Nitartha Digital Library
Tibetan
གླེགས་བམ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྣང་སྲིད་འཁྲུགས་པ་ཡོ་བཅོས་ཀྱི་གཏོ་ཆེན་པོ་བཀྲ་ཤིས་ཕན་བདེ།
   
   
   
   


 
previousསྣང་སྲིད་འཁྲུགས་པ་ཡོ་བཅོས་ཀྱི་གཏོ་ཆེན་པོ་བཀྲ་ཤིས་ཕན་བདེ།next

སྣང་སྲིད་འཁྲུགས་པ་ཡོ་བཅོས་ཀྱི་གཏོ་ཆེན་པོ་བཀྲ་ཤིས་ཕན་བདེ།


MR06_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སྲིད་འཁྲུགས་པ་ཡོ་བཅོས་ཀྱི་གཏོ་ཆེན་པོ་བཀྲ་ཤིས་ཕན་བདེ་ཞེས་བྱ་བ་བཞུགས་སོ། །


MR06_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སྲིད་འཁྲུགས་པ་ཡོ་བཅོས་ཀྱི་གཏོ་ཆེན་པོ་ནི། སྐྱབས་སེམས་ཚད་མེད་བཞི་བསྒོམ་པའི་རྗེས་སུ། རང་ཉིད་འཕགས་པ་འཇམ་དཔལ་དུ་གསལ། ཨོཾ་ཨཱཿཧཱུྃ། ཨཱརྱ་མཉྫུ་ཤྲཱི་དྷརྨ་དྷཱརྟུ་ཛྙཱན་གརྦྷ་ཨཱཿཅེས་ཅི་རིགས་བཟླས། གཏོ་གཞི་སོགས་ནི། རས་བྲིས་སམ་ཁམ་སའི་རུས་སྦལ་སེར་པོ་གན་རྐྱལ་གྱི་སྟེང་དུ། མགོ་བོར་གླུད་དང་གཏོར་མ་དམར་པོ་དར་དམར་བཙུགས་པ་དང་། ཏིང་ལོ་མེ་འབར་བ། གཞོག་གཡས་གླུད་གཏོར་དང་བཅས་ལྗང་གུ་ཤིང་ལོ་རྒྱས་གང་རུང་། གཞོག་གཡོན་གླུད་གཏོར་དར་དཀར། ལྕགས་རིགས་མཇུག་མ་གླུད་གཏོར་དར་བཅས་སྔོན་པོའམ་ནག་པོ། ཆུ་སྣོད་དང་སྐྱེམས་ཕུད་རིགས། ཡན་ལག་བཞིར་གླུད་གཏོར་དར་བཅས་སེར་པོ་དང་། ས་ཡི་ཀོང་བུ་གྲུ་བཞིའི་ནང་དུ་འབྲུ་དང་གསེར་ཕྱེའམ་ས་སེར། རུལ་སྦལ་གྱི་མགོ་བོའི་ཕྱོགས་སུ་ནམ་མཁའ་ཁ་དོག་ལྔ་བ་དང་ཤིང་རིས་ཁྲ་བོ། གཡས་སུ་ཕོ་ཏོང་དང་མདའ་ཁྲ། གཡོན་དུ་མོ་ཏོང་དང་འཕང་ཁྲ།


