ཅད་སྒྲུབ་པར་བྱེད་ཅེས་པའི་དོན་ཏོ། །དེ་ཉིད་གསུངས་པ་ཚེ་འདི་ཉིད་ལ་ཞེས་བྱ་བ་ལ་སོགས་པའི་ཚེ་འདི་ཞེས་པ་ནི་སྐྱེ་བ་འདི་ལའོ། །སྤྱོད་དང་གྲོལ་བའི་འབྲས་རབ་སྩོལ། །ཞེས་པ་ནི་སངས་རྒྱས་སམ་བྱང་ཆུབ་སེམས་དཔའ་རང་དང་གཞན་གྱིས་མངོན་པར་འདོད་པའི་འབྲས་བུ་སྩོལ་བར་ནུས་པ་རབ་ཏུ་ཐོབ་ཅེས་སྔར་བཤད་པ་དང་སྦྱར་རོ། །བསྒོམ་པ་ཞེས་བྱ་བ་ལ་སོགས་པ་ལ། གང་ཡང་ཞེས་པ་ནི་ཅུང་ཟད་ཀྱང་ངོ༌། །ལོག་པའི་ཤེས་པ་ཞེས་པ་ནི་མི་ཤེས་པའི་རྒྱུར་གྱུར་པའོ། །ཤེས་པ་ཅན་ཞེས་བྱ་བ་ནི་ཡོངས་སུ་ཤེས་པ་དོན་དུ་གཉེར་བར་རོ། །གང་གིས་ཞེས་པ་ལ་སོགས་པ་ལ། དེ་ཞེས་པ་ནི་དེའོ། །སྐྱེ་བ་བྱེ་བ་སྟོང་ཕྲག་ཏུ། །ཞེས་པ་ནི་སྐྱེ་བ་སྟོང་ཕྲག་བྱེ་བར་ཡང་ངོ༌། །བདག་གི་ཡེ་ཤེས་ཀྱིས་བསྐུལ་བ། །ཞེས་པ་ནི་ཡོངས་སུ་ཤེས་པ་དེའི་དོན་བདག་གིས་གནས་པར་བྱའོ། །སྐྱེ་བ་སྟོང་ཕྲག་བྱེ་བར་མྱུར་དུའི་སྒྲས་བརྗོད་པར་བྱ་བ་ཉིད་དུ་སྒྲུབ་པ་པོས་ཤེས་པར་བྱའོ། །དེ་ནི་དེ་ཉིད་ཀྱིས་གསལ་བར་བྱས་པ་ཞེས་པའི་དོན་ཏོ། །རྣལ་འབྱོར་སྤྱོད་ཚུལ་གནས་པ་ཡིན། །ཞེས་པ་ནི་གསུམ་ལ་ནི་སྒོམ་བཞིན་པ་ཡང་གླེན་པ་ལ་སོགས་པའི་སྤྱོད་ཡུལ་དུ་མི་འགྱུར་བར་གསུངས་པ། ལྐུགས་ཤིང་གླེན་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཐབས་ངན་ལྡན་ཞེས་པ་ནི་ཐབས་དང་བྲལ་བའོ། །བྱིས་པའི་ཤེས་པའི་ཤེས་པ་ཅན་ནི་བྱིས་པའི་སྐྱེ་བོ་ཉིད་ཀྱི་ཤེས་པའོ། །ཤེས་པ་ཞེས་པ་ནི་ཡོངས་སུ་ཤེས་པ་དོན་དུ་གཉེར་ནས་སོ། །སེམས་ཅན་ཡོངས་སུ་མ་སྨིན་དང༌། །ཞེས་པ་ནི་དང་པོའི་དོན་གྱི་དྲུག་པའོ། །ང་རྒྱལ་ལ་སོགས་བདུན་སེམས་ལྡན། །ཞེས་པ་ནི། ང་རྒྱལ་ལས་ཀྱང་ང་རྒྱལ་ཞེས་བྱ་བ་ལ་སོགས་པའོ། །ཧེ་རུ་ཀ་དཔལ་ཡང་དག་འཇུག །ཅེས་པ་ནི། དཔལ་ཧེ་རུ་ཀའི་རང་གི་ངོ་བོའོ། །སློབ་དཔོན་བདག་ཉིད་ཆེན་པོ་ཡིས། །


DTG021_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་པ་ནི་བླ་མ་ཤིན་ཏུ་ཆེན་པོའི་ཞལ་སྔ་ནས་རིག་པར་བྱ་ཞེས་གོ་བར་བྱའོ། །ཕན་ཡོན་གསུངས་པ་ཀུན་སྤྱོད་ཅེས་པ་ལ་སོགས་པ་སྟེ། ཀུན་སྤྱོད་ཆོ་ག་ཞེས་པ་ནི་ཀུན་དུ་སྤྱོད་པའི་ཆོ་གའོ། །ཆོ་གའི་བྱ་བ་བསྟེན་པར་བྱ། །ཞེས་པ་ནི་ཆོ་ག་ཇི་ལྟ་བར་བསྟེན་པའོ། །དེ་ཡང་ཞེས་པ་ནི་དེ་ཡང་ངོ། །ཀུན་མཁྱེན་ཞེས་པ་ནི་ཐམས་ཅད་མཁྱེན་པའི་ཆེ་བའི་བདག་དེ་ཐོབ་པ་ཞེས་པ་ལྷག་མའོ། །སྲིད་པ་གསུམ་པོ་མ་ལུས་ན། །ཞེས་པ་ནི་འདིར་ཡང་བལྟ་བར་བྱའོ། །མཐོང་བ་ཞེས་བྱ་བ་ལ་སོགས་པ་ནི་འདིར་ཐམས་ཅད་དུ་གསུམ་པའི་དོན་གྱི་དང་པོའོ། །དེས་བཅོམ་ལྡན་འདས་མཐོང་ཞེས་པའི་དོན་ཏོ། །ལྷ་རྣམས་བཟློག་སྟེ་དགོད་པ་དང༌། །ཞེས་པ་ནི་མཐར་འགྱུར་བའི་བརྩོན་འགྲུས་ཆེན་པོ་མངོན་པར་བརྗོད་པ་རྒྱས་པའི་རྒྱུད་དུ་དང་པོར་བསྟན་པའོ། །སྔགས་ཀྱི་དབྱེ་བ་བཟློག་པ་དང༌། །ཞེས་པ་ནི་ཧཱ་སྭཱ་ཞེས་པ་ལ་སོགས་པ་ཕྱིན་ཅི་ལོག་གི་སྔགས་བརྗོད་དོ། །བསྒོམ་པ་གསང་བ་བཟློག་པ་ཞེས་པ་ནི་བསྒོམ་པའི་རིམ་པ་ཤིན་ཏུ་དཀྲུགས་ནས་མངོན་པར་བརྗོད་པའོ། །སྙིང་པོ་ཐམས་ཅད་སྒྲུབ་པ་ཡིན། །ཞེས་པ་ནི་འདི་ཐམས་ཅད་ཀུན་གྱི་སྙིང་པོ་དཔལ་བདེ་མཆོག་རབ་ཏུ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་པའི་དོན་ཏོ། །རྒྱུད་རྣམས་ཀུན་གྱི་སྤྱི་ཡི་ནི། །ཞེས་པ་ནི་བཅོམ་ལྡན་འདས་འདི་གོང་ན་མེད་པའི་ངོ་བོ་ཡིན་པའི་ཕྱིར་རྒྱུད་གཞན་ཐམས་ཅད་ཀྱི་ཐུན་མོང་ངོ༌། །སེམས་ནི་ཡོངས་སུ་སྨིན་པ་དག །ཅེས་པ་ནི་སེམས་ཡོངས་སུ་སྨིན་བ་དེ་ཡང་རིམ་གྱིས་མཐར་སངས་རྒྱས་ཞེས་པ་སྟེ། དེ་རྣམས་ཀྱི་ཡང་ཐུན་མོང་བའོ། །འདིར་ནི་སྦྱོར་སོགས་སྔགས་རྣམས་ཀྱི། །དམ་ཚིག་དེ་ལྟར་བསྟན་པ་ཡིན། །ཞེས་པ་ནི་བསྒོམ་བཞིན་པ་ཉིད་ཀྱིས་རྣལ་འབྱོར་དང་ཤིན་ཏུ་རྣལ་འབྱོར་ལ་སོགས་པའི་ཏིང་ངེ་འཛིན་ནང་དུ་ཆུད་པའི་ཕྱིར་དེ་རྣམས་ཀྱི་རང་གི་ངོ་བོ་བསྟན་ནོ་ཞེས་པའི་དོན་ཏོ། །འདིར་བསོད་ནམས་དང་མི་ལྡན་པའི་སྤྱོད་ཡུལ་དུ་མི་འགྱུར་བར་གསུངས་པ། གསུངས་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པའི་དབུགས་དབྱུང་ཞེས་པ་ནི་དེ་བཞིན་གཤེགས་པ་ཉིད་ནི་དེ་བཞིན་གཤེགས་པ་སྟེ། དེ་རྣམས་ཀྱིས་དབུགས་དབྱུང་པ་དེའི་ཕྱིར་དབུགས་འབྱུང་བའི་རྒྱུ་མཚན་དུ་ཞེས་པའི་དོན་


DTG021_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏོ། །ཅི་སྟེ་བསོད་ནམས་དང་ལྡན་པ་ཉིད་ཀྱི་ཡུལ་ཡིན་ན། འོ་ན་བསོད་ནམས་དང་བྲལ་བའི་ཇི་ལྟར་ཐབས་སུ་འགྱུར་ཞེས་ཏེ། དེ་བཞིན་གཤེགས་པ་རྣམས་ཐུགས་ཀྱི་བདེ་བས་བཞུགས་པའོ། །དེའི་རྗེས་ལས་རྡོ་རྗེ་དེ་བཞིན་གཤེགས་པའི་དབུགས་དབྱུང་བའི་རྒྱུར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཇི་ལྟར་གསུངས་ཤེ་ན། གསུངས་པ། དག་པའི་ལུས་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །འདི་ནི་ངེས་པར་བསྟན་པ་བཅུ་གཅིག་པའོ།། །།

ངེས་པར་བསྟན་པ་བཅུ་གཉིས་པ།


DTG021_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་བསྲུང་མིན་ཞེས་པ་ལ་སོགས་པ་གསུངས་ཏེ། སྦྱིན་སྲེག་མེད་ཅེས་པ་ཡན་ཆད་གོ་སླའོ། །གལ་ཏེ་བསྲུང་བར་བྱ་བ་ལ་སོགས་པ་ཉེ་བར་མཁོ་བ་མ་ཡིན་ན། འོ་ན་ཅི་བསྒོམ་པར་བྱ་ཞེ་ན། གསུངས་པ། མདོར་ན་ཞེས་བྱ་བ་ལ་སོགས་པ་སྟེ། མདོར་བ་སྡུས་པའོ། །བསྲུང་མིན་ཞེས་བྱ་བ་ལ་སོགས་པས་ཀུན་བསྡུས་སོ། །སེམས་འདུས་ཚུལ་ཅན་ཡིན་ཞེས་པ་སྟེ། སེམས་ནི་བདེ་བ་ཆེན་པོའི་རང་བཞིན་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་འདུས་པ་ནི་ཚོགས་པ་སྟེ། ཆོས་ཐམས་ཅད་རོ་གཅིག་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེའི་ངོ་བོ་ནི་བཅོམ་ལྡན་འདས་ཞེས་པ་ལྷག་མའོ། །གཟུང་བྱ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་བཅོམ་ལྡན་འདས་ནི་གཟུང་བྱའོ། །རྣམ་ཤེས་ཡེ་ཤེས་ནི་ཞེས་པ་ནི། རྣམ་པར་རྟོག་པ་དང་བཅས་པ་དང༌། རྣམ་པར་རྟོག་པ་མེད་པ་གཉིས་སོ། །བླ་མས་བསྟན་ལ་ཞེས་པ་ནི་བླ་མས་བསྟན་པ་ལས་སློབ་མས་མཆོག་ཉིད་དོ། །ཕྱི་རོལ་གྱི་ནི་ཞེས་པ་ལ་སོགས་པ་ལ། ལམ་ཞེས་པ་ནི་ཉན་ཐོས་པ་ལ་སོགས་པའིའོ། །ཕྱི་རོལ་གྱི་ནི་བསྟན་བཅོས་པ། །ལམ་དེ་ཤིན་ཏུ་རིང་བ་ཡིན། །ཞེས་པ་ནི་ཕྱི་རོལ་གྱི་བསྟན་བཅོས་ཀྱི་རིག་པ་ཡང་རིང་བར་འགྱུར་ཞེས་པའི་དོན་ཏོ། །ད་ནི་སྟོན་པའི་རང་གི་ངོ་བོ་གསུངས་པ། ཐབས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྟེ། ཐབས་ཞེས་པ་ནི་བསྙེན་བཀུར་གྱི་ཐབས་ཀྱིས་སོ། །རྣལ་འབྱོར་པ་རྣམས་ཞེས་པ་ནི་རྣལ་འབྱོར་པའོ། །བླ་མའི་བསྙེན་བཀུར་ལ་བརྩོན་པ་ཞེས་པ་ནི་བླ་མ་ལ་བསྙེན་བཀུར་མཆོག་ཏུ་བྱེད་པའོ། །སྟོན་པའི་མཚན་ཉིད་བསྟན་པ་དང༌། ཞེས་པ་ནི་བླ་མའི་སྤྱན་སྔར་གཞུང་གི་སྒོ་ནས་འཁྱུད་དོན་མི་རིགས་


