ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་འཕོ་བ་བདེ་ཆེན་ལམ་བཟང་།
ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་འཕོ་བ་བདེ་ཆེན་ལམ་བཟང་ཞེས་བྱ་བ་བཞུགས་སོ། །
བླ་མ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །དེ་ལ་འདིར་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ཡན་ལག་མ་བསྒོམ་སངས་རྒྱས་འཕོ་བའི་གདམས་པ་ཉམས་སུ་ལེན་པ་ལ་གཉིས། སྦྱངས་པ་དང་། ལས་ལ་སྦྱར་བའོ། །དང་པོ་ནི། དཀོན་མཆོག་སྤྱི་འདུས་ཀྱི་སྔོན་འགྲོའི་ངག་འདོན་བླ་མ་རྒྱང་འབོད་ནས་མཇུག་བླ་མའི་རྣལ་འབྱོར་དབང་བཞི་བླང་བའི་བར་བཏང་། དེ་ནས་འཕོ་བའི་དངོས་གཞི་སྟོང་ར་གསུམ་གསལ་བ་ནི། ཨེ་མ་ཧོ།
སྣང་སྲིད་བདེ་ཆེན་དག་པའི་ཞིང་ཁམས་སུ། །རང་ཉིད་གཞི་ལུས་པདྨ་འོད་འབར་གསལ། །སྐུ་དབུས་དབུ་མ་མཚན་ཉིད་བཞི་ལྡན་ནི། །ཡར་སྣེ་ཚངས་བུག་གནས་སུ་ཧ་རེར་ཕྱེས། །མར་སྣེ་ལྟེ་འོག་ཁ་ཟུམ་མདའ་སྨྱུག ཙམ། །སྙིང་ཁར་ཚིགས་སྟེང་པདྨ་འདབ་བཞིའི་དབུས། །རྣམ་པར་ཤེས་པ་རྡོ་རྗེ་རྩེ་ལྔ་དཀར། །ནས་འབྲུ་ཙམ་པ་འཕར་
གཡོ་ལིང་ལིང་གསལ། །སྤྱི་བོར་པདྨ་ཟླ་བའི་གདན་སྟེང་དུ། །སྐྱབས་ཀུན་འདུས་ཞལ་མགོན་པོ་འོད་དཔག་མེད། །དམར་གསལ་མཉམ་གཞག བདུད་རྩིའི་ལྷུང་བཟེད་བསྣམས། །ཆོས་གོས་གསུམ་གསོལ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །གཡས་གཡོན་སེམས་དཔའ་སྤྱན་རས་གཟིགས་དབང་དང་། །མཐུ་ཆེན་ཐོབ་པ་དཀར་སྔོ་བཞེངས་སྟབས་ཅན། །མཐའ་བསྐོར་རྩ་བརྒྱུད་བླ་མའི་ཚོགས་བཅས་པ། །སྟོང་གསལ་མ་འགགས་སྐུ་རུ་གསལ་བར་བསྒོམ། །རང་གི་རྣམ་ཤེས་ངོ་བོ་རྡོ་རྗེ་དེ། །དབུ་མའི་ལམ་བརྒྱུད་ཚངས་བུག་ནས་ཡར་ཐོན། །མདའ་འཕངས་བཞིན་དུ་འོད་དཔག་མེད་མགོན་གྱི། །པདྨའི་གདན་ལ་རེག་པར་གྱུར་བསམ་ཞིང་། །ཞེས་བརྗོད་པའི་མཐར་རྣམ་ཤེས་ཀྱི་རྟེན་རྡོ་རྗེ་དཀར་པོ་ལ་སེམས་རྩེ་གཅིག་ཏུ་བཟུང་སྟེ་རླུང་དམིགས་སེམས་གསུམ་གྱེན་དུ་
