དེ་ཉིད་མཛད་པ་ཕྲིན་ལས་སུ་ངོ་སྤྲད་པ།
གསུམ་པ་དེ་ཉིད་མཛད་པ་ཕྲིན་ལས་སུ་ངོ་སྤྲད་པ་ནི། མངོན་རྟོགས་བརྒྱན་ལས། དེ་བཞིན་འཁོར་བ་ཇི་སྲིད་འདིའི། ལས་འདི་རྒྱུན་མི་འཆད་པར་འདོད། ཅེས་པའི་དོན། ཀུན་བཞི་ཡེ་ཤེས་ཕྱག་རྒྱ་ཆེན་པོ། དབུ་མ་ཆེན་པོ། ཐེག་པ་ཆེན་པོ། ཤེར་ཕྱིན་ཟབ་མོ། བདེ་གཤེགས་སྙིང་པོ་དེ་ཉིད་བྱེད་པ་བཅིངས་པའི་སྦྱོར་བ་ཡིས་ཡན་ལག་དྲུག་ཉམས་སུ་བླངས་པའི་ཚེ་མངོན་དུ་གྱུར་པ་ནི། གཞན་དོན་གྱི་མཛད་པ་སྣ་ཚོགས་ལྷུན་གྱིས་གྲུབ་པར་འབྱུང་སྟེ། རྒྱུད་བླ་མའི་འགྲིེལ་པ་ལས། བྱང་ཆུབ་སེམས་དཔའ་ལས་རྣམ་པ་སུམ་ཅུ་རྩ་གཉིས་སོ། །ཞེས་པའོ། །དེ་ཡི་དོན་ནི། གཏི་མུག་གི་གཉིད་སད་པར་བྱེད་པའི་ཕྲིན་ལས་དང་། དེ་བཞིན་དུ་མོས་པ་དམན་པ་རྒྱ་ཆེན་པོ་ལ་སྦྱོར་བ་དང་། ཆོས་མི་འདོད་པ་ཆོས་ལ་སྦྱོར་བ་དང་། འཚོ་བ་མ་དག་པ་དག་པ་ལ་འགོད་པ་དང་། ལྟ་བ་ངན་པ་ཡག་དག་པའི་ལྟ་བ་ལ་འགོད་པ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཚུལ་བཞིན་ཡིད་ལ་བྱེད་པ་ལ་འགོད་པ་དང་། ལོག་པའི་ཆོས་ལ་གནས་པ་ཡང་དག་པའི་ཆོས་ལ་འགོད་པ་དང་། ཕ་རོལ་དུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་དང་ལྡན་པ་ཕར་ཕྱིན་དྲུག་ལ་སྦྱོར་བ་དང་། ཐབས་མི་མཁས་པ་ཐབས་ལ་སྦྱོར་བ་དང་། ཉོན་མོངས་ཅན་དེ་མེད་པ་ལ་སྦྱོར་བ་དང་། དམིགས་པ་ཅན་དེ་མེད་པ་ལ་སྦྱོར་བ་དང་། བྱས་པ་མི་བཟའོ་བ་བཟོ་བ་ལ་སྦྱོར་བ་དང་། ཆུ་བོ་བཞིར་ལྷུང་པ་དེ་ལས་ཐར་པ་ལ་སྦྱོར་བ་དང་། བཀའ་བློ་མི་བདེ་བ་བདེ་བ་ལ་སྦྱོར་བ་དང་། ཞེན་པ་མང་པ་དེ་མེད་པ་ལ་སྦྱོར་བ་དང་། འཕགས་པའི་ནོར་མེད་པ་ནོར་ལ་སྦྱོར་བ་དང་། ནད་པ་ནད་མེད་པ་ལ་སྦྱོར་བ་དང་། ཤེས་པའི་སྣང་མེད་པ་སྣང་པ་ལ་སྦྱོར་བ་དང་། ཁམས་གསུམ་མི་ཤེས་པ་ཤེས་པ་ལ་སྦྱོར་བ་དང་། གཡོན་ཕྱོགས་ཀྱི་ལམ་ལ་ཞུགས་པ་གཡས་ཕྱོགས་ཀྱི་ལམ་ལ་སྦྱོར་བ་དང་། ལུས་དང་སྲོག་ལ་ཆགས་པ་དེ་ལ་མ་ཆགས་པ་ལ་སྦྱོར་བ་དང་། དཀོན་མཆོག་གི་རིགས་རྒྱུན་གཅོད་པ་མི་གཅོད་པ་ལ་སྦྱོར་བ་དང་། ཆོས་ལས་ཉམས་པ་ཆོས་འཛིན་པ་ལ་སྦྱོར་བ་དང་། རྗེས་སུ་དྲན་པ་དྲུག་ལས་ཉམས་པ་དྲན་པ་དྲག་ལ་སྦྱོར་བ་དང་། ཉོན་མོངས་པས་སྒྲིབས་པ་དེ་མེད་པ་ལ་སྦྱོར་བ་དང་། མི་དགེ་བའི་ཆོས་དང་ལྡན་པ་དགེ་བའི་ཆོས་ལ་སྦྱོར་བའི་ཕྲིན་ལས་སོ། །ཡང་དཔེ་རྣམ་པ་དགུའི་སྒོ་ནས་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་སྟན་པ་འདི་ལྟ་སྟེ། རྣམ་རྟོག་མེད་པར་སྐུའི་སྣང་པ་སྟོན་པ་བཻཌཱིུ་ས་གཞི་ལ་ལྷའི་དབང་པོའི་གཟུགས་བརྙན་སྣང་པའི་དཔེ་དང་། རྣམ་རྟོག་མེད་པར་གསུང་གིས་ཆོས་སྟོན་པ་ལྷའི་རྔའི་དཔེ་དང་། རྣམ་རྟོག་མེད་པར་ཐུགས་ཀྱིས་ཆོས་ཀྱི་ཆར་འབེབས་པ་སྤྲིན་ཀྱི་དཔེ་དང་། རྣམ་རྟོག་མེད་པར་སྤྲུལ་པ་སྣ་ཚོགས་སྟོན་པ་ཚངས་པའི་དཔེ་དང་། རྣམ་རྟོག་མེད་པར་ཡེ་ཤེས་ཀྱི་སྣང་པ་སྤྲོ་བ་ཉི་མའི་དཔེ་དང་། རྣམ་རྟོག་མེད་པར་ཐུགས་ཀྱི་གསང་པ་དགོས་འདོད་འབྱུང་པ་ཡིད་བཞིན་གྱི་ནོར་བུའི་དཔེ་དང་། རྣམ་རྟོག་མེད་པར་གསུང་གི་གསང་པ་གཞན་གྱིས་ཐོས་པ་སྒྲ་སྙན་གྱི་དཔེ་དང་། རྣམ་རྟོག་མེད་པར་སྐུའི་གསང་པས་ཁྱབ་པ་དང་། ཀུན་རྫོབ་ཀྱི་གཟུགས་མེད་པ་དང་རྟག་པ་ནམ་མཁའི་དཔེ་དང་། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་གཞིར་གྱུར་པ་ས་གཞིའི་དཔེ་སྟེ་དགུས་སྟན་པ་ནི། རྒྱུད་བླ་མ་ལས། གང་ཞིག་རྒྱལ་བྱིན་རྔ་དང་སྤྲིན་བཞིན་དང་། །ཚངས་ཉི་རིན་ཆེན་ཡིད་བཞིན་ནོར་རྒྱལ་བཞིན། །སྒྲ་སྙན་ནམ་མཁའ་ས་གཞི་སྲིད་པའི་བར། །འབད་མེད་གཞན་དོན་མཛད་དེ་རྣལ་འབྱོར་རིག །སྟོན་པ་རིན་ཆེན་ལྷ་དབང་གཟུགས་བརྙན་བཞིན། །ལེགས་པར་འདོམས་མཛད་ལྷའི་རྔ་དང་འདྲ། །ཁྱབ་བདག་མཁྱེན་དང་བརྩེ་ཆེན་སྤྲིན་ཚོགས་ནི། །མཐའ་ཡས་འགྲོ་བ་སྲིད་རྩེའི་བར་དུ་ཁྱབ། །ཚངས་བཞིན་ཟག་མེད་གནས་ལས་མ་སྐྱོད་པར། །སྤྲུལ་པ་རྣམ་པ་དུ་མ་རབ་ཏུ་སྟོན། །ཉིན་བཞིན་ཡེ་ཤེས་སྣང་པ་རབ་སྤྲོ་གང་། །རྣམ་དག་རིན་ཆེན་ཡིད་བཞིན་ནོར་འདྲའི་ཐུགས། །རྒྱལ་བ་རྣམས་ཀྱི་གསུང་དེ་བྲག་ཆ་བཞིན་དུ་ཡེ་གེ་མེད། །སྐུ་ནི་ནམ་མཁའ་ལྟ་བུར་ཁྱབ་ཀྱང་གཟུགས་མེད་རྟག་པ་ཉིད། །ས་བཞིན་འགྲོ་བའི་དཀར་པོའི་ཆོས་ཀྱི་སྨན་རྣམས་མ་ལུས་པའི། རྣམ་པ་ཀུན་ཏུ་གཞིར་གྱུར་པ་ནི་སངས་རྒྱས་པ་ཡིན་ནོ། །དགེ་བ་བཻཌཱུའདྲ་ཡི། །སེམས་ལ་སངས་རྒྱས་མཐོང་པའི་རྒྱུ། །དེ་དག་ལ་ནི་མི་ཟློག་པའི། །དད་པའི་དབང་པོ་ལྟས་པ་ཉིད། །དགེ་བ་སྐྱེ་དང་འཇིག་པས་ན། །སངས་རྒྱས་གཟུགས་ནི་སྐྱེ་དང་འཇིག །བརྒྱ་བྱིན་བཞིན་དུ་ཐུབ་པ་ནི། །ཆོས་ཀྱི་སྐུ་ཡིས་སྐྱེ་འཇིག་མེད། །དེ་བཞིན་དུ་ནི་འབད་མེད་པར། །སྐྱེ་མེད་འགག་མེད་ཆོས་སྐུ་ལས། །སྲིད་པ་ཇི་སྲིད་གནས་བར་དུ། །སྟོན་པ་ལ་སོགས་མཛད་པར་འཇུག །ཞེས་པའོ། །དེ་བཞིན་དུ་ཁམས་གསུམ་དུ་གཞན་དོན་མཛད་པ་ནི། སྤྲུལ་སྐུ་ཁྲོ་བོ་རྣམས་ཀྱིས་འདོད་ཁམས་ན་གནས་པའི་ལྷ་མིན་དང་། མི་རྣམས་ཀྱི་དོན་མཛད་པ་དང་། ལོངས་སྐུས་གཟུགས་ཁམས་པ་རྣམས་ཀྱི་དོན་མཛད་པ་དང་། ཆོས་སྐུས་ནམ་མཁའ་ལ་གཟུགས་མེད་ཁམས་པའི་དོན་མཛད་པ་དང་། ཆོས་དབྱིངས་ཡེ་ཤེས་ཀྱི་ནམ་མཁའ་ལ་སོགས་པའི་ཁམས་སོ་སོའི་ཆ་ཡིས་ཟད་པར་རྣམས་སྟན་ནས་དོན་མཛད་པ་སྟེ། དཔལ་ལྡན་རྒྱུད་ལས། དེ་དག་རྣམས་ཀྱིས་དུས་ཀྱི་འཁོར་ལོ་རྫུ་འཕྲུལ་རབ་ཏུ་