DTG021_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའོ། །དཔའ་བོས་དེ་ཉིད་བསྟན་པ་ཡིན། །ཞེས་པ་ནི་དཔའ་བོ་བདེ་མཆོག་འཁོར་ལོ་བདག་ཉིད་ཀྱིས་འདི་རབ་ཏུ་སྟོན་པར་འགྱུར་རོ་ཞེས་པའོ། །ཇི་ལྟར་སྟོན་ཞེ་ན། སྐད་ཅིག་ཅེས་པ་ལ་སོགས་པ་སྟེ། སྐད་ཅིག་རྣམ་པའི་རྣལ་འབྱོར་བདག །ཅེས་པ་ནི། ཕྱག་མཚན་ལ་སོགས་པ་ལ་མི་ལྟོས་པར་བདེ་མཆོག་གི་རྣལ་འབྱོར་དང་ལྡན་པར་རོ། །སྐད་ཅིག་རྣམ་པའི་ཕྱག་རྒྱར་ལྡན། །ཞེས་པ་ནི། བདག་ཉིད་དང་དུས་མཉམ་པ་ཉིད་དུ་ཤེས་རབ་དང་ལྡན་པའོ། །ཀུན་ནས་ཀུན་དུ་སྐད་ཅིག་སྟེ། །ཞེས་པ་ནི་གཞལ་ཡས་ཁང་ལ་སོགས་པ་རྣམས་དེ་ཉིད་ཀྱི་ཚེ་རྫོགས་པའོ། །སྐད་ཅིག་གིས་ནི་གསང་སྔགས་བརྗོད། །ཅེས་པ་ནི། ཨོཾ་ཨཱཿ་ཧཱུཾ་ཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་པར་དགོངས་པའོ། །སྦས་དང་ལྟ་དང་ལག་བཅངས་དང༌། །འཁྱུད་དང་གཉིས་གཉིས་ལ་སོགས་པ། །ཞེས་པ་ནི་འདིར་བདུན་པའི་དོན་གྱི་དང་པོའོ། །གོང་ནས་གོང་དུ་བསྟེན་ཞེས་པ་ནི་གཞན་དང་སྦྱར་རོ། །བྱ་བའི་རྒྱུད་ལ་སོགས་པ་འདི་རྣམས་ལས་གོང་མའི་གོང་མ་བཅོམ་ལྡན་འདས་ཉིད་ཡིན་ཞེས་པའི་དོན་ཏོ། །དེ་བཞིན་གཤེགས་པས་དབུགས་འབྱིན་གསུངས། །ཞེས་པ་ནི་བྱ་བ་ལ་སོགས་པའི་རྒྱུད་དུ། བཅོམ་ལྡན་འདས་ཀྱིས་མངོན་པར་གསུངས་པ་ཡོངས་སུ་མ་ཤེས་པས་དེ་བཞིན་གཤེགས་པ་རྣམས་མངོན་སུམ་བཞིན་དུ་ཐུགས་མི་བདེ་བ་སྐྱེས་སོ། །དེ་ལྟ་བས་ན་དབུགས་དབྱུང་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་དགོངས་པའོ། །ཅི་གསུངས་ཤེ་ན་གསུངས་པ། །ཐམས་ཅད་འདིར་ནི་བསྟན་པ་ཡིན། །ཞེས་པ་ནི་འདིར་མངོན་པར་བསྟན་ཅིང་བརྗོད་པ་ཉིད་ཀྱི་ཕྱིར་དེ་ནས་བདེ་བ་ལ་དབུགས་ཞེས་པའི་དོན་ཏོ། །གཞན་ངག་སྙིང་པོ་མེད་རྩྭ་འདྲ། །ཞེས་པ་ནི་རྒྱུད་འདི་ཉིད་ཀྱི་ཕྱིར་ན་བྱ་བ་ལ་སོགས་པའི་རྒྱུད་གཞན་སྙིང་པོ་མེད་པའི་སོག་མ་དང་མཚུངས་པའོ། །ད་ནི་ཆེ་བའི་བདག་ཉིད་གསལ་བར་གསུངས་པ། དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག །ཅེས་པ་སྟེ་བདེ་བ་ཆེན་པོ་གཉིས་སུ་མེད་པའི་རྣམ་པར་ཤེས་པ་དེ་ཉིད་འགྲོ་བའི་སྲོག་ཏུ་གྱུར་པའོ། །དེ་ཉིད་མི་འགྱུར་དམ་པ་ཡིན་ཏེ། ཐོག་མ་དང་ཐ་མ་མེད་པ་ཡིན་ཞེས་པ་ནི་དེའི་ཕྱིར་བསྟན་


DTG021_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའི་དངོས་པོའི་བྱེ་བྲག་དེ་ལས་ཐ་དད་མེད་པའི་ཕྱིར་རོ། །ལུས་ཀུན་ལ་ནི་རྣམ་པར་གནས། །ཞེས་པ་ནི། དེ་ཉིད་གཡོན་པའི་ཡང་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ཉིད་སངས་རྒྱས་ཡེ་ཤེས་ཏེ། །ཞེས་པ་ནི་དེ་ཉིད་སངས་རྒྱས་རྣམས་ཀྱི་ཡེ་ཤེས་སོ། །ཧེ་རུ་ཀ་དཔལ་ཡིན་པར་བཤད། །ཅེས་པ་ནི། འདི་ཉིད་དཔལ་ཧེ་རུ་ཀར་བརྗོད་དོ། །ཕྲ་བའི་སྙིང་པོའང་འཛིན་པ་ཡིན། །ཞེས་པ་ནི་དེ་ཉིད་ཕྲ་བ་དང་རགས་པའི་ངོ་བོ་དང་འཇིག་རྟེན་ལས་དེས་པ་ཞེས་པའི་དོན་ཏོ། །བསྟན་བཅོས་དག་ནི་མ་ལུས་དང༌། །ཞེས་པ་ནི། རྒྱུད་མ་ལུས་པ་ཐམས་ཅད་དོ། །རིག་བྱེད་ཅེས་བྱ་བ་ནི་ཕྱི་རོལ་པའི་བསྟན་བཅོས་སོ། །གྲུབ་མཐའ་ཞེས་པ་ནི་གྲུབ་པ་སྟེ། ཡང་སྲིད་པ་མི་འགྲུབ་པར་འགྱུར་བ་བརྗོད་པ་ཞེས་པ་ཉན་ཐོས་ཀྱི་སྡེ་སྣོད་ལ་སོགས་པའི་གྲུབ་པའི་མཐའོ། །ལེགས་པར་གནས་ཞེས་པ་ནི་དེའི་ཕྱིར་དེ་ཐམས་ཅད་དུ་སྐྱེད་པར་བྱེད་པར་ལེགས་པར་གནས་སོ། །མཇུག་བསྡུ་བ་ལ་སོགས་པ་གསུངས་པ། འགྲོ་པ་འདི་ཀུན་སངས་རྒྱས་ལྔའི་བདག་ཉིད། ཅེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་ལྔའི་བདག་ཉིད་ཅེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ནོ། །འགྲོ་བ་འདི་ཀུན་ཞེས་པ་ནི་འདི་ཐམས་ཅད་དེ་གཟུགས་དང་ཚོར་བ་ལ་སོགས་པའོ། །གང་དུ་ཞེས་པ་ནི་གང་དུ་ཡང་ངོ༌། །དྲུག་པ་ཞེས་པ་ནི་དྲུག་པ་རྡོ་རྗེ་སེམས་དཔའ་མཚན་གཞན་བདེ་བ་ཆེན་པོའི་སངས་རྒྱས་སོ་ཞེས་བྱའོ། །གཅིག་པུ་ཉམས་ནི་དུ་མས་གར་མཛད་དོ། །ཞེས་བྱ་བ་ནི། དེ་ཉིད་གཅིག་པུ་ཉིད་དུ་མའི་རྣམ་པར་སྟོན་ཞེས་པའི་དོན་ཏོ། །དུ་མ་ཉིད་དུ་བསྟན་པའི་ཕྱིར། །འདུག་དང་ཞེས་བྱ་བ་ལ་སོགས་པ་སྟེ། འདུག་དང་ཞེས་པ་ནི་གནས་པའོ། །ལྡང་བ་ཉིད་ཅེས་པ་ནི་ལྡང་བ་ཡང་ངོ༌། །འཇུག་པ་ནི་འཇུག་པའོ། །རྫོགས་པ་ནི་རྫོགས་པའོ། །བྱིན་གྱིས་བརླབས་ཞེས་པ་ནི་བྱིན་གྱིས་བརླབས་པའོ། །ཏིང་ངེ་འཛིན་ཞེས་པ་ནི་བསམ་གཏན་ནོ། །བསྡུས་པ་ཞེས་པ་ནི་བསྡུས་པའོ། །འདི་ཐམས་ཅད་བདེ་བ་ཆེན་པོའི་མཐུས་ཡིན་པར་དགོངས་པའོ། །ཆོ་ག་མིང་ཞེས་བྱ་བ་ནི། གང་ཆོ་གའི་མིང་དེ་ཆོ་ག་