གཏོད་དེ། ངག་ཏུ་ཧིཀཿ ཅེས་བརྗོད་པས་རྣམ་ཤེས་དེ་ཉིད་དབུ་མའི་ལམ་ནས་ཡར་མདའ་འཕང་བཞིན་སྤྱི་བོའི་བླ་མ་འོད་དཔག་མེད་ཀྱི་ཞབས་ཀྱི་གདན་པདྨ་ལ་རེག་ཙམ་རེ་བྱས་ནས་སླར་ཡང་ཀཿ ཞེས་བརྗོད་པས་རང་གི་སྙིང་གའི་པདྨ་འདབ་བཞིའི་སྟེང་དུ་མར་ཕབ། དེ་འདྲ་བའི་སྤར་ཆོག་བདུན་ནམ་གསུམ་ཙམ་བྱ། ཡང་དམིགས་པ་སྔར་ལྟར་གསལ་བའི་ངང་འདྲེན་པ་འོད་དཔག་མེད་གཙོ་འཁོར་གསུམ་དང་རྩ་བརྒྱུད་ཀྱི་བླ་མ་རྣམས་ལ་ཡིད་ཁྱེད་ཤེས་ཀྱི་དད་མོས་གདུང་ཤུགས་དྲག་པོས་གསོལ་འདེབས་འདི་ལྟར་བྱ། ཨོཾ་ཨཱཿཧཱུྃ། ཆོས་སྐུ་སྣང་བ་ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས། ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས། །སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ༴ །ཉང་བན་ཏིང་འཛིན་བཟང་པོ་ལ༴ །རིག་འཛིན་འཇའ་ཚོན་སྙིང་པོ་ལ༴ །བདུད་འདུལ་
གཏེར་བཞད་སྙིང་པོ་ལ༴ །རིག་འཛིན་ཀློང་གསལ་སྙིང་པོ་ལ༴ །པདྨ་བདེ་ཆེན་གླིང་པ་ལ༴ །རིག་འཛིན་ཚེ་དབང་ནོར་བུ་ལ༴ །བཀའ་བརྒྱུད་ཕྲིན་ལས་ཤིང་རྟ་ལ༴ །རིག་འཛིན་རྡོ་རྗེ་དྲག་པོ་ལ༴ །པདྨ་ཉིན་བྱེད་དབང་པོ་ལ༴ །བསྟན་གཉིས་གཡུང་དྲུང་གླིང་པ་ལ༴ །གྲུབ་མཆོག་པདྨ་བསྟན་འཛིན་ལ༴ །མཆོག་སྤྲུལ་པདྨ་དྲི་མེད་ལ༴ །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས། ལམ་འཕོ་བས་མཁའ་སྤྱོད་བགྲོད་པ་དང་། །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཨཱ་ཕཊཿ ཨཱ་ཕཊཿ ཨཱ་ཕཊཿ ཅེས་བརྗོད་ལ་རྣམ་པར་ཤེས་པ་རྡོ་རྗེར་གསལ་བ་དེ་འོད་དཔག་མེད་པའི་ཐུགས་ཀར་བསྟིམ་ལ། དེ་ནས་མཐའ་བསྐོར་བརྒྱུད་པའི་བླ་མ་རྣམས་འོད་དུ་ཞུ་ནས་རྩ་བའི་བླ་མ་འོད་དཔགམེད་ལ་ཐིམ། འོད་དཔག་མེད་ཚེ་དཔག་
མེད་དུ་བསྒྱུར་ལ། ཚེ་གཟུངས་ཅི་ནུས་བཟླས་མཐར། ཚེ་དཔག་མེད་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ། དེ་ལྟར་རྟགས་མཐོན་བར་ཞག་བདུན སོགས་སྦྱངས་དགོས། རྟགས་ནི་མགོ་གཟེར་བ་དང་། མགོ་ཡུ་འཁོར་བ། ཙྭ་འཇག་མ་ཟུག་པ། སྤྱི་བོ་སྐྲང་བ། ཆུ་སེར་ཐོན་པ་སོགས་དངོས་སུ་འབྱུང་བའོ། །གཉིས་པ་ལས་ལ་སྦྱར་བ་ནི། རང་ལ་ནམ་ཞིག་འཆི་ངེས་པའི་ལྟས་ཤར་ཚེ་རང་གིས་འཕོ་བ་ཡིན་ལ། དེ་ཡང་ངག་ཏུ་འདོན་མ་ནུས་ཀྱང་སེམས་ཀྱི་དམིགས་པ་སྔར་ལྟར་ལས་རྣམ་ཤེས་ཧིཀཿ ཅེས་འོད་དཔག་མེད་པའི་ཐུགས་ཀར་སྤར་ལ་ཀཿ ཞེས་མར་མི་ཕབ་པ་དང་། འོད་དཔག་མེད་ཚེ་དཔག་མེད་དུ་མི་བསྒྱུར་བར་བདེ་བ་ཅན་དུ་གཤེགས་པར་བསམ་པ།ཁྱད་པར་རོ། །ཡང་གཞན་ལ་འཕོ་བ་འདེབས་ཚེ། ཧྲཱིཿ བདག་ཉིད་ལྷར་གསལ་བླ་མའི་ཐུགས་ཀ་ནས། །ཐུགས་རྗེའི་ཟེར་ལྡན་ཧཱུཾ་གི་ཚོགས་སྤྲུལ་ཏེ། །རིགས་དྲུག་འཁོར་བར་
འཁྱམས་པའི་སྒོ་བཅད་ཅིང་། །སྒོ་མཆོག་ཐར་པའི་ཚངས་སྒོ་ཕྱེ་བར་གྱུར། །ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ། ཧཱུྃ་ཧཱུྃ་ཧཱུྃ། ཞེས་བརྗོད་ལ་རིགས་དྲུག་འཁོར་བའི་སྒོ་བཀག་ནས། སྤྱི་བོ་བདེ་ཆེན་ཐར་པའི་ཚངས་སྒོ་ཕྱེ་བ་སྔོན་དུ་འགྲོ་བས་དངོས་གཞི་འཕོ་བའི་འདོན་དམིགས། རང་ཉིད་གཞི་ལུས་པདྨ་འོད་འབར་གསལ་ཞེས་པ། དམིགས་ཡུལ་པདྨ་འོད་འབར་གསལ། ཞེས་དང་། རང་གི་རྣམ་ཤེས་ངོ་བོ་རྡོ་རྗེ་དེ་ཞེས་པ། དམིགས་ཡུལ་རྣམ་ཤེས་ངོ་བོ་རྡོ་རྗེ་དེ། ཞེས་འདོན་པ་སྤོ། གལ་ཏེ་གཤིན་པོ་ལ་འཕོ་བ་འདེབས་དགོས་ཚེ་གོང་གི་དམིགས་ཡུལ་ཞེས་པ་ཚེ་འདས་ཞེས་བསྒྱུར་ཤེས་པར་བྱའོ། ་དེ་ལྟར་སྦྱངས་པ་དང་། གཞན་ལ་འཕོ་བ་འདེབས་པ་གང་གི་སྐབས་ཡིན་ཀྱང་རྗེས་སུ། པདྨོ་འདམ་གྱིས་སོགས་དང་། རྒྱལ་བའི་དཀྱིལ་འཁོར་སོགས། ཕྱོགས་དུས་རྒྱལ་བ༴ ངོ་མཚར་སངས་རྒྱས་མ་སོགས་བསྔོ་བ་དང་སྨོན་ལམ་གྱིས་མཐའ་
བརྒྱན་པར་བྱའོ། །ཞེས་པ་འདི་ཡང་གཏེར་གཞུང་འཕོ་བ་དཀར་ཁུངས་མདའ་འཕངས་ཉིད་འདོན་དམིགས་ཞལ་གསལ་མེད་པས་བློ་དམན་རྣམས་མགོ་འཁོར་བར་མཐོང་བ་དང་། ཁྱད་པར་ཡོལ་མོའི་ཕྱོགས་འདིར་འཇའ་ཚོན་ཟབ་ཆོས་དར་ཁྱབ་ཆེ་ཡང་འཕོ་བའི་ཡིག་ཆ་རྣམ་པར་དག་པ་ཞིག་མི་སྣང་བས། རྒོད་ཚངས་གླིང་དང་། གསེར་མོ་ཐང་། ཆུ་མིག བདེ་ཆེན་ཐང་བཅས་ཀྱི་སྔགས་བན་རྣམས་ཀྱིས་ནན་ཏན་ཆེན་པོས་བསྐུལ་བ་ལ་བརྟེན་ནས་དུས་ཞབས་ཀྱི་བྱ་སྤྲང་སྙོམས་ལས་པ་སངས་རྒྱས་རྡོ་རྗེས་ཡང་ཁྲོད་ཀུན་བཟང་ཆོས་གླིང་དུ་སྦྱར་བའི་ཡི་གེ་པ་ནི་དགེ་སློང་ངག་དབང་བསྟན་འཛིན་གྱིས་བགྱིས་པ་འདིས་ཀྱང་གསོན་གཤིན་མང་པོ་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་གྱུར་ཅིག །མ་མ་ཀོ་ལིང་ས་མནྟ།། ཞུས་སོ།། །།
ཤོག་སྟོང་།