སུམ་ཅུ་གཉིས་པ། ལེགས་ཚོལ་དང་ཉེས་ཚོལ་གཉིས་ཀྱི་ལེའུ།
བམ་པོ་དགུ་པ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ལྷ་སྦྱིན་རབ་ཏུ་བྱུང་མོད་ཀྱིས་རྙེད་པ་ལ་ཆགས་པས་མཚམས་མེད་པའི་ལས་ཀྱིས་རི་བསྙིལ་ནས་སངས་རྒྱས་མནན་པ་དང་། ཞབས་ལ་ཤིང་གི་ཚལ་བ་འཛུགས་པ་དང་། གླང་པོ་ཆེ་སྨྱོན་པ་བཏང་བ་དང་། འཐུན་པའི་དགེ་འདུན་གྱི་དབྱེན་བྱེད་པ་དང་། ཟག་པ་ཟད་པའི་དགེ་སློང་མ་བསད་པ་དང་། མི་དགེ་བའི་ལས་འདི་དག་བྱས་ནས། སྐྱེ་བ་ཕྱི་མ་ལ་རྣམ་པར་སྨིན་པས་འཇིགས་ཏེ། མུ་སྟེགས་པའི་སྟོན་པ་དྲུག་གི་ཐད་དུ་སོང་ནས་དྲིས་སོ། །སྟོན་པ་དྲུག་གིས་ཀྱང་ངན་པར་ལྟ་བའི་ཆོས་སྡིག་པ་བྱས་ཀྱང་སྡིག་པར་མི་འགྱུར་ལ་དགེ་བ་བྱས་ཀྱང་བསོད་ནམས་སུ་མི་འགྱུར་བའི་ཆོས་བསྟན་ནས། དེ་ལ་ཡིད་ཆེས་ཏེ། དགེ་བའི་རྩ་བ་བཅད་དོ། །དེའི་ཚེ་ན་ཀུན་དགའ་བོས་ཕུ་ནུ་བོ་ལ་སྙིང་བརྩེ་བའི་ཕྱིར་རབ་ཏུ་མི་དགའ་སྟེ། ངུས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ལྷ་སྦྱིན་གཏི་མུག་ཅན་ནི་མི་དགེ་བའི་ལས་ཁ་ན་མ་ཐོ་བ་བགྱིས་ཏེ། དགེ་བའི་རྩ་བ་བཅད་ནས་ཤཱཀྱའི་རིགས་རྣམས་ཀྱང་སུན་འབྱིན་ནོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ལྷ་སྦྱིན་འདི་ནི་ཚེ་འདི་འབའ་ཞིག་ལ་རྙེད་པ་དང་གྲགས་པའི་ཕྱིར་དགེ་བའི་རྩ་བ་བཅད་པར་མ་ཟད་ཀྱི། འདས་པའི་དུས་ན་ཡང་རྙེད་པ་དང་གྲགས་པའི་ཕྱིར་ལུས་དང་སྲོག་ཀྱང་སྟོང་པའི་ལས་བྱས་སོ། །དེ་ལ་དགེ་སློང་དག་ཐེ་ཚོམ་དུ་གྱུར་ནས། ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ལྷ་སྦྱིན་གྱིས་འདས་པའི་དུས་ན་ཡང་རྙེད་པ་དང་གྲགས་པའི་སླད་དུ་ལུས་
