Nitartha Digital Library
Tibetan
གཟུང་འདུས་གླེགས་བམ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྡིག་སྒྲིབ་ཀུན་འཇོམས།
   
   
   
   
   
   
   
   
   
   
   
   


 
previousསྡིག་སྒྲིབ་ཀུན་འཇོམས།next

སྡིག་སྒྲིབ་ཀུན་འཇོམས།

༄༅། །སྡིག་སྒྲིབ་ཀུན་འཇོམས་བཞུགས་སོ། །

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །སྡིག་སྒྲིབ་ཀུན་འཇོམས་གྱི་གཟུངས་འདི་ནི། ཐུགས་རྗེ་ཆེན་པོས་འཁོར་བ་དོང་སྤྲུགས་ཀྱི་རྒྱུད་ལེའུ་ལྔ་བཅུ་རྩ་བརྒྱད་པའི་འཕྲིན་ལས་ཀྱི་ལེའུ་ཉི་ཤུ་རྩ་བདུན་པ་ནས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱིས་མཁའ་འགྲོ་མ་གར་གྱི་དབང་ཕྱུག་ལ་བཀའ་སྩལ་པ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་འདས་པ་ན། འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་གནས་པའི་སེམས་ཅན་རྣམས་ཉོན་མོངས་པ་རགས་པ་བགྲོད་པར་དཀའ་བ། གདུལ་དཀའ་བ། མི་དགེ་བ་བཅུ་ལ་སྤྱོད་པ། མཚམས་མེད་པ་ལྔ་ལ་སྤྱོད་པ། བསླབ་པ་གསུམ་ཡལ་བར་དོར་བ། དཀོན་མཆོག་གི་དཀོར་ལ་བབ་ཅོལ་དུ་སྤྱོད་པའི་སེམས་ཅན་རྣམས་ལ་ཕན་པར་བྱ་བའི་ཕྱིར། ཁྱོད་ཀྱིས་སྡིག་སྒྲིབ་ཀུན་འཇོམས་ཀྱི་གཟུངས་འདི་ཟུངས་ཤིག །ཆོངས་ཤིག །ལྷོགས་ཤིག །སྡིག་པ་ཅན་ལ་སྟོན་ཅིག །འདི་ལ་གཅེས་སྤྲས་གྱིས་ཤིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་འོད་སེང་གེ་རྣམ་པར་རོལ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པའི་དཔལ་བརྩེགས་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་ཤིན་ཏུ་བརྟན་པ་ནོར་བུ་བརྩེགས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བདག་གིས་རིག་སྔགས་འདི་གྲུབ་པར་གྱུར་ཅིག །ཨོཾ་བི་པུ་ལ་གརྦྷེ་མ་ཎི་པྲ་བྷེ། ཏ་ཐཱ་ག་ཏ་དྷ་རི་ཤ་ནི། མ་ཎི་མ་ཎི་སུ་པྲ་བྷེ་བི་མ་ལ་སཾ་ག་ར་གམ་བྷི་ར་ཧཱུཾ་ཧཱུཾ་ཛྭ་ལ་ཛྭ་ལ། བུདྡྷ་བི་ལོ་ཀི་ཏེ་གུ་ཧྱ། ཨ་དྷིཥྛཱི་ཏེ་གརྦྷེ་སྭཱ་ཧཱ། པདྨ་དྷ་ར་ཨ་མོ་གྷ་ཛ་ཡ་ཏི་ཙུ་རུ་ཙུ་རུ་སྭཱ་ཧཱ། བདག་མིང་འདི་ཞེས་བྱ་བས་ཚེ་འཁོར་བ་ཐོག་མཐའ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་དང༌། ལས་ངན་པའི་རྣམ་པར་སྨིན་པ་དང་ཉོན་མོངས་པ་དང༌། སྡུག་བསྔལ་བ་དང༌། བག་ཆགས་ངན་པའི་ཚོགས་ཐམས་ཅད་བྱང་ཞིང་དག་ནས། སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག །བདེ་བར་གཤེགས་པ་ཁྱེད་སྐུ་ཅི་འདྲ་བ། །འཁོར་དང་སྐུ་ཚེ་ཚད་དང་ཞིང་ཁམས་དང༌། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག །རིགས་ཀྱི་བུའམ་རིགས་ཀྱི་བུ་མོའམ་འགྲོ་བ་གང་ཡང་རུང་སྟེ། སྡིག་སྒྲིབ་ཀུན་འཇོམས་ཀྱི་གཟུངས་འདི་ནི། ཉིན་རེ་བཞིན་བརྒྱ་རྩ་བརྒྱད་བཏོན་ན། མི་མཐུན་པའི་ཕྱོགས་བཅུ་གསུམ་འཇིག་པའི་ནུས་པ་ཡོད་དོ། །བཅུ་གསུམ་པོ་གང་ཞེ་ན། མེས་མི་ཚུགས། ཆུས་མི་ཚུགས། གཡང་ལ་མི་ལྟུང༌། ཐོག་རྡིབ་ཏུ་མི་འགྲོ། རླུང་གིས་མི་འདེད། དུག་གིས་མི་ཚུགས། དུག་སྦྱར་མས་མི་ཚུགས། གཟའི་གནོད་པས་མི་ཚུགས། བྱད་སྟེམས་ཀྱིས་མི་ཚུགས། དུས་མ་ཡིན་པར་འཆི་བས་མི་ཚུགས། ཕ་རོལ་ཀྱི་དམག་ཚོགས་ཀྱིས་མི་ཚུགས། རིམས་དྲག་པོས་མི་ཚུགས། རྒྱལ་པོའི་ཆད་པ་ཕོག་སྟེ་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །གཞན་ཡང་ཡོན་ཏན་བཅུ་གསུམ་ཐོབ་སྟེ། བཅུ་གསུམ་གང་ཞེ་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ཉིད་གཟུགས་བཟང་བར་འགྱུར་རོ། །དབྱངས་སྙན་པར་འགྱུར་རོ། །ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་འགྱུར་རོ། །སེམས་ཅན་གྱི་དོན་དཔག་མེད་ནུས་པར་འགྱུར་རོ། །འཕྲིན་ལས་ཐམས་ཅད་ལ་ཐོགས་པ་མེད་པར་འགྱུར་རོ། །དེའི་ལས་ཀྱི་རྣམ་པར་སྨིན་པ་ཐམས་ཅད་བྱང་བར་འགྱུར་རོ། །འཁོར་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ། །ལོངས་སྤྱོད་ཟད་མི་ཤེས་པ་དང་ལྡན་པར་འགྱུར་རོ། །ཚེ་རིང་བར་འགྱུར་རོ། །བསྟན་བཅོས་ཐམས་ཅད་ལ་ཐོགས་པ་མེད་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པར་བྱས་པར་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱི་སྲས་སུ་འགྱུར་རོ། །ཡིད་ལ་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ལྟར་མི་མཐུན་པའི་ཕྱོགས་བཅུ་གསུམ་འཇིག་ཅིང༌། ཕན་ཡོན་བཅུ་གསུམ་ཐོབ་སྟེ། སྐྱེ་བ་འདི་ཡི་འོག་རོལ་ཏུ་བདེ་བ་ཅན་དུ་འཇིག་རྟེན་གྱི་ཁམས་སུ་སྐྱེས་ནས། །ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ་པར་འགྱུར་རོ། །དེ་ལྟར་ཡོན་ཏན་བཅུ་གསུམ་ཐོབ་པར་མ་གྱུར་ན། དེ་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་བསླུས་པར་འགྱུར་རོ། །འདི་ཡི་ཆོ་ག་ནི་རང་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཏུ་བསྐྱེད་ལ། ཐོག་མར་སངས་རྒྱས་གསུམ་གྱི་མཚན་བརྗོད་ལ། །སངས་རྒྱས་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ སངས་རྒྱས་མ་ཆགས་པདྨ་ཅན་ལ་ཕྱག་འཚལ་ལོ། །ཨོཾ་བྷྲུཾ་ཨ་ཡུ་ཧཱུཾ་ཎི་ཛཱ། སངས་རྒྱས་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཨོཾ་མ་ཎི་པདྨེ་ཧཱུཾ། དེར་རྗེས་ཧྲི་ས་ཡ་ཅིག །དེ་ཙམ་གྱི་བཅུ་ཆ་གཅིག་ཡི་གེ་དྲུག་པ་བཟླས། དེའི་བཅུ་ཆ་གཅིག་སྡིག་སྒྲིབ་ཀུན་འཇོམས་བཟླས། སྨོན་ལམ་དང་གསོལ་བ་བཏབ། ཚེས་བརྒྱད་དང་ཚེས་བཅོ་ལྔ་དང༌། ཉི་ཤུ་གསུམ་གནམ་གང་རྣམས་ལ་རིག་སྔགས་འདི་སྟོང་རྩ་བརྒྱད་བཟླས། ཟ་གཅིག་བསྲུངས་ཤིང༌། ཟས་དཀར་གསུམ་ལ་བརྟེན་ནས་སངས་རྒྱས་གསུམ་གྱི་མཚན་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །འདི་རྣམས་ཀྱི་གོང་དུ་བསྙེན་པ་འབུམ་བྱའོ། །དེ་ནས་ཟླ་བ་བྱུང་ངོ་ཅོག་ལ་སྟོང་རྩ་བརྒྱད་བཟླས་སོ། །དེ་ནས་ནང་རེ་བཞིན་བརྒྱ་རྩ་བརྒྱད་བཏོན་ན། གོང་དུ་བཤད་པའི་ཕན་ཡོན་རྣམས་ཐོབ་པར་འགྱུར་རོ། །ཐེ་ཚོམ་བྱེད་པ་རྣམས་ནི་མ་གཏོགས་སོ། །རིག་སྔགས་འདི་ལས་འབུམ་གྱི་བསྙེན་པ་སོང་ན། གང་ཟག་དེ་ཉེད་ཀྱི་ལུས་ཀྱི་སྒོ་ནས་ཉོན་མོངས་པ་དང༌། བརྡེག་པ་དང༌། ལུས་ཀྱི་སྒོ་ནས་མི་སྡུག་པར་བརྟན་པ་ཐམས་ཅད་ངན་སོང་ལས་ཐར་པར་འགྱུར་རོ། །ངག་གི་སྒོ་ནས་བསྒོ་བ་དང༌། །མི་སྙན་པར་བརྗོད་པ་དང༌། མཚང་ནས་འབྲུ་བ་ཐམས་ཅད་འཁོར་བ་ལས་ཐར་བར་འགྱུར་རོ། །ཡིད་ཀྱི་སྒོ་ནས་གནོད་སེམས་དང༌། བརྣབ་སེམས་དང༌། ལོག་ལྟ་བསྐྱེད་པའི་འགྲོ་བ་ཐམས་ཅད་ཀྱང་ཐར་པ་ཐོབ་པར་འགྱུར་རོ། །དེ་ཉིད་ཀྱི་ལུས་ཀྱི་དྲི་མ་ཆུ་ལ་ཕོག་ན། ཆུ་ལ་གནས་པའི་སེམས་ཅན་རྣམས་ངན་སོང་ལས་ཐར་བར་འགྱུར་རོ། །དེ་ཉིད་ཀྱི་དྲི་ཚོར་བའི་སེམས་ཅན་རྣམས་ཀྱང་ངན་སོང་ལས་ཐར་བར་འགྱུར་རོ། །གཟུགས་མཐོང་བ་དང་སྐད་ཐོས་པ་རྣམས་ལྟ་ཅི་སྨོས། ཤི་བའི་རུས་པ་ལ་སྔགས་ཉེར་གཅིག་བཏབ་ན། ངན་སོང་ལས་ཐར་བར་འགྱུར་རོ། །འགྲོ་བ་འཆི་ཁ་མ་རྣམས་ཀྱི་རྣ་ཁུང་དུ་ལན་བདུན་བརྗོད་ན། ངན་སོང་གསུམ་དུ་ལྟུང་བར་མི་སྲིད་དོ། །འདིའི་བསྙེན་པའི་སྐབས་སུ་ཤ་ཆང་སྒོག་པ་དང༌། ཕྱི་དྲོའི་ཁ་ཟས་དང་འབགས་པ་དང༌། འཁྲིག་པ་སྤོང་བར་བྱའོ། །བསྙེན་པ་རང་དུས་བཞི་ལ་མ་གྲུབ་ན། ནང་རེ་བཞིན་བརྒྱ་རྩ་བརྒྱད་ཀྱིས་འགྲུབ་བོ། །སྟོང་གསུམ་ཐམས་ཅད་མེ་འོབས་ཀྱིས་གང་ཡང་དེ་བརྒལ་ལ་ཆོས་འདི་བཙལ་བར་བྱའོ། །ཕྱོགས་བཅུའི་དགེ་འདུན་གྱི་དཀོར་ལ་འབགས་ཏེ། སངས་རྒྱས་སྟོང་གིས་བཤགས་པར་མི་གནང་བ་ཡང་གཟུངས་འདི་སྟོང་རྩ་བརྒྱད་ཀྱིས་འདག་པར་འགྱུར་རོ། །འདི་ནི་སྡིག་པ་ཅན་གྱི་གང་ཟག་ལ་བསྟན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཟུངས་འདི་ལ་བསྙེམས་བྱས་ཀྱི་སྡིག་པ་སྤྱོད་དུ་ཡོད་པའི་ཕྱིར་རོ། །འདིའི་ཕན་ཡོན་ནི་བསྐལ་པར་བརྗོད་ཀྱང་ཟད་པར་མི་འགྱུར་རོ།། །།འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འཁོར་བ་དོང་སྤྲུགས་ཀྱི་རྒྱུད་ལས། སྡིག་སྒྲིབས་ཀུན་འཇོམས་ཀྱི་ལེའུ་ཉི་ཤུ་རྩ་བདུན་པ་ནས་གསུངས་པ་རྫོགས་སོ།། །།དགེའོ།། །།


previousསྡིག་སྒྲིབ་ཀུན་འཇོམས།next