གསལ་བྱེད་ཆེན་པོ་དུ་མ་སྤྲུལ་པའི་སྐུ། རྡོ་རྗེ་འབར་བ་འཕྲོ་བ་རྣམས་ཀྱིས་འདོད་པའི་ཁམས་ན་གནས་པའི་ལྷ་མིན་དང་ནི་མི་རྣམས་དང་། ལོངས་སྤྱོད་རྫོགས་པས་གཟུགས་ཅན་རྣམས་དང་མཁའ་ལ་རྒྱལ་བའི་སྲས་སོགས་དགྲ་བཅོམ་རྣམས་ལ་ཆོས་སྐུ་ཡིས། སྟོང་པའི་ཆ་ཡིས་སྲིད་གསུམ་མཐའ་དག་སྟོང་པའི་ཟད་པར་རླུང་རྣམས་ཀྱིས་ནི་རླུང་གི་ཟད་པར་ཏེ། མེ་ཡི་ཆ་ཤས་རྣམས་ཀྱིས་མེ་ཡི་ཟད་པར་ཆུ་ཡང་འགྲོ་ལ་སྤྲོས་པའི་ཆུ་ཡི་ཆ་རྣམས་ཀྱིས། འཛིན་མའི་ཆ་ཤས་རྣམས་ཀྱིས་ས་ཡི་ཟད་པར་ཚོགས་པའི་ཡུལ་རྣམས་ཀྱིས་ནི་དངོས་པོའི་རང་བཞིན་ཀུན། ཀུན་ནས་ནམ་མཁའ་དག་དང་མཚུངས་པ་གཅིག་གི་བདག་ཉིད་འདི་ནི་དག་པའི་ས་ལ་སྟོན་པར་མཛད། དེ་ལྟར་སངས་རྒྱས་སྐུར་གྱུར་བདེ་བ་གཅིག་པུའི་རང་བཞིན་ཕྱིར་ན་མཆི་བར་ཡང་ནི་མི་འགྱུར་རོ། །ཞེས་པ་དང་། དཔལ་ལྡན་ཟླ་བ་དང་ནི་ཟླ་བ་ཆུ་ཤེལ་རྣམ་རྟོག་མེད་པའི་རང་བཞིན་ལས་ནི་ཆུ་འབྱུང་པ། དེ་བཞིན་འཇིག་རྟེན་དུ་ནི་རྒྱལ་བའི་བདག་པོའི་ཕུང་པོ་ལ་རྟེན་ཐམས་ཅད་མཁྱེན་པའི་ཆོས་འཛག་སྟེ། ཆུ་ནི་ས་བོན་ཁམས་ལ་ཀུན་དུ་རྟེན་ནས་རོ་མཉམ་འགྱུར་བ་དེ་བཞིན་ཉིད་དུ་ཆོས་དག་ནི། སེམས་ཅན་རྣམས་ཀྱི་དག་པའི་སེམས་ཀྱིས་རྣམ་པ་མང་པོར་འགྱུར་ཏེ་མངོན་གྱི་ལས་ཀྱི་མཐུ་ལས་སོ། །ཞེས་པའོ། །དེ་བཞིན་དུ་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་ཀྱང་། ནམ་མཁའ་ཇི་སྙེད་ཁྱབ་པར་གྱུར་པ་དེ་སྙེད་སྐུ་དང་གསུང་དང་། ཐུགས་དང་ཡེ་ཤེས་དང་འོད་དང་ཕྲིན་ལས་ཀྱིས་ཁྱབ་པར་གསུངས་སོ། །དེ་ལྟར་ནམ་མཁས་གར་ཁྱབ་ན་སངས་རྒྱས་ཡོད་ཀྱང་སེམས་ཅན་ལ་ལས་མི་མཐོང་པ་ནི་རང་གི་སྒྲིབ་པ་གཉིས་ཀྱིས་སྒྲིབས་པས། རང་གི་ཀུན་གཞི་ཡེ་ཤེས་ཀྱི་མཛད་པ་མངོན་དུ་མ་གྱུར་པ་ཡིན་