Nitartha Digital Library
Tibetan
 
previousཞལ་གདམས་ཉུང་བསྡུས་གང་ཞིག་མ།next

ཞལ་གདམས་ཉུང་བསྡུས་གང་ཞིག་མ།

གང་ཞིག་སྙིང་ནས་གུས་པ་ཡིས། །བསྟེན་ན་ནམ་ཡང་མི་བསླུ་བའི། །དཔལ་མགོན་རྩ་བའི་བླ་མ་ལ། །དང་བའི་ཡིད་ཀྱིས་ཕྱག་བགྱིས་ནས། །ཚིག་གི་མེ་ཏོག་ལས་འོང་ཞིང་། །དོན་གྱི་རོ་བཅུད་མ་ཉམས་པའི། །ཡིད་འོང་གདམས་པའི་འབྲས་བུ་འདི། །ཁྱོད་ལ་སྦྱིན་གྱིས་གུས་པས་ལོངས། །ཕན་བདེའི་འབྱུང་གནས་ཐུབ་བསྟན་གྱི། །ཉི་མ་ནུབ་ཀྱི་རི་རྩེར་འཛེགས། །སྡུག་བསྔལ་མུན་པས་ཕྱོགས་ཀུན་ཏུ། །ཁྱབ་པའི་སྙིགས་མའི་དུས་ངན་འདིར། །ཡང་དག་ལམ་བཟང་འདོམས་པ་ཡི། །དགེ་བའི་བཤེས་དང་མཇལ་དཀའ་བས། །མཚན་ལྡན་བླ་མ་རྙེད་པའི་ཚེ། །མཉམ་འགྲོགས་ལོག་ལྟ་མི་འཆོར་བར། །དབུལ་པོས་ནོར་བུ་རྙེད་པ་ལྟར། །ཤིན་ཏུ་དཀོན་པའི་འདུ་ཤེས་ཀྱིས། །དམ་པ་སྔ་མའི་རྣམ་ཐར་བཞིན། །གུས་པའི་ཚུལ་གྱིས་བསྟེན་པར་མཛོད། །ལེ་ལོ་ཅན་ལ་ལུང་རྟོགས་ཀྱི། །ཡོན་ཏན་འབྱུང་བ་མི་སྲིད་པས། །མགོ་ལ་མེ་ཤོས་བཟློག་འདྲ་བའི། །གུས་དང་རྟག་པའི་བརྩོན་འགྲུས་ཀྱིས། །དང་པོར་ཐོས་པའི་རྒྱ་མཚོ་ལ། །སྤྲོ་བའི་ཡིད་ཀྱིས་འཇུག་པར་མཛོད། །བླང་དོར་འབྱེད་པའི་བློ་གྲོས་ཀྱི། །འདྲེན་བྱེད་གསལ་བར་གྱུར་པའི་ཚེ། །སྒྲོ་སྐུར་གཏམ་གྱིས་ལས་ངན་གྱི། །ཁུར་པོ་འདེགས་ལ་མི་ཕྱོགས་པར། །གང་ཤེས་ཆོས་ཀྱི་གནད་དོན་རྣམས། །རང་གི་རྒྱུད་ལ་སྦྱོར་བར་མཛོད། །ཤིན་ཏུ་གདུལ་དཀའི་རང་སེམས་འདི། །དམ་པའི་ཆོས་ཀྱིས་ཐུལ་བའི་ཚེ། །བླ་མའི་ཐུགས་དགོངས་རྫོགས་པ་དང་། །ཕ་མའི་དྲིན་ལན་འཁོར་བ་དང་། །དལ་འབྱོར་སྙིང་པོ་ལོན་པ་རྣམས། །ཆབས་ཅིག་འབྱུང་བ་མ་ལགས་སམ། །གཞོན་ནུ་ཁྱོད་ལ་ཞུ་འོས་པའི། །སྐབས་དོན་ཤིན་ཏུ་མང་ན་ཡང་། །ལས་ངན་བདག་ནི་མི་ཁོམ་པའི། །གཞན་དབང་དྲག་པོས་མནར་འདུག་པས། །ད་ལན་མདརོར་དུ་བསྡུས་པ་ལ། །རེ་ཞིག་ཁྱོད་ཀྱིས་བཟོད་པར་མཛོད། །ཁྱོད་གསུང་མི་བཟློག་ཙམ་ཞིག་ཏུ། །བློ་གྲོས་གཞན་ཕན་ཟླ་བ་ཡིས། །གང་ཤར་ཡི་གེའི་ལམ་བཟང་པོར། །སྤེལ་འདི་དུས་ཀུན་དགེ་གྱུར་ཅིག། །།


previousཞལ་གདམས་ཉུང་བསྡུས་གང་ཞིག་མ།next