ཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་ཐེངས་གཉིས་པའི་དྲིས་ལན་ལུང་རིགས་འདོད་འཇོ་དཔག་བསམ་ལྗོན་ཤིང་།
ཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་ཐེངས་གཉིས་པའི་དྲིས་ལན་ལུང་རིགས་འདོད་འཇོ་དཔག་བསམ་ལྗོན་ཤིང་ཞེས་བྱ་བ་བཞུགས་སོ། །
ཨོཾ་སྭ་སྟི། རྒྱལ་བ་མཆོག་གིས་མཆོག་ཁྱོད་ལུང་བསྟན་བསྟན་པ་འཛིན་པའི་བདག །བདག་ཉིད་དམ་པས་དམ་ཆོས་ཆོས་ཀུ༷ན་ཀུན་ནས་མཁྱེ༷ན་པའི་ཐབས། །ཐབས་ཤེ༷ས་ལེགས་སྟོན་སྟོན་པའི་གསུང་ར༷བ་རབ་འབྱམས་མཁྱེན་པའི་ཐུགས། །ཐུགས་རྗེས་རྒྱ༷ལ་དགོངས་དགོངས་འགྲེལ་འགྲེལ་བཤད་དགེ་མཚ༷ན་བཞད་པའི་གཉེན། །རྟོན་པ་བཞི་ལྡན་གངས་རི་ལས་འོངས་བའི། །མདོ་རྒྱུད་ཀུན་གྱི་དགོངས་བཅུད་ཆུ་གཏེར་ཉིད། །ལེགས་བཤད་པད་དཀར་ཚལ་དུ་དངར་བའི་བདག །རྗེ་བཙུན་སྒྲོལ་མགོན་ཞབས་ལ་སྤྱི་བོས་འདུད། །རང་བློ་དམན་པའི་དབུལ་བ་བསལ་བ་དང༌། །ཆོས་མཐུན་དོན་གཉེར་བློ་ལྡན་གང་དག་ལ། །ཟབ་རྒྱས་ཆོས་ཀྱི་དགའ་སྟོན་སྤེལ་སླད་དུ། །གསུང་རབ་རིན་ཆེན་མཛོད་ཀྱི་སྒོ་ཕྱེའོ། །དེ་ལ་འདིར་བདག་ཅག་གི་བླ་མ་མཉམ་མེད་ཤཱཀྱའི་རྒྱལ་པོས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་སྐུ་བཞིའི་གོ་འཕང་མངོན་དུ་བྱས། དེ་ཡང་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྒྲིབ་གཉིས་ཀྱི་གཡུལ་ངོ་ཕམ་པར་མཛད་ནས་ཐུགས་བརྩེ་བ་ཆེན་པོས་ཉེ་བར་གཟིགས་ཏེ། བསྡུ་བ་བཞིས་གདུལ་བྱ་རིགས་ཅན་གསུམ་གྱི་འགྲོ་བ་མཐའ་དག་སྨིན་གྲོལ་གྱི་ཞིང་དུ་བསྡུས་ནས་སྲིད་པ་དང་ཞི་བའི་རྒུད་པ་མཐའ་དག་ལས་ཡང་དག་པར་བསྒྲལ་ནས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བླ་ན་མེད་པ་ལ་ཉེ་བར་བཞག་པར་བཞེད་དེ། གསུང་རབ་ཡན་ལག་བཅུ་གཉིས་དང་ལྡན་པའི་རིན་པོ་ཆེའི་ཆོས་ཀྱི་ཕུང་པོ་ཇི་སྙེད་ཅིག་བཀའ་བསྩལ་བར་མཛད་ལ། གསུང་རབ་དེ་དག་ལས་བཀའ་ཐ་མ་དོན་དམ་རྣམ་པར་ཕྱེ་བའི་དགོངས་དོན་ནི། རྒྱལ་ཚབ་བྱམས་མགོན་སོགས་ས་བཅུའི་དབང་ཕྱུག་རྣམས་ཀྱིས་ལེགས་པས་བསྐྱངས་པའི་གསེར་སྦྱང་གཙོ་མ་ལྟ་བུའི་གཞན་སྟོང་དབུ་མའི་སྲོལ་བཟང་པོ་ཉིད་ཡིན་ལ། འདི་ནི་ལྷ་དང་བཅས་པའི་འགྲོ་བ་མཐའ་དག་ལ་ཕན་པ་དང་བདེ་བའི་གཞིར་གྱུར་པ་ཡིན་པས་ཚུལ་དེ་གཅེས་པར་འཛིན་རིགས་ཤིང༌། དེ་འཛིན་པ་ཡང་བཤད་སྒྲུབ་ལས་གཞན་པའི་ཐབས་ཀྱིས་ནི་མ་ཡིན་པའི་ཕྱིར་དང༌། སྒྲུབ་པའང་འཆད་ཉན་སྔོན་དུ་འགྲོ་བ་ཅན་ཡིན་པས་ཐོག་མར་འཆད་ཉན་ལ་འཇུག་དགོས་པ་དེས་ན། དེ་སྤེལ་སླད་དུ་ཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་ཐེངས་གཉིས་པའི་དྲིས་ལན་དག་འདིར་གང་བཤད་པར་བྱ་བའི་ཆོས་སོ། །
དྲི་བ་དང་པོ་ཐེག་མཆོག་དབུ་མ་ལས། རྒྱལ་བའི་ལུང་བསྟན་ཞེས་པའི་སྐབས་ཀྱི་ལུང་སྟོན་བྱེད་ཀྱི་མདོ་རྒྱུད་རྣམས་གང་ཡིན་ཞེས་པའི་ལན།