དང་སྲོག་སྟོང་པའི་ལས་བགྱིས་པ་ཅི་ལྟ་བུ་ལགས་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སྔོན་འདས་པའི་དུས་ན། བསྐལ་པ་གྲངས་མེད་དཔག་ཏུ་མེད་བསམ་གྱིས་མི་ཁྱབ་པའི་ཕ་རོལ་ན། འཛམ་བུའི་གླིང་འདིར་ཡུལ་་་ཌ་་ན་བྲམ་ཟེ་ཧ་ཡི་ཞེས་བྱ་བ་ཞིག་ཡོད་དེ། དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ་རིང་པོར་མ་ལོན་པར་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ཏེ། ཟླ་བ་དགུ་ཚང་བ་ན་བུ་ཁྱེའུ་ཞིག་བཙས་ཏེ། དེ་ནས་བཙས་སྟོན་ཆེན་པོ་བྱས་ནས། བུའི་མིང་ཡང་ལེགས་ཚོལ་ཞེས་བྱ་བར་བཏགས་ཏེ། མ་མ་ལ་གཏད་ནས་གསོས་སོ། །དེ་ནས་ཡང་སེམས་ཅན་དང་ལྡན་པར་གྱུར་ཏེ། སྔོན་མ་དེ་མཉེན་ཞིང་དེས་པ་ལས་སེམས་ཅན་དང་ལྡན་པའི་འོག་ཏུ་གཏུམ་ཞིང་ཁྲོ་བར་གྱུར་ཏོ། ། དེ་ནས་ཟླ་བ་དགུ་ཚང་བ་དང་ཁྱེའུ་ཞིག་བཙས་ཏེ། དེ་ལྟར་མ་ཡང་སྔོན་ལས་གྱུར་པས། བུའི་མིང་ཡང་ཉེས་ཚོལ་ཞེས་བྱ་བར་བཏགས་ཏེ། མ་མ་ལ་གཏད་ནས་གསོས་སོ། །ཁྱེའུ་སྤུན་གཉིས་ཕྱིས་ཆེར་སྐྱེས་ནས། སྤུན་གཉིས་རྒྱ་མཚོར་རིན་པོ་ཆེ་ལེན་པར་དོང་ངོ་། །སོ་སོ་ནས་འཁོར་དང་གྲོགས་ལྔ་བརྒྱ་ལྔ་བརྒྱ་རྙེད་ནས་ལམ་དུ་ཞུགས་སོ། །ལམ་རིང་བས་ཞག་བདུན་གྱི་གནས་སུ་མ་ཕྱིན་པར་རྒྱགས་ཆད་དེ། སྲོག་དང་བྲལ་དུ་ཉེ་ནས། ལེགས་ཚོལ་དང་ཚོང་པ་གྲོགས་པོ་རྣམས་ཉམ་ཐག་སྟེ། ཐམས་ཅད་ལྟ་བརྗོད་ཅིང་ལྷ་རྣམས་ལ་མཆོད་པར་བྱེད་དོ། །དེ་ནས་འབྲོག་སྟོང་པ་དེ་ན་རྒྱང་མ་ནས་སྐྱེད་ཤིང་བཟང་པོ་ཞིག་མཐོང་ནས། ཐམས་ཅད་སྐྱེད་ཤིང་གི་དྲུང་དུ་ལྷགས་པ་དང་། ཤིང་གི་དྲུང་ན་ཆུ་མིག་བཟང་པོ་ཞིག་ཀྱང་ཡོད་དེ། ཚོང་པ་རྣམས་ཆུ་མིག་དེ་ལ་འཐུངས་ནས། བདག་ཅག་གིས་ལྷ་མཆོད་པའི་རྟགས་འདི་ཡིན་ནོ། །ཞེས་སྨྲས་པ་དང་། ལྷས་མངོན་སུམ་དུ་སྨྲས་ཏེ། སྐྱེད་ཤིང་གི་ཡལ་ག་ཆོག་ཤིག་དང་འདོད་པ་ཐམས་ཅད་འབྱུང་ངོ་ཞེས་བསྒོའོ། །དེ་ནས་ཡལ་ག་གཅིག་བཅད་པ་དང་། བཏུང་བ་ཞིམ་པོར་བྱུང་ངོ་། །དེ་ནས་ཡལ་ག་གཅིག་བཅད་པ་དང་། ཁ་ཟས་རོ་བརྒྱ་དང་ལྡན་པ་ཐམས་ཅད་བྱུང་ནས། དེ་དག་ཀུན་གྱིས་ཚིམ་པར་ཟོས་སོ། །དེ་ནས་ཡང་ཡལ་ག་གཅིག་
བཅད་པ་དང་། གོས་རྣམ་པ་སྣ་ཚོགས་བྱུང་ངོ་། །དེ་ནས་ཡང་ཡལ་ག་གཅིག་བཅད་པ་དང་ནོར་བུ་རིན་པོ་ཆེ་སྣ་ཚོགས་བྱུང་སྟེ། ཁལ་ཐམས་ཅད་ལོངས་སོ། །དེ་ནས་ཉེས་ཚོལ་ལ་སོགས་པ་ཐམས་ཅད་ཀྱང་དེར་ལྷགས་ཏེ། སྔ་མའི་ཡལ་ག་བཅད་པ་ལས་རིན་པོ་ཆེ་སྣ་ཚོགས་ཁལ་ལོངས་པ་མཐོང་ནས། འདི་སྙམ་དུ་བསམས་སོ། །སྔ་མ་འདི་དག་གིས་ཡལ་ག་ལས་ཀྱང་རིན་པོ་ཆེ་ཆོག་པར་རྙེད་ན། ཤིང་འདིའི་རྩ་བ་ཕྱུང་ན་ནི་ནོར་བུ་རིན་པོ་ཆེ་སྣ་ཚོགས་མང་དུ་རྙེད་དོ། །སྙམ་བསམས་ནས། ཤིང་གི་རྩ་བ་བརྐོ་བར་གཟས་སོ། །དེ་ནས་ལེགས་ཚོལ་མི་དགའ་སྟེ་སྨྲས་པ། བདག་ཅག་ནི་ཕོངས་ཏེ་སྲོག་དང་བྲལ་བ་ལས་ཤིང་འདིས་བདག་ཅག་གི་སྲོག་གསོས་ཀྱིས་ཁྱོད་ཤིང་འདི་མ་གཅོད་ཅེས་སྨྲས་ན་ཉེས་ཚོལ་མ་ཉན་ཏེ་ཤིང་རྩ་བ་བཅད་དོ། །དེ་ནས་ལེགས་ཚོལ་ཀྱང་མཐོང་མི་འདོད་པར་ཁལ་དང་བཅས་པ་སོང་བའི་འོག་ཏུ་ཤིང་གི་རྩ་བ་ནས་སྲིན་པོ་ལྔ་བརྒྱ་བྱུང་སྟེ། ཉེས་ཚོལ་དང་ཚོང་པ་ཀུན་ཟོས་སོ། །ཀུན་དགའ་བོ་དེའི་ཚེ་དེའི་དུས་ན་ལེགས་ཚོལ་དེ་ནི་ད་ལྟར་ང་ཡིན་ནོ། །དེའི་ཕ་དེ་ནི་ད་ལྟར་ངའི་ཡབ་ཟས་གཙང་མ་ཡིན་ནོ། །དེའི་མ་དེ་ནི་ད་ལྟར་ངའི་ཡུམ་ལྷ་མཛེས་མ་ཡིན་ནོ། །ཉེས་ཚོལ་དེ་ནི་ད་ལྟར་ལྷ་སྦྱིན་ཡིན་ནོ། །ཀུན་དགའ་བོ་ལྷ་སྦྱིན་གྱིས་ད་ལྟར་འབའ་ཞིག་ང་ལ་གནོད་པ་བྱེད་པར་མ་ཟད་ཀྱིས་རྙེད་པ་དང་གྲགས་པའི་ཕྱིར་སྐྱེ་བ་ཐམས་ཅད་དུ་ང་ལ་གནོད་པ་བྱས་ན། ངས་ཕན་པའི་ཆོས་བསྟན་ཏེ་ཕན་པར་བྱས་ཀྱང་། ལྷ་སྦྱིན་ནི་ང་ལ་དགྲར་འཛིན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་ནས། འཁོར་མང་པོ་རྣམས་རྗེས་སུ་ཡི་རངས་ནས་མངོན་པར་དགའོ། །ལེགས་ཚོལ་དང་ཉེས་ཚོལ་གཉིས་ཀྱི་ལེའུ་སྟེ་སུམ་ཅུ་གཉིས་པའོ།། །།