DTG021_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞེས་པའི་དོན་ཏོ། །ཐབས་དང་ཤེས་རབ་ཀྱི་རང་བཞིན་དག་ནི་ཨཱ་ལི་དང་ཀཱ་ལི་དབྱེར་མེད་པར་དགོངས་པའོ། །དེ་ཉིད་ཅེས་པ་ནི་ཨཱ་ལི་དང་ཀཱ་ལིའི་ངོ་བོ་ཡིན་པའི་ཕྱིར་རོ། །ཀུན་སྐྱེད་ཅེས་བྱ་བ་ནི་ཨཱ་ལི་དང་ཀཱ་ལི་ནི་ཐབས་དང་ཤེས་རབ་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །འབྱིན་དང་སྤུང་བར་བྱེད་པ་ཡིན། །ཞེས་པ་ནི་དཔའ་བོ་ལ་སོགས་པའོ། །གཉིས་སུ་མེད་པར་གསུངས་པ། ཨཱ་ལི་ནི་ཨ་ལ་སོགས་པའོ། འདི་ནི་ཞེས་པ་ནི་བཅོམ་ལྡན་འདས་ཏེ། ཨཱ་ལི་ནི་བཅོམ་ལྡན་འདས་མའི་ངོ་བོ་ཡིན་པའི་ཕྱིར་དང༌། བཅོམ་ལྡན་འདས་དཔལ་བདེ་མཆོག་དེ་ཉིད་ཀཱ་ལིའི་ངོ་བོ་ཡིན་པའི་ཕྱིར་རོ། །མཆོག་ཉིད་ལྷག་པར་གནས་པ་ཡིན། །ཞེས་པ་ནི་འདི་ཉིད་ཀྱི་ཕྱིར་ན་བརྗོད་པས་ལྷ་ལ་སོགས་པ་ལྷག་པར་གནས་པར་འགྱུར་ཞེས་པའི་དོན་ཏོ། །བསྐྱེད་པ་ནི་དེ་ཉིད་ཀྱི་སྦྱོར་བ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དུ་རྫོགས་པའོ། །སྔགས་རྣམས་ཀྱི་ནི་རྒྱུད་ཉིད་ཅེས་པས་ནི་སྔགས་རྣམས་ཀྱི་ཕན་ཡོན་གསུངས་པ། གང་ཞིག་འདི་རྟག་ཅེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །དེར་ནི་ལག་སོགས་རྒྱན་ཡིན་ཏེ། ཞེས་པ་ནི་མགོ་བོ་ལྔ་བཅུ་ཐམ་པ་ནི་ཨཱ་ལི་ཀཱ་ལིའི་ངོ་བོ་ཡིན་པའི་ཕྱིར་རོ། །སྐ་རགས་གནས་རྣམས་ཐམས་ཅད་ཡིན། །ཞེས་པ་ནི་སྐ་རགས་རིག་པས་ཡོངས་སུ་བསྐོར་ཞིང་གནས་པའི་ཕྱིར་སྒྲུབ་པ་པོ་ཀུན་གྱི་གནས་སོ། །མཇུག་བསྡུ་བ་ལ་སོགས་པ་གསུངས་པ། འཛིན་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་ཀུན་རྟོགས་པར་བྱེད་པ་ཡིན། །ཞེས་པ་ནི་ཆོས་ཐམས་ཅད་ཁོང་དུ་ཆུད་པའོ། །འདིས་ནི་ཞེས་པ་ནི། ཆོས་ཀུན་ཁོང་དུ་ཆུད་པར་བྱེད་པ་སྟེ། བསྟན་བཅོས་ཐམས་ཅད་ཨཱ་ལི་ཀཱ་ལིའི་རང་བཞིན་ཡིན་པར་ཁོང་དུ་ཆུད་པའོ་ཞེས་དགོངས་པའོ། །རྣལ་འབྱོར་ཆེན་པོའི་ཏིང་ངེ་འཛིན་གསུངས་པ། ཨཱ་ལི་ཀཱ་ལི་ཞེས་པ་ལ་སོགས་པ་སྟེ། སྒྲུབ་ཐབས་ཀྱི་བཤད་སྦྱར་ལས་བླ་མས་གསུངས་པའི་བྱིན་བརླབས་ཏེ་གོ་སླའོ། །འདི་ནི་ངེས་པར་བསྟན་པ་བཅུ་གཉིས་པའོ།། །།

ངེས་པར་བསྟན་པ་བཅུ་གསུམ་པ།


DTG021_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་གཞན་ཡང་ཞེས་པ་ལ་སོགས་པ་ལ། དཔའ་བོ་རྣལ་འབྱོར་མ་གཉིས་མེད། །ཅེས་པ་ནི་དཔའ་བོ་བདེ་མཆོག་དང་རྣལ་འབྱོར་མ་དག་ལྷན་ཅིག་གཉིས་སུ་


DTG021_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མེད་པར་རོ་གཅིག་པའི་ངོ་བོ་ཡིན་ནོ། །ཇི་ལྟར་གཅིག་པོ་གཉིས་སུ་མེད་པ་ཡིན་ཞེ་ན། གསུངས་པ། ཧེ་རུ་ཀ་དཔལ་ཞེས་བྱ་བ་ལ་སོགས་པ་སྟེ། ཡི་གེའི་ས་པ་ཡིན་ཞེས་པ་ནི། པུ་ལ་སོགས་པའི་ཡི་གེ་ལས་ཞེས་དགོངས་པའོ། །པུལླཱི་ར་མ་ལ་ཡ་མགོ་པ་ཞེས་པ་ནི་ཡི་གེ་པུ་ཡོངས་སུ་གྱུར་པ་ལས་པུལླཱི་ར་མ་ལ་ཡའི་རང་བཞིན་མགོ་ལ་རིག་པར་བྱའོ། །དེ་བཞིན་དུ་གཞན་ལ་ཡང་དེ་དང་དེའི་ཡི་གེ་ཡོངས་སུ་གྱུར་པ་ལས་དེ་དང་དེའི་གཟུགས་སུ་གོ་བར་བྱའོ། །དེ་དང་དེར་སོན་པའི་རྩ་རྣམས་ནི་ལྷའི་ངོ་བོ་སྟེ། བཅུ་བདུན་པའི་ངེས་པར་བསྟན་པ་ལས་བསྟན་པར་བྱའོ། །འགྲོ་བ་ཞེས་བྱ་བ་ནི་འགྲོ་བའི་བྱ་བ་ཡང་ངོ༌། །གང་ཡིན་དེར་ནི་རྣམ་བཀོད་ན། །ཞེས་པ་ནི་དེ་གང་དུ་གནས་ཀྱང་ཡི་གེ་པུ་ལ་སོགས་པ་ལས་གནས་ཇི་ལྟ་བར་བསྒོམ་པར་བྱའོ། །འཇིག་རྟེན་གསུམ་གྱིས་མི་གཡོས་སོ། །ཞེས་བ་ནི། དེ་ལྟར་རྟག་ཏུ་ཁྱབ་འཇུག་དང་བདེ་བྱེད་ལ་སོགས་པས་ཟིལ་གྱིས་གནོན་པར་མི་འགྱུར་རོ་ཞེས་པའི་དོན་ཏོ། །མངོན་པར་བརྗོད་པ་འབུམ་པའི་རྒྱུད། །ཅེས་པ་ནི་འདིར་ལྔ་པའི་དོན་གྱི་དྲུག་པའོ། །དེ་ནས་ཞེས་པ་ནི་ཕན་ཡོན་ཆེན་པོའི་རྒྱུ་གང་གིས་དེ་ནས་ཞེས་དགོངས་པའོ། །བསྡུས་ནས་བསྟན་པ་ཉིད་གསུངས་པ། ནམ་མཁའ་དང་ནི་མཉམ་པའི་རྒྱུད། །ཅེས་པ་ནི། ནམ་མཁའ་དང་མཉམ་པ་འབུམ་ཕྲག་གཅིག་ནས་ཞེས་པ་ནི་དེའི་ནང་ནས་སོ། །བཤད་ཅེས་པ་ནི་བསྟན་པ་ཉིད་དོ། །སྙིང་པོ་བསྡུས་པ་ཞེས་པ་ནི་སྙིང་པོ་བསྡུས་པའི་ངོ་བོ་ནི་སྙིང་པོ་བསྡུས་པ་སྟེ་དཔལ་ཧེ་རུ་ཀའི་ངོ་བོའོ། །མདོར་བསྟན་པ་ཡི་སྤྲུལ་པ་ཡིན། །ཞེས་པ་ནི་མདོར་བསྟན་ཅིང་བཤད་པ་སྤྲུལ་བའི་སྐུའི་བདག་ཉིད་བསྟན་པའོ། །རྒྱས་བཤད་ལོངས་སྤྱོད་རྫོགས་པར་འདོད། །ཅེས་པ་ནི། རྒྱས་པར་བཤད་པ་ནི་ལོངས་སྤྱོད་རྫོགས་པའི་བདག་ཉིད་དོ། །ཤིན་ཏུ་རྒྱས་བསྟན་མ་ལུས་ཉིད། །མྱ་ངན་འདས་པའི་དེ་ཉིད་བསྟན། །ཞེས་པ་ནི་ཤིན་ཏུ་རྒྱས་པར་བསྟན་པ་མ་ལུས་པ་ཆོས་ཀྱི་སྐུ་ལ་དབྱེར་མེད་པའི་དོན་ཏོ། །རྣམ་པ་གཞན་གྱིས་ཀྱང་སྐུ་གསུམ་བསྟན་པ་གསུངས་པ། སྐུ་གསུམ་འཁོར་ལོ་ཞེས་པ་ལ་སོགས་པ་ནི་ཆོས་དང་ལོངས་སྤྱོད་དང༌། སྤྲུལ་པའི་མཚན་ཉིད་ཀྱིས་ཐུགས་ཀྱི་འཁོར་


DTG021_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ལོ་ལ་སོགས་པ་རིམ་པ་ཇི་ལྟ་བར་ཆོས་ཀྱི་སྐུ་ལ་སོགས་པའི་རང་བཞིན་ཞེས་བྱ་བའི་དོན་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་ཐོབ་པའོ། །བདེན་པ་གཉིས་ལ་བརྟེན་པ་ཡིན། །ཞེས་པ་ནི་བདེན་པ་གཉིས་ལ་བརྟེན་པར་གྱུར་བ་ནི་བདེན་པ་གཉིས་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །གང་རྣམས་ཀྱིས་འདིར་ནུས་པར་འགྱུར་བ་དེ་ཉིད་བརྟག་པའི་ཕྱིར་གསུངས་པ། བློ་ངན་ཞེས་བྱ་བ་ལ་སོགས་པ་སྟེ། བློ་ངན་ཞེས་པ་ལ་བློ་ངན་པ་ནི་རང་བཞིན་མ་རུངས་པའི་བློ་ངན་ནོ། །གླེན་ཞིང་ཞེས་པ་ནི་གླེན་པ་ཡང་ངོ༌། །ཤེས་རབ་དམན་ཞེས་པ་ནི་ཤེས་རབ་དམན་པའོ། །ལོག་ལྟ་ཅན་ཞེས་པ་ནི་ལོག་པར་ལྟ་བར་ཞུགས་པའོ། །ཕྱི་རོལ་བསྟན་བཅོས་ཀྱི་འཆལ་པ། །ཞེས་པ་ནི་ཕྱི་རོལ་གྱི་བསྟན་བཅོས་ཆེད་དུ་བྱེད་པའོ། །བླ་མའི་ལམ་ནི་སུན་འབྱིན་ཞེས་པ་ནི་གང་རྣམས་བླ་མའི་ཞལ་གྱིས་བཤད་པ་ལ་ཚེར་མ་ལྟར་གནོད་པ་བྱེད་པའོ། །དེ་དག་ཀུན་ཀྱང་རྣམ་སྤངས་ཏེ། །གུས་ཀྱང་བཤད་པར་མི་བྱའོ། །ཞེས་པ་ནི་འདིར་དེ་ཐམས་ཅད་རིང་དུ་སྤངས་ནས་གང་ཞིག་གཞན་རྣམས་ལས་བཤད་ན་དེ་རྣམས་གུས་པར་འགྱུར་ཞེས་པའི་དོན་ཏོ། །སྐལ་དང་སྐལ་མིན་ཞེས་པ་ལ་སོགས་པ་ལ། སྐལ་པ་ནི་ཐབས་དང་ཤེས་རབ་དག་གིས་རྣམ་པའི་ཆ་དང་ལྡན་པའོ། །སྐལ་མེད་ཅེས་པ་ནི་དེའི་ཆ་ཐབས་དང་ཤེས་རབ་ཀྱི་བྱེ་བྲག་མེད་པ་སྟེ། དེ་ཉིད་ཀྱི་ཁྱད་པར་དེས་སོ། །དེར་ཞེས་པ་ནི་གཉིས་སུ་མེད་པར་འདྲེས་པའོ། །དབང་གི་ལྷ་མོ་མཆོད་བྱ་ཞེས་པ་ནི། དེ་ལ་རྣལ་འབྱོར་མ་རྣམས་གཙོ་མོར་གྱུར་པའི་ཕྱིར་དབང་གི་ལྷ་མོ་རྡོ་རྗེ་ཕག་མོ་དང་པོར་མཆོད་པར་འོས་པའོ། །བཀའ་བསྒོའི་ལྷ་མོ་ཞེས་བ་ནི། བཀའ་གནང་སྟེར་བའི་ལྷའི་བདག་པོ་བཅོམ་ལྡན་འདས་མཆོད་པར་བྱ་བར་འོས་སོ། །དེ་འོག་ཅེས་པ་ནི་གཞན་དང་སྦྱར་རོ། །དཔའ་བོ་ཞེས་པ་ནི་དཔའ་བོའི་གཟུགས་ཀྱིས་འཁྲུངས་པའོ།། མ་ལུས་ཀུན་སྤྱོད་ཅེས་པ་ནི་མ་ལུས་ཀུན་དུ་སྤྱོད་པའི་དོན་ཏོ། །འཁོར་བ་ལས་གྲོལ་ཞེས་པ་ནི་སེམས་ཅན་འཁོར་བ་ལས་སྒྲོལ་བར་བྱེད་པའོ། །གཙོ་བོ་ཞེས་པ་ནི་ཁམས་གསུམ་གྱི་བདག་པོའོ། །མ་ལུས་རིག་བྱེད་སྤྲུལ་པ་སྟེ། །ཞེས་པ་ནི་རྒྱུད་ལ་སོགས་པ་ནི་ཐམས་