ཐེག་མཆོག་དབུ་མ་ལས། རྒྱལ་བས་ལུང་བསྟན་ཞེས་པའི་སྐབས་ཀྱི་ལུང་སྟོན་བྱེད་ཀྱི་མདོ་རྒྱུད་རྣམས་གང་ཡིན་ཞེས་པའོ། །དེའི་ལན་ནི། ཆོས་རྗེ་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་མཆོག་ལུང་སྟོན་པའི་མདོ་དང་རྒྱུད་བསྟན་བཅོས་རྣམས་འདི་ལྟ་སྟེ། ཀུན་མཁྱེན་ཡབ་སྲས་བཅོ་ལྔའི་རྣམ་ཐར་དུ་བཀོད་པའི་གཙུགས་ཏོར་རྣམ་པར་རྒྱལ་མའི་རྒྱུད་ལས། བདེ་གཤེགས་མྱ་ངན་འདས་འོག་ནས། །ལོ་ནི་སྟོང་ཕྲག་ཕྱེད་རིང་ཚེ། །གདོང་དམར་ཡུལ་དུ་ང་འདྲ་བའི། །བསྟན་པ་འཛིན་པའི་དགེ་སློང་ཞིག ། ཆུ་བོ་ལྗོན་ཤིང་ཕྲེང་མཛེས་སུ། །ཀ་ཡོ་རི་ཡི་གྲོང་ཁྱེར་དུ། །ཡབ་ནི་ཡེ་ཤེས་དབང་ཕྱུག་ཆེ། །ཡུམ་ནི་ཚུལ་ཁྲིམས་རྒྱན་ཞེས་གྲགས། །སྲས་ནི་སངས་རྒྱས་མིང་ཅན་འབྱུང༌། །ང་ཡི་བསྟན་པའི་རྒྱལ་མཚན་འཛུགས། །ཆོས་ཀྱི་དུང་འབུད་དར་ཕྱར་འགྱུར། །ཞེས་དང༌། ཆོས་རྗེ་ཀུན་མཁྱེན་གྱི་དངོས་སློབ་ཆོས་གྲགས་དཔལ་བཟང་པོས་མཛད་པའི་རྣམ་ཐར་གསལ་སྒྲོན་དུ་བཀོད་པའི་ཨ་དྲ་ཤི་ལ་བཀོད་པའི་མདོ་ལས། བཅོམ་ལྡན་འདས་ཀྱི་སྨིན་མཚམས་སུ་རྟོག་པ་ལས་བྱུང་བའི་དམྱལ་ཁམས་ཐམས་ཅད་རབ་ཏུ་འཇོམས་པའི་འོད་ཟེར་སྣ་ཚོགས་པ་འཕྲོས་ནས། མུན་ནག་ཐམས་ཅད་སངས་ཏེ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི་ནས། སངས་རྒྱས་ཀྱི་སྒྲ་དང་ཆོས་ཀྱི་སྒྲ་དང༌། དགེ་འདུན་གྱི་སྒྲས་ཁྱབ་པས། གཤིན་རྗེའི་རྒྱལ་པོ་ཡང་ཁྲི་ལས་བབ་ནས་ཕྱག་འཚལ། དེ་ནས་ཨ་དྲ་ཤི་ལས་བཅོམ་ལྡན་འདས་ལ་ཞུས་ནས། ཆོས་ཀྱི་རྒྱལ་པོས་གསོལ་པ། རྟག་ཏུ་གཟིགས་པ་སྤྱན་རས་གཟིགས། །མ་འོངས་དུས་ཀྱི་ཐ་མ་ལ། །སྙིགས་དུས་སེམས་ཅན་སྐྱོབ་པའི་ཕྱིར། །མ་ཧཱ་སུ་རའི་བྱང་ཕྱོགས་སུ། །ཁ་བ་ཅན་གྱི་ཡུལ་དབུས་ན། །གྲོང་ཁྱེར་ཆེན་པོ་ཀ་ཡོ་རི། །རྣམ་པར་གྲགས་པའི་ས་བདག་ནི། །ཡེ་ཤེས་དབང་ཕྱུག་ཡབ་སྨོས་པ། །དེ་ཡི་སྲས་སུ་བལྟམས་པར་མཐོང༌། །དེ་ལ་གང་འབྲེལ་སེམས་ཅན་ཀྱང༌། །འཕགས་པའི་གང་ཟག་ཤ་སྟག་གོ ། ཞེས་གསུངས་པ་དང༌། ཀུན་མཁྱེན་ཆེན་པོའི་རྣམ་ཐར་རྣམ་བཤད་ཆེན་པོ་དགེ་ལེགས་ནོར་བུའི་ཕྲེང་བར་བཀོད་པའི་བྷི་རི་ཧ་རིའི་མདོ་ལས། ཁ་བ་ཅན་དུ་ཚེ་ལོ་བརྒྱད་ཅུ་ན། །བསྟན་པ་ཉམས་ཏེ་ཆོས་ཉིད་ཁྱད་དུ་སོད། །ལོག་ལྟར་ཞུགས་པའི་དུས་སུ་ལི་ཙཱ་བི། །ཆོས་ཀྱི་སྒྲོན་མེ་ཐོགས་ནས་དོལ་པོ་ཞེས། །ངའི་མིང་དུ་འཛིན་པའི་གྱ་ནོམ་པ། །ལོ་བརྒྱར་ཆོས་ཀྱི་ཆར་བ་ཕབ། །ཐེག་ཆེན་ཆོས་ཀྱི་རྔ་ཆེན་བརྡུང༌། །ཆོས་ཀྱི་མཆོད་སྦྱིན་རྒྱལ་མཚན་བཙུགས། །ཞེས་དང༌། སྤྲིན་ཆེན་པོའི་མདོ་༼སྡེ་དགེའི་བཀའ་འགྱུར་མདོ་མང་ཝ་པོད་ཤོག་གྲངས་བརྒྱ་དང་གྱ་ལྔ་པ༽ལས། ཇི་སྐད་དུ། དེ་ནས་དེའི་ཚེ་ལྷོ་ཕྱོགས་ཀྱི་ཡུལ་འདབ་སྟང་ཟིལ་གྱི་རི་ལས་འོད་སྲུང་ཆེན་པོ་དང་ཐབས་ཅིག་ཏུ་འོངས་པའི་ལྷའི་བུ་རྣམས་སྟེང་གི་བར་སྣང་ལ་ཏ་ལ་བདུན་ཙམ་དུ་འཁོད་ནས་དེ་བཞིན་གཤེགས་པ་ལ་མེ་ཏོག་སིལ་མའི་རིམ་པ་རི་རབ་ཙམ་དག་གཏོར་ནས། མིག་མཆི་མས་གང་སྟེ་ངུ་བཞིན་དུ་ཚིག་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐབས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་འདས་པ་ན། དེ་བཞིན་གཤེགས་པས་གསུངས་པའི་མདོ་འདི་ལྟ་བུ་འདི་དག་འཆང་བར་བགྱིད་པའི་སེམས་ཅན་དེ་དག་ཅི་འདྲ་བ་དག་ཅིག་འབྱུང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་ང་འདས་པའི་འོག་ཏུ་དགེ་བའི་རྩ་བ་བྱས་པ་རྣམས་དང༌། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་དེ་དག་མདོ་སྡེ་འདི་ལྟ་བུ་འདི་དག་འཆང་བར་འགྱུར་ཏེ། གཞན་དག་ལ་ཡང་རྒྱས་པར་སྟོན་པར་འགྱུར་རོ། །སྤྲིན་ཆེན་པོའི་མདོ་འདི་ཡང་ལོ་བཞི་བཅུའི་བར་དུ་འཛམ་བུའི་གླིང་ན་སྤྱོད་པར་འགྱུར་ཏེ་རྒྱས་པར་ཡང་འགྱུར་རོ། །དེའི་འོག་ཏུ་ཕྱི་མའི་དུས་ན་