Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
  collapse section
   
   
   
  expand section
  expand section
   
བརྗིད་པའི་ཡོན་ཏན་བཤད་པ།
  expand section
   
  expand section
  expand section
  expand section
  expand section


 
previousབརྗིད་པའི་ཡོན་ཏན་བཤད་པ།next

བརྗིད་པའི་ཡོན་ཏན་བཤད་པ།


GLG020_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བརྗིད་པའི་ཡོན་ཏན་བཤད་པ།བརྒྱད་པ་བརྗིད་པ་ལ་སྤྱིར་བསྟན་པ། སོ་སོར་བཤད་པ་གཉིས། དང་པོ་ནི། བརྗིད་པ་ནི། འབྲུ་མང་ལ་སོགས་པ་ཀ་ཙན་གྱི་བསྡུ་བའི་སྐབས་ནས་བྱུང་བའི་ཚིག་སྡུད་མང་པོ་ཡོད་པ་ཉིད་འདི་ནི་ལྷུག་པ་དག་གིས་སོས་ཏེ་མཆོག་ཏུ་གྱུར་པས། བརྗིད་པ་ལྷུག་པ་ལ་སྦྱོར་བ་ཤར་པ་མི་འདོད་པ་མ་ཡིན་ཀྱང་། གཙོ་བོར་ལྷོ་པ་ཉིད་འདོད་དོ། །དཔེར་ན་ལྷོ་ཤར་གཉིས་ཐུན་མོང་དུ། སྙན་ཚིག་རིག་པ་ཀུན་འཆད་ཟླ་བྲལ་མཁས་ཁྱོད། ཤོང་དཔང་བསྟན་འཛིན་མཆོག་གྱུར་བློ་གསལ་དགའ་བསྐྱེད། །རྒོལ་ངན་ཀླད་འགེམས། རིག་གནས་ཕྱོགས་བཅུར་སྤེལ་གང་རྒྱལ་འགྱུར་ཏོ། །ཞེས་པ་ལྟ་བུ། གཉིས་པ་ལ་ཤར་ལྷོ་གཉིས། (༣༠བ)