DTG021_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཅད་ཀྱང་སྤྲུལ་པའོ། །དེ་གཉིས་སུ་མེད་པ་དེ་ཇི་ལྟ་བུར་གྱུར་པ་ཞེས་བྱ་ཞེ་ན། གསུངས་པ་གྲུབ་པའི་མཐའ་ཞེས་པ་ནི་སངས་རྒྱས་པ་རྣམས་ཀྱིས་ངེས་པར་བསྒོམ་པར་བྱ་བ་དེ་ཉིད་དམ་ཚིག་གོ །དེ་ཞེས་པ་ནི་གཉིས་སུ་མེད་པའོ། །ཁྱོད་ཀྱིས་ཞེས་པ་ནི་ཁྱོད་ཀྱིས་སོ། །སངས་རྒྱས་མུ་སྟེགས་ཞེས་པ་ནི་ཉན་ཐོས་ལ་སོགས་པ་རྣམས་སོ། །རྙེད་དཀའ་བ་ཉིད་དུ་བསྟན་པའི་ཕྱིར། །སྒྲ་དང་སྒྲ་ཉམས་ཞེས་བྱ་བ་ལ་སོགས་པ་སྟེ། སྒྲ་དང་སྒྲ་ཉམས་པའི་ཡུལ་གྱིས་བརྡ་དེ་ཉིད་ཀྱིས་དོན་ཐོབ་པའི་ཕྱིར་ན་ལམ་དེའི་རྗེས་སུ་འབྲང་བའོ། །བསྡུས་དོན་ཞེས་པ་ནི་བསྡུས་པའི་ངོ་བོ་དཔལ་བདེ་མཆོག་མཆོད་པའོ། །བླངས་པ་ཞེས་པ་ནི་བསྟན་པའོ། །ཡང་དག་ཅེས་པ་ནི་ཕྱིན་ཅི་མ་ལོག་པའོ། །བརྡ་ཡི་ཚིག་ནི་རྒྱས་པ་ཡིན། །ཞེས་བྱ་བ་ནི་བརྔར་བཏགས་པའི་ཚིག་ཉིད་རྒྱ་ཆེ་བའོ། །གང་གི་ཕྱིར་སྒྲ་དང་སྒྲ་ཉམས་གཉིས་ཀྱིས་བརྗོད་པ་དེའི་ཕྱིར་རྟོགས་དཀའ་བ་ཞེས་པའི་དོན་ཏོ། །གང་གིས་ཀུན་སྤྱོད་མི་ཤེས་པར། །ཞེས་པ་ནི་གང་གིས་ཀུན་དུ་སྤྱོད་པའི་དོན་མི་ཤེས་པར་ཞེས་པའོ། །རྣལ་འབྱོར་པ་ཞེས་པ་ནི་རྣལ་འབྱོར་པའོ། །རྣལ་འབྱོར་སྟོན་ཞེས་བྱ་བ་ནི་བདག་ཉིད་རྣལ་འབྱོར་པར་སྟོན་པའོ། །དེའི་ཞེས་པ་ནི་དེའིའོ། །འབྲས་བུའི་དེ་ཉིད་ནི་ཞེས་པ་ནི་ཀུན་ཏུ་སྤྱོད་པའི་དོན་གྱི་འབྲས་བུའོ། །རྣམ་པ་གཞན་གྱིས་ཀྱང་རྟོགས་དཀའ་བ་ཉིད་བསྟན་པའི་ཕྱིར་གསུངས་པ། གསུངས་ཞེས་པ་ལ་སོགས་པ་སྟེ། སྔོན་ཞེས་པ་ནི་སྔར་རོ། །སེམས་ཅན་དང་པོ་ཞེས་པ་ནི་དང་པོའི་སེམས་ཅན་ལ་བདེ་མཆོག་གིས་སོ། །གཞན་དུ་གསུངས་པ་ཞེས་པ་ནི་ཚིག་མེད་པའི་བརྡས་བསྟན་པའོ། །སྒྲུབ་པ་པོས་ནི་རབ་མཉམ་གཞག །ཅེས་པ་ནི་ཐོས་པ་དང་བསམ་པའི་ཡུལ་ལ་མཉམ་པར་གཞག་པའི་ཡིད་ཅན་གྱི་སྒྲུབ་པ་པོས་ཤེས་པར་བྱ་ཞེས་པའི་དོན་ཏོ། །ད་ནི་ཨཱ་ལི་ཀཱ་ལིའི་མཐུ་གསུངས་པ། རྒྱལ་བས་ཞེས་བྱ་བ་ལ་སོགས་པ་སྟེ། ལས་ཀྱི་བྱ་བ་གང་ཡང་རུང༌། །དགེ་དང་མི་དགེ་བརྟགས་ཏེ་བྱ། །ཞེས་པ་ནི། སྒྲུབ་པ་པོས་གང་ཅུང་ཟད་དགེ་བ་འམ། མི་དགེ་བ་སེམས་པ་དེ་ཐམས་ཅད་དེས་བསྒྲུབ་པར་བྱ་ཞེས་དགོངས་པའོ། །ཡི་གེ་


DTG021_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

༄། །མཐའ་དང་དབུས་དག་ཅེས་པ་ནི་ཨཱ་ལི་ཀཱ་ལིས་ཡོངས་སུ་བསྐོར་བའོ། །དེར་ནི་ཞེས་པ་ནི་དེའི་གནས་སུའོ། །ཐམས་ཅད་རབ་ཏུ་གྲུབ་ཅེས་པ་ནི་ཐམས་ཅད་གྲུབ་པར་འགྱུར་རོ། །འདི་ནི་ངེས་པར་བསྟན་པ་བཅུ་གསུམ་པའོ།། །།

ངེས་པར་བསྟན་པ་བཅུ་བཞི་པ།


DTG021_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྒྱུད་རྣམས་ཐམས་ཅད་དུ་ཞེས་པ་ནི་བྱ་བ་ལ་སོགས་པའི་རྒྱུད་རྣམས་སོ། །སངས་རྒྱས་བཞི་ཡི་གདན་བཞུགས་པ། །ཞེས་པ་ནི་བདག་ཉིད་ཀྱི་མདུན་གྱི་ཕྱོགས་སུ་བའི་ལྕི་བ་ལ་སོགས་པས་རྣམ་པར་སྤྲས་པའི་སངས་རྒྱས་བཞིའི་གདན་རྣམས་པར་དག་པ་དཀྱིལ་འཁོར་གྲུ་བཞི་པར་གྱུར་པའི་རབ་ཀྱི་སྟེང་དུ་གནས་པའི་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་བཞུགས་པའོ། །རྡོ་རྗེ་དང་པོ་ཞེས་པ་ལ་སོགས་པ་ནི་དང་པོ་ནི་རྡོ་རྗེ་སེམས་དཔའ་སྟེ་རིགས་ལྔར་མཚོན་པའོ། །བདེ་མཆོག་ལ་སོགས་གཞན་གྱི་མཚན་ཅན་ནོ། །མཆོད་པར་བྱ་ཞེས་པ་གོ་སླའོ། །ཅིར་གྱུར་པ་ཞེ་ན། གསུངས་པ། རྡོ་རྗེ་ལ་སོགས་དཔའ་རྣལ་འབྱོར། །ཞེས་བྱ་བ་ལ་སོགས་པ་ལ། དཔའ་བོ་རྣལ་འབྱོར་ཞེས་པ་ནི་རྡོ་རྗེ་ཕག་མོ་དང་མཁའ་འགྲོ་མ་ལ་སོགས་པ་བཞིའོ། །དཔའ་བོ་རྣལ་འབྱོར་དབང་ཕྱུག་གཙོ། །ཞེས་པ་ནི་འཁོར་ལོ་གསུམ་ལ་བཞུགས་པའི་དཔའ་བོ་ཐོད་པའི་དུམ་བུ་ལ་སོགས་པ་དང་རྣལ་འབྱོར་མ་རྣམས་དང༌། དེ་བཞིན་དུ་ཁྭ་གདོང་མ་ལ་སོགས་པ་བརྒྱད་དང་གཙོ་བོའོ། །མེ་ལོང་ལ་སོགས་རྣམ་པ་བཞི། །ཞེས་པ་ནི་མཚམས་རྣམས་སུ་མེ་ལོང་དང་སྒྲ་དང་རོ་དང་རེག་བྱ་དང༌། ཆོས་རྣམས་རྣམ་པར་དག་པ་བདུད་རྩི་ལྡས་གང་བའི་ཐོད་པ་བཞི་ཡང་ངོ༌། །ཇི་ལྟར་མཆོད་པ་ཡིན་ཞེ་ན། གསུངས་པ། གཉིས་མེད་གཉིས་སུ་མེད་སྦྱོར་ཉིད། །ཅེས་པ་ལ་གཉིས་མེད་ནི་དཔལ་རྡོ་རྗེ་ཕག་མོ་དང་ལྡན་པའི་བཅོམ་ལྡན་འདས་སོ། །དེ་གཉིས་སུ་མེད་པར་སྦྱོར་བ་དང་ཐ་མི་དད་པས་ང་རྒྱལ་ལོ། །དེ་ནས་བདག་ཉིད་འཁོར་ལོ་གསུམ་གྱི་གཙོ་བོར་གྱུར་པའི་བཅོམ་ལྡན་འདས་མཆོད་པར་བྱ་ཞེས་པའི་དོན་ཏོ། །གཉིས་མེད་ཅེས་པ་ནི་སེམས་ཙམ་ཉིད་ཀྱིས་མཆོད་པར་བྱ་བ་དང༌། མཆོད་པ་པོ་དང༌། མཆོད་པ་རྣམས་ཐ་མི་དད་པར་བལྟ་བར་བྱའོ། །རྫས་ནི་མེ་ཏོག་སོགས་ཞེས་པ་ནི་ཞུ་