MR06_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་མར་རྒྱུང་བུ་དང་རྩང་བཀོད། རུས་སྦལ་གྱི་ལྟོ་བའི་དབུས་སུ་རི་རབ་བང་རིམ་བཞི་པའི་སྟེང་། གཏོར་ཟླུམ་འདབ་བཞི་ཟས་སྣས་བསྐོར་བའི་རྩེར་རྒྱལ་མཚན་ཞིག་བཙུགས། གཏོ་དེ་ཡི་མདུན་ནམ་ཕྱོགས་གང་བདེར་མི་གླུད་དང་ཕྱུགས་གླུད། ཤེལ་ཚི་གཟས་སྣ་རས་སྣ་དར་སྣ་སོགས་མདོས་ཆས་ཀྱི་ཡོ་བྱད་ཅི་འབྱོར་བཤམས་ནས། ཆབ་བྲན་ལ་སྔགས་དྲུག་ཕྱག་དྲུག་དང་། ཨ་ཀཱ་རོ་སོགས། སྣང་སྲིད་འཁོར་འདས་ཀྱི་མགྲོན་ཐམས་ཅད་རང་ལ་ཇི་ལྟར་འཚམས་པའི་འདོད་ཡོན་མི་ཟད་ནམ་མཁའི་མཛོད་ཀྱི་འཁོར་ལོ་ཀུན་བཟང་བདེ་བ་ཆེན་པོའི་གཏེར་དུ་བྱིན་གྱིས་བརླབས་ལ། ལྟ་དགོངས་དང་ལྡན་པས་སྨྲེང་གྱེར་བ་ནི། ཧཱུྃ། ང་ནི་འཕགས་པ་འཇམ་དཔལ་ཡིན། །ང་ཡི་ཐུགས་རྗེའི་ཆོ་འཕྲུལ་ལས། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི། །མ་ཧཱ་གསེར་གྱི་རུས་སྦལ་ཤར། །རུས་སྦལ་དེ་ལས་སྲེད་པ་འདིའི། །ནམ་མཁའི་ངང་


MR06_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གཡོ་བའི་རླུང་། །སྨིན་བྱེད་མེ་དང་སྡུད་བྱེད་ཆུ། །འཐས་བྱེད་ས་ཡི་འབྱུང་བ་ལྔ། །ཕྲ་རག་ཚུལ་གྱིས་ནང་དང་ཕྱིར། །སྣོད་དང་བཅུད་ཀྱི་རྣམ་པ་བྱུང་། །སྤར་ཁ་བརྒྱད་དང་སྨེ་བ་དགུ། །ལོ་འགྲོའི་བཅུ་གཉིས་ས་བདག་ཚོགས། །གཟའ་དང་སྐར་མ་སྡེ་བརྒྱད་དང་། །སྲིད་པའི་དབང་ཆེན་དྲེགས་པའི་ཚོགས། །རིགས་དྲུག་སྐྱེ་འགྲོ་ཐམས་ཅད་བྱུང་། །ཕན་གནོད་ལྷ་འདྲེ་བདག་དང་གཞན། །སྐྱེ་དང་གནས་དང་འཇིག་པ་དང་། །འགྲོ་དང་འོང་དང་བདེ་དང་སྡུག །བཟང་ངན་བླང་དོར་སྣ་ཚོགས་པ། །མི་མཉམ་སྒྱུ་མའི་སྣང་བ་བྱུང་། །ཐམས་ཅད་ང་ཡི་རོལ་པ་ཡིན། །ང་ཉིད་དབྱིངས་ལས་མ་གཡོས་ཀྱང་། །མ་འགགས་ཐུགས་རྗེས་སྤྲུལ་སྐུ་བྱུང་། །བྱུང་བར་སྣང་ཡང་བྱུང་བ་མེད། །ཀྱེ། ཡེ་ཤེས་ལྷ་རྣམས་མདོས་ལ་བྱོན། །ཕྱོགས་སྐྱོང་དཔལ་མགོན་མདོས་ལ་བྱོན། །སྟེང་གི་ལྷ་རྣམས་མདོས་ལ་བྱོན། །འོག་གི་ཀླུ་རྣམས༴ བར་གྱི་སྡེ་བརྒྱད་མདོས༴ སྤར་སྨེ་གཟའ་སྐར་མདོས༴ ལོ་ཟླ་ཞག་དུས་གནས་དང་རྒྱུ། །སྲིད་པའི་ལྷ་རྣམས་མདོས༴ རིགས་དྲུག་སེམས་ཅན་མདོས༴ སྣང་ཞིང་སྲིད་པས་བསྡུས་པ་ཀུན། །དེ་རིང་རིག་རྩལ་མགྲོན་དུ་འབོད། །མགྲོན་དུ་མ་བོས་གཅིག་ཀྱང་མེད། །རིག་པ་སྐྱེ་མེད་ཀློང་ཡངས་ནས། །མ་འགགས་ཐབས་ཀྱི་རྟེན་འབྲེལ་ལས། །ཅིར་ཡང་འཆར་ཞིང་


