ཟབ་མདོ་བདུད་ཟློག་དམིགས་རིམ།
ཟབ་མདོ་བདུད་ཟློག་དམིགས་རིམ་བཞུགས།
ན་མོ་པྲཛྙཱ་པཱ་ར་མི་ཏ་ཡེ། ཤེས་རབ་སྙིང་པོ་འདོན་དུས་དམིགས་རིམ་ནི། །པཎ་ཆེན་གསེར་གདུགས་ཅན་ནས་ས་པཎ་ལ། །བརྒྱུད་པའི་ཤེར་སྙིང་སྒྲུབ་པ་བྱེད་ལུགས་དང་། །ཟབ་མདོ་བདུད་ཟློག་དམིགས་རིམ་ཟིན་བྲིས་སོགས། །ཟབ་མདོའི་སྒོ་ནས་སྲུང་ཟློག་བྱེད་ཚུལ་དང་། །མདོ་སྒྲུབ་རྒྱབ་ལུགས་ངན་སྔགས་མང་ན་ཡང་། །འདི་ནི་བདུད་ཟློག་དམིགས་པ་ཁོ་ན་བྲི། །སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །སེང་ཁྲི་པདྨ་ཟླ་བའི་གདན་སྟེང་དུ། །རང་ཉིད་ཤཱཀྱ་ཐུབ་པ་བཞུགས་པར་བསྒོམ། །གཡས་གཡོན་ཤཱ་རིའི་བུ་དང་མོའུ་འགལ་བུ། །
བཞེངས་ཏེ་གནས་པ་དེ་ཡི་འཁོར་ལ་ནི། །དགྲ་བཅོམ་ལྔ་བརྒྱ་ཐམས་ཅད་དགེ་སློང་སྐུ། །དབུ་རིལ་ཞབས་རྗེན་ཕྱག་གཉིས་ཐལ་མོ་སྦྱར། །པུས་བཙུགས་ཆོས་གོས་སྣམ་སྦྱར་ཕྲག་ལ་འཕང་། །རང་ཉིད་ཐུབ་པའི་རམ་བུ་བཀྱག་པའི་ཚུལ། །གཙོ་འཁོར་ཀུན་གྱིས་ཟབ་མདོ་འདོན་པར་བསྒོམ། །རང་ཉིད་ཐུབ་པའི་ཐུགས་ཀར་ཟླ་བའི་སྟེང་། །ཨ་ཡིག་དཀར་པོའི་མཐའ་མར་གཡས་བསྐོར་དུ། །འདི་སྐད་བདག་ཐོས་ནས་བཟུང་བསྟོད་པའི་བར། །མདོ་ཡི་ཚིག་རྣམས་ཕུབ་ཀྱི་སྦ་འཁོར་ལྟར། །གཡས་སྐོར་ཡིག་འབྲུ་དཀར་དང་ཧྲབ་བེ་བསྒོམ། །དེ་ལས་འོད་ཟེར་ཁ་དོག་སྣ་
ཚོགས་འཕྲོས། །བདག་ལུས་གང་བས་བདག་གི་ལུས་དང་སེམས། །སྒྲིབ་པ་དག་ནས་སྣང་སྟོང་ཆུ་ཟླ་བཞིན། །གང་ཟག་བདག་མེད་དངོས་སུ་རྟོགས་པར་བསྒོམ། །འོད་ཟེར་ཕྱིར་འཕྲོས་སྣོད་ཀྱི་འཇིག་རྟེན་གང་། །བཅུད་ཀྱི་སེམས་ཅན་ཀུན་ལ་ཕོག་པ་ཡིས། །ཐམས་ཅད་སྣང་སྟོང་ཆུ་ཟླ་འཇའ་ཚོན་བཞིན། །ཆོས་ཀྱི་བདག་མེད་དངོས་སུ་རྟོགས་པར་བསྒོམ། །དེ་ནས་དེ་ལྟར་སྒོམ་མཁན་སེམས་ལ་བལྟ། །གཟུགས་དང་ཁ་དོག་མ་གྲུབ་སྟོང་པ་ཉིད། །མེད་པ་མ་ཡིན་ཅི་ཡང་འཕྲོ་ཞིང་འཆར། །ཡོད་པ་མ་ཡིན་རྡུལ་ཙམ་གྲུབ་པ་མེད། །དེ་དོན་སོ་སོར་རང་གི་རིག་པས་རྟོགས། །དེ་དོན་སྨྲ་བར་བསམས་ཀྱང་བརྗོད་མི་ཤེས། །ཕྱི་རོལ་རི་བྲག་གྲོང་ཁྱེར་མི་ལ་སོགས། །གཟུགས་སུ་གྲུབ་ཀྱང་ངོ་བོ་སྟོང་པར་གནས། །སྟོང་པ་ཉིད་ཀྱི་ངང་ལ་གཟུགས་དེ་གསལ། །དེ་གཉིས་མི་འགལ་ཆུ་ཟླ་འཇའ་ཚོན་བཞིན། །ཉམས་ལེན་གསལ་ན་དེ་ཉིད་དངོས་སུ་འཆར། །མ་ཤར་ན་ཡང་དེ་ལྟར་ཡིན་པར་བསྒོམ། །དེ་ནི་དོན་ཟབ་ཡིད་ལ་བསྒོམ་པ་ཡིན། །དེ་ཡི་ངང་ལས་རབ་ལ་ཚར་བདུན་དང་། །འབྲིང་ལ་གསུམ་དང་ཐ་མ་ཚར་གཅིག་སྟེ། །ཚར་གཅིག་ཡིན་ན་སྔོགས་བདུན་གལ་ཆེའོ། །སྔགས་
