Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཝ༽


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
ལེའུ་བཅུ་བཞི་པའི་རྣམ་པར་བཤད་པ།
   
   
   
   
   
   
   
   


 
previousལེའུ་བཅུ་བཞི་པའི་རྣམ་པར་བཤད་པ།next

ལེའུ་བཅུ་བཞི་པའི་རྣམ་པར་བཤད་པ།

༈ དོན་གསུམ་པ་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་ལ་བསྟོད་པའི་ཚུལ་ལ་གསུམ་སྟེ། དོན་གྱི་འབྲེལ་དགོད། ཚིག་གི་དོན་བཤད། སྐབས་ཀྱི་དོན་བསྡུ་བའོ། །

དང་པོ་ནི། ལམ་བསྐྱེད་རྫོགས་ཀྱི་དཀྱིལ་འཁོར་བསྟན་པ་དེ༵་ནས༵་འབྲས་བུ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ལ་བསྟོད་པའི་ཕྱིར་དེ༵་བཞི༵ན་གཤེ༵གས་པ༵་ཐམ༵ས་ཅ༵ད་ཀྱི་བདག་པོ་ཀུན་ཏུ་བཟང་པོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དེས་སྐུ་དང་ཡེ་ཤེས་ཀྱི༵་དཀྱིལ༵་འཁོ༵ར་རང་སྣང་བ་ལ༵་དགྱེས༵་པ༵་ཆེན༵་པོའི༵་གླུ༵་འདི༵་བླ༵ངས་སོ༵་ཞེས་པའོ། །

གཉིས་པ་ལ་གཉིས་ཏེ། སྐུ་ལྔ་ཡེ་ཤེས་ལྔ་དང་བཅས་པ་ལ་སྤྱིར་བསྟོད་པ་དང་། དཀྱིལ་འཁོར་གྱི་དབང་ཕྱུག་ཡབ་ཡུམ་ལ་བྱེ་བྲག་ཏུ་བསྟོད་པའོ། །

དང་པོ་ལ་ལྔ་ལས་དང་པོ་སྐུ་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་སུ་སྐུ་ལྔ་རྫོགས་པས་ཨོ༵ྃ་ཞེས་གླུའི་འགོ་འདྲེན་པར་བྱེད་པ་སྟེ། སྐུའི་དཀྱིལ་འཁོར་དེ་ཡང་སྐུ་ལྔ་དང་ཡེ་ཤེས་ལྔའི་རང་བཞིན་དུ་མཚོན་པའི་ཕྱིར་བསྟན་པའོ། །དེའང་གླུའི་ཡན་ལག་ལྔ་དང་ལྡན་པ་སྟེ། གླུ་ལེན་པ་པོ། གླུའི་དབྱངས། གླུའི་ཚིག །གླུའི་རྒྱན། གླུ་བྱིན་གྱིས་རློབ་པར་བྱེད་པ་རྣམས་སོ། །དེའང་གླུའི་དབྱངས་ནི་འདྲེན་པ་སྟེ། ལྔའི་རྗེས་སུ་སྐྱེས་པ། དྲུག་གི་རྗེས་སུ་སྐྱེས་པ། བར་མའི་རྗེས་སུ་སྐྱེས་པ། དྲི་ཟའི་རྗེས་སུ་སྐྱེས་པ། བློ་གསལ་གྱི་དབྱངས། འཁོར་ཉན་པ་རྣམས་འབྱུང་བ་ན་དབྱངས་ཀྱིས་འདྲེན་པའོ། །དེའང་སྐུ་དེ་ཡང་ཕྱོག༵ས་བཅུ༵་དུས༵་བཞི༵འི་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་གཉིས་སུ་མེད་པའི་རང་བཞིན་དུ་མངོན་པར་རྫོག༵ས་པར་སངས་རྒྱས་པ༵འི་རང་བཞིན་ནོ། །དེའང་རང་སྣང་དག་པའི་ཡེ༵་ཤེ༵ས་མེ་ལོང་ལྟ་བུ་ལ་སོགས་པའི་རང་བཞིན་སྤྲོས་པ་དང་བྲལ་བའི་དཀྱིལ༵་འཁོར༵་ནི། སྐུའི་ཐུགས་རྣམ་པར་དག་པའི་ཐི༵ག་ལེ༵་ཆེ༵ན་པོ་གཉིས་སུ་མེད་པའོ། །དེ་ལྟ་བུའི་རང་སྣང་དེ་ཡང་བསོད༵་ན༵མས་ཕུན་སུམ་ཚོགས་པའི་རང་བཞིན་སྣང་ལ་རང་བཞིན་མེད་པའི་དཀྱི༵ལ་འཁོ༵ར་ནི། སྐུ༵འི༵་སྐུ་སྟེ་(༢༦༠)རིགས་ལྔའི་རང་བཞིན་མཐའ་དབུས་མེད་པར་ཁྱབ་པའི་སྐུ་ཡི་ཚོག༵ས་བསམ་གྱིས་མི་ཁྱབ་པའོ། །དེའི་ངོ་བོ་སྣང༵་སྟོང༵་གཉིས་སུ་མེད་པའི་རང་བཞིན་ནི། སྐུའི་གསུང་བརྗོད་བྲལ་དོན་གྱི་ཐིག༵་ལེ༵་ཆེན་པོ་སྟེ་ཡོན་ཏན་ཕུན་སུམ་ཚོགས་པ་ཀུན༵་ཏུ་རྫོག༵ས་པའོ། །དེ་ལས་དགྱེས་པས་ཧོ༵་ཞེས་སོ། །