MR06_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ཡང་སྲིད། །ཅིར་ཡང་མི་བདེན་སྒྱུ་མའི་ཚུལ། །ངང་ལ་གཡོ་འཁྲུགས་མེད་མོད་ཀྱང་། །རྣམ་རྟོག་དབང་གིས་གཡོ་འཁྲུགས་བྱུང་། །རྣམ་རྟོག་གཡོ་ཞིང་འཁྲུགས་པའི་རྒྱུས། །ཕྱི་རོལ་དངོས་པོ་གཡོ་འཁྲུགས་སྣང་། །རྣམ་རྟོག་འཁྲུགས་པའི་རྒྱུ་དང་རྐྱེན། །ཡེ་ནས་འཁྲུགས་མེད་ངང་ཉིད་དུ། །བཅོས་པར་བྱེད་པའི་གཏོ་དང་དཔྱད། །འགྲོ་ལ་རྩི་དང་སྨན་དུ་ཆེ། །ཧོ། མ་ཧཱ་གསེར་གྱི་རུས་སྦལ་གྱི། །ལུས་ལ་སྣང་སྲིད་ཐམས་ཅད་རྫོགས། །རང་སྣང་འདོད་ཡོན་ལྷུན་གྱིས་གྲུབ། །འདི་ན་སྣང་སྲིད་མགྲོན་རྣམས་ལ། །རང་རང་སོ་སོར་ཅི་འདོད་པའི། །མཁོ་དགུའི་ལོངས་སྤྱོད་ཟད་པ་མེད། །རྒྱུ་ནི་ཡས་གླུད་དངོས་པོ་ལ། །རྐྱེན་ནི་སྔགས་དང་ཕྱག་རྒྱས་བསྒྱུར། །སེམས་ཀྱི་དམིགས་པས་འདོད་དགུར་སྦེལ། །འདོད་ཡོན་མི་ཟད་ནམ་མཁའི་མཛོད། །རང་བཞིན་སྐྱེ་མེད་ཆོས་ཀྱི་དབྱིངས། །རིག་རྩལ་བདེ་ཆེན་གཏེར་མདོས་འདིས། །རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང་། །བཀའ་ཉན་དཔལ་མགོན་ཐུགས་དམ་བསྐང་། །གཙུག་ལག་ལྷ་ཡི་ཐུགས༴ གདོན་བགེགས་འབྱུང་པོའི་ཐུགས༴ སྣང་སྲིད་ལྷ་འདྲེའི་ཐུགས་དམ་བསྐང་། །རིགས་དྲུག་སེམས་ཅན་ཐུགས་དམ་བསྐང་། །ནམ་མཁའི་དབྱིངས་ཀྱི་མཐའ་ཡས་པའི། །སེམས་ཅན་སྐྱེ་འགྲོ་མ་


MR06_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་པ། །ཡེ་སངས་རྒྱས་པའི་དོན་དམིགས་ཏེ། །སྣང་སྲིད་གཞིར་བཞེངས་མདོས་ཆེན་འདིས། །ཡེ་བསྐང་ཆེན་པོའི་ངང་ཉིད་དུ། །ཐུགས་དམ་བསྐང་ངོ་ས་མ་ཡཱ། །མ་བསྐང་བ་ནི་གཅིག་ཀྱང་མེད། །མ་འཆོས་པ་ནི་གཅིག་ཀྱང་མེད། །མ་ཞི་བ་ནི་གཅིག་ཀྱང་མེད། །མ་གྲོལ་བ་ནི་གཅིག་ཀྱང་མེད། །ཐམས་ཅད་མཉམ་ཉིད་ཆོས་དབྱིངས་སུ། །ཞི་བ་ཆེན་པོའི་མདོས་བཏང་ངོ་། །བསྒྱུར་བ་ཆེན་པོའི་གཏོ་བཏང་ངོ་། །བཏང་བར་མེད་ཀྱང་བཏང་བར་སྣང་། །བཏང་ནས་ཟློག་མེད་དབྱིངས་སུ་ཐིམ། །འགྱུར་བ་མེད་པས་ཐིག་ལེར་འཁྱིལ། །བདེ་བ་ཆེན་པོའི་ངང་དུ་གནས། །ཐུགས་དམ་བསྐང་ངོ་ས་མ་ཡཱ། །ཨོཾ་ཕྱི་སྣོད་འཇིག་རྟེན་མདོས་ཁང་དུ། །ཨཱཿནང་བཅུད་སེམས་ཅན་མདོས་སུ་བཤམས། །ཧཱུྃ་སྣང་སྲིད་འདོད་དགུའི་སྤྲིན་ཕུང་འཕྲོ། །ཧོཿའཁོར་འདས་མཉམ་པ་ཆེན་པོར་བསྐང་། །འདི་ལྟར་གསུམ་མམ་བདུན་སོགས་བསགས། ཨཱཿཞི་བ་ཆེན་པོའི་གཏོ་འདི་ཡིས། །མི་ཞི་བ་ནི་གཅིག་ཀྱང་མེད། །དཀོན་མཆོག་བདེན་པ་བསླུ་བ་མེད། །འཇམ་དཔལ་བཀའ་ཡིས་མི་འགྲུབ་མེད། །རྟེན་འབྲེལ་ཐབས་ཀྱིས་མི་བསྒྱུར་མེད། །ཆོས་ཀུན་རྟེན་འབྲེལ་བསླུ་མེད་དང་། །ཆོས་དབྱིངས་འགྱུར་མེད་བདེན་པ་དང་། །སངས་རྒྱས་ཆོས་དང་དགེ་འདུན་དང་། །སྔགས་དང་ཕྱག་རྒྱ་ཏིང་འཛིན་