ནོ། །རྒྱུད་བླ་མ་ལས། དེ་བཞིན་སེམས་ཅན་ལ་ཡོད་ཉོན་མོངས་ཀྱི། དྲི་མ་དང་འདྲེས་རྒྱལ་བའང་ཇི་སྲིད་དུ། ཉོན་མོངས་དྲི་མ་འདྲེས་ལས་མ་གྲོལ་བ། དེ་སྲིད་རྒྱལ་མཛད་སྲིད་གསུམ་དུ་མི་བྱེད། ཞེས་པ་དང་། མདོ་སྡེ་བརྒྱན་ལས་ཀྱང་། ཇི་ལྟར་ཉི་མའི་འོད་ཟེར་རྣམས། །སྤྲིན་ལ་སོགས་པས་སྒྲིབ་པར་འདོད། །དེ་བཞིན་སངས་རྒྱས་ཡེ་ཤེས་རྣམས། །སེམས་ཅན་གྱི་ནི་ཉེས་པས་སྒྲིབས། ཞེས་པ་དང་། ཇི་ལྟར་ཆུ་ཡི་སྣོད་ཆག་ན། ཟླ་བའི་གཟུགས་བརྙན་མི་སྣང་བ། །དེ་བཞིན་སེམས་ཅན་ངན་པ་ལ། །སངས་རྒྱས་གཟུགས་ཀྱང་མི་སྣང་ངོ་། །ཞེས་པ་དང་། འཕགས་པ་ཀླུ་སྒྲུབ་ཀྱིས། ཉོན་མོངས་ཅན་གྱི་སེམས་ཅན་གྱིས། །དེ་བཞིན་གཤེགས་པ་མི་མཐོང་སྟེ། །ཇི་ལྟར་ཡི་དྭགས་རྣམས་ཀྱིས་ནི། །རྒྱ་མཚོ་སྐམས་པར་མཐོང་པ་བཞིན། །དེ་བཞིན་མི་ཤེས་པས་བསྒྲིབས་པས། །སངས་རྒྱས་རྣམས་ནི་མེད་པར་བཏགས། །ངན་པ་བསོད་ནམས་དམན་པ་ལ། །བཅོམ་ལྡན་འདས་ཀྱིས་ཅི་བགྱིར་མཆིས། ཞེས་གསུངས་པའི་དོན་ནོ། །ཏིང་ངེ་འཛིན་བསྒོམས་པ་ལ་སོགས་པའི་བསོད་ནམས་བྱས་པ་རྣམས་ལ། སྒྲིབ་པའི་ཆ་ཇི་ཙམ་དང་བྲལ་བ་དེ་ཙམ་གྱི་རང་ལ་བཞུགས་པའི་སངས་རྒྱས་མངོན་དུ་འགྱུར་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། སེམས་ཅན་བསོད་ནམས་བྱས་རྣམས་ལ། །འོད་ཀྱིས་གསལ་ཞིང་དཔལ་ལྡན་པའི། །སུམ་ཅུ་རྩ་གཉིས་མཚན་འབར་བ། །སངས་རྒྱས་དེའི་མདུན་ན་བཞུགས། ཞེས་གསུངས་པའི་དོན་ནོ། །བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་བཞིན་ནོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར། འཁྲུལ་པ་སངས་པའི་ཡེ་ཤེས་ལ་འཁྲུལ་སྣང་གི་སྡུག་ཕོངས་སྣ་ཚོགས་མི་འཆར་ཞིང་། འཁྲུལ་པས་མནན་པའི་སེམས་ཅན་ལ་དག་སྣང་གི་ཕུན་སུམ་ཚོགས་པ་མི་འཆར་བར་ངེས་པ་ཡིན་ནོ། །སྣང་སྟོང་དབྱེར་མེད་ཞེས་ཡོངས་སུ་གྲགས་པའི་དོན་ནི། བདེན་པ་གཉིས་ཀ་སྣང་སྟོང་དབྱེར་མེད་དུ་ཁྱད་པར་མེད་ཅིང་། སྣང་ལུགས་དང་སྟོང་ལུགས་མི་ཅིག་གོ །ཀུན་རྫོབ་ནི་རྣམ་ཤེས་ལ་སྣང་པ་ཡིན་ལ། དོན་དམ་ནི་ཡེ་ཤེས་ལ་སྣང་པ་ཡིན་ནོ། །ཀུན་རྫོབ་རྣམ་ཤེས་ལ་སྣ་ཚོགས་སུ་སྣང་ཡང་འཁྲུལ་སྣང་ཡིན་པའི་ཕྱིར། དོན་དམ་བདེན་པ་སྟོང་པ་ཡིན་ནོ། །དོན་དམ་ཡེ་ཤེས་ལ་སྣ་ཚོགས་སུ་སྣང་ཡང་འོད་གསལ་ཙམ་དུ་སྣང་པའི་ཕྱིར། ཀུན་རྫོབ་འཁྲུལ་སྣང་གི་དངོས་པོས་སྟོང་པ་ཡིན་ནོ། །རྨི་ལམ་དང་སྒྱུ་མ་ལ་སོགས་པ་ནི། བདེན་པ་གཉིས་ཀ་སྣང་སྟོང་དབྱེར་མེད་ཡིན་པའི་དཔེར་གསུངས་ཤིང་། དཔེ་སྦྱར་ལུགས་ནི་མི་འདྲ་སྟེ། གང་གི་ཚེ་ཀུན་རྫོབ་ཀྱི་དཔེར་བཀོད་པ་དེའི་ཚེ་གང་དང་གང་དུ་སྣང་པ་དེ་དང་དེའི་དངོས་པོར་བདེན་པ་མཻད། རྨི་ལམ་བཞིན་སྒྱུ་མ་བཞིན་ཞེས་པའོ། །གང་གི་ཚེ་དོན་དམ་གྱི་དཔེར་བཀོད་པའི་དེའི་ཚེ་རང་རིག་ཡེ་ཤེས་ལ་སྣོད་བཅུད་ཀྱི་རྣམ་པ་སྣ་ཚོགས་སུ་སྣང་ཡང་དེ་དང་དེའི་ཀུན་རྫོབ་ཀྱི་དངོས་པོར་མེད་པ་སྟེ། རྨི་ལམ་བཞིན་སྒྱུ་མ་བཞིན་ཞེས་པའོ། །དེ་ལྟར་ཀུན་རྫོབ་ནི་རྣམ་ཤེས་སྣང་སྟོང་སྒྱུ་མ་ལྟ་བུའོ། །དོན་དམ་ནི་ཡེ་ཤེས་སྣང་སྟོང་སྒྱུ་མ་ལྟ་བུའོ། །ཀུན་རྫོབ་ནི་འཁྲུལ་པ་སྣང་སྟོང་སྒྱུ་མ་ལྟ་བུའོ། །དོན་དམ་ནི་མ་འཁྲུལ་པ་སྣང་སྟོང་སྒྱུ་མ་ལྟ་བུའོ། །ཀུན་རྫོབ་ནི་སྡུག་བསྔལ་སྣང་སྟོང་སྒྱུ་མ་ལྟ་བུའོ། །དོན་དམ་ནི་བདེ་བ་སྣང་སྟོང་སྒྱུ་མ་ལྟ་བུའོ། །སོགས་གོང་དང་མཐུན། ཀུན་རྫོབ་ནི་སྐྱོན་སྣང་སྟོང་སྒྱུ་མ་ལྟ་བུའོ། །དོན་དམ་ནི་ཡོན་ཏན་སྣང་སྟོང་། ཀུན་རྫོབ་ནི་སྡུག་འཕོངས་སྣང་སྟོང་སྒྱུ་མ་ལྟ་བུའོ། །དོན་དམ་ནི་ཕུན་ཚོགས་སྣང་སྟོང་སྒྱུ་མ་ལྟ་བུའོ། །ཀུན་རྫོབ་ནི་མ་རིག་པ་སྣང་སྟོང་སྒྱུ་མ་ལྟ་བུའོ། །དོན་དམ་ནི་རིག་པ་སྣང་སྟོང་སྒྱུ་མ་ལྟ་བུའོ། །ཀུན་རྫོབ་ནི་ཀུན་ནས་ཉོན་མོངས་པ་སྣང་སྟོང་སྒྱུ་མ་ལྟ་བུའོ། །དོན་དམ་ནི་རྣམ་པར་བྱང་པ་སྣང་སྟོང་སྒྱུ་མ་ལྟ་བུའོ། །ཀུན་རྫོབ་ནི་འཁོར་བ་སྣང་སྟོང་སྒྱུ་མ་ལྟ་བུའོ། །དོན་དམ་ནི་མྱང་འདས་སྣང་སྟོང་སྒྱུ་མ་ལྟ་བུའོ། །ཀུན་རྫོབ་ནི་བཟུང་འཛིན་སྣང་སྟོང་སྒྱུ་མ་ལྟ་བུའོ། །དོན་དམ་ནི་གཉིས་མེད་ཡེ་ཤེས་སྣང་སྟོང་སྒྱུ་མ་ལྟ་བུའོ། །ཀུན་རྫོབ་ནི་ཀུན་བཏགས་གཞན་དབང་སྣང་སྟོང་སྒྱུ་མ་ལྟ་བུའོ། །དོན་དམ་ནི་ཡོངས་གྲུབ་སྣང་སྟོང་སྒྱུ་མ་ལྟ་བུའོ། །ཀུན་རྫོབ་ནི་སྡུག་བསྔལ་ཀུན་འབྱུང་སྣང་སྟོང་སྒྱུ་མ་ལྟ་བུའོ། །དོན་དམ་ནི་འགོག་ལམ་སྣང་སྟོང་སྒྱུ་མ་ལྟ་བུའོ། །དེ་བཞིན་དུ་བདེན་པ་གཉིས་ཀ་ཡང་རྨི་ལམ་དང་གཟུགས་བརྙན་ལྟ་བུ་ལ་སོགས་པའང་ཤེས་པར་བྱའོ། །དེའང་དོན་དམ་གྱི་སྣང་སྟོང་ཟུང་འཇུག་སྟོན་པའི་སྐབས་སུ། ཡེ་ཤེས་རྡོ་རྗེ་ཀུན་ལས་སྡུས་པའི་རྒྱུད་ལས། དེ་ནས་དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཞིང་རྣམས་སྒྱུ་མ་ལྟ་བུ་དང་། ཆུ་ཟླ་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། རྨི་ལམ་ལྟ་བུ་དང་། སྒྲ་སྙན་ལྟ་བུ་དང་། དྲི་ཟའི་གྲོང་ཁྱེར་དང་། མིག་འཕྲུལ་དང་། དབང་པོའི་གཞུ་དང་། གློག་དང་། ཆུ་བུར་དང་། མེ་ལོང་གི་གཟུགས་ལྟ་བུ་སྟེ། སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ཉེ་བར་མཚོན་པའི་ཚུལ་ལོ། །འཕགས་པ་ཀླུ་སྒྲུབ་ཀྱིས། རྣལ་འབྱོར་པས་ནི་གང་དག་དམིགས། །དེ་དེ་སྒྱུ་མ་བཞིན་དུ་བརྟག །མེ་ལོང་གི་ནི་གཟུགས་བརྙན་དང་། །རྨི་ལམ་སྒྱུ་མ་ཆུ་བུར་དང་། །དམིག་འཁྲུལ་མཚུངས་པར་གང་གིས་མཐོང་། །དེ་ནི་གཙོ་བོ་ཡིན་པར་བཤད། །མཐོང་པ་དང་ནི་རེག་པ་ཉིད། །འགྲོ་བ་སྒྱུ་མ་ཇི་བཞིན་ཏེ། །ཀུན་རྫོབ་དམིགས་མེད་དག་དང་ནི། །སྒྱུ་མ་ལྟ་བུར་རབ་ཏུ་བཤད། །ཞེས་པའོ། །དེ་ལྟ་བས་ན་དོན་དམ་སྣང་པ་དང་། ཀུན་རྫོབ་ཀྱི་དངོས་པོ་སྟོང་པ་ཟུང་དུ་འཇུག་པས་དོན་དམ་སྣང་སྟོང་ཟུང་འཇུག་རྨི་ལམ་ལ་སོགས་པའོ། །ཀུན་རྫོབ་སྣང་པ་དང་བདེན་པས་སྟོང་པ་ཟུང་དུ་འཇུག་པས། ཀུན་རྫོབ་སྣང་སྟོང་ཟུང་འཇུག་རྨི་ལམ་ལ་སོགས་པ་ལྟ་བུའོ། །དེ་ནས་རྨི་ལམ་ལ་སོགས་པ་ལྟར་བདེན་པ་གཉིས་ཀ་ཁྱད་མེད་ཀྱང་། ཀུན་རྫོབ་ཀྱི་ཡུལ་སྒྱུ་མ་ལྟ་བུར་མི་འཆར་ཞིང་། ཀུན་རྫོབ་ཀྱི་བློས་ཀྱང་སྒྱུ་མ་ལྟ་བུར་མི་རིག་ལ། མི་བདེན་བཞིན་དུ་བདེན་པར་ཞེན་པས་འཁྲུལ་ཞིང་བསླུས་པ་ཡིན་ནོ། །སྒྲིབ་པའི་ས་བོན་རླུང་ཁུག་པ་གཅིག་འགགས་ནས་དོན་དམ་གྱི་ཡུལ་ནི་སྒྱུ་མ་ལྟ་བུར་འཆར་ཞིང་། དོན་དམ་གྱི་བློས་ཀྱང་སྒྱུ་མ་ལྟ་བུར་རིག་པས་གང་ལ་ཡང་ཞེན་པ་མེད་པའི་ཏིང་ངེ་འཛིན་ཐོབ་ཅིང་། བདེ་སྐྱིད་ཕུན་སུམ་ཚོགས་པས་ནམ་མཁའ་གང་པ་ཡིན་ནོ། །དེ་ལྟར་ཆོས་སྐུའི་མཛད་པ་ཕྲིན་ལས་ཐམས་ཅད་ ཀུན་གཞི་ཡེ་ཤེས་ཀྱི་རྣམ ་འགྱུར། ཕྱག་རྒྱ་ཆེན་པོའི་རང་སྣང་། ཐེག་པ་ཆེན་པོའི་རང་གཟུགས། དབུ་མ་ཆེན་པོའི་ཉམས་མྱོང་། བདེ་གཤེགས་སྙིང་པོའི་རྣམ་འཕྲུལ། གཞན་སྟོང་ཟབ་མོའི་ཡོ་ལང་། འོད་གསལ་ཆོས་སྐུའི་རོལ་པ། ཤེར་ཕྱིན་ཟབ་མོ་སྣང་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡིན་པས། ཕྲིན་ལས་ཀྱི་གདངས་ཆེན་པོ། ཕྲིན་ལས་ཀྱི་ཀློང་ཆེན་པོ། ཕྲིན་ལས་ཀྱི་ཁྱབ་བརྡལ་ཆེན་པོ་ཐམས་ཅད་དོན་དམ་ཀྱི་སེམས་སུ་ངོ་སྤྲད་པར་བྱའོ།། །།