གཉིས་པ་གསུང་པདྨ་རིགས་ཀྱི་དཀྱིལ་འཁོར་དུ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་ནི། ཡེ་ནས་རྣམ་པར་དག་པའི་ཕྱིར་གསུང་ལྔ་རྫོགས་ཤིང་ལྷུན་གྱིས་གྲུབ་པས་ཨོ༵ྃ་ཞེས་སོ། །གསུང་རྡོ༵་རྗེ༵་འོད་དཔག་མེད་ཀྱི་དཀྱིལ་འཁོར་དེ་ཡང་བསོད༵་ནམ༵ས་དང་ཡེ་ཤེས་ཀྱི་རང་བཞིན་ལྷུན་གྱིས་གྲུབ་པའི་ཐིག༵་ལེ༵་ཆེན༵་པོའོ། །སྣང་བ་དང་སྟོང་པ་དབྱེར་མེད་པས་རྡོ༵་རྗེ༵་སོ་སོར་རྟོག་པ་ལ་སོགས་པའི་ཡེ༵་ཤེ༵ས་ཀྱི་དཀྱིལ༵་འཁོར༵་ལྡན༵་པ་ནི་གསུང་གི་ཐུགས་སོ། །ཡང་གཉིས་སུ་མེད་པའི་རྡོ༵་རྗེ༵་ཡེ་ཤེས་ཀྱི་རང་སྒྲ༵་ཆེ༵ན་པོ་མཐ༵འ་ཡ༵ས་པ༵་མངའ་བ་ནི་གསུང་གི་གསུང་ངོ་། །དོན་གྱི་རྡོ༵་རྗེ༵་རང་སྣང་བ་ནི་རྒྱལ༵་པོ༵་སྟེ། སྣང་སྟོང་དབྱེར་མེད་པའི་ཐིག༵་ལེ༵་ཆེ༵ན་པོ་གསུང་གི་སྐུ་སྟེ་ངོ་མཚར་ཆེ་ཧོ༵ཿ

གསུམ་པ་ཐུགས་སངས་རྒྱས་རིགས་ཀྱི་དཀྱིལ་འཁོར་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་ནི། ཐུགས་ལྔ་རྫོགས་པས་ཨ༵་སངས་རྒྱས་ཐམས་ཅད་ཀྱི་སྐུ༵་གསུང༵་ཐུགས༵་ཀྱི༵་རྫོ༵གས་པ༵་ཆེན༵་པོ་རྣམ་པར་སྣང་མཛད་དོ། །དེ་ཉིད་ལ་ཡོ༵ན་ཏན༵་དང་ཕྲིན༵་ལ༵ས་མ་ལུས་པ་ཀུན༵་ཏུ༵་རྫོ༵གས་པ་ནི་ཐུགས་ཀྱི་ཐུགས་སོ། །ཡོན་ཏན་ཕུན་སུམ་ཚོགས་པ་རྣམས་མ་བཙལ་པར་ཡེ༵་ནས༵་ལྷུན༵་རྫོགས༵་སུ་གནས་པ་རང་བཞིན་ཀུན༵་ཏུ༵་བཟ༵ང་པོའི་ངང་ནི་ཐུགས་ཀྱི་གསུང་ངོ་། །དེའི་ཚེ་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་སྣང་དུ་འདུས༵་པའི༵་ཚོགས༵་ཆེན༵་པོ་ནི་རང་བཞིན་དག་པས་ཐི༵ག་ལེ༵་ཆེ༵ན་པོ་སྟེ་ཐུགས་ཀྱི་སྐུའོ། །ལྷུན་གྱིས་གྲུབ་པས་ཧོ༵ཿཞེས་སོ། །