དམ་པའི་ཆོས་སྤོང་བ་དང༌། རྒྱལ་པོ་འཁྲུག་པ་དང༌། དམ་པའི་ཆོས་ནུབ་པར་འགྱུར་བ་མ་འོངས་པའི་དུས་དེ་ན་དགེ་སློང་དང༌། དགེ་སློང་མ་དང༌། དགེ་བསྙེན་དང༌། དགེ་བསྙེན་མ་ལུས་ཡོངས་སུ་མ་སྦྱངས་པ་དང༌། ཚུལ་ཁྲིམས་ཡོངས་སུ་མ་སྦྱངས་པ་དང༌། །སེམས་ཡོངས་སུ་མ་སྦྱངས་བ་དང༌། ཤེས་རབ་ཡོངས་སུ་མ་སྦྱངས་པ་དང༌། ཤེས་རབ་འཆལ་པ་དང༌། ལུག་ལྟར་ལྐུགས་པ་དང༌། ཤེས་རབ་ཡོངས་སུ་ཉམས་པ་རྣམས་ཀྱིས་མདོ་འདི་ལྟ་བུ་འཆད་པ་ཐོས་ན་ཡིད་མི་ཆེས་ཤིང་བགད་པར་བྱེད། སྟིང་བར་བྱེད། འཕྱ་བར་བྱེད་ལ། ལྐོག་ཏུ་སོང་ནས་ཕན་ཚུན་ཟློས་ཤིང་སྨོད་པར་བྱེད་དེ་འཕྱ་བའི་བསམ་པས་དེ་དག་ཚིག་འདི་སྐད་དུ་ངོ་མཚར་ཏོ། །ཞེས་པ་ནས། བཅོམ་ལྡན་འདས་ཡུན་ཇི་སྲིད་ཅིག་ན་དེ་བཞིན་གཤེགས་པའི་སྲས་འོད་སྲུང་ཆེན་པོ་དང་འདྲ་བའི་དགེ་སློང་འབྱུང་བར་འགྱུར། གང་དུ་ནི་སྐྱེ་བར་འགྱུར། དེའི་མིང་ནི་ཇི་སྐད་ཅེས་བགྱི་བར་གཟུང་བར་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་ང་འདས་པའི་འོག་ལོ་བརྒྱ་ཕྲག་མང་པོ་འདས་པ་ན་ལྷོ་ཕྱོགས་ཀྱི་རྒྱུད་དུ་༼འཁོར་གྱི་མི་མང་པོའི་ནང་ནས་འབྱུང་བར་འགྱུར་རོ། །དེའི་ལོ་བརྒྱད་ཅུ༽འཁར་གྱི་རྒྱལ་པོ་བདེ་སྤྱོད་ཅེས་བྱ་བ་འབྱུང་བར་འགྱུར་ཏེ། དེའི་ཚེ་ལོ་བརྒྱད་ཅུ་༽ན་དམ་པའི་ཆོས་ནུབ་པར་འགྱུར་པའི་ལྷག་མ་ཙམ་དུ་ལུས་པའི་དུས་ལ་བབ་པ་དེའི་ཚེ་ངའི་ཉན་ཐོས་འབྱུང་བར་འགྱུར་ཏེ། དམ་པའི་ཆོས་ཀྱང་འབྱིན་པར་འགྱུར། ཆོས་ཀྱི་འཁོར་ལོ་ཡང་བསྐོར་བར་འགྱུར། ཐེག་པ་ཆེན་པོ་ཡང་གཞན་དག་ལ་རྒྱས་པར་འཆད་པར་འགྱུར་རོ། །མདོ་སྡེ་འདི་ལྟ་བུ་དག་བཤད་པ་ཐོས་ནས་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལས་གང་དག་ཐོས་པ་དེ་དག་ཀྱང་ཕྱི་མའི་དུས་ཀྱི་ཚེ་འཛིན་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཡིད་ཆེས་པར་འགྱུར་རོ། །སེམས་ཅན་གང་དག་དེ་བཞིན་གཤེགས་པའི་མཚན་འདི་དག་ཐོས་ན་ཡིད་མི་ཆེས་པ་དང༌།མ་དད་པ་དང༌། ཁ་ཏོན་མི་བྱེད་པ་དང༌། མི་ཀློག་པ་དང༌། མི་འདྲི་བ་དེ་དག་ནི་བདུད་ཀྱི་བྱིན་གྱིས་བརླབས་པ་ཡིན་ནོ། །སེམས་ཅན་གང་དག་དེ་བཞིན་གཤེགས་པའི་མཚན་འདི་དག་ཐོས་ན་ཡིད་ཆེས་པར་བྱེད་ཅིང་དད་པར་འགྱུར་པ་དང༌། ཁ་ཏོན་བྱེད་པ་དང༌།ཀློག་པ་དང༌། འདྲི་བ་དེ་དག་ནི་སངས་རྒྱས་མང་པོས་ཡོངས་སུ་བཟུང་བ་ཡིན་ནོ། །དེ་ནས་དེའི་ཚེ་ལྷའི་བུ་མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོས་བཅོམ་ལྡན་འདས་ལ་བསྐོར་བ་བྱས་ཏེ། ལན་ས་ཡར་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འོད་སྲུང་ཆེན་པོ་དང་འདྲ་བ་དེ་བཞིན་གཤེགས་པ་དང་མིང་མཐུན་པ། བྱམས་པ་ཆེན་པོ་ལ་གནས་པ། ཚུལ་ཁྲིམས་ཆེན་པོ་ལ་དྲག་ཏུ་བརྩོན་པ་ཤིན་ཏུ་མཆོག་ཏུ་མཛེས་པ། རིགས་ཆེན་པོར་སྐྱེས་པ། ཚུལ་ཁྲིམས་དང་ལྡན་པ་ཆེན་པོ་དགེ་སློང་གིས་ཡོངས་སུ་བསྐོར་བ། དུས་དང་བཅས། གྲོང་དང་བཅས་པ་དང༌། རྣམ་པ་ཅི་འདྲ་བ་ཡང་བཅོམ་ལྡན་འདས་ཀྱིས་རྒྱས་པར་བཤད་དུ་གསོལ། བཅོམ་ལྡན་འདས་དགེ་སློང་དེ་བདག་གིས་ཇི་སྲིད་འཚོའི་བར་དུ་བསྲུང་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ་དགེ་སློང་དེ་ལུང་བསྟན་པ་ཉོན་ཅིག