Nitartha Digital Library
Tibetan
གསུང་འབུམ་པོད་བདུན་པ། དྲང་ངེས་སོགས།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དེ་རྣམས་ལས་དྲང་ངེས་སོ་སོར་འབྱེད་པ་དོན་དམ་ཡང་དག་འཕགས་ཀྱི་ལེའུའི་དོན་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
  expand section


 
previousདེ་རྣམས་ལས་དྲང་ངེས་སོ་སོར་འབྱེད་པ་དོན་དམ་ཡང་དག་འཕགས་ཀྱི་ལེའུའི་དོན་བཤད་པ།next

དེ་རྣམས་ལས་དྲང་ངེས་སོ་སོར་འབྱེད་པ་དོན་དམ་ཡང་དག་འཕགས་ཀྱི་ལེའུའི་དོན་བཤད་པ།

དེ་རྣམས་ལས་དྲང་ངེས་སོ་སོར་འབྱེད་པ་དོན་དམ་ཡང་དག་འཕགས་ཀྱི་ལེའུའི་དོན་བཤད་པ་ལ།

དང་པོ་མདོ་སྡེ་ལ་འགལ་སྤོང་གི་དྲི་བ་ཞུས་ཚུལ་དང༌། དེ་ལ་དྲི་བའི་འགལ་བ་དེ་སྤོང་བའི་ལན་དང༌། ཤེར་མདོར་ངོ་བོ་ཉིད་མེད་པར་གསུངས་པ་སྒྲ་ཇི་བཞིན་དུ་བཟུང་ན་མེད་ལྟ་ལ་ལྟུང་བ་དང༌། ངོ་བོ་ཉིད་གསུམ་ངོས་བཟུང་བ་དང༌། དེ་དག་གི་གྲུབ་དོན་འཁོར་ལོ་གསུམ་ལ་དྲང་ངེས་བཤད་པ་དང་ལྔ། དང་པོ་ལ་མདོ་བཀོད་པ་དང༌། དེའི་དོན་རགས་ཙམ་བཤད་པ་དང་གཉིས། དང་པོ་ནི། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུ་ལས། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ན་བདག་གཅིག་པུ་དབེན་པ་ཞིག་ན་མཆིས་པའི་ཚེ། སེམས་ཀྱི་ཡོངས་སུ་རྟོག་པ་འདི་ལྟ་བུ་སྐྱེས་ལགས་ཏེ། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་ཕུང་པོ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་སྩལ།སྐྱེ་བའི་མཚན་ཉིད་དང༌། འཇིག་པའི་མཚན་ཉིད་དང༌། སྤང་བ་དང་ཡོངས་སུ་ཤེས་པ་ཡང་བཀའ་སྩལ། ཕུང་པོ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ་སྐྱེ་མཆེད་རྣམས་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་དང༌། ཟས་རྣམས་ཀྱིས་ཡང་བཀའ་སྩལ། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་བདེན་པ་རྣམས་ཀྱི་མཚན་ཉིད་ཀྱང་བཀའ་སྩལ། ཡོངས་སུ་ཤེས་པ་དང༌། སྤང་བ་དང་མངོན་དུ་བགྱི་བ་དང༌། བསྒོམ་པ་ཡང་བཀའ་སྩལ། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་ཁམས་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་སྩལ། ཁམས་སྣ་ཚོགས་པ་ཉིད་དང༌། ཁམས་དུ་མ་ཉིད་དང༌། སྤང་བ་དང༌། ཡོངས་སུ་ཤེས་པ་ཡང་བཀའ་སྩལ། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་སྩལ། མི་མཐུན་པའི་ཕྱོགས་དང༌། གཉེན་པོ་དང༌། མ་སྐྱེས་པ་རྣམས་སྐྱེ་བ་དང༌། སྐྱེས་པ་རྣམས་གནས་པ་དང༌། མི་བསྐྱུད་པ་དང༌། སླར་ཞིང་འབྱུང་བ་དང༌། འཕེལ་ཞིང་ཡངས་པ་ཉིད་ཀྱང་བཀའ་སྩལ། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ་ཡང་དག་པར་སྤོང་བ་རྣམས་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌། དབང་པོ་རྣམས་དང༌། སྟོབས་རྣམས་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ཡང་བཀའ་སྩལ། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་འཕགས་པའི་ལམ་ཡན་ལག་བརྒྱད་པའི་རང་གི་མཚན་ཉིད་ཀྱང་བཀའ་སྩལ། མི་མཐུན་པའི་ཕྱོགས་དང༌། གཉེན་པོ་དང༌། བསྒོམ་པ་དང༌། མ་སྐྱེས་པ་རྣམས་སྐྱེ་བ་དང༌། སྐྱེས་པ་རྣམས་གནས་པ་དང༌། མི་བསྐྱུད་པ་དང༌། སླར་ཞིང་འབྱུང་བ་དང༌། འཕེལ་ཞིང་ཡངས་པ་ཉིད་ཀྱང་བཀའ་སྩལ་ལ། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ། ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་ཀྱང་བཀའ་སྩལ་ལགས་ན། བཅོམ་ལྡན་འདས་ཀྱིས་ཇི་ལྟར་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ། ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བཀའ་སྩལ་སྙམ་བགྱིད་ལགས་ཏེ། བཅོམ་ལྡན་འདས་ཀྱིས་ཅི་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ། ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བཀའ་སྩལ་པའི་དོན་དེ་ཉིད་བཅོམ་ལྡན་འདས་ལ་བདག་ཡོངས་སུ་ཞུ་ལགས་སོ། །ཞེས་གསུངས་སོ། །


previousདེ་རྣམས་ལས་དྲང་ངེས་སོ་སོར་འབྱེད་པ་དོན་དམ་ཡང་དག་འཕགས་ཀྱི་ལེའུའི་དོན་བཤད་པ།next