DTG021_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

༄། །བའི་རྫས་དང༌། མེ་ཏོག་དང་སྤོས་ལ་སོགས་པའོ། །དེ་གཉིས་གསུངས་པ། དབུལ་བར་བྱ་ཞེས་པ་ལ་སོགས་པ་སྟེ། མེ་ཏོག་ཅེས་པ་ནི་མེ་ཏོག་ལ་སོགས་པའོ། །རེ་རེ་ནས་ཞེས་པ་ནི་སོ་སོར་ལྷ་རྣམས་ལ་དཔལ་བར་བྱ་ཞེས་པའི་དོན་ཏོ། །དེ་ལྟར་ཕྱི་རོལ་གྱི་མཆོད་པ་བསྟན་ནས། ལག་པའི་མཆོད་པ་བསྟན་པའི་ཕྱིར་གསུངས་པ། ཕྱག་རྒྱ་ལྔ་སོགས་ཞེས་བྱ་བ་ལ་སོགས་པ་སྟེ། ཕྱག་རྒྱ་ལྔ་སོགས་མཆོག་ལུས་ཀྱི། །ཞེས་པ་ནི་དཔལ་བདེ་མཆོག་གི་ང་རྒྱལ་སྔོན་དུ་འགྲོ་བས་སྐུ་ལ་འཁོར་ལོ་ལ་སོགས་པའི་ཕྱག་རྒྱ་ལྔ་འཆང་བའོ། །སོགས་པའི་སྒྲས་ནི་ཐལ་བ་གཟུང་ངོ༌། །ཕ་རོལ་ཕྱིན་དྲུག་ཕ་རོལ་སོན། །ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཕྱག་རྒྱ་རྣམས་འཆང་བས་ཕ་རོལ་ཕྱིན་དྲུག་ཕ་རོལ་སོན་ནོ། །ལག་པའི་མཆོད་སོགས་ཞེས་བྱ་བ་ལ་སོགས་པ་ནི། ལག་པའི་མཆོད་པ་ཉིད་དང་པོར་གྱུར་པ་ཉིད་ཀྱི་ཕྱིར་རོ། །དང་པོ་ཡི་ཤེས་ཅན་ཞེས་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་མཆོད་པར་འོས་པ་རྣམས་ཡོངས་སུ་ཤེས་པ་དང་ལྡན་པའི་སྒྲུབ་པོས་སོ། །ཤེས་པར་བྱ་ཞེས་པ་ནི་དོན་གསལ་བར་བྱ་བའོ། །བློ་ལྡན་དཔའ་བོས་ཞེས་པ་ནི་རྡོ་རྗེ་རྣལ་འབྱོར་མ་དང་ལྡན་པ་སྟེ། ལག་པ་གཡོན་པར་མཆོད་ཅིང་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་ས་བོན་གྱི་བདུན་ཉིད་དོ། །རྡོ་རྗེ་སེམས་སོགས་ཞེས་པ་ནི། །རྡོ་རྗེ་རྣལ་འབྱོར་མ་ཤེས་པར་བྱ་ཞེས་དགོངས་པའོ། །ལག་པའི་ལྷ་གང་ཞེ་ན། གསུངས་པ། རྣལ་འབྱོར་མ་དྲུག་ཅེས་པ་ནི་རྡོ་རྗེ་ཕག་མོ་ལ་སོགས་པའི་རྣལ་འབྱོར་མ་དྲུག་གོ །སྔར་ཇི་ལྟར་ཞེས་པ་ནི་ཇི་ལྟར་གོ་བའི་སྐབས་སུ་བསྟན་པའི་ས་བོན་གྱི་བདུན་ཉིད་དོ། །རྡོ་རྗེ་སེམས་སོགས་ཞེས་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་དྲུག་གོ །བཅུ་གཉིས་ཞེས་པ་ནི་དཔའ་མོ་དྲུག་དང་དཔའ་བོ་དྲུག་སྟེ་ལྷ་བཅུ་གཉིས་སུ་འགྱུར་ཏེ། ལྷ་གཞན་དང་གཞན་ནི་རྩ་བའི་རྒྱུད་དུ་གོ་བར་བྱའོ། །སྦྱར་བྱ་ཞེས་པ་ནི་དེ་དག་ཅེས་པ་ཉིད་དོ། །དཔའ་བོ་ཆེན་པོ་ཞེས་པ་ནི་དཔའ་བོ་ཆེན་པོ་ནི་སྒྲུབ་པ་པོའོ། །ལྔ་པོ་ལྔ་དང་ཡང་དག་བསྲེ། །ཞེས་པ་ནི་བདུད་རྩི་རྣམ་པ་ལྔ་དང༌། སྒྲོན་མ་ལྔ་ལ་སོགས་པ་དང་ལྷན་ཅིག་ཏུ་མེ་ཏོག་ལ་སོགས་པ་རྣམས་དང་བསྲེ་བའོ། །འོ་མ་དང་


DTG021_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཡང་བསྲེ་བར་བྱ། །ཞེས་པ་ནི། དངོས་པོ་དེ་དང་ལྡན་པ་མད་ན་བྱང་ཆུབ་ཀྱི་སེམས་ཙམ་དང་ལྷན་ཅིག་ཏུ་ཞེས་པའི་དོན་ཏོ། །མཆོད་པ་དེས་ནི་ཞེས་པ་ནི་མཆོད་པ་ཡིས་སོ། །ལེགས་གནས་ཞེས་པ་ནི་ཡང་དག་པའི་གནས་ལག་པ་གཡོན་པའོ། །སྤྱོད་དང་གྲོལ་བའི་འདོད་དང་ལྡན། །ཞེས་པ་ནི་དེའི་སྤྱོད་པ་དང་གྲོལ་བའི་མཚན་ཉིད་མངོན་པར་འདོད་པ་ཐོབ་པར་འགྱུར་རོ། །བཀྲེན་ཞེས་པ་ནི་དབུལ་བའོ། །ལག་པའི་མཆོད་པས་ཞེས་པ་ནི་ལག་པའི་མཆོད་པས་སོ། །ཐོབ་པར་འགྱུར་ཞེས་པ་ནི་དོན་ཐོབ་པར་འགྱུར་བའོ། །མཆོད་པ་ཞེས་པ་ནི་མཆོད་པས་སོ། །དཔའ་བོ་འདི་ནི་དཔའ་ཆེན་པོ། །ཞེས་པ་ནི། འདིར་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཔའ་བོའི་བདག་ཉིད་དཔལ་བདེ་མཆོག་གོ །རྙེད་དཀའ་ཞེས་བ་ནི་རྙེད་པར་དཀའ་བའོ། །སྤྱོད་བརྟུལ་ཞུགས་ཞེས་བྱ་བ་ལ་སོགས་པ་ནི། འདོད་པའི་འབྲས་བུ་ཀུན་རབ་སྟེར། །ཞེས་གཞན་དང་སྦྱར་བར་བྱའོ། །འདིས་ཞེས་བྱ་བ་ནི་ལག་པའི་མཆོད་པ་བསྟན་པའི་རྗེས་ཐོགས་སུའོ། །རང་མཆོད་ཅེས་བྱ་བ་བདག་ཉིད་ཀྱིས་བྱ་བའོ། །འདོད་པའི་འབྲས་བུ་ཀུན་རབ་སྟེར། །ཞེས་བྱ་བ་ནི་དེའི་མངོན་པར་འདོད་པའི་འབྲས་བུ་ཐམས་ཅད་སྟེར་ནུས་པའི་བདེ་མཆོག་གི་སྐུར་འགྱུར་རོ་ཞེས་པའི་དོན་ཏོ། །སྤྱོད་བརྟུལ་ཞུགས་ཞེས་པ་ནི་འོག་ནས་འཆད་པར་འགྱུར་བའི་སྤྱོད་པའི་ཆོ་ག་ཡང་ཐོབ་པར་འགྱུར་རོ་ཞེས་གོ་བར་བྱའོ། །རྣལ་འབྱོར་བའི་ཞེས་བྱ་བ་ནི་རྣལ་འབྱོར་པའོ། །རྣལ་འབྱོར་དབང་ཕྱུག་ཀུན་གྱི་གཙོ། །ཞེས་པ་ནི་རྣལ་འབྱོར་གཞན་ཐམས་ཅད་ཀྱི་བདག་པོར་འགྱུར་རོ་ཞེས་དགོངས་པའོ། །འདི་ནི་ངེས་པར་བསྟན་པ་བཅུ་བཞི་པའོ།། །།

ངེས་པར་བསྟན་པ་བཅོ་ལྔ་པ།


DTG021_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་སྤྱོད་པའི་ཆོ་ག་ཞེས་བྱ་བ་ལ་སོགས་པ་ལ། དཔའ་པོ་ཞེས་པ་ནི་བདེ་མཆོག་གི་བདག་ཉིད་ཀྱི་སྒྲུབ་པ་པོའོ། །གཉིས་མེད་རྣལ་འབྱོར་མ་ཞེས་པ་ནི་རིགས་དང་ཐབས་ཅིག་དང་གཉིས་སུ་མེད་པའི་རྣལ་འབྱོར་དང་ལྡན་པ་སྟེ། ཤེས་རབ་དང་བཅས་པ་ཞེས་བྱ་བའི་དོན་ཏོ། །ནུས་པ་ཞེས་པ་ནི་ཅུང་ཟད་རྣལ་འབྱོར་པའི་ནུས་པའོ། །བརྟུལ་ཞུགས་སྤྱོད་ཅེས་པ་ནི་སྤྱོད་པའི་བརྟུལ་ཞུགས་སོ། །ཡིད་ལ་འདོད་པ་ཞེས་པ་ནི་སྤྱོད་པ་གསུམ་ལ་སོགས་པ་གང་རུང་ངོ༌། །དཔའ་བོ་


DTG021_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཆེན་པོ་ཞེས་པ་ནི་སྒྲུབ་པ་པོའོ། །སྲོག་ཆགས་ཡན་ལག་གོས་བགོས་པ། །ཞེས་པ་ནི་སྟག་གི་པགས་པས་གཡོགས་ཏེ་བགོས་པའོ། །བདེ་བ་དོན་གཉེར་བསྐྱེད་པར་བྱ། །ཞེས་པ་ནི་སྙོམས་འཇུག་གི་བདེ་བ་དོན་དུ་གཉེར་བར་གྱུར་ན་དེའི་བདེ་བ་སྐྱེ་བར་འགྱུར་རོ་ཞེས་པའི་དོན་ཏོ། །མཆོད་ཕྱིར་ཐོགས་ཞེས་བྱ་བ་ལ་སོགས་པ་ནི་རིག་བྱེད་དང་དྲང་སྲོང་གིས་བྱས་པའི་མཆོད་ཕྱིར་ཐོགས་ཡོངས་སུ་སྤངས་ནས་གཙང་སྦྲ་གཞན་གྱིས་ལུས་དག་པར་བྱའོ་ཞེས་དགོངས་པའོ། །འདོད་ཅེས་པ་ནི་ཡིད་ལ་འདོད་པའོ། །རྣལ་འབྱོར་མ་ཀུན་ཞེས་པ་ནི་རིགས་ལྔ་དང་འབྲེལ་པའི་རྣལ་འབྱོར་མ་ཐམས་ཅད་དོ། །འདོད་པ་ཞེས་པ་ནི་ཡིད་ལ་འདོད་པར་གྱུར་པའོ། །སྤྱོད་གྲོལ་དོན་གཉེར་ཞེས་པ་ནི་སྤྱོད་པ་དང་གྲོལ་བའི་འབྲས་བུ་དོན་དུ་གཉེར་བར་བྱེད་པའོ། །ད་ནི་སྔགས་ཀྱིས་གཟུགས་ལ་སོགས་པ་རྣམ་པར་དག་པ་གསུངས་པ། རྩ་བའི་སྔགས་ཞེས་པ་ལ་སོགས་པ་སྟེ། རྩ་བའི་སྔགས་ཞེས་པ་ནི་ཕྲེང་བའི་སྔགས་སོ། །དཔའ་བོ་གང་ཞེས་པ་ནི་དཔའ་བོ་གང་གིའོ། །ཚངས་པའི་སྐུད་པ་ཞེས་བྱ་བ་ལ་སོགས་པ་ནི་ཐོག་མ་ནས་ཀུན་དུ་བསྒྲུབས་པའི་ཚངས་པའི་སྐུད་པའོ། །བརྒྱ་ཕྱེད་ཕྲེང་བས་བརྒྱན་པ་ཡིན། །ཞེས་པ་ནི་མགོ་པོ་ལྔ་བཅུའི་ཕྲེང་བའོ། །གོ་ཆ་དྲུག་ཅེས་པ་ནི་གོ་ཆའི་སྔགས་དྲུག་གིས་སོ། །དཔའ་བོ་ཞེས་པ་ནི་དཔའ་བོའིའོ། །རྒྱ་འདི་ལུས་ནི་མཛེས་པ་ཡིན། །ཞེས་པ་ནི་སྐུ་ལ་ཕྱག་རྒྱ་དྲུག་གིས་བརྒྱན་པའོ། །རྡོ་རྗེ་ཕག་མོའི་སྔགས་གང་ཡིན། །ཞེས་པ་ནི་རྩ་བའི་སྔགས་སོ། །མགུར་ཆུས་སྐྱེས་ཞེས་པ་ནི་མགྲིན་པ་ལ་སོགས་པའི་མགུལ་རྒྱན་ནོ། །མཛེས་ཞེས་པ་ནི་མཛེས་པར་རོ། །སངས་རྒྱས་ཀུན་གྱི་མཁའ་འགྲོ་མ། །ཞེས་པ་ནི་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཤེས་བྱ་བ་ལ་སོགས་པ་སྙིང་པོའི་སྔགས་སོ། །པགས་པའི་གོས་ནི་འཛིན་པའི་མཆོག །ཅེས་པ་ནི་སྟག་གི་པགས་པའི་ན་བཟའི་མཆོག་ཤམ་ཐབས་སུ་བྱས་པའོ། །ལྷའི་སྐུ་ཞེས་པ་ནི་བདེ་མཆོག་གི་སྐུའོ། །ཤེས་རབ་ཌཱ་མ་རུ་ཞེས་པ་ནི་ཕག་མོའི་ཅང་ཏེའུའོ། །ཁམས་སུ་བརྟག་ཅེས་པ་ནི་སོ་དང་སེན་མོ་ལ་སོགས་པའི་གཟུགས་ཀྱི་རྣམ་པར་གཞག་པའོ། །ཡི་གེ་བདུན་གྱི་གསང་སྔགས་


