གསུམ་པ། འབྲས་བུ་མཆོག་གི་གྲོལ་བའི་ལེའུ།
དེ་ལྟར་གཞི་ལམ་རྟོགས་པ་མཐར་ཕྱིན་ནས། །དྲི་མེད་རང་བཞིན་སེམས་ཉིད་རྣམ་དག་ཏུ། །སྣ་ཚོགས་སེམས་ཀྱི་འཇུག་པ་ཀུན་ནུབ་སྟེ། །དབྱིངས་དང་ཡེ་ཤེས་རོ་གཅིག་གྱུར་པ་ནི། །ཆོས་སྐུ་རྒྱལ་པོའི་གཏན་སྲིད་ཟིན་པ་ཡིན། །དེ་ཚེ་མཁའ་ལྟར་རང་བཞིན་སྤྲོས་དང་བྲལ། །རྒྱ་ཆད་ཕྱོགས་ལྷུང་ཀུན་ལས་འདས་པ་ནི། །དག་པ་གཉིས་ལྡན་ཆོས་ཉིད་འཕོ་འགྱུར་མེད། །དེ་ཉིད་ངང་ལས་ལྷུན་གྲུབ་ལོངས་སྐུ་ནི། །རང་སྣང་རྣམ་དག་འོག་མིན་སྟུག་པོ་བཀོད། །འོད་གསལ་ཡེ་ཤེས་རྣམ་ལྔའི་ཞིང་ཁམས་སུ། །ཞི་དང་ཁྲོ་ཚུལ་རིགས་ལྔའི་དཀྱིལ་འཁོར་ནི། །སྟེང་འོག་ཕྱོགས་མཚམས་ནམ་མཁའ་ཁྱབ་པར་སྣང་། །གཙོ་འཁོར་གྲངས་མེད་རྟོགས་པ་གཅིག་གི་ངང་། །མཚན་དང་དཔེ་བྱད་འོད་ཟེར་འབར་བ་སྟེ། །ཀུན་ཀྱང་སྐུ་ལྔ་ཡེ་ཤེས་རྣམ་པ་ལྔ། །མི་གཡོ་མི་གསུང་བརྗོད་འདས་ཆེན་པོ་ནི། །སྟོབས་སོགས་ཡོན་ཏན་རྒྱ་མཚོའི་ཕ་རོལ་ཕྱིན། །མཛད་པའི་ཕྲིན་ལས་སྐུ་གསུམ་ཆོ་འཕྲུལ་འགྱེད། །འདི་ནི་ཡེ་ཤེས་ལོངས་སྐུའི་སྟོན་པ་ཡིན། །དེ་ཉིད་ངང་ལས་གདུལ་བྱའི་འཇིག་རྟེན་དུ། །འདུལ་བྱེད་སྟོན་པ་རིགས་ལྔར་སྣང་བ་ནི། །མཁའ་ཟླའི་གཟུགས་བརྙན་ཆུ་ཟླར་སྣང་བ་བཞིན། །སར་གནས་འགྲོ་ལ་འོག་མིན་མངོན་དགའ་དང་། །རིན་ཆེན་ཡོངས་གང་བདེ་བ་ཅན་དང་ནི། །ལས་རབ་གྲུབ་པར་རྣམ་སྣང་མི་བསྐྱོད་པ། །རིན་འབྱུང་འོད་དཔག་དོན་གྲུབ་རིགས་ལྔ་ཉིད། །གཏི་མུག་ཞེ་སྡང་ང་རྒྱལ་འདོད་ཆགས་དང་། །ཕྲག་དོག་སྦྱང་ཕྱིར་སོ་སོའི་སྟོན་པར་སྣང་། །(༣༩)གཟུགས་བཟང་མེ་ལོང་བསྟན་པས་དོན་མཛད་དེ། །རྒྱལ་བའི་སྐུ་དང་འོད་ཟེར་འཁྱིལ་བ་ཉིད། །རང་གི་ལུས་དང་མཚུངས་པར་མ་མཐོང་ནས། །དེས་ན་ཆོས་ཉིད་རྟོགས་པ་རབ་སྦྱངས་པས། །ས་བཅུའི་དྲི་མ་རྣམ་བཅུ་རིམ་སྦྱངས་ཏེ། །ཀུན་ཏུ་འོད་ལ་འགོད་པའི་ཕྲིན་ལས་མཛད། །གདུལ་བྱ་ཇི་སྲིད་འདུལ་བྱེད་སྣང་བ་ནི། །ནམ་མཁས་གར་ཁྱབ་ཀུན་ཏུ་མཚུངས་པར་ཁྱབ། །འདི་ནི་རང་བཞིན་སྤྲུལ་པའི་སྐུ་ཞེས་བྱ། །དེ་ཉིད་ངང་ལས་འགྲོ་དྲུག་འཇིག་རྟེན་དུ། །ཐུབ་པ་དྲུག་གི་རྣམ་འཕྲུལ་མི་ཟད་པས། །འགྲོ་བའི་དོན་མཛད་ཆོས་ཚུལ་བསམ་ལས་སྟོན། །རང་དང་སྣང་ངོར་མཐུན་པའི་སྐུ་གསུང་ཐུགས། །སྣ་ཚོགས་མི་ཟད་རྒྱན་གྱི་འཁོར་ལོ་ཉིད། །ཇི་ལྟར་སྣང་བས་དེ་ལྟར་དོན་མཛད་པ། །འདི་ནི་འགྲོ་འདུལ་སྤྲུལ་པའི་སྐུ་ཞེས་བྱ། །དེ་ཉིད་ངང་ལས་སྣ་ཚོགས་སྤྲུལ་པའི་སྐུ། །བཟོ་དང་རང་བྱོན་སྐུ་གསུང་ཐུགས་ཀྱི་རྟེན། །ལྷ་དང་རི་མོ་ཡེ་གེ་ལ་སོགས་དང་། །རྫིང་དང་ཟམ་པ་ཁང་བཟང་སྐྱེད་མོས་ཚལ། །ས་ཆུ་མེ་རླུང་པདྨ་དཔག་བསམ་ཤིང་། །ནོར་བུ་སྒྲོན་མེ་སྨན་དང་ཁ་ཟས་མཆོག །གོས་དང་རྒྱན་སོགས་ཉེ་འཁོར་སྤྲུལ་ནས་ཀྱང་། །གནས་སྐབས་བདེ་སྐྱིད་མཐར་ཐུག་ལེགས་པའི་ལམ། །གང་ལ་འགྲོ་ཀུན་འགོད་པའི་ཕྲིན་ལས་ཅན། །སེམས་མེད་བེམས་པོར་སྣང་བས་དོན་བྱེད་པ། །རྒྱལ་བའི་ཐུགས་རྗེ་རྨད་བྱུང་མཐའ་ཡས་ནི། །སྣ་ཚོགས་མ་ངེས་སྤྲུལ་པའི་སྐུ་ཞེས་བྱ། །དེ་ལྟར་སྐུ་གསུམ་སྟོན་པ་དཔག་མེད་ཀྱང་། །གདུལ་བྱ་མེད་ཚེ་འདུལ་བྱེད་དབྱིངས་སུ་ནུབ། །སྔོན་བཞིན་དེ་ཡི་རང་བཞིན་རྣམ་དབྱེ་མེད། །དེ་ཡང་མས་རིམ་གཅིག་ལ་གཅིག་ཐིམ་ནས། །ལྷུན་གྲུབ་ཆོས་སྐུ་བདེ་ཀློང་གཅིག་ཏུ་འཁྱིལ། །ནང་གསལ་འཆར་གཞི་ཡེ་ཤེས་ཕྲ་མོའི་ངང་། །ཐམས་ཅད་མཁྱེན་ཉིད་ཞི་ལ་རྟག་བཞུགས་ནས། །གདུལ་བྱ་ཡོད་ན་ཡས་རིམ་སྔོན་བཞིན་སྣང་། །རྣམ་པ་ཐམས་ཅད་མཁྱེན་པའི་དོན་མཛད་དོ། །འདི་ནི་མཐར་ཕྱིན་ངེས་པའི་འབྲས་བུ་སྟེ། །དྲི་མེད་འོད་ཟེར་ཤར་བས་བསྟན་ནས་སོང་། །སྐལ་ལྡན་ངེས་པའི་ལམ་བཟང་འདོད་པ་དག །ལྷུན་གྲུབ་ས་ལ་གཏན་སྲིད་ཟིན་པར་མཛོད། །རྫོགས་པ་ཆེན་པོ་ཆོས་ཉིད་རང་གྲོལ་ལས། འབྲས་བུ་མཆོག་གི་གྲོལ་བའི་ལེའུ་སྟེ་གསུམ་པའོ།། །།
དེ་ལྟར་ཆོས་ཚུལ་ཟབ་ཅིང་རྒྱ་ཆེ་བ། །དྲི་མེད་འོད་ཟེར་ཤར་བས་སྣང་བྱས་པའི། །དགེ་བས་འགྲོ་ཀུན་སྲིད་པའི་མུན་བསལ་ཏེ། །སེམས་ཉིད་སངས་རྒྱས་པདྨོ་རྒྱས་པར་ཤོག །སྙིང་པོའི་མན་ངག་སྤྲིན་གྱི་ཕྲེང་བ་འདི། །གངས་རི་ཐོད་དཀར་མགུལ་དུ་ལེགས་བཀོད་པས། །སྐལ་ལྡན་བདུད་རྩིའི་ཆར་གྱིས་ཚིམ་བྱས་ཏེ། །ལམ་བཟང་སྣང་བས་ཕྱོགས་བཅུར་རྒྱས་པར་ཤོག །རྫོགས་པ་ཆེན་པོ་ཆོས་ཉིད་རང་(༤༠)གྲོལ་ཞེས་བྱ་བ། །དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་སེང་གེ་སྒྲ་སྒྲོགས་ཀྱིས་རྗེས་སུ་བཟུང་ནས་བྱིན་གྱིས་བརླབས་པའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས་གངས་རི་ཐོད་དཀར་གྱི་མགུལ་དུ་བཀོད་པའོ། །སརྦ་མངྒ་ལཾ།། །།