དེ་ནི་ང་ལ་དབེན་པ་དང༌། ངའི་བསྟན་པ་འབྱུང་བར་བྱེད་ཅིང་ཁུར་ཆེན་པོ་ཁྱེར་པ་དང༌། ངའི་ཤཱཀྱ་གཞོན་ནུ་ཡིན་ཏེ། མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ་ང་འདས་པའི་འོག་ཏུ་ལྷོ་ཕྱོགས་ཀྱི་རྒྱུད་དྲང་སྲོང་༼དོལ་པོ༽བྱི་བོ་ཞེས་བྱ་བའི་ཡུལ་འཁོར་དུ་༼ཀ་ཡོ་རི༽བསོད་ནམས་ཀྱི་གྲོང་ཁྱེར་བྱེ་མ་ཆེན་པོ་ཞེས་བྱ་བ་འབྱུང་སྟེ། གྲོང་དེའི་འབབ་ཆུ་མཛེས་འབྱོར་ཅེས་བྱ་བ་དེའི་བྱང་ཕྱོགས་ཀྱི་འགྲམ་དུ་འབྱུང་བར་འགྱུར་རོ། དེར་རྗེའུ་རིགས་ཆེན་པོ་རྣམ་པར་དག་པ་འབྲ་གོ་ཅན་ཞེས་བྱ་བའི་སའི་ཕྱོགས་སུ་འབྱུང་བར་འགྱུར་ཏེ། ཤཱཀྱའི་རིགས་གཞོན་ནུ་ལི་ཙ་བཱིའི་བུ་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་དེ་ངའི་ཆོས་འབྱུང་བར་བྱ་བའི་ཕྱིར་ལི་ཙ་བཱིའི་བུ་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་བྱང་ཆུབ་སེམས་དཔའ་མི་མཆོག་དེ་དེར་རིགས་ཆེན་པོར་སྐྱེ་བར་འགྱུར་ཏེ། དེའི་ཕ་མ་དང་གཉེན་སྡེ་རྣམས་ཀྱིས་ངའི་མིང་དེའི་མིང་དུ་འདོགས་པར་འགྱུར་རོ། །འབྲ་གོ་ཅན་གྱི་རྗེའུ་རིགས་ཆེན་པོའི་རིགས་ཀྱང་དེ་བཞིན་གཤེགས་པའི་རིགས་ཡིན་པར་བལྟའོ། །དེའི་ཚེ་དྲང་སྲོང་༼དོལ་པོ་ཞེས་བྱ་བའི༽བྱི་བོའི་ཡུལ་འཁོར་ལ་ང་འབྱོར་ཅིང་རྒྱས་ལ་སྐྱེ་བོ་མང་པོས་གང་བར་འགྱུར་རོ། །དེ་བཞིན་གཤེགས་པ་དང་མིང་མཐུན་པའི ཁྱེའུ་དེ་ཡང་སྐྱེ་བོ་ཐམས་ཅད་ཀྱི་སྙིང་དུ་སྡུག་པར་འགྱུར་ཞིང་སྐྱེ་བོ་མང་པོ་ཐམས་ཅད་ཀྱིས་བཀུར་བར་འགྱུར་རོ། །གང་གི་ཚེ་ཁྱེའུ་དེ་རབ་ཏུ་བྱུང་བ་ན་ཚངས་པ་མཚུངས་པར་སྤྱོད་པའི་འཁོར་དང༌། དགེ་སློང་གི་ཚོགས་རྣམས་ཁྲིད་དེ། རང་གི་སྲོག་དང་བསྡོས་ནས་དམ་པའི་ཆོས་སྟོན་ཅིང༌། དེ་བཞིན་གཤེགས་པའི་སྤྱོད་པ་འབྱུང་པར་བྱེད་དེ། མཆོག་ཏུ་དགའ་བ་སྤྱོད་པར་འགྱུར་རོ། །ཞེས་པ་ནས། མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ་ངའི་ཉན་ཐོས་ཀྱི་ཚིག་ལ་ཡིད་ཆེས་པའི་སེམས་ཅན་དེ་དག་ནི་ཉུང་སྟེ། ཤིན་ཏུ་ཕལ་ཆེར་ནི་མོས་པར་མི་འགྱུར་རོ། །མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ་རྣམ་པ་བཞི་དང་ལྡན་ན་ངའི་ཉན་ཐོས་དེ་བཞིན་གཤེགས་པ་དང་མིང་མཐུན་པའི་དགེ་སློང་གི་ཚིག་ལ་ཡིད་ཆེས་པར་འགྱུར་ཏེ། བཞི་གང་ཞེ་ན། སྔོན་གྱི་མཐར་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་སྔ་མ་རྣམས་ལས་ཟབ་མོ་བརྟན་པའི་ཆུའི་རྒྱ་མཚོའི་དུས་ཚོད་ཀྱི་ཏིང་ངེ་འཛིན་འདི་ཐོས་པ་དང༌། དགཻ་བའི་བཤེས་གཉེན་གྱིས་ཡོངས་སུ་གཟུང་བ་དང༌། ལྷག་པའི་བསམ་པ་ལ་ཞུགས་ཤིང་དགེ་བའི་རྩ་བ་ཉེ་བར་བརྟན་པ་དང༌། རྒྱ་ཆེན་པོ་ལ་མོས་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ། མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ་རྣམ་པ་བཞི་པོ་དེ་དག་གིས་ནི་ངའི་ཉན་ཐོས་ཀྱི་ཚིག་ལ་ཡིད་ཆེས་པར་འགྱུར་རོ། །གང་དག་ཡིད་མི་ཆེས་པ་དེ་དག་ཐམས་ཅད་ནི་བདུད་ཀྱིས་བྱིན་གྱིས་བརླབས་པའི་མི་གཏི་མུག་ཅན་ཡིན་པར་རིག་པར་བྱའོ། །སེམས་ཅན་གང་དག་མོས་པར་འགྱུར་བ་དེ་དག་ནི་སངས་རྒྱས་མང་པོས་ཡོངས་སུ་གཟུང་བ་ཡིན་པར་རིག་པར་བྱའོ། །ཞེས་པ་ནས། མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ་གཞན་ཡང་ངའི་ཉན་ཐོས་དེ་བཞིན་གཤེགས་པ་དང་མིང་མཐུན་པའི་དགེ་སློང་ཆོས་ཀྱི་སྒྲ་ཆེན་པོ་ལན་གསུམ་མངོན་པར་བསྒྲགས