བདུན་མ་སོང་བར་དུ་མི་རུང་ངོ་། །ཕྱག་འཚལ་བརྗོད་ཅིང་ཐལ་མོ་སྦྱར་བའི་དུས། །རང་ཉིད་ཐུབ་པ་གཙོ་འཁོར་གསུམ་པོ་ཡིས། །ཕྱག་ནི་ཐལ་མོ་སྦྱར་ནས་བདེན་སྟོབས་བརྗོད། །དགྲ་བཅོམ་ལྔ་བརྒྱ་ཀུན་གྱིས་སྣམ་སྦྱར་དང་། །ཆོས་གོས་ཕྲག་པ་གཡས་སུ་ཕྱར་བར་བསྒོམ། །དེ་ནས་ཐལ་མོ་བརྡབ་པའི་དུས་ཉིད་དུ། །ཐུབ་པ་གཙོ་འཁོར་ཟླགསུམ་གྱིས་ཕྱག་བརྡབ་ཅིང་། །དགྲ་བཅོམ་ལྔ་བརྒྱས་ཆོས་གོས་སྣམ་སྦྱར་རྣམས། །ལན་གསུམ་ས་ལ་བརྡབ་པའི་དམིགས་པ་བྱ། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་སོགས་ཀྱི། །བཀྲ་ཤིས་སྨོན་ལམ་མཉམ་དུ་མཛད་པར་བསྒོམ། །དེ་ནས་དམིགས་པ་བསྡུ་སོགས་མི་དགོས་ཏེ། །སྒོམ་མཁན་ངོ་བོ་ཧྲིག་གེར་བལྟས་པས་འཐུས། །སྔོན་ཚེ་བཅོམ་ལྡན་ཐུབ་པའི་དབང་པོ་ཡིས། །ཤེས་རབ་ཕར་ཕྱིན་ཆོས་འཁོར་བསྐོར་བའི་ཚེ། །བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་གིས། །བདུད་དམག་བྱེ་བ་དཔག་མེད་ཆས་པའི་ཚེ། །དེ་ཚེ་ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས། །ཐུབ་པའི་རྡོ་རྗེའི་སྐུ་ལ་འཇིགས་མེད་ཀྱང་། །ཆོས་ཉན་ཉན་ཐོས་འཁོར་ལ་གནོད་དོགས་ནས། །དོན་ཟབ་ཤེས་རབ་ཕར་ཕྱིན་དོན་བསྒོམ་ཞིང་། །ཚིག་
ཟབ་ཤེར་ཕྱིན་ཁ་ཏོན་བྱས་པའི་མཐུས། །བདུད་དམག་དཔུང་བཅས་བྱེ་བ་ཁྲག་ཁྲིག་རྣམས། །འོང་བར་མ་ནུས་རང་གནས་ལོག་སྟེ་སོང་། །དེ་བཞིན་དེང་སང་སེམས་ཀྱི་སྟོང་ཉིད་དང་། །གོང་དུ་བཤད་པའི་དམིགས་རིམ་ཟབ་མོ་བསྒོམ། །ངག་ཏུ་ཟབ་པའི་མདོ་སྡེ་ཁ་ཏོན་བྱ། །བདེན་སྟོབས་བརྗོད་ཅིང་ཐལ་མོ་བརྡབས་པ་ཡིས། །བདུད་བགེགས་བར་ཆད་རྐྱེན་ངན་ཐམས་ཅད་ཟློག །སྲུང་ཟློག་ཀུན་གྱི་མཆོག་ཏུ་གྱུར་པའི་ཕྱིར། །མཚན་ཉིད་གྲྭ་སའི་སློབ་གཉེར་པ་ཀུན་གྱིས། །རང་སྲུང་ཟབ་མདོ་བདུད་ཟློག་ཆག་མེད་ཡིན། །སྲུང་རིམ་གཞན་མ་ཀུན་གྱི་རྒྱབ་རྟེན་ཟབ། །ཡུམ་ནི་རྒྱས་འབྲིང་གསུམ་ནས་གསུངས་པ་ཡིན། །ཤེར་ཕྱིན་འཛིན་དང་འཆང་དང་ཀློག་པ་ཡི། །ཕན་ཡོན་རྒྱ་ཆེན་དཔག་མེད་གསུངས་པ་རྣམས། །འདི་ཉིད་ཉམས་ལེན་བྱས་པས་འཐུས་པ་ཡིན། །པདྨ་མཐར་ཕྱིན་ཞེས་བྱས་བསྐུལ་བའི་ངོར། །རཱ་ག་ཨ་སྱས་མདོར་བསྡུས་གོ་བདེ་བར། །འགལ་འཁྲུལ་གང་མཆིས་ཀུན་མཁྱེན་དྲུང་དུ་བཤགས། །དགེ་བས་གཞན་ཕན་དཔག་མེད་འབྱུང་བར་ཤོག། །།