DTG021_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱི། །ཞེས་པ་ནི་ཉེ་བའི་སྙིང་པོའི་སྔགས་སོ། །རྣལ་འབྱོར་མ་དྲུག་གསང་སྔགས་གང༌། །ཞེས་པ་ནི་རྣལ་འབྱོར་མ་དྲུག་གི་གོ་ཆའི་སྔགས་སོ། །འཁོར་ལོ་ཀུན་གྱི་རྣལ་འབྱོར་མའི། །ཞེས་པ་ནི་འཁོར་ལོ་གསུམ་ལ་སོགས་པའི་རྣལ་འབྱོར་མའི་སྔགས་སོ། །སྔགས་ན་བཏུང་བའི་ཐོང་པ་ཡིན། །ཞེས་པ་ནི་ཡེ་ཤེས་ཀྱི་བདུད་རྩིའི་སྣོད་དོ། །རྣམ་པར་སྣང་མཛད་ཡུམ་སྔགས་དང༌། །ཞེས་པ་ནི་ལྷ་མོའི་ཉེ་བའི་སྙིང་པོའི་སྔགས་སོ། །དེ་ལྟར་བདག་ཉིད་རྣམས་བསམས་ནས། །ཞེས་པ་ནི་དེ་ལྟར་བསྟན་པའི་རིམ་པས་བདག་ཉིད་གོ་བགོ་བའོ། །ཚམ་ངམ་སྔགས་ཀྱིས་ལེགས་པར་བསྲུང༌། །ཞེས་པ་ནི་ཞལ་བཞི་པའི་སྔགས་ཀྱིས་ཡང་ནས་ཡང་རྒྱུན་དུ་བརྗོད་ཅིང་བསྲུང་བར་བྱ་བའོ། །ཚངས་པར་སྤྱོད་པ་ཞེས་པ་ནི་ཚངས་པ་ནི་བདེ་མཆོག་གི་བདག་ཉིད་དོ། །སྤྱད་པ་སྤྱོད་ཅིང་བསྒོམ་པར་བལྟ་བར་བྱའོ། །རྟག་ཏུ་བསམ་ཞེས་པ་ནི་རྒྱུན་དུ་བྱེད་པའོ།། རྐང་པ་བརྒྱད་པའི་སྔགས་ཀྱིས་མཆོད། །ཅེས་པ་ནི་རྐང་པ་བརྒྱད་པའི་སྔགས་ཀྱིས་རང་དང་གཞན་དང་བླ་མ་དང་སངས་རྒྱས་ལ་སོགས་པ་རྣམས་མཆོད་པར་བྱའོ། །ཉིན་མོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བདག་ཉིད་ཇི་བཞིན་ཞེས་པ་ནི་བདག་ཉིད་ང་རྒྱལ་བྱེད་པ་ཇི་ལྟ་བར་རོ། །འགྲོ་དེ་བཞིན་ཞེས་པ་ནི་སེམས་ཅན་རྣམས་སོ། །བདག་དེ་བཞིན་ཞེས་པ་ནི་ཇི་ལྟར་གཞན་འདོད་པའི་ང་རྒྱལ་བྱེད་པ་དེ་བཞིན་དུ་བདག་ཀྱང་ངོ༌། །ང་རྒྱལ་མཆོག་ཅེས་པ་ནི་ང་རྒྱལ་གྱི་མཆོག་བདེ་མཆོག་ཅེས་པའི་དོན་ཏོ། །ཧེ་རུ་ཀ་དཔལ་གོ་འཕང་གནས། །ཞེས་པ་ནི་དཔལ་ཧེ་རུ་ཀའི་གོ་འཕང་ལ་རྣལ་འབྱོར་པ་གནས་སོ་ཞེས་དགོངས་པའོ། །རིགས་ལྔའི་ཞེས་བྱ་བ་ལ་སོགས་པ་ནི་རིགས་ཀྱི་དངོས་པོ་གཅིག་ཉིད་ལ་སྣ་ཚོགས་ལྔར་བརྟགས་ཏེ། དེ་དང་དེར་སྤྱོད་པ་ལ་འགལ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །སྤྱོད་པའི་འབྲས་བུ་གསུངས་པ། དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་ནི་སྤྱོད་པའི་སེམས་ཅན་ནོ། །གོ་འཕང་མཆོག་ཏུ་འགྲོ་བར་འགྱུར། །ཞེས་པ་ནི་དཔལ་བདེ་མཆོག་ལ་ཉེ་བར་གནས་པའོ། །གཉིས་མེད་ཡེ་ཤེས་སེམས་ལྡན་ལ། །ཞེས་པ་ནི་དཔལ་བདེ་མཆོག་གི་ང་རྒྱལ་གྱིས་སོ། །འདི་ནི་ངེས་པར་བསྟན་པ་བཅོ་ལྔ་པའོ། །

ངེས་པར་བསྟན་པ་བཅུ་དྲུག་པ།


DTG021_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

༄། །གཞན་ཡང་ཕྱི་མའི་དུས་ཀྱི་ཚེ། །ཞེས་བྱ་བ་ལ་སོགས་པ་ལ། ཕྱི་མའི་དུས་ཀྱི་ཚེ་ཞེས་བྱ་བ་ནི་རྩོད་པའི་དུས་སོ། །དུས་མཐར་ཞེས་པ་ནི་ཉོན་མོངས་པས་ཤིན་ཏུ་འཁྲུགས་པས་སོ། །དངོས་གྲུབ་མི་ཐོབ་སྟེ་ཞེས་པ་ནི་སྐྱེ་བ་འདི་ལ་ཞེས་རིག་པར་བྱའོ། །སྐྱེ་བ་ཞེས་པ་ཚེ་འདི་ཉིད་དོ། །གཞན་དུ་ཞེས་པ་ནི་གཞན་དུའོ། །ཅི་རྣམ་པ་ཐམས་ཅད་དུ་མི་འགྲུབ་བམ་ཞེ་ན། གསུངས་པ། གཞན་དུ་སངས་རྒྱས་མིང་ཅན་གྱི། །ཞེས་པ་ནི་དཔལ་བདེ་མཆོག་ལས་གཞན་གྱི་སངས་རྒྱས་ཀྱི་མིང་ཅན་གྱིས་འགྲུབ་པར་མི་འགྱུར་རོ་ཞེས་བྱ་བར་དགོངས་པའོ། །ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ནི་ངོ་མཚར་དྲུག་གམ་ཡུལ་ཡང་ངོ༌། །མི་འགྱུར་ཞེས་པ་ནི་འདིར་འགྲོ་བས་ཞེས་པས་གཞན་དང་སྦྱར་རོ། །ཇི་ལྟ་བུ་ཞེ་ན། གསུངས་པ་བདེ་བར་མི་འགྱུར་ཞེས་པ་ལ་སོགས་པ་སྟེ། ཇི་ལྟར་ནད་ཀྱི་དབང་གིས་སྐོམ་འཐུངས་པ་དང་ཟས་ཟོས། པས་བདེ་བར་མི་འགྱུར་རོ། །དེ་ལྟར་མེད་པ་ཞེས་པ་སྔར་གྱི་དང་སྦྱར་ཏེ། དེ་བཞིན་དུ་ཞེས་པའི་དོན་ཏོ། །འདོད་པ་ཞེས་པ་ནི་ཡིད་ལ་འདོད་པར་གྱུར་པའོ། །འབང་པས་ཞེས་པ་ནི་གུས་པས་སོ། །བདག་ཅེས་པ་ནི་སྒྲུབ་པ་པོའོ། །དེ་ཉིད་ཅེས་པ་ནི་གཟུགས་ཀྱིས་སོ། །རྣལ་འབྱོར་པ་ཞེས་པ་ནི་འཁོར་ལོ་སྡོམ་པའི་རྣལ་འབྱོར་པའོ། །ཇི་ལྟར་ཧེ་རུ་ཀའི་ཡེ་ཤེས་ཞེས་པ་ནི་ཇི་ལྟ་བ་བཞིན་དུ་དཔལ་ཧེ་རུ་ཀའི་རྣམ་པར་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའོ། །ཡོངས་སུ་རྒྱུ་བ་ཞེས་པ་ནི་འཁྱམ་པའོ། །ཇི་ལྟར་འདོད་པར་ཞེས་པ་ནི་གནས་ལ་སོགས་པར་རོ། །ཡོངས་སུ་རྒྱུ་བའི་འབྲས་བུ་གསུངས་པ། རིང་གནས་ཞེས་པ་ལ་སོགས་པ་སྟེ། རྣལ་འབྱོར་བའི་བཀའ་དྲིན་གྱིས་ཐག་རིང་པོ་ཡང་ཉེ་བ་བཞིན་དུ་ཐོས་པར་འགྱུར་རོ། །མིག་གིས་སྐད་ཅིག་གིས་མཐོང་ཞེས་པ་ནི་གཟུགས་ཕྲ་མོ་ཡང་ཉེ་བ་ལྟར་མཐོང་བར་འགྱུར་རོ། །དེ་ལྟར་ཤེས་པ་གཞན་དྲི་རོ་རེག་བྱ་གསུམ་པ་ལ་ཡང་རིག་པར་བྱའོ། །དེ་ལྟར་ཆོས་འདི་ཤེས་ནས་ནི། །ཞེས་བྱ་བ་ནི་དེ་ལྟར་བསྟན་པའི་རིམ་པས་འདིར་ཕན་ཡོན་དུ་རིག་པར་བྱ་བ་ཉིད་དོ། །བསམ་པ་ཐམས་ཅད་རྫོགས་བྱེད་ཡིན། །ཞེས་པ་ནི་མང་བོའི་ཚིག་གོ །གཉིས་མེད་ཡེ་ཤེས་བརྟུལ་ཞུགས་བཟང༌། །ཞེས་པ་


DTG021_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ནི་གཉིས་སུ་མེད་པའི་ཡེ་ཤེས་ཐོབ་པར་བྱེད་པའི་ཐབས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འགྲོ་བ་ཐབས་དང་ཤེས་རབ་ཀྱི་ངོ་བོར་རིག་པར་བྱ་བའི་ཕྱིར་གསུངས་པ། ཨཱ་ལི་ཀཱ་ལི་ཞེས་བྱ་བ་ལ་སོགས་པ་སྟེ། ཨཱ་ལི་ཀཱ་ལི་མ་གཏོགས་པ་ཞེས་པ་ནི་དབྱེར་མེད་པའི་ཐབས་དང་ཤེས་རབ་དང་བྲལ་བའོ། །ཆོས་འདིས་ཞེས་པ་ནི་ཕྱི་དང་ནང་གིའོ། །གལ་ཏེ་ཆོས་འདི་འདོད་ན་ནི། །ཞེས་པ་ནི་སྐྱེ་བོ་གལ་ཏེ་གཞན་ཡིན་ན་ཞེས་པར་གོ་བར་བྱའོ། །དེ་ཡི་དལ་བ་དོན་མེད་དེ། །འབྲས་བུ་ཐོབ་པར་མི་འགྱུར་རོ། །ཞེས་པ་ནི་གོ་སླའོ། །མདོ་ལ་སོགས་པ་རྣམས་སུ་ཡང་འདི་ཉིད་སངས་རྒྱས་ཀྱིས་ཕན་པའི་དོན་ཀུན་རབ་ཏུ་བསྟན་པ་བསྡུས་པའི་དོན་ཏོ། །ཡང་ཅི་ཐབས་དང་ཤེས་རབ་ཀྱི་ངོ་བོ་གང་ཞེ་ན། གསུངས་པ་འཇུག་པར་ཤེས་པ་ནི་དཔལ་བདེ་མཆོག་ཏུ་བསྐྱེད་པའོ། །ཇི་ལྟར་བསྟན་པ་ཞེས་པ་ནི་སྔར་ཇི་ལྟར་བསྟན་པའོ། །ཚོགས་གཉིས་ཞེས་པ་ནི་ཚོགས་གཉིས་ཐོབ་པའོ། །གཉིས་སུ་མེད་པ་ཞེས་པ་ནི་རིམ་པ་དང་ལྷན་ཅིག་ཐ་མི་དད་པར་རོ། །དེ་ལྟར་ཀུན་རྫོབ་ཀྱི་བདེན་པ་བསྟན་ནས། དོན་དམ་པའི་བདེན་པ་བརྗོད་ཅིང་གསུངས་པ། དེ་ཉིད་ཆོས་ཀྱི་རང་བཞིན་ཤེས། །ཞེས་པ་ནི། དྲུག་པའི་དོན་གྱི་དང་པོའོ། །དེ་ཉིད་ཅེས་པ་ནི་མདོར་བསྟན་པའོ། །ཆོས་ཞེས་པ་ནི་རྒྱས་པར་བཤད་པའོ། །རང་བཞིན་ཤེས་ཞེས་པ་ནི་ཤིན་ཏུ་རྒྱས་པར་བཤད་པའོ། །འབའ་ཞིག་ཅེས་པ་ནི། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་པ་ལ་སོགས་པ་སྟེ། བཟློག་པ་རྫོགས་རིམ་ནི་དོན་དམ་པའི་བདེན་པའོ། །འདོད་ཅེས་པ་ནི་བསྟན་པའོ། །མཇུག་བསྡུ་བ་ལ་སོགས་པ་གསུངས་པ། ངས་ནི་སྔོན་བཤད་ཅེས་གསུངས་ཏེ། །ཅི་བཤད་ཅེ་ན། གསུངས་པ། བདེན་པ་གཉིས་ལ་བརྟེན་ནས་ཞེས་པ་ནི་འདིར་ཞེས་བྱ་བ་ལ་སོགས་པ་གོ་བར་བྱའོ། །རྣལ་འབྱོར་པ་ཞེས་པ་ནི་རྣལ་འབྱོར་པའོ། །སྤྲོས་པ་ཀུན་ལ་ཞེས་པ་ནི་ལྷ་དང་ལྷ་མོའི་སྐུའོ། །དམིགས་ནས་ཞེས་པ་ནི་དམིགས་པར་བྱའོ། །ཇི་སྲིད་བཟློག་པའི་སྤྱོད་ཡུལ་དུ་ཤེས་པ་ནི་རྣམ་པར་དག་པ་ལ་ཐུག་པར་བྱའོ། །རྒྱུད་ཐམས་ཅད་ཀྱི་དོན་དམ་པའི་བདེན་པ་བསྟན་པའི་ཕྱིར་རོ། །གསུངས་པ་རྒྱུད་རྣམས་ཀུན་དུ་ཞེས་པ་ལ་སོགས་པ་ནི་བྱ་བའི་རྒྱུད་ལ་སོགས་པ་རྣམས་སུ་གང་


DTG021_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཞིག་གསང་བའི་མྱ་ངན་ལས་འདས་པ་དེ་འདིར་ཡང་བསྟན་ཞེས་པའི་དོན་ཏོ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་པ་ནི་འདིར་ཡང་ཞེས་རིག་པར་བྱའོ། །སེམས་རྣམས་ཐམས་ཅད་བསལ་ནས་ནི། །ཞེས་པ་ནི་སེམས་གཞན་ཐམས་ཅད་ཡོངས་སུ་སྤངས་པའོ། །རྣམ་པར་སྤྱོད་ཅེས་པ་ནི་ཏིང་ངེ་འཛིན་ལ་སྤྱོད་ཅིག་པའོ། །འཁོར་ལོ་སྡོམ་པ་མཆོག་ཅེས་པ་ནི་འཁོར་ལོ་སྡོམ་པ་ཀུན་རྫོབ་ཏུ་གནས་དང་ཉེ་བའི་གནས་ལ་སོགས་པའོ། །ཅི་བྱས་ནས་ཤེ་ན། གསུངས་པ། རྣལ་འབྱོར་མའི་ཞེས་བྱ་བ་ལ་སོགས་པ་སྟེ། རྣལ་འབྱོར་མ་ཞེས་པ་ནི་མཁའ་འགྲོ་མའི་རིགས་རྣལ་འབྱོར་མའིའོ། །གཟུགས་དང་བརྡ་དང་ཐ་སྙད་དག །ཅེས་པ་ནི་རིག་པར་བྱ་ཞེས་པ་ལྷག་མའོ། །ཁྱིམ་ལྔ་ལ་སོགས་གྲོང་ཞེས་པ་ནི་ཁྱིམ་ལྔ་པོས་ཁྱད་པར་དུ་བྱས་པའི་གྲོང་ལ་སོགས་པ་རྣམས་སོ། །གནས་ཞེས་པ་ནི་གནས་པ་ཉིད་དོ། །བསྒྲུབ་པར་བྱ་བ་ནི་ཞེས་པ་ནི་འདོད་པའོ། །ཀུན་དུ་ཞེས་པ་ནི་རྒྱུ་དེའི་ཕྱིར་དེ་ཐམས་ཅད་བསྒྲུབ་པར་བྱ་བའི་གནས་ཞེས་པའི་དོན་ཏོ། །གཡོན་ནས་བསྐོར་བ་ལ་རབ་བརྩོན། །ཞེས་པ་ནི་གཡོན་གྱིས་སྤྱོད་པའི་རྣལ་འབྱོར་བའོ། །སྔར་བཤད་འཁོར་ལོའི་ཞེས་པ་ནི་གཉིས་པའི་དོན་གྱི་དྲུག་པའོ། །བྲི་བར་བྱ་ཞེས་པ་ནི་རྣམ་པར་བསྒོམ་པའོ། །ད་ནི་ཧེ་རུ་ཀའི་མཛད་པ་གསུངས་པ། དཔའ་བོའི་སྔགས་སོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔའ་བོའི་སྔགས་སོགས་རྣལ་འབྱོར་མ། །ཞེས་པ་ནི་དཔའ་བོ་ལ་སོགས་པ་རྣལ་འབྱོར་མའི་སྔགས་སོ། །དགོད་པར་བྱ་ཞེས་པ་ནི་གནས་ཇི་ལྟ་བར་བསྒོམ་པར་བྱའོ། །ཡིད་ལ་འདོད་པ་ཞེས་པ་ནི་ཡིད་ལ་མངོན་པར་འདོད་པའི་བོད་བུའི་རྣམ་པ་ལ་སོགས་པའོ། །ཤར་གྱི་འདབ་མར་ཞེས་པ་ནི་ཤར་ལ་སོགས་པའི་འདབ་མ་རྣམས་སུའོ། །མཁའ་འགྲོ་མ་ཞེས་བྱ་བ་ནི་མཁའ་འགྲོ་མ་ལ་སོགས་པའོ། །བོད་བུའི་རྣམ་པར་བསྒོམ་པར་བྱ། །ཞེས་པ་ནི་བོང་བུའི་རྣམ་པར་བསྒོམ་པར་བྱའོ། །ཧེ་རུ་ཀ་དཔལ་ཞེས་བྱ་བ། །ཞེས་པ་ནི་དཔལ་ཧེ་རུ་ཀའི་སྐུར་བསྒྱུར་ལ་བསྒོམ་མོ་ཞེས་པའི་དོན་ཏོ། །ལས་རྣམས་ཐམས་ཅད་ཅེས་པ་ནི་ལས་ཐམས་ཅད་དང་ཉེ་བར་ལྡན་པའོ། །ལུས་ངག་ཡིད་


DTG021_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཀྱི་ལས་རྣམས་ཞེས་པ་ནི་ལུས་དང་ངག་དང་ཡིད་ཀྱི་བྱ་བའོ། །བསྟན་དང་མ་བསྟན་ཞེས་པ་ནི་བཤད་དང་མ་བཤད་པའོ། །གང་བསམས་ཞེས་པ་ནི་བྱ་བ་ལ་མངོན་པར་ཞེན་པའོ། །ཧེ་རུ་ཀ་དཔལ་གོ་འཕང་གནས། །ཞེས་བྱ་བ་ནི་དཔའ་བོ་བོད་བུའི་རྣམ་པའི་རྣལ་འབྱོར་གྱིས་གནས་པའོ། །འདི་ནི་ངེས་པར་བསྟན་པ་བཅུ་དྲུག་པའོ།། །།

ངེས་པར་བསྟན་པ་བཅུ་བདུན་པ།


DTG021_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེ་ནས་ཞེས་པ་ལ་སོགས་པ་ལ། དཔལ་ཧེ་རུ་ཀ་ཞེས་པ་ནི་དཔལ་ཧེ་རུ་ཀའོ། །དྲུག་པ་ཞེས་པ་ནི་དྲུག་པ་རྡོ་རྗེ་སེམས་དཔའོ། །སེམས་ཀྱི་སྤྲུལ་པ་ཞེས་པ་ནི་སེམས་ཀྱི་རང་བཞིན་ནོ། །དག་པའི་ཆོས་ཞེས་པ་ནི་ཐམས་ཅད་སྟོང་པ་ཉིད་དོ། །དེ་ཉིད་ཅེས་པ་ནི་དེ་ལས་ལྷའི་སྐུ་གཉིས་སོ། །བསྲུབ་བྱ་བསྲུབས་པའི་སྦྱོར་བ་ལས། །ཞེས་པ་ནི་མངལ་ནས་སྐྱེ་བར་དཀྱིལ་འཁོར་བསྒོམ་པའི་ཕྱོགས་སོ། །མེ་ལོང་ལ་སོགས་རྣམ་པ་བཞི། །ཞེས་པ་ནི་མེ་ལོང་ལ་སོགས་པ་རྣམ་པར་དག་པ་ཐོད་པ་བཞི་པོ་མཚམས་བཞིར་རོ། །མཆོད་པ་བཞི་རུ་བརྗོད་ཅེས་པ་ནི་འདིར་དེ་ཉིད་མཆོད་པ་བཞིར་བརྗོད་པའོ། །མཁའ་འགྲོ་མ་བཞི་འདབ་མར་གནས། །ཞེས་པ་ནི་པདྨའི་འདབ་མ་བཞི་ལ་མཁའ་འགྲོ་མ་བཞིའོ། །མཱ་མ་ཀཱི་སོགས་བཟད་མོ་ཡིན། །ཞེས་པ་ནི་མཁའ་འགྲོ་མ་ལ་སོགས་པ་བཞི་པོ་དེ་ཉིད་ཇི་ལྟར་རིགས་པར་མཱ་མ་ཀཱི་ལ་སོགས་པའི་རང་བཞིན་ནོ་ཞེས་པའི་དོན་ཏོ། །འཁོར་ལོར་གནས་ཞེས་པ་ནི་འཁོར་ལོ་གསུམ་ལ་གནས་པའོ། །གཉིས་མེད་ཅེས་པ་ནི་རྣལ་འབྱོར་མ་དང་སྙོམས་པར་འཇུག་པའོ། །སེམས་ཅན་འཁོར་བ་ལས་གྲོལ་བ། །ཞེས་པ་ནི་སེམས་ཅན་རྣམས་འཁོར་བ་ལས་གྲོལ་བར་བྱེད་པའོ། །ཁྲོ་བོ་རྣམ་རྒྱལ་ལ་སོགས་ཞེས་པ་ནི་ཁྲོ་བོ་རྣམ་པར་རྒྱལ་བ་ལ་སོགས་པ་དང༌། །ཁྭ་གདོང་མ་ལ་སོགས་པའོ། །སྒོ་དང་མཐའི་མཚམས་ཞེས་པ་ནི་སྒོ་རྣམས་དང་མཚམས་རྣམས་སུའོ། །བར་དུ་བརྒྱད་ཅེས་པ་ནི་ཇི་སྲིད་དུ་བརྒྱད་དུ་གྱུར་པའོ། །རྣལ་འབྱོར་བའི་འཆི་བ་ནི་སེམས་ངལ་སོས་པ་ཙམ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གསུངས་པ། སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་སྟེ། སྣ་ཚོགས་འདུལ་བའི་ཐབས་ཞེས་པ་ནི་རྣམ་པ་སྣ་ཚོགས་ཀྱིས་འདུལ་བའི་སེམས་ཅན་ལ་དེ་དང་


DTG021_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

༄། །དེའི་ཐབས་ཀྱིས་སོ། །སེམས་ཅན་དོན་ལ་བརྩོན་པར་མཛད། །ཅེས་པ་ནི་དྲུག་པའི་དོན་གྱི་དང་པོའོ། །སྦ་བར་བྱ་ཞེས་པ་ནི་གསང་བར་བྱ་བའོ། །གསང་བའི་གནས་ཞེས་པ་ནི་ཤིན་ཏུ་ཡང་གསང་བའི་ཆོས་ཡིན་པས་གསང་བའོ། །ངལ་སོ་ཞེས་པ་ནི་སེམས་ངལ་སོས་པ་ཙམ་མོ། །འདི་ཉིད་ནི། སེམས་ནི་ངལ་སོས་རྣལ་འབྱོར་པ། །མྱ་ངན་འདས་པ་མི་སྟོན་པ། །ཞེས་བྱ་བར་སྦྱར་རོ། །རྣལ་འབྱོར་པ་ཞེས་པ་ནི་སྒྲུབ་པའི་རྣལ་འབྱོར་པའོ། །མྱ་ངན་འདས་པ་ནི་འཆི་བའོ། །རྣལ་འབྱོར་མ་སོགས་དཔའ་བོ་དང༌། ཇི་སྲིད་དངོས་གྲུབ་འདོད་ཀྱི་བར། །ཞེས་པ་ནི་རྣལ་འབྱོར་མ་ལ་སོགས་པ་དང༌། དཔའ་བོ་རྣམས་བསྒོམ་པ་ཇི་སྲིད་ཀྱི་བར་དུ་ཞེས་པའི་དོན་ཏོ། །འབྲས་བུ་ཐོབ་པ་ཞེས་པ་ནི་འབྲས་བུ་ཅུང་ཟད་ཐོབ་ཀྱང་ངོ༌། །རྣལ་འབྱོར་ཞེས་པ་ནི་རྣལ་འབྱོར་བྱེད་པའོ། །འཁོར་བ་ཞེས་པ་ནི་འཁོར་བའོ། །སློབ་མ་ལ་ཕན་ཕྱིར་ཞེས་པ་ནི་སློབ་མ་ལ་ཕན་པའི་ཆེད་དུའོ། །དེ་ལྟར་སྤྱོད་པའི་ཞེས་པ་ནི་གོ་སླའོ། །ཇི་ལྟར་སྔར་བཤད་སྡིག་པ་རྣམས། །ཞེས་པ་ནི་གསུམ་པའི་དོན་ཏོ། །རྣལ་འབྱོར་པ་ཞེས་པ་ནི་རྣལ་འབྱོར་པའོ། །དཔལ་ལྡན་ཧེ་རུ་ཀ་ལ་སོགས། །ཞེས་པ་ནི་གཞན་ཀུན་ལ་ཡང་གསུམ་པར་རིག་པར་བྱའོ། །དཔའ་བོ་དང་ནི་ཞེས་པ་ནི་ལྷ་ཆེན་པོའི་དཔའ་བོའོ། །རྣལ་འབྱོར་མ་ཞེས་པ་ནི་ལྷ་མོ་རྣམས་དང་ངོ༌། །དཀོན་ཞེས་པ་ནི་རྙེད་པར་དཀའ་བའོ། །ཇི་ལྟར་བུད་མེད་བྱིས་གཏམ་རྗེས་ཡི་རང༌། །ཞེས་པ་ནི་ཇི་ལྟར་ཆགས་པ་ཅན་སྐྱེས་པ་དང་བུད་མེད་ཀྱི་གཏམ་བརྗོད་པས་དགའ་བ་སྐྱེ་བའོ། །ཀུན་སྨྲ་བསྟེན་པའི་གཏམ་ཡང་རྗོད་པར་བྱེད། །ཅེས་པ་ནི་ཇི་ལྟར་དགའ་བའི་དོན་དུ་སྐྱེས་པ་དང་བུད་མེད་དག་དུས་འདེབས་པའི་གཏམ་ལ་སོགས་པ་བརྗོད་པའོ། །ལམ་ཡང་བཤད་ཅིང་འཆི་བར་འགྱུར་བ་ཡིན། །ཞེས་པ་ནི། དེ་ལྟར་ལམ་དང་འཆི་བའི་དངོས་པོ་མེད་པར་བརྗོད་པ་སྟེ་འཚང་རྒྱ་ཞེས་པ་ལྷག་མའོ། །ཇི་ལྟར་རིགས་པ་རྣལ་འབྱོར་ལམ་ནི་བསྟན། །ཞེས་པ་ནི་དེ་ལྟར་རིག་པའི་སྒྲུབ་པ་པོའི་བྱ་བ་ལྷ་དང་ལྷ་མོའི་རྣལ་འབྱོར་གྱི་མཚན་ཉིད་ཀྱི་ལམ་ཞེས་པའི་དོན་ཏོ། །གནས་སོགས་རྣལ་


DTG021_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

༄། །འབྱོར་མ་ཡི་གནས། །ཞེས་པ་ནི། གནས་ལ་སོགས་པའི་གནས་རྣམས་སུ། །རྣལ་འབྱོར་མ་རྣམས་སུ་བསྟན་ཞེས་པའི་དོན་ཏོ། །དཔའ་བོ་གཉིས་མེད་རྣལ་འབྱོར་མ། །ཞེས་པ་ནི་དཔའ་བོ་དང་སྙོམས་པར་ཞུགས་ནས་གནས་ཞེས་པའི་དོན་ཏོ། །པུལླཱི་ར་མ་ལར་རབ་གཏུམ། །ཞེས་པ་ལ་སོགས་པ་ནི་གོ་སླའོ། །དཔའ་བོ་གཉིས་མེད་རྣལ་འབྱོར་མའོ། །ཞེས་པ་ནི། དཔའ་བོ་དང་གཉིས་སུ་མེད་པ་ལྷན་ཅིག་ཏུ་གཉིས་མེད་ཀྱི་སྦྱོར་བ་ལ་སྙོམས་པར་ཞུགས་པའི་དོན་ཏོ། །གཡོན་པའི་སྒྲུབ་བྱེད་ཐབས་ཀྱིས་ནི། །ཞེས་པ་ནི་རྣལ་འབྱོར་བ་སྒྲུབ་པའི་ཐབས་ཞེས་པའི་དོན་ཏེ། ཐབས་ཞེས་པ་ནི་བཤེས་པའི་དོན་དུ་ཐབས་དང་ལྷན་ཅིག་གིས་སོ། །རྒལ་ནས་ཞེས་པ་ནི་ཕ་རོལ་ཏུ་རྒལ་བའོ། །སྒོམ་པའི་རིམ་པ་ལྟར་གསུངས་པ། །མགུར་ཆུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དྲིལ་ཞེས་བྱ་བ་ལ་སོགས་པ་ནི། དྲིལ་ཕྱིས་ཀྱིས་དྲི་ཞིམ་པར་བྱ་བའོ། །ཆུས་ཞེས་པ་ནི་མི་བསྐྱོད་པས་སོ། །དྲི་ཞེས་པ་ནི་རྣམ་པར་སྣང་མཛད་དོ། །ཁ་དོག་ལ་སོགས་པའི་གཟུགས་ཞེས་པ་ནི་ཁ་དོག་དཀར་པོ་ལ་སོགས་པའི་གཟུགས་སུ་བྱ་བའོ། །དབྱངས་ཀྱི་ཡི་གེ་ཡོངས་བསྒྱུར་བ། །ཞེས་པ་ནི་དབྱངས་ཀྱི་ཁྲོ་བོའི་ཚིག་ཡི་གེ་ཧཱུཾ་གིས་ཏེ། དེ་ལས་བདག་ཉིད་རྫོགས་པར་བསྒོམ་པར་བྱའོ། །སྤྱོད་པའི་བརྟུལ་ཞུགས་ལ་ཞུགས་པར། །ཞེས་པ་ནི་སྤྲོས་པ་དང་བཅས་པའི་སྤྱོད་པའོ། །རྣལ་འབྱོར་ལ་ལེགས་གནས་ཞེས་པ་ནི་ཡང་དག་པའི་རྣལ་འབྱོར་གྱི་དོན་ལ་གནས་པའོ། །དཔའ་ཆེན་ཞེས་པ་ནི་དཔའ་བོ་དང༌། འཇིགས་སུ་རུང་བ་ལ་སོགས་པ་གར་དགུའི་ཉམས་སོ། །སྐལ་པ་བཟང་པོའི་གར་ཞེས་བྱ་བ་ནི། གར་བྱས་པས་རྣལ་འབྱོར་མ་ཤིན་ཏུ་ཕུལ་དུ་བྱུང་བར་བརྩོན་པར་འགྱུར་རོ་ཞེས་པའི་དོན་ཏོ། །ཀུན་དུ་དབུག་དང་ཞེས་པ་ནི་མདོར་བསྟན་པའོ། །གཞན་ནི་རྒྱས་པར་བཤད་པའོ། །སྲད་བུའི་ཕྲེང་བ་གཅིག་གྱུར་ཡིན། །ཞེས་པ་ནི་ཚངས་པའི་སྐུད་པས་སེ་རལ་ཀ་བྱས་པའོ། །འོག་པག་བརྒྱད་ཀྱི་ཕྲེང་བ་ཞེས་པ་ནི་བརྒྱད་ཀྱི་ཕྲེང་གཅིག་དང་ལྡན་པའོ། །སྐེ་རགས་བཅུ་དྲུག་ཤེས་པར་བྱ། །ཞེས་པ་ལ་སྐེ་རགས་ནི་སྐེ་རགས་ཀྱི་ཁྱད་པར་


DTG021_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཏེ། བཅུ་དྲུག་པོ་དེ་ཡང་ཕྲེང་གཅིག་དང་ལྡན་པར་རིག་པར་བྱའོ། །ཕྲེང་བ་ཉི་ཤུ་རྩ་ལྔ་ཡིན། །ཞེས་པ་ནི་མགོ་བོའི་ཕྲེང་བ་ཉི་ཤུ་རྩ་ལྔས་མགོ་ལ་བརྒྱན་པའོ། །ཡང་ན་ཕྲེང་བ་ཞེས་པ་ནི་མགུལ་རྒྱན་བྱས་པ་སྟེ། དེ་ཡང་རི་ལུ་ཉི་ཤུ་རྩ་ལྔར་རིག་པར་བྱའོ།། འདི་ནི་ངེས་པར་བསྟན་པ་བཅུ་བདུན་པའོ།། །།བདག་གིས་ཀུན་སྤྱོད་རྒྱུད་འདི་གསལ་བར་བྱས་པ་ཡི། །གང་ཞིག་ཟླ་བ་འདྲ་བའི་བསོད་ནམས་མཁའ་ཁྱབ་པ། །དེ་ཡིས་འགྲོ་བ་ཀུན་ལ་ཕན་པའི་ཕྱིར། །དཀའ་བ་མེད་པར་བྱང་ཆུབ་མྱུར་ཐོབ་ཤོག །རྣལ་འབྱོར་མ་ཀུན་དུ་སྤྱོད་པའི་བཤད་སྦྱར་སློབ་དཔོན་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་བ་རི་རིན་ཆེན་གྲགས་པས་བསྒྱུར་བའོ།།


previousརྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་བཤད་སྦྱོར། ཏ་ཐཱ་ག་ཏ་རཀཥི་ཏ།next