GLG020_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལ། འདོད་ཚུལ། མཚན་ཉིད། དཔེར་བརྗོད། མཇུག་བསྡུ་བ་དང་བཞི། དང་པོ་ནི། ཡང་གི་སྒྲས་ལྷུག་པ་ལ་མི་འདོད་པ་མིན་ཀྱང་། ཤར་ཕྱོགས་པ་རྣམས་ཚིགས་བཅད་ལ་བརྗིད་པ་འདི་ཉིད་དཔུང་དང་གཉེན་གྱི་གཙོ་བོར་བཞེད་དོ། །གཉིས་པ་ནི། བརྗིད་པ་དེ་ལ་པྲ་སྟཱ་ར་ལྕི་བ་དང་ཡང་བ་རྣམས་དོ་མི་མཉམ་པར་ལྕི་བ་མང་ལ་ཡང་བ་ཉུང་བ་ཉིད་དང་དེ་ལས་ལྡོག་སྟེ་སྤེལ་བས་མཐོ་བ་དང་དམའ་བ་ཡི་ནི་ལྕི་ཡང་རྣམ་པར་འཁྲུགས་ཤིང་། བསྡུ་བ་དང་བཅས་ཏེ་བརྗིད་པར་འདོད་པ་དེ་ཡང་། བརྗོད་པ་དང་གཏམ་ལ་སོགས་པ་རྣམས་ལ་ལྟ་ཞིང་སྦྱར་རོ། །གསུམ་པ་ནི། ནུབ་ཕྱོགས་ཀྱི་རི་བོའི་མགོར་ལྷུང་བ་སྟེ་གནས་པ་ལྟ་བུའི་དེའི་ཕྱོགས་མཐའ་དག་མཚམས་སྤྲིན་དམར་པོ་ཉི་མའི་འོད་ཀྱི་མལ་སྟན་ཅན་དང་། ཆུ་ལྡན་མ་སྟེ་ཆུའི་ལྷ་མོ་ཞེས་བོས་ནས། བཤད་མ་ཐག་པའི་མཚམས་སྤྲིན་འདི། ཁྱོད་ཀྱི་ནུ་མ་བསྲ་ཞིང་མཁྲེགས་པ་ལ་གནས་པའི་སྟོད་གཡོགས་ཀྱི་གོས་དམར་པོ་ལྷབ་ལྷུབ་ཏུ་གཡོ་བ་བཞིན་མཛེས་སོ། །རྒྱ་དཔེར་ཚིག་སྡུད་མང་དུ་ཡོད་པས་བརྗིད་ཅིང་ཕྱེད་སྔ་མ་ལ་ལྕི་བ་དགུ་དང་། ཡང་བ་བདུན་འབྱུང་ངོ་། །དཔེར་ན། གཡོན་མིག་དཀྱུད་ཕྲ་ཟུར་འཕང་སྐྱེས་བུ་ལ། །རྣོ་མཚོན་ལ་འགོང་མི་ཟད་གདུང་བ་སྐྱེད། །འདོད་པ་མི་ལྡན་འཕགས་རྣམས་མི་སྡུག་མིག །ཕྲ་མོའི་དབྱེ་བ་མི་མངའ་ངོ་མཚར་ཆེ། །ཞེས་པ་ལྟ་བུ། བཞི་པ་ནི། ཞེས་པའི་ཚིག་སྡུད་དང་བཅས་པའི་དོ་མི་མཉམ་པ་ནི་བརྗིད་པ་དང་ལྡན་པའི་ཚིག་འདི། ཚིགས་བཅད་ལ་ཡང་ཤར་པ་དག་སྦྱོར་རོ། །གཉིས་པ་ལྷོ་ཕྱོགས་པ་ལ། མཚན་(༣༡ན)
ཉིད་དང་། དཔེར་བརྗོད་གཉིས། དང་པོ་ནི། གཞན་ལྷོ་ཕྱོགས་པ་དག་གཙོ་བོར་ལྷུག་པ་ལ་འདོད་ཀྱང་། ཚིགས་བཅད་ལ་ཡང་མི་བཞེད་པ་མེད་པས། དེའི་མཚན་ཉིད་ནི། པྲསྟ་ར་ལྕི་ཡང་འཁྲུགས་པ་མིན་པར་དོ་མཉམ་པས་མཛེས་པ་ཡི་ཚིག་སྡུད་རྣམས་དང་བཅས་པ་བརྗིད་པའི་དཔེར་འདོད་དོ། །གཉིས་པ་ནི། ཆུ་འཛིན་ཏེ་སྤྲིན་ལང་ལོང་དུ་གཡོ་བའི་ངོས་ཀྱི་ཕང་བ་ན་ཆགས་པ་སྟེ་གནས་ཤིང་། ཐུན་མཚམས་ཀྱི་ཉི་འོད་དམར་པོའི་གོས་དང་ལྡན་པའི་ཆུ་ལྡན་མ་ཁྱོད་ཀྱིས་ནི་སྲེད་ལྡན་གྱི་སྐྱེ་བོ་སུ་ཡི་ཡིད་འདོད་པས་གཟིར་བར་བྱེད་པར་ཅིས་མི་འགྱུར་ཏེ་འགྱུར་རོ། །དཔེར་ན། སྐུ་མདངས་སེར་པོ་སུ་ཝརྞ་བཞིན། སྙན་གསུང་པི་ཝཾ་ཇི་ལྟ་བླ་ལྷག །རྒྱལ་མཁྱེན་ལྟ་བུ་ལྡན་བློ་མ་མ། ཚངས་སྲས་མ་སུ་སྲིད་ན་མཛེས་འདྲ། ཞེས་པ་ལྟ་བུ།


previousབརྗིད་པའི་ཡོན་ཏན་བཤད་པ།next