MR06_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །བདེན་པ་ཆེན་པོའི་བྱིན་རླབས་དང་། །རྟེན་འབྲེལ་ཐབས་ཀྱི་ཆོ་ག་འདིས། །ཕྱི་རུ་འབྱུང་བའི་གཡོ་འཁྲུགས་བཅོས། །ནང་དུ་དུག་ལྔའི་གཡོ་འཁྲུགས་བཅོས། །བར་དུ་སྡེ་བརྒྱད་གཡོ་འཁྲུགས་བཅོས། །སྣང་སྲིད་འཁྲུགས་པ་ཡོ་ནས་བཅོས། །ཡོངས་སུའམ་རིལ་བོར་རམ་རྫོགས་པའམ་གཞི་ནས་ཞེས་པའི་དོན་ཏོ། །རང་དབང་བྱེད་པོ་འགའ་མེད་ཀྱང་། །ཕྱི་ནང་རྒྱུ་རྐྱེན་རྟེན་འབྲེལ་ལས། །བདེ་དང་སྡུག་བསྔལ་སྣ་ཚོགས་སྣང་། །རྟེན་འབྲེལ་དོན་རྟོགས་རྣལ་འབྱོར་པས། །བཅོས་ན་ཅི་ཡང་འཆོས་པ་ཡིན། །སྒྲུབ་ན་ཅི་ཡང་འགྲུབ་པ་ཡིན། །ཟློག་ན་ཅིར་ཡང་བཟློག་པ་ཡིན། །སྒྱུར་ན་ཅིར་ཡང་བསྒྱུར་བ་ཡིན། །ཧཱུྃ་བྷྱོཿ ནད་དང་གདོན་དང་བྱད་སྟེམས་དང་། །འཐབ་དང་རྩོད་དང་འཁྲུགས་པ་དང་། །རྨི་ངན་ལྟས་ངན་མཚན་ངན་རྣམས། །ཟློག་གོ་སྐྱེ་མེད་གློང་དུ་ཟློག །འཇིགས་པ་རྣམ་པ་སྣ་ཚོགས་དང་། །རྒུད་པ་རྣམ་པ་སྣ་ཚོགས་དང་། །སྡུག་བསྔལ་རྣམ་པ་སྣ་ཚོགས་པ། །སྣ་ཚོགས་རོ་མཉམ་དབྱིངས་སུ་བསྒྱུར། །མདོར་ན་མི་མཐུན་འགའ་སྐྱེན་རིགས། །མི་འདོད་བར་དུ་གཅོད་པ་ཀུན། །རྟེན་འབྲེལ་ཐབས་ཀྱི་ཆོ་ག་ཡིས། །ཟློག་གོ་བསྒྱུར་རོ་དབྱིངས་སུ་བསྒྱུར། །སྣང་སྲིད་འཁོར་འདས་སྣང་བ་ཀུན། །བྱུང་ཡང་དབྱིངས་ཀྱི་ངང་


MR06_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་། །གནས་ཀྱང་དབྱིངས་ཀྱི་ངང་དུ་གནས། །འགགས་ཀྱང་དབྱིངས་ཀྱི་ངང་དུ་འགགས། །འཁྲུགས་པ་མེད་དོ་མཉམ་པ་ཉིད། །གཡོ་བ་མེད་དོ་ཆོས་ཀྱི་དབྱིངས། །ནམ་ཡང་གཡོ་འཁྲུགས་མེད་པར་ནི། །སྣང་སྲིད་ཐམས་ཅད་མཉམ་པར་བཅོས། །བླ་མ་རྩ་གསུམ་དགྱེས་པར་མཛོད། །སྣང་སྲིད་དྲེགས་པ་མགུ་བར་མཛོད། །རིགས་དྲུག་སེམས་ཅན་ཚིམས་པར་མཛོད། །ཐམས་ཅད་བདེ་ཆེན་ངང་དུ་གནས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །སངས་རྒྱས་ཀུན་གྱི་རང་བཞིན་ཆེ། །སེམས་ཅན་ཀུན་ཀྱང་དེའི་ངང་གནས། །ང་ནི་ཐིག་ལེ་ཉག་གཅིག་དང་། །གཤེགས་སོ་བཞུད་དོ་ཡ་ལ་ལ། །གསོལ་ལོ་བདེའོ་ཀུན་སྣང་འཕྲུལ། །སྟོང་ངོ་ཡངས་སོ་སྐྱེ་མེད་ཀློང་། །མཉམ་མོ་སྙོམ་མོ་འདུ་འབྲལ་མེད། །གདོད་ནས་རྣམ་དག་བདེ་བ་ཆེ། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག །ཆོས་དབྱིངས་ཡེ་ཤེས་སྙིང་པོ་ཨཱཿཅེས་བརྗོད་ལ་གཏོ་ཡས་རྣམས་ཕྱོགས་གང་བདེར་གཏོང་། ཕྱོགས་བརྩི་མི་དགོས། གཏོ་སྣ་སུ་འཕྲད་ཀྱང་ལེགས་པ་ལས་གཏོ་སྣའི་དྲག་དབལ་མི་ཕོག །མདོས་ཀྱི་རྒྱལ་པོ་འདིས་མདོས་གང་དང་གང་གི་གོ་ཆོད། ལས་གང་དང་གང་ཡང་འགྲུབ། དོན་ནི་ཅི་དང་ཅི་ལ་ཡང་དམིགས་པ་བྱེད་པ་གལ་ཆེ། དེ་ནས་མཐའ་རྟེན་དུ་སྦྱིན་བདག་ལ། བཀྲ་ཤིས་རྫས་བརྒྱད་རིམ་པར་སྦྱིན་ཏེ་ཐོག་མར་རྟེན་འབྲེལ་སྙིང་པོ་བཟླས་ལ། །ཉོན་མོངས་རྣམ་རྟོག་


MR06_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུགས་པ་ཡི། །ཡིད་ཀྱི་ཉེས་པ་གང་མཆིས་པ། །མེ་ལོང་ཡེ་ཤེས་རྒྱ་མཚོའི་ངང་། །རྙོགས་མེད་ཡེ་དག་ཉིད་གྱུར་ཅིག །བཟང་ངན་སྣ་ཚོགས་བརྗོད་པ་ཡིན། །ངག་གི་ཉེས་པ་གང་མཆིས་པ། །དུང་དཀར་ཆོས་ཀྱི་སྒྲ་དབྱངས་ཀྱིས། །ཉེས་མེད་བདེ་ལེགས་ཉིད་གྱུར་ཅིག །ཚ་གྲང་ནད་སྣ་འཁྲུགས་པ་ཡི། །ལུས་ཀྱི་ཉེས་པ་གང་འཆིས་པ། །གི་ཝཾ་བདུད་རྩིའི་སྨན་མཆོག་གིས། །ཟུག་རྔུ་ཀུན་དང་བྲལ་གྱུར་ཅིག །གདོན་རིགས་སྣ་ཚོགས་འཁྲུགས་པ་ཡི། །བགེགས་ཀྱི་ཉེས་པ་གང་མཆིས་པ། །ཡུངས་དཀར་རྡོ་རྗེ་ཁྲོ་བོ་ཡིས། །རྩད་ནས་འཇོགས་ཤིང་ཞི་གྱུར་ཅིག །ཕྱི་ནང་མི་མཐུན་སྣ་ཚོགས་རྐྱེན། །གང་མཆིས་ཉེས་པ་ཐམས་ཅད་ཀུན། །བིལ་བ་རྒྱུ་འབྲས་བཟང་ལྡན་པས། །མཐུན་པའི་གྲོགས་སུ་འཆར་གྱུར་ཅིག །དུས་མིན་འཆི་སོགས་འཇིགས་པ་ཡི། །ཉེས་པ་རྣམ་པ་སྣ་ཚོགས་དག །དཱུརྦ་རྡོ་རྗེའི་ཚེ་མཆོག་གིས། །ཞི་ཞིང་འཇིགས་མེད་སྟོབས་ཐོབ་ཤོག །དོན་རྣམས་རྒུད་པ་སྣ་ཚོགས་ཀྱི། །ཕོངས་རྒུད་ཉེས་པ་གང་མཆིས་པ། །ཞོ་ནི་ཡོན་ཏན་བཅུད་སྙིང་གིས། །རབ་ཞི་དོན་ཀུན་དཔལ་ལྡན་ཤོག །སྣང་སེམས་རང་དབང་མ་གྱུར་པའི། །གཞན་དབང་ཉེས་པ་གང་མཆིས་པ། །ལི་ཁྲི་དབང་གི་རང་བཞིན་གྱིས། །རབ་ཞི་རང་དབང་


MR06_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་ཤོག །བཀྲ་ཤིས་ལྷ་མོ་བརྒྱད་རྣམས་ཀྱིས། །ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་ཤོག །ཡང་དག་ཆོས་ཉིད་མཉམ་པ་ཡིས། །རྟག་ཏུ་མི་འགྱུར་བཀྲ་ཤིས་ཤོག །ཕོངས་རྒུད་ཉེས་པ་ཇི་སྙེད་ཞི་བྱེད་པ། །བདེ་གཤེགས་བྱིན་རླབས་བཀྲ་ཤིས་རྫས་མཆོག་བརྒྱད། །དེང་འདིར་སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་ཐོབ་ཤོག །ཅེས་བརྗོད་ཅིང་མེ་ཏོག་འཐོར་བར་བྱའོ། །རིག་པའི་མེ་ལོང་དྭངས་བ་ལ། །རྣམ་མང་ཆོས་ཀྱི་གཟུགས་བརྙན་ཤར། །དུས་སུ་ཆེད་དུ་མ་བསྒྲིགས་ཀྱང་། །རང་སྣང་རང་ཤར་རྟེན་འབྲེལ་མཐུའོ། །རྟེན་འབྲེལ་དབང་གིས་རྟེན་འབྲེལ་གྱི། །གཏོ་ཐབས་ཆོ་ག་འདི་བྲིས་པས། །རྟེན་འབྲེལ་ཐབས་ཀྱིས་འགྲོ་ཀུན་ལ། །ཕན་བདེ་སྣ་ཚོགས་བྱེད་གྱུར་ཅིག །གཏོ་སྒྲོམ་འབུམ་ཏིག་གི་ལག་ལེན་གཏོ་ཆོག་བཀྲ་ཤིས་འདོད་འཇོའི་རྗེས་ཐོག་ཏུ་འདི་འདྲ་ཞིག་ཡིད་ལ་ཡང་བཞིན་གྱིས་ཤར་བ་མེ་ལུག་རྒྱལ་ཟླའི་ཚེས༢༣ལ་མི་ཕམ་འཇམ་དཔལ་རྡོ་རྗེས་བྲིས་པ་དགེ། །།


previousསྣང་སྲིད་འཁྲུགས་པ་ཡོ་བཅོས་ཀྱི་གཏོ་ཆེན་པོ་བཀྲ་ཤིས་ཕན་བདེ།next