བཞི་པ་ཡོན་ཏན་རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་དུ་མཉམ་ཉིད་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་ནི། ཡོན་ཏན་ཕུན་སུམ་ཚོགས་པ་ལྔ་ལྷུན་གྱིས་གྲུབ་པས་ཨ༵་ཞིང་ཁམས་ཕུན་སུམ་ཚོགས་པ་ཆོས་ཀྱི་དབྱིངས་མཚན་མ་ཐམས་ཅད་མི༵་དམི༵གས་ཤིང་ཐབས་ཤེས་ཀྱི་སྒྱུ༵་འཕྲུལ༵་ལྷུན་སྟུག་པོ་བཀོད་པའི་རང་སྣང་མཉམ༵་པའི༵་དབྱིང༵ས་ན་གཞལ་ཡས་ཁང་དང་། ལྷའི་དཀྱིལ་འཁོར་མཐ༵འ་ཡ༵ས་པ་རྒྱན་གྱི་བྱེ་བྲག་ཀུན༵་ཏུ༵་ཀླུབས་ཤིང་འོད་ཟེར་སྣ༵་ཚོ༵གས་པ་ཕྱོགས་བཅུར་འཕྲོ༵་བ་ནི་ཡོན་ཏན་གྱི་སྐུའོ། །ཡེ་ཤེས་མཐ༵འ་ཡ༵ས་པ་ཀུན༵་ན༵ས་ལྷུན༵་གྱིས༵་གྲུབ་ཅིང་དབྱེར་མེད་མཉམ་པའི་ངང་དུ་ཐི༵མ་པ་ནི་བརྡའམ་རང་བཞིན་ཏེ་ཡོན་ཏན་གྱི་གསུང་ངོ་། །ཏིང་ངེ་འཛིན་དང་རྫུ་འཕྲུལ་དང་མངོན་པར་ཤེས་པ་ལ་སོགས་པ་སྣ༵་ཚོ༵གས་ཀྱི་གཏེར་ཡིད་བཞིན་གྱི་ནོར་བུ་ལྟར་དགོས་འདོད་འབྱུང་བའི་སྐུ༵་གསུང༵་ཐུག༵ས་ཆེན༵་པོ་མངའ་བ་ནི་ཡོན་ཏན་གྱི་ཐུགས་ཏེ་ངོ་མཚར་ཆེ་ཧོ༵ཿཞེས་སོ། །

ལྔ་པ་འཕྲིན་ལས་ལས་(༢༦༡)ཀྱི་རིགས་ཀྱི་དཀྱིལ་འཁོར་དུ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་ནི། འཕྲིན་ལས་ལྔ་ལྷུན་གྱིས་གྲུབ་པས་ཨོ༵ྃ་གདུལ་བྱའི་འཇིག་རྟེན་དྲུག་གི་ཕྱོག༵ས་བཅུའི༵་སྣོད་དང་བཅུད་ཀྱི་འཇིག༵་རྟེན༵་ཞིང་གི་རྡུལ༵་ཕྲ་བ་སྙེད༵་དུ༵་འཇུག་པ་ནི་གདུལ་བྱའི་ཞིང་ཁམས་ཕུན་སུམ་ཚོགས་པའོ། །དེ་དག་ཏུ་རྒྱལ༵་བའི༵་དོན༵་ཕྲིན་ལས་རྣམ་པ་བཞི་པོ་རྣམ༵ས་ཀྱི་གྲངས་ཀྱང་རྡུལ༵་ཕྲན༵་སྙེད༵་སྟོན་པ་ནི་མཛད་པ་རང་གི་ངོ་བོ་ཡིན་ཏེ་འཕྲིན་ལས་ཀྱི་སྐུའོ། །གང་གིས་སྟོན་ན་གང་ལ་གང་འདུལ་གྱི་སྤྲུལ༵་པ༵་ཡང་རྡུལ༵་ཕྲན༵་གྱི་གྲངས་དང་མཉམ་པ་བས༵མ་ཡ༵ས་ཀྱིས༵་གདུལ་བ་ནི་སྤྲུལ་པ་འཕྲོ་བ་སྟེ་འཕྲིན་ལས་ཀྱི་གསུང་ངོ་། །ཇི་ལྟར་འདུལ་ན་སྤྲུལ་བ་དེ་དག་གིས་ཞིང་དེ་དག་ཏུ་སྐད༵་ཅིག༵་ཡུད༵་ཙམ་ལ༵་ཁྱབ་ནས་འབད་རྩོལ་མེད་པར་འགྲོ་བའི་དོན་ལྷུན༵་གྱིས༵་གྲུབ༵་པ་ནི། ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་རྩོལ་མེད་དུ་གྲུབ་པས་འཕྲིན་ལས་ཀྱི་ཐུགས་སོ། །དེ་ནི་ངོ་མཚར་བས་ཧོ༵ཿཞེས་བཞད་པའོ། །

གཉིས་པ་དཀྱིལ་འཁོར་གྱི་དབང་ཕྱུག་ཡབ་ཡུམ་ལ་བྱེ་བྲག་ཏུ་བསྟོད་པ་ནི། སྐུ་དང་ཡེ་ཤེས་ལྷུན་གྱིས་རྫོགས་པས་ཨ༵་ཕྱོགས་བཅུ་དུས་བཞི་དང་རང་སྣང་གི་རིགས་ལྔའི་དཀྱིལ་འཁོར་ཐམ༵ས་ཅ༵ད་མ༵་ལུས༵་པའི་རང་བཞིན་ནི་སྐུ༵་གསུང༵་ཐུག༵ས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡིན་ལ། དེ་དག་གི་སྐུ༵་གསུང༵་ཐུག༵ས་ཀྱི༵་བྱེད་པ་པོའི་བད༵ག་ཉིད༵་ཆེ༵ན་པོ་ནི་ཀུན་ཏུ་བཟང་པོ་དང་། སྐུ༵་གསུང༵་ཐུག༵ས་ཀྱི༵་བྱ་བ་མོས་ཡུལ་ཀུན༵་ཏུ༵་ཁྱབ༵་པ་ནི་ཀུན་ཏུ་བཟང་མོ་སྟེ། ཡབ་ཡུམ་གཉིས་སུ་མེད་པའི་རང་བཞིན་དེ་ནི་འཁོར་འདས་ཐམས་ཅད་སྐུ༵་གསུང༵་ཐུག༵ས་ཀྱི་ངོ་བོ་ཡེ་ནས་སངས་རྒྱས་པའི་ཆོས་ཉིད་ཐི༵ག་ལེ༵་ཆེ༵ན་པོའི་དབྱིངས་སུ་བྱང་ཆུབ་པས་དུས་གསུམ་འཕོ་འགྱུར་མེད་པའི་རང་བཞིན་གཞི་ལམ་འབྲས་བུའི་ཀུན་ཏུ་བཟང་པོ་ཡབ་ཡུམ་ནི་སངས་རྒྱས་དང་སེམས་ཅན་ཀུན་གྱི་གདོད་མའི་མགོན་པོར་ལྷུན་གྱིས་གྲུབ་པས་ཧོ༵ཿཞེས༵་དགྱེས་པ་ཆེན་པོའི་གླུས་བསྔགས་པའོ། །

གསུམ་པ་སྐབས་ཀྱི་དོན་བསྡུ་བ་ནི། ཚུལ་དེ་སྐད་ཅེས་ལྷུན་སྟུག་པོ་བཀོད་པའི་ཞིང་རང་སྣང་དག་པའི་འཁོར་ལ་ཞུ་བ་པོ་མེད་པར་ཆེད་དུ་བསྒྲག༵ས་སོ༵། །འབྲས་བུ་གསང༵་བའི༵་སྙིང༵་པོ༵་སྐུ་དང་ཡེ་ཤེས་ཀྱི་དེ༵་ཁོ༵་ན༵་ཉིད༵་ངེ༵ས་པ༵་ལ༵ས། གནས་ལུགས་ཇི་ལྟ་བཞིན་བསྟོད༵་པ༵ས་དཀྱིལ་འཁོར་དང་དཀྱིལ་འཁོར་གྱི་དབང་ཕྱུག་ཆེན་པོ་ཉིད་རང་བཞིན་ལྷུན་གྱིས་མཉེས༵་པ༵འི་ལེ༵འུ་སྟེ༵་བཅུ༵་བཞི༵་པའི་རྣམ་པར་བཤད་པ༵འོ༵།། །།


previousལེའུ་བཅུ་བཞི་པའི་རྣམ་པར་བཤད་པ།next