་ནས་འཆི་བའི་དུས་བྱེད་པར་འགྱུར་བའི་ཆེ་བ་ཉིད་ལ་ལྟོས། མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ་དེའི་ཚེ་ངའི་དམ་པའི་ཆོས་ཀྱི་ཕྱོགས་ནུབ་པར་འགྱུར་རོ། །དེ་ནི་མཐའ་མར་འབྱུང་བར་འགྱུར་ལ། དེ་དང་འདྲ་བའི་སེམས་ཅན་གཞན་མེད་དེ་མི་སྲིད་དོ། །གསོལ་པ་བཅོམ་ལྡན་འདས་དགེ་སློང་དེ་འདི་ནས་ཤི་འཕོས་ནས་གང་དུ་སྐྱེ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ་ངའི་ཉན་ཐོས་དེ་ནི་འདི་ནས་ཤི་འཕོས་ནས་སངས་རྒྱས་སུ་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ་བཤད་དུ་གསོལ། བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ། །ལེགས་སོ། །རིགས་ཀྱི་བུ་ཁྱོད་ལེགས་ཀྱིས་རིགས་ཀྱི་བུ་ངའི་ཉན་ཐོས་ཀྱི་ཆེ་བ་ཉིད་ཉོན་ཅིག རིགས་ཀྱི་བུ་བསྐལ་བ་བཟང་པོ་འདི་འདས་ཏེ།སངས་རྒྱས་སྟོང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་བསྐལ་པ་དྲུག་ཅུ་རྩ་གཉིས་སུ་སངས་རྒྱས་འབྱུང་བར་མི་འགྱུར་ཏེ། རང་སངས་རྒྱས་བྱེ་བ་ཕྲག་འབུམ་འབྱུང་བར་འགྱུར་རོ། །རིགས་ཀྱི་བུ་བསྐལ་བ་དྲུག་ཅུ་རྩ་གཉིས་པོ་དེ་དག་འདས་ནས་སངས་རྒྱས་གཞན་བདུན་འབྱུང་བར་འགྱུར་རོ། །དེ་ནས་བདུན་པ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་ཚེ་འཇིག་རྟེན་གྱི་ཁམས་མངོན་པར་དང་པ་ཞེས་བྱ་བར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་མངོན་པར་དང་པ་དེར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་རོ། །དེ་བཞིན་གཤེགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་སེམས་ཅན་འཁོད་པ་དེ་དག་ཐམས་ཅད་མཛེས་པར་འགྱུར་ཞིང་དང་བ་ཐོབ་པར་འགྱུར་རོ། །ཞེས་གསུངས་ལ། འདི་རྣམ་ཐར་གསལ་སྒྲོན་དུ། འཕགས་པ་དཀོན་མཆོག་སྤྲིན་མདོའི་ལུང་ཡིན་པ་ལྟ་བུར་གསུངས་ཀྱང་སྤྲིན་ཆེན་མདོ་ཡིན་པར་མངོན། རྣམ་ཐར་གསལ་སྒྲོན་དུ་བཀོད་པའི་ལུང་ཚིག་མི་འདྲ་བ་དགའ་རེ་སྐབས་དེ་དང་དེར་མཆན་གྱི་ཚུལ་དུ་བཏབ་པ་ཡིན་ནོ། །ཁ་ཅིག་ལུང་འདི་ཀླུ་སྒྲུབ་ལུང་སྟོན་བྱེད་ཀྱི་མདོ་ཡིན་ཟེར་ཀྱང་བུ་སྟོན་ཆོས་འབྱུང་དུ་སྤྲིན་ཆེན་གྱི་ལུང་འདི་དྲངས་ནས་ཀླུ་སྒྲུབ་ཀྱི་གསལ་ཁ་མེད་མོད། ཁ་ཅིག་ཀླུ་སྒྲུབ་ཀྱི་མཚན་ཤཱཀྱ་བཤེས་གཉེན་དུ་འདོད་པ་ལྟར་ན་བརྟག་ཅིང༌། རྔ་བོ་ཆེའི་མདོ་ལས། ཀླུ་སྒྲུབ་ལུང་བསྟན་པ་རྒྱས་པར་བཤད་ཅེས་པའང་བརྟག་པར་བྱའོ། །ཞེས་གསུངས་པས་ཀླུ་སྒྲུབ་ལུང་སྟོན་བྱེད་མ་ཡིན་པར་མངོན་ནོ། ། འཕགས་པ་རྔ་བོ་ཆེའི་མདོ་༼སྡེ་དགེའི་བཀའ་འགྱུར་ཛ་པོད་ཤོག་གྲངས་བརྒྱ་ཉེར་གཉིས་སྲིབ་ལྡེབ་ཡིག་ཕྲེང་བཞི་བ་༽ལས། དེ་ནས་བཅོམ་ལྡན་འདས་ཀྱིས་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ། །འོད་སྲུང་ཁྱོད་ནི་ཞིང་སྲུང་བ་ལྟ་བུར་མི་ནུས་ཏེ། ཞིང་སྲུང་བཞིན་དུ་ཐབས་ལ་མཁས་པའི་གཞོན་ནུས་མདོ་འདི་ཐམས་ཅད་མཉན་ནས་ལུས་ལ་ཐོགས་ཏེ། འཇིག་རྟེན་དུ་མངོན་སུམ་དུ་འབྱིན་པར་འགྱུར་རོ། །དེ་ནི་ངས་ས་བདུན་པ་ལ་བཞག་སྟེ། མི་ཕལ་བ་ཞིག་ཏུ་བྱིན་གྱིས་བརླབས་ནས་གང་གི་ཚེ་ལོ་བརྒྱད་ཅུ་པ་ལ་བསྟན་པ་ཉམས་པར་འགྱུར་བ་དེའི་ཚེ་ན། ལྷོ་ཕྱོགས་སུ་ཡུལ་མུ་རུན་དུ་ཞེས་བྱ་བ་ན། ཆུུ་བོའི་འགྲམ་ལ་བརྟེན་པའི་གྲོང་ཁྱེར་དམག་གིས་མི་ཚུགས་པ་ཞེས་བྱ་བ་དང༌། ཉེ་བའི་གྲོང་ཁྱེར་འཕྲེང་བ་ཆེན་པོ་ཞེས་བྱ་བར་ཀ་ཡོ་རི་ཞེས་བྱ་བའི་རིགས་རྒྱུད་དེར་སྐྱེས་ནས་ངའི་མིང་འཆང་བའི་དགེ་སློང་ཞིག་ཏུ་གྱུར་ཏེ། ཞིང་སྲུང་བའི་ཐབས་མཁས་པས། ངའི་དགེ་སློང་གཡེལ་བ་རྣམས་ཀྱི་ནང་དུ་རབ་ཏུ་བྱུང་ནས་དེ་དག་བསྡུ་བའི་དངོས་པོས་བསྡུས་ཏེ་མདོ་འདི་རྙེད་ནས་ལུས་༼ཡིད༽ལ་བཅངས་ཏེ། དགེ་འདུན་དག་པར་བྱས་ནས། དང་པོ་རུང་བ་མ་ཡིན་པའི་གཞི་ཆེན་པོ་ཡོངས་སུ་སྤངས་ཏེ། ཆོས་ཆེན་པོ་༼ཡོངས་སུ་༽སྒྲོགས་པར་འགྱུར། རྔ་བོ་ཆེ་ཆེན་པོའི་མདོ་ལས་གསུངས་པའི་ཆོས་ཀྱི་དུང་༼འབུད།༽ ཆོས་ཀྱི་རྒྱལ་མཚན་༼འཛུགས། ཆོས་ཀྱི་རྔ་ཆེན༽སྒྲོགས་པར་འགྱུར་རོ། ། གཉིས་པ་ཐེག་པ་ཆེན་པོའི་མདོ་སྟོང་བ་ཉིད་ཀྱི་གཏམ་སྨྲ་བར་འགྱུར་རོ། །གསུམ་པ་སེམས་ཅན་གྱི་ཁམས་རྟག་པའི་གཏམ་དང༌། རྔ་བོ་ཆེ་ཆེན་པོའི་གཏམ་སྨྲ་བར་འགྱུར། ཆོས་ཆེན་པོའི་རྔ་བོ་ཆེ་བརྡུང་བར་འགྱུར། ཆོས་ཆེན་པོའི་དུང་འབུད་པར་འགྱུར། ཆོས་ཀྱི་རྒྱལ་མཚན་འཛུགས་པར་འགྱུར་རོ། །ངའི་མངོན་སུམ་དུ་གོ་གྱོན་པར་འགྱུར་རོ། །ཕྱིས་མདོ་འདི་ཐོས་ནས་ན་ཚོད་ཆེན་པོར་འགྱུར་ཏེ། ལོ་བརྒྱར་མདོ་འདིའི༼བརྒྱད་ཅུར་མདོ་འདི་ཡི་༽གཏམ་སྨྲ་ཞིང་ཆོས་ཀྱི་ཆར་འབེབས་པར་འགྱུར་རོ། །ལོ་བརྒྱ་༼བརྒྱད་ཅུ་༽འདས་པའི་འོག་ཏུ་དེ་ལྷོ་ཕྱོགས་དེར་ལྷོ་ཕྱོགས་ཀྱི་མི་རྣམས་ཀྱི་ནང་དུ་རྣམ་པར་འཕྲུལ་ཅིང་ཡོངས་སུ་མྱ་ངན་ལས་འདས་པ་སྟོན་པར་འགྱུར་རོ། །ཞེས་པ་ནས། ཀྱེ་མ་འཇིག་རྟེན་ཀུན་མཐོང་དགའ། །བརྟན་པོ་དགེ་སློང་གཟུགས་གྱུར་ནས། །རིང་ཞིག་བསྟན་པ་འབྱིན་བྱེད་ཅིང༌། །ཆོས་ཀྱི་རྔ་ཆེན་བརྡུང་བར་འགྱུར། །དེ་ནི་མྱ་ངན་ཡོངས་འདས་ནས། །རེ་ཞིག་འཇིག་རྟེན་སྟོངས་བར་འགྱུར། །ཆོས་སྨྲ་དེ་ནི་འདས་གྱུར་ནས། །དེ་འདྲ་གཞན་ནི་འགའ་མི་འབྱུང༌། །དེ་འདྲའི་དགེ་སློང་རྙེད་དཀའ་སྟེ། །རིམ་གྱིས་སྣང་བ་ཉམས་པར་འགྱུར། །འདི་ལྟར་དེ་ནི་ལྷོ་ཕྱོགས་སུ། །འབྱུང་བའི་ཐ་མ་གཅིག་ཡིན་ནོ། །དམ་པའི་ཆོས་ནི་ནུབ་པའི་དུས། །ཆོས་སྨྲ་དེ་ནི་འབྱུང་བར་འགྱུར། །ཞེས་གསུངས་པའི་ཕྱིར། ལུང་འདིས་ས་བདུན་པ་དང་སྐུ་ཚེ་བརྒྱད་ཅུའམ་བརྒྱ་ལས་ལྷག་མི་བཞུགས་པར་གསུངས་པས་དེ་འཕགས་པ་ཀླུ་སྒྲུབ་ལུང་སྟོན་བྱེད་མ་ཡིན་ཏེ། ཀླུ་སྒྲུབ་ནི་ས་དང་པོ་རབ་དགའ་དང་ཕྱེད་ལོ་དྲུག་བརྒྱ་བཞུགས་པར་འཇམ་དཔལ་རྩ་རྒྱུད་སོགས་ཀྱིས་གསུངས་པའི་ཕྱིར་ཏེ། ཇི་སྐད་དུ། དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ནི་བཞི་བརྒྱ་ལོན་པ་ན། །དགེ་སློང་ཀླུ་ཞེས་དེ་འབོད་བྱུང༌། །བསྟན་པ་ལ་ནི་དད་ཅིང་ཕན། །རབ་ཏུ་དགའ་བའི་ས་ཐོབ་པ། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །ཞེས་དང༌། ལང་ཀར་གཤེགས་པའི་མདོ༼སྡེ་དགེའི་ཤིང་པར་ཤོག་གྲངས་བརྒྱ་རེ་ལྔ་པ་༽ལས། མགོན་པོ་འདས་པའི་འོག་ཏུ་ནི། །འཛིན་པར་སུ་འགྱུར་བཤད་དུ་གསོལ། །བདེ་གཤེགས་མྱ་ངན་འདས་པའི་འོག ། ཚུལ་རྣམས་འཛིན་པར་འགྱུར་བ་སྟེ། །དུས་དག་འདས་ནས་འབྱུང་བ་ནི། །བློ་གྲོས་ཆེན་པོ་ཁྱེད་ཤེས་བྱོས། །ལྷོ་ཕྱོགས་བེ་དའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་གསུངས་སོ། །གོང་གི་སྤྲིན་ཆེན་མདོ་དང་འདི་གཉིས་ཀར་ཆོས་སྒྲ་ལན་གསུམ་བསྒྲགས་པར་གསུངས་པས་ཀྱང་མི་འགྲུབ་པར་སྣང་སྟེ། རྔ་བོ་ཆེའི་མདོར་ཆོས་སྒྲ་གཉིས་པ་སྟོང་བ་ཉིད་ཀྱི་གཏམ་དང༌། གསུམ་པ་སེམས་ཅན་གྱི་ཁམས་རྟག་པའི་གཏམ་དང་རྔ་བོ་ཆེའི་མདོའི་གཏམ་སྨྲ་བར་གསུངས་པ་ལྟར་བོད་ན་འཕགས་པ་ཀླུ་སྒྲུབ་ཀྱིས་དེ་ལྟར་བཤད་པར་གྲགས་ཀྱང་ཀླུ་སྒྲུབ་ཀྱིས་སེམས་ཅན་གྱི་ཁམས་རྟག་པའི་གཏམ་བསྟོད་ཚོགས་སྔོན་དུ་གསུངས་ནས་མེད་ཉིད་བཟློག་པར་མཛད་ལ། དེ་ནས་སྟོང་བ་ཉིད་ཀྱི་གཏམ་རིགས་ཚོགས་གསུངས་ནས་ཡོད་ཉིད་བཟློག་པར་མཛད་པ་ཡིན་ཏེ། ཕར་ཕྱིན་མདོ་ལུགས་མ་ལས། དེ་ཡང་བསྟོད་པའི་ཚོགས་སྔོན་ལ་གསུངས་ཤིང༌། རིགས་པའི་ཚོགས་དེའི་ཕྱི་ནས་གསུངས་པར་རིགས་པ་དྲུག་ཅུ་པ་ལས་གསལ་ཏེ། དེ་ཉིད་ལས།ཇི་སྐད་དུ། རེ་ཞིག་ཉེས་ཀུན་འབྱུང་བའི་གནས། །མེད་ཉིད་རྣམ་པར་བཟློག་ཟིན་གྱིས། །རིགས་པ་གང་གིས་ཡོད་ཉིད་ཀྱང༌། །བཟློག་པར་འགྱུར་བ་མཉན་པར་གྱིས། །ཞེས་ཉེས་པ་ཐམས་ཅད་འབྱུང་བའི་གནས་སམ། རྒྱུ་ཆོས་ཉིད་ཀྱི་དབུ་མ་གཤིས་ལ་མེད་པ་ཉིད་དུ་འདོད་པ་དེ་བསྟོད་པའི་ཚོགས་ཀྱིས་བཀག་ཟིན་གྱིས། ད་ནི་རིགས་པའི་ཚོགས་ཀྱིས་ཀུན་རྫོབ་ཀྱི་ཆོས་གཤིས་ལ་ཡོད་པ་ཉིད་དུ་འདོད་པ་ཡང་བཟློག་པར་འགྱུར་བ་མཉན་པར་གྱིས་ཞེས་གདམས་པའོ། །ཞེས་གསུངས་པའི་ཕྱིར་དང༌། འཇམ་དཔལ་རྩ་རྒྱུད་དུ་འཕགས་པ་ཀླུ་སྒྲུབ་ལུང་བསྟན་པར། ཁམས་དོན་བསྟན་ཆོས་དུ་མ་དང༌། །དངོས་མེད་དོན་གྱི་དེ་ཉིད་རིག ། ཅེས་གསུངས་པའི་ཕྱིར་རོ། །ཀུན་མཁྱེན་ཤེས་རབ་རྒྱལ་མཚན་ལུང་དུ་བསྟན་པ་དེ་དག་ལས་ངའི་མིང་འཆང་བ་ཞེས་པ་དང༌། ཐམས་ཅད་མཁྱེན་པའི་མཚན་འཛིན་ཞེས་གསུངས་པ་ནི་ཀུན་མཁྱེན་ཞེས་པ་སངས་རྒྱས་ཀྱི་མིང་གི་རྣམ་གྲངས་ཡིན་པས་དོལ་བོ་བ་ཤེས་རབ་རྒྱལ་མཚན་ལ་ཀུན་མཁྱེན་ཞེས་པའི་མཚན་ཉི་ཟླ་ལྟར་གྲགས་པའི་ཕྱིར་ཏེ། རྣམ་ཐར་རྣམ་བཤད་ནོར་བུའི་ཕྲེང་བ་ལས་ཀ་ཡ་གོ་རིའི་མདོ་དྲངས་ནས་གསུངས་པ་འདི་ལྟ་སྟེ། ངའི་འཁོར་གྱི་ནང་ནས་མཆོག་གྱུར་གྱ་ནོམ་པ། །ཆོས་ཀྱི་སྒྲོན་མེ་ཐོགས་པ་ལི་ཙ་བཱི། །མ་འོངས་༼དུས་སུ་༽བྱང་གི་ཕྱོགས་ན་ང་ལྟར་གྲགས། །ཐམས་ཅད་མཁྱེན་པའི་མཚན་འཛིན་གཞན་ཕན་འབྱུང༌། །ཞེས་གསུངས་པ་ལྟར་མཚན་ཡོངས་སུ་གྲགས་པ་ཤེས་བྱ་ཀུན་འཁྱེན་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་ཞེས་བཏགས་སོ། །ཞེས་གསུངས་སོ། ཡང་རྔ་བོ་ཆེའི་མདོ་ ༼འི་ཤོག་གྲངས་བརྒྱ་ཐམ་པ་༽ལས། མགོན་པོ་ཤཱཀྱ་ཐུབ་པ་ཞེས་བྱ་བ་འབྱུང་བ་དེའི་ཚེ། རྒྱལ་པོ་ཆེན་པོ་ཁྱོད། ལི་ཙྪ་བཱི་གཞཽན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བར་འགྱུར་ཏེ། དེ་ནས་འཇིག་རྟེན་གྱི་ཁམས་དེར། མགོན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་བསྟན་པ་ནུབ་པའི་དུས་ཀྱི་ཚེ་ལོ་བརྒྱད་ཅུ་ལོན་པ་ན་དགེ་སློང་བློ་འཆང་ཞེས་བྱ་བར་འགྱུར་ཞིང༌། ས་བརྒྱད་པ་ལ་གནས་ཏེ། ལུས་གཅིག་ནི་བདེ་བ་ཅན་ན་འདུག་ལུས་གཅིག་ནི་སྤྲུལ་ཏེ་དགའ་ལྡན་དུ་བཞག་ནས་མགོན་པོ་མི་ཕམ་པ་ལ་མདོ་འདི་འདྲི་བར་འགྱུར་རོ། །ཞེས་གསུངས་པ་ལས་དགེ་སློང་བློ་འཆང་ཞེས་པ་ལ་དཔྱད་པར་བྱའོ། །ཡང་འཕགས་པ་རྔ་བོ་ཆེའི་མདོ་ལས། ཆུ་བོ་རབ་མའི་འགྲམ་དུ་མཆོད་རྟེན་བཞེངས་པར་འགྱུར་རོ། །ཞེས་གསུངས་པ་ཡང་ཀུན་མཁྱེན་ལ་སྦྱར་དུ་ཡོད་པར་སྣང༌། ཀུན་མཁྱེན་མྱ་ངན་ལས་འདའ་ཁར་ཉེ་གནས་ནམ་མཁའ་བྱང་ཆུབ་ཀྱིས་གདོང་མཆི་མས་གང་ནས་སྨྲས་པ། ཀྱེ་མ་སྔོན་ཚེ་ཤཱཀྱ་མགོན་པོ་ཡིས། །ཁྱེད་ལ་ཚེ་ལོ་བརྒྱ་ཅུའི་༼དུས་ཀྱི་༽འགྲོ་བ་ལ། །ལོ་བརྒྱར་ཆོས་ཀྱི་དུང་འབུད་དར་ཕྱར་ཞེས། །བཀའ་སྩལ་གནང་བ་ད་རུང་ཡོངས་མི་རྫོགས། །སྐུ་ཚེ་བདུན་ཅུ་རྫོགས་ཏེ་སུམ་ཅུ་ལུས། །སུམ་ཅུར་ལྷང་ངེར་བཞུགས་པའི་ཐུགས་རྗེས་བཟུང༌། །ཞེས་གསུངས་པས་གོང་གི་ལོ་བརྒྱད་ཅུ་དང་སྐུ་ཚེ་བརྒྱ་ཞེས་གསུངས་པ་དེ་ལྟར་ཤེས་པར་བྱའོ། །ལུང་བསྟན་དེ་དག་ལས་ལྷོ་ཕྱོགས་ཞེས་གསུངས་པ་བོད་ཀྱི་ལྷོ་ཕྱོགས་སམ་ལྷོ་འཛམ་བུ་གླིང་ལ་བཤད་དགོས་སམ་གཞན་ཞིག་ལ་བཤད་དགོས་པ་ཡིན་མིན་གཟུར་གནས་མཁས་པ་རྣམས་ཀྱིས་སླར་དཔྱད་པར་བྱའོ། །གཞན་ཡང་བཻ་རོའི་རྣམ་ཐར་འདྲ་འབག་ཆེན་མོ་ལས། བདག་གི་སྤྲུལ་བ་ཀུན་མཁྱེན་ཇོ་ནང་ཞེས། །བོད་ཁམས་འདི་ན་མཁས་ཤིང་གྲུབ་མརྙེས་པའི། །བསྟན་པའི་སྲོག་འཛིན་མདོ་སྔགས་བདག་པོར་འགྱུར། །ཞེས་གསུངས་སོ། །སྤྱན་རས་གཟིགས་ཆོས་རྒྱལ་སྲུང་བཙན་སྒམ་པོས་མྱ་ངན་ལས་འདས་པའི་དུས་སུ་ལུང་བསྟན་འདི་ལྟར་གསུངས་ཏེ། ཇི་སྐད་དུ། མི་བདག་ཛྙ་ན་ཤྭ་རའི་རྒྱལ་བོའི་བུ། །ནོར་བུ་སྙིང་པོ་ཆུ་ཕོ་འབྲུག་ལས་འབྱུང༌། །སྐྱེས་མཆོག་ཁྱད་འཕགས་ཁབ་ནས་མངོན་འབྱུང་སྟེ། །བསྟན་པའི་སྲོག་ཤིང་ཀུན་མཁྱེན་མཚན་དུ་གྲགས། །ཞེས་སོགས་ཀུན་མཁྱེན་ལུང་སྟོན་བྱེད་ཀྱི་ལུང་ཆེས་མང་ན་ཡང་དེ་ཙམ་ལས་མ་སྤྲོས་སོ། །
དྲི་བ་གཉིས་པ་ཟིན་བྲིས་ཀྱི་སྐབས་ནས་བསྟན་པའི་གསུང་རབ་ཡན་ལག་བཅུ་གཉིས་ལས་ཐེག་ཆེན་གྱི་སྡེ་སྣོད་གང་ལ་ངོས་འཛིན་ཅེས་པ།
དྲི་བ་གཉིས་པ་ཟིན་བྲིས་ཀྱི་སྐབས་ནས་བསྟན་པའི་གསུང་རབ་ཡན་ལག་བཅུ་གཉིས་ལས་ཐེག་ཆེན་གྱི་སྡེ་སྣོད་གང་ལ་ངོས་འཛིན་ཅེས་པའི་ལན།
ཟིན་བྲིས་ཀྱི་སྐབས་ནས་བསྟན་པའི་གསུང་རབ་ཡན་ལག་བཅུ་གཉིས་ལས་ཐེག་ཆེན་གྱི་སྡེ་སྣོད་གང་ལ་ངོས་འཛིན་ཞེས་པའོ། །དྲི་བ་དེའི་ལན་ནི་ཚུལ་འདི་ལྟ་སྟེ། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ངོས་འཛིན་དང༌། ལན་དངོས་དང་གཉིས། དང་པོ་ལ་མིང་གི་དབྱེ་བ་མདོར་བསྟན་པ། ངོ་བོ་རྒྱས་པར་བཤད་པ།སྡེ་སྣོད་གསུམ་དུ་བསྡུ་བའོ། །དང་པོ་ནི། གསུང་རབ་ཡན་ལག་བཅུ་གཉིས་ནི། མདོ་སྡེ་དགོངས་འགྲེལ་བྱམས་ཞུས་ལེའུ་ལས། བཀའ་སྩལ་བ། བྱམས་པ་ངས་ཆོས་གདགས་པ་རྣམ་པར་བཞག་པ་འདི་ལྟ་སྟེ། མདོའི་སྡེ་དང༌། དབྱངས་ཀྱིས་བསྙད་བའི་སྡེ་དང༌། ལུང་དུ་བསྟན་པའི་སྡེ་དང༌། ཚིགས་སུ་བཅད་པའི་སྡེ་དང༌། ཆེད་དུ་བརྗོད་པའི་སྡེ་དང༌། གླེང་གཞིའི་སྡེ་དང༌། རྟོགས་པ་བརྗོད་པའི་སྡེ་དང༌། དེ་ལྟ་བུ་བྱུང་བའི་སྡེ་དང༌། སྐྱེས་པ་རབས་ཀྱི་སྡེ་དང༌། ཤིན་ཏུ་རྒྱས་པའི་སྡེ་དང༌། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང༌། གཏན་ལ་དབབ་པར་བསྟན་པའི་སྡེ་གང་དག་བྱང་ཆུབ་སེམས་དཔའ་རྣམས་ལ་བཤད་པ་དེ་དག་བྱང་ཆུབ་སེམས་དཔས་ལེགས་པར་ཐོས། ཞེས་དང༌། བརྒྱད་སྟོང་བའི་འགྲེལ་བ་་སྙིང་པོ་མཆོག་ལས།མདོ་སྡེ་དབྱངས་བསྙད་ལུང་དུ་བསྟན། །ཚིགས་བཅད་ཆེད་བརྗོད་གླེང་གཞི་དང༌། །རྟོགས་བརྗོད་དེ་ལྟ་བུ་བྱུང་དང༌། །སྐྱེས་རབས་ཤིན་ཏུ་རྒྱས་པ་དང༌། །རྨད་བྱུང་གཏན་ལ་དབབ་པ་དང༌། །གསུང་རབ་ཡན་ལག་བཅུ་གཉིས་ཡིན། །ཞེས་གསུངས་སོ། །གཉིས་པ་ངོ་བོ་རྒྱས་བཤད་ནི། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དང་པོ་མདོའི་སྡེ་བཤད་པ་ལ་གཉིས་ལས། དང་པོ་དོན་དངོས་བཤད་པ་ནི། གསུང་