Nitartha Digital Library
Tibetan
 
previousམི་དབང་གདུགས་དཀར་ལ་གདམས་པ། next

མི་དབང་གདུགས་དཀར་ལ་གདམས་པ།

བརྩེ་བའི་གཉེན་གཅུགས་སེམས་ཀྱི་རྟེན་ཕུར། །ཡིད་ཀྱི་འཁྲི་ཤིང་སྙིང་གི་ཐིག་ལེ། །མི་དབང་གདུགས་དཀར་སྙན་གྱི་ལམ་དུ། །བདེན་གཏམ་ཟངས་མ་ཕུལ་བ་འདི་ལགས་། །རང་གིས་འབད་ནས་བསགས་པ་མིན་ཡང་། །ཕ་ཁུ་བཟང་པོ་བྱུང་བའི་ལག་རྗེས། །ལྷ་དང་མཉམ་པའི་བདེ་སྐྱིད་ཐོབ་པ། །སྔོན་བསགས་བསོད་ནམས་ཡིན་པ་ལོས་དགོངས་། །ཧ་ཅང་མངའ་ཐང་རྒྱས་པར་གྱུར་ན། །དེ་ལ་རྒུད་པ་ཤིན་ཏུ་ཉེ་བས། །རང་ཚོད་ཟིན་པའི་ཐབས་མཁས་གྱིས་ལ། །མི་ཚེ་སྐྱིད་ཀྱིས་འཁྱོངས་པར་མཛོད་ཅིག །དཀོན་མཆོག་གསུམ་པོ་འདི་ཙམ་མ་གཏོགས། །སྙིང་ནས་བློ་གཏད་འཕེར་བ་མེད་པས། །སྐྱིད་སྡུག་གནས་སྐབས་ཅི་འདྲ་བྱུང་ཡང་། །མཆོག་གསུམ་བླ་མ་སེམས་ཀྱིས་མ་འདོར། །ད་ལྟའི་དུས་ཀྱི་མི་ཆེན་ཕལ་ཆེར། །རྐུན་མས་དཔོན་ས་བཟུང་བ་མང་བས། །མནའ་དགེ་མེད་པའི་ཁྲམ་པ་རྣམས་ལ། །རྣམ་པ་ཀུན་ཏུ་བློ་གཏད་མ་མཛད། །ཁ་བཤད་ཚེ་ན་ཉིན་བྱེད་འཆར་ཡང་། །ལག་ལེན་དུས་ན་མུན་མགོ་རུབ་ནས། །ཁོང་ཤེས་མེད་པའ་ིཁ་དཔའ་འདོན་པ། །ད་ལྟའི་སྐྱེ་བོའི་བཤད་ཚུལ་རེད་ལགས། །ཟས་གོས་ནོར་གྱིས་ངོ་བསྲུང་དགོས་པའི། །གཉེན་བཤེས་རྣམས་ལ་སྙིང་པོ་མེད་པས། །རྒྱུ་འབྲས་བསླུ་མེད་སེམས་ན་ཡོད་པའི། །བཟང་པོའི་གྲོགས་ལ་བརྟེན་པ་གལ་ཆེ། །ཅུང་ཟད་ལེགས་ན་ང་རྒྱལ་སྐྱེ་ཞིང་། །ཕྲན་ཚེག་ཉེས་ན་སེམས་རྩ་ཞུམ་པ། །དཔའ་བརྟན་སྐྱེ་བོའི་སྤྱོད་པ་མིན་པས། །རྣམ་པ་ཀུན་ཏུ་སྙིང་སྟོབས་བསྐྱེད་དགོས། །ཧ་ཅང་བྱམས་ན་དབང་དུ་མི་འདུ། །རྩུབ་སྤྱོད་ཁོ་ནས་དགྲ་རུ་ལྡང་བས། །འཇམ་རྩུབ་བྱ་བ་ཇི་ལྟར་བྱས་ཀྱང་། །ཕྱི་རྗེས་རིང་དུ་ལྟ་བ་གནད་ལགས། །དཔའ་རྩལ་སྤྱང་གྲུང་འཛོམས་པ་ལགས་ཀྱང་། །བསོད་ནམས་མེད་ན་བདེ་བ་མི་ཐོབ། །བསོད་ནམས་བསགས་ན་བདེ་སྐྱིད་དཔལ་འབྱོར། །ཤུགས་ཀྱིས་འགྲུབ་པ་ཆོས་ཉིད་ལགས་སོ། །ལྷ་སྲས་ཁྱོད་ཀྱིས་ཚུལ་འདི་དགོངས་ལ། །བློ་སྟོབས་བསྐྱེད་ལ་ལྷ་ཆོས་མཛོད་དང་། །ཐུགས་བཞེད་མཐའ་དག་ལྷུན་གྱིས་གྲུབ་ནས། །མི་ཆོས་ཕུན་སུམ་ཚོགས་པར་འགྱུར་རོ། །སེམས་ལ་རང་དོན་ཕུགས་སུ་བཅུག་ནས། །བྱམས་སྡང་ལོག་པར་སྟོན་པའི་སྐྱེ་བོས། །འཕྲལ་དུ་ལུས་ངག་གུས་པར་འདུག་ཀྱང་། །སྒྲིན་པོའི་བློ་ཡིས་བརྟག་དཔྱད་དགོས་སོ། །བཅོས་མའི་སྤྱོད་ལམ་ལུས་འཁྱུགས་ལྡེམ་ཞིང་། །སྐུ་ཞབས་རྗེ་ཞེས་གུས་པས་འབོད་པའི། །ཁྲམ་པའི་ཚིག་ལ་སྙིང་པོ་ཅི་ཡོད། །ཉམས་ཉེས་བྱུང་ཚེ་ཁྱེད་ཀྱིས་གཟིགས་འོང་། །ཉམ་ཐག་མགོན་མེད་སྤྲང་པོའི་ཚོགས་ལ། །རང་གི་ལག་གིས་སྦྱིན་པ་གཏོང་ཞིང་། །ང་རྒྱལ་མེད་པ་བརྩེ་བས་སྐྱོང་བ། །ཡ་རབས་དྲ་མའི་མཛད་པ་ལོས་ཡིན། །ཕ་ཁུ་བཟང་པོ་སྐུ་ཚེ་བརྟན་ཅིང་། །རང་ཡང་ན་གཞོན་རིག་པ་རྣོ་བས། །ད་ལྟ་བག་ཡངས་ངང་ལ་མ་བཞུགས། །རྒྱལ་སྲིད་བཙན་པའི་ཐབས་ལ་འབད་མཛོད། །ད་ལྟའི་སྟོབས་འབྱོར་འདི་བས་ལྷག་ཞིག །དུས་ཀྱི་དབང་གིས་འོང་བར་དཀའ་བས། །མལ་ས་ནོན་པའི་ཐབས་མཁས་ཤེས་ན། །བདག་ལ་ཞུ་དོན་དེ་ལས་མེད་ལགས། །སྤྲེ་འུས་བྱེད་སྤྱོད་སྣ་ཚོགས་ཤེས་ཀྱང་། །རང་རྩའི་མདུད་པ་བཤིག་ལ་མི་མཁས། །ཁ་བཤད་ཤེས་ཀྱང་ལག་ལེན་མེད་པའི། །མི་ངན་བདག་ཀྱང་དེ་དང་འདྲ་ལགས། །མ་རྒན་ཉམ་ཐག་འཆི་བའི་ཚེ་ན། །བུ་འདིས་དམ་པའི་ཆོས་ཤིག་འགྲུབ་ཚེ། །བདག་ལ་བསམ་རྒྱུ་དེ་ལས་མེད་ཅེས། །ཨ་མའི་ཞལ་ཆེམས་དེ་འདྲ་གནང་ཡང་། །ལས་ངན་བདག་ནི་རྐྱེན་གྱི་དབང་གིས། །བསམ་ངན་རྟོག་པའི་འཁྲུལ་འཁོར་བསྐོར་ནས། །མི་ངན་རྣམས་དང་རྒྱུན་དུ་འགྲོགས་པས། །འདི་ཕྱི་གཉིས་མེད་འདི་འདྲ་རེད་སོང་། །བརྩེ་བའི་མ་དང་སྲིང་མོ་ལ་སོགས། །ཡིད་གཅུགས་བདག་གི་གཉེན་བཤེས་ཕལ་ཆེར། །དབང་མེད་ལས་ཀྱི་རླུང་གིས་དེད་ནས། །ཕྱི་མའི་ལམ་ཆེན་བླངས་ནས་ལང་སོང་། །བྲལ་བའི་སྡུག་བསྔལ་ཤིན་ཏུ་ཆེ་ཡང་། །ད་ནི་གར་ཡོད་ཙམ་ཡང་མི་ཤེས། །སྐྱིད་སྡུག་གནས་སྐབས་ཅི་འདྲ་ཡོད་སྙམ། །སེམས་ནི་ཤིན་ཏུ་སྐྱོ་བར་འདུག་ལགས། །སྙིང་གི་མེ་ཏོག་གཞོན་ནུ་ཁྱེད་ལ། །ད་དུང་ཞུ་རྒྱུ་མང་པོ་འདུག་རུང་། །འབྲེལ་མེད་གཏམ་ལ་འབྲས་བུ་མེད་པས། །ཡི་གེས་འཇིགས་ནས་དེ་ལས་མ་བྲིས། །ཡིད་འོང་ས་འཛིན་མཐོན་པོའི་རྐེད་པ། །སྔོན་བྱོན་དམ་པ་གོང་མའི་གདན་ས། །ངུར་སྨྲིག་འཛིན་པ་དགེ་འདུན་རྒྱ་མཚོ། །འདུ་བའི་གནས་མཆོག་ཡིད་འོང་དགོན་པ། །ལྷ་ཤིང་ཤུགས་པའི་ཡལ་གའི་ཁྲོད་ནས། །ལྷ་བྱ་འཇོམ་མོའི་གླུ་དབྱངས་ལེན་ཅིང་། །དཀར་དམར་ལང་ཚོའི་གཟི་མདངས་བཀྲ་བའི། །མེ་ཏོག་སྣ་ཚོགས་རྒྱན་བཞིན་བཀྲམ་ལ། །སྐད་སྙན་བུང་བའི་བུ་མོའི་ཚོགས་རྣམས། །འཆི་མེད་ལམ་དུ་བརྩེ་ཞིང་ལྡིང་བ། །རྒྱ་མཚོ་ཆེན་པོའི་རྦ་རླབས་བཞིན་དུ། །ལོ་ཡག་སྙེ་མ་རླུང་གིས་བསྐྱོད་ཅིང་། །ཡིད་འོང་ཕྱོགས་ཀྱི་ཐ་གྲུ་ཐམས་ཅད། །རི་དྭགས་གཡུང་དག་དུ་མས་གང་ཞིང་། །བྱ་ཚོགས་མང་པོའི་སྙན་གླུས་བཟུང་བའི། །སྔོ་ལྗང་ལྗོན་པའི་ཕྲེང་བས་བསྐོར་བ། །ཆར་སྤྲིན་མཐིང་ནག་རྣམ་པར་གཡོ་ཞིང་། །འབྲུག་སྒྲ་ཟབ་མོ་དལ་གྱིས་དགོད་བཞིན། །ཟིམ་བུའི་ཆར་གྱིས་དགའ་བ་སྦྱིན་པའི། །ཡིད་འོང་ཉམས་དགའི་གནས་མཆོག་དེ་རུ། །དགེ་བཤེས་ཕྲིན་ལས་འཕེལ་རྒྱས་མཆོག་གི། གཟིམ་ཁང་བཀྲ་ཤིས་མཐོང་སྨོན་ནང་ནས། །བསམ་ཡས་རྫུ་འཕྲུལ་སྟོབས་ཀྱི་བདག་པོ། །གླིང་རྗེ་གེ་སར་རྒྱལ་པོའི་བརྒྱུད་པ། །ཕྱོགས་བཞིའི་དགྲ་མགོ་དུས་གཅིག་ནོན་པའི། །མེས་པོ་སྟག་གཟིག་ལྟ་བུའི་ཚ་བོ། །ལུགས་གཉིས་མཁྱེན་དཔྱོད་སྤོབས་པ་མཐོ་བ། །ཕ་ཁུ་ཅང་ཤེས་ལྟ་བུའི་བུ་བརྒྱུད། །སྣ་ཚོགས་གཞུང་ལུགས་མང་དུ་མཐོང་བའི། །བློ་ལྡན་ཞིག་གིས་བྲིས་པ་འདྲའོ། །ཨ་ལ་དོན་མེད་ཚིགས་ཚོགས་མང་པོ་འདི། །ཨ་གདུགས་ཁྱེད་ཀྱི་མཁྱེན་པའི་སྤྱན་ལམ་དུ། །ཨ་འཇམ་ཞེས་བྱའི་ཁ་ཡངས་མིག་ཡངས་དེས། །ཨ་མཚར་རྩེ་མོའི་ཚུལ་དུ་ཕུལ་བ་ལགས། །


previousམི་དབང་གདུགས་དཀར་ལ་གདམས་པ། next