བོད་ཀྱི་ཡང་དག་པའི་མཁས་པ་ཆེན་པོར་བསྟོད་པ་དད་གསུམ་ནོར་བུའི་རྒྱུད་མང་།
༈ བོད་ཀྱི་ཡང་དག་པའི་མཁས་པ་ཆེན་པོར་བསྟོད་པ་དད་གསུམ་ནོར་བུའི་རྒྱུད་མང་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། སཾ་བྷོ་ཊ་མ་ཧཱ་པཎྜི་སཱུ་ཏི་ནཱ་མ། བོད་སྐད་དུ། བོད་ཀྱི་ཡང་དག་པའི་མཁས་པ་ཆེན་པོར་བསྟོད་པ། བཅོམ་ལྡན་འདས་གསུང་གི་རྡོ་རྗེ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཀ་ལིའི་ཕྲེང་མཛེས་རྡོ་རྗེའི་སྒྲ་དབྱངས་བརྗོད་པ་མཐའ་ཡས་གཞིར་གྱུར་པས། །ཁ་བ་ཅན་ལྗོངས་ཡིད་ཅན་ཀུན་ལ་ཤེས་རབ་ཟབ་མོའི་མིག་བྱིན་སླད། །ག་ནས་བསམས་ཀྱང་བཀའ་དྲིན་མཚུངས་མེད་སངས་རྒྱས་ཉིད་ཀྱི་ཕྲིན་ལས་པ། །ང་ཅག་སྐྱབས་གཅིག་ཐོན་མི་ལོ་ཙཱས་བྱང་ཆུབ་བར་དུ་བྱིན་གྱིས་རློབས། ༡ །ཅ་ག་མཚར་སྡུག་མཚུངས་པ་མེད་པ་མིག་གི་བདུད་རྩིའི་ཨུཏྤ་ལ། །ཆ་ཡི་ཆ་ཡང་གཞལ་བར་དཀའ་བའི་གཟི་བརྗིད་ཉི་མ་བྱེ་བའི་སྐུ། །ཇ་རིལ་སྐྲ་ཅན་ཚོགས་ཀྱང་འདར་བྱེད་འཇམ་དཔལ་ཁྲོས་པའི་སྙེམས་འཆང་བཞིན། །ཉ་རྒྱས་ཟླ་ལྟར་ཀུན་ལ་དགའ་སྟེར་བདུད་རྩིའི་སྤུན་ཟླ་དེ་ལ་འདུད། ༢ །ཏུ་ཐཱ་ག་ཏས་ལེགས་པར་གསུངས་པའི་ཞི་བསིལ་ཆགས་བྲལ་ཆོས་སྒོ་འབུམ། །ཐ་དད་བློ་ཡི་མོས་པ་དང་མཚུངས་མིང་ཚིག་བརྡ་དག་སྟོན་པའི་གསུང་། །ད་ལྟ་མཆོག་དམན་བར་མའི་སྤྱི་ནོར་སུམ་ཅུ་པ་དང་རྟགས་ཀྱི་གཞུང་། །ན་མར་འདོད་འཇོའི་དཔག་བསམ་ཤིང་བཞིན་འཆད་པ་མེད་པར་སྩོལ་ལ་འདུད། ༣ ། པ་སངས་ལྟ་བུར་རྣམ་པར་དཀར་བའི་ཀུན་རྫོབ་བྱང་སེམས་ཐིག་ལེ་ནི། །ཕ་རོལ་ཕྱིན་པ་ཀུན་གྱི་མཐར་ཐུག་ཤེས་རབ་ཟབ་མོར་མི་ཕྱེད་པས། །བ་མཆོག་ནོར་བུ་གཏེར་གྱི་བུམ་ལྟར་མཁའ་ཁྱབ་འགྲོ་ལ་རྗེས་ཆགས་
ཐུགས། །མ་ལུས་ཡིད་ཀྱི་རྒུད་པ་སེལ་བའི་མཁྱེན་བརྩེ་ཟླ་མེད་མཆོག་ལ་འདུད། ༤ །ཙ་ར་ཀ་སོགས་ཐུན་མོང་རིག་པའི་གོས་བཟང་ལྷབ་ལྷུབ་རྣམ་པར་གཡོ། །ཚ་ཟེར་ཅན་བཞིན་གཞན་སྡེའི་མུན་འཇོམས་ཡོན་ཏན་ནོར་བུའི་རྒྱན་བཀོད་པས། །ཛ་ཡའི་བསྟན་ལ་བྱ་བ་ཆེར་མཛད་དོན་གྱི་ཤིང་རྟ་ཆེན་པོ་དངོས། །ཝ་ལེར་ཡིད་ལ་དྲན་པའི་མོད་ནས་ལག་པད་སྙིང་གར་ཟུམ་སྟེ་འདུད། ༥ །ཞྭ་ཐོད་ཛམྦུ་ནཱ་དའི་སྒེག་འཆང་ཆེན་པོར་རློམ་པ་མན་ཆོད་ནས། །ཟླ་མའི་དོན་དུ་གྲོང་མཐའ་ཉུལ་བའི་དབྱུག་པ་འཆང་བ་ཡན་ཆོད་ཀྱི། །འ་འུར་སྤྱོད་པས་ལྟོ་འཚོལ་རྣམས་ཀྱང་ཁྱོད་ཀྱི་ཕྲིན་ལས་མགྲིན་པར་བརྒྱན། །ཡ་མཚན་རྟོགས་བརྗོད་ནམ་མཁའི་མཐའ་བརྒལ་འགྲན་ཟླ་སྤངས་ལ་སྙིང་ནས་འདུད། ༦ །རྭ་བ་གངས་རིས་བསྐོར་བའི་ཡུལ་འདིར་ཕྱག་ན་པདྨོ་འཆང་བ་དང་། །ལ་ལ་ཙམ་མིན་ཀུན་ཏུ་མཚུངས་པའི་ཐུགས་རྗེ་ཅན་ཁྱོད་བཀའ་དྲིན་ལ། །ཤ་སྟག་བདག་སོགས་མོས་པའི་ཡིད་ཅན་སྙིང་ནས་གདུང་པས་གསོལ་འདེབས་ན། །ས་བཅུའི་དབང་ཕྱུག་འཕགས་པ་མཆོག་གིས་ད་ལྟ་ཉིད་དུ་བྱིན་གྱིས་རློབས། ༧ །ཧ་ཅང་གཅམ་བུ་མིན་པར་མོས་པའི་བློ་ཡི་ནོར་བུའི་རྒྱུད་མང་པོ། །བཟོད་མེད་དད་པའི་སོར་རྩེས་བསྐུལ་ལས་སྙན་འགྱུར་ངག་གི་དབྱངས་བདུན་གླུས། །ཨ་ཡིག་སྐྱེ་མེད་དོན་གྱི་འཇམ་དཔལ་ཐོན་མི་ཆེན་པོ་ཁྱོད་བསྔགས་
པས། །མཁའ་ཁྱབ་ཡིད་ཅན་རྒྱ་མཚོའི་རྡུལ་སྙེད་ཀུན་བཟང་སྤྱོད་པར་རོ་གཅིག་ཤོག ༨།ཅེས་པའང་གངས་རིའི་ལྗོངས་འདིར་བཀའ་དྲིན་སུས་ཀྱང་གཞལ་བར་དཀའ་བའི་ཤིང་རྟ་ཆེན་པོ་ཐུ་མིའི་རིགས་འཁྲུངས་སཾ་བྷོ་ཊའི་རྣམ་པར་ཐར་པ་ཡང་ནས་ཡང་དུ་ཡིད་ཀྱི་ནོར་བུའི་མེ་ལོང་དྭང་ཞིང་གཙང་མའི་ངོགས་སུ་བཀོད་པ་ན། ཐུགས་རྗེ་ཆེན་པོ་བཞི་དང་ལྡན་པས་མངོན་སུམ་བཞིན་བྱིན་གྱིས་བརླབས་པའི་ཐུན་མོང་མ་ཡིན་པའི་མཚན་མ་ཕྲ་མོ་ཙམ་ཐོབ་པའི་ཚེ། རབ་ཚེས་ས་འབྲུག་ལོའི་རྒྱལ་ཟླ་བའི་རྒྱལ་བ་གཉིས་པའི་དུས་མཆོག་ཏུ་དགེ་བར་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གང་ཤར་ཐོགས་པ་མེད་པར་སྐད་ཅིག་ལ་སྨྲས་རིམ་བཞིན་རྣམ་པར་དཔྱོད་པ་དང་ལྡན་པས་ཡི་གེར་བྲིས་པའི་དགེ་བས་བསིལ་ལྡན་གྱི་ལྗོངས་འདིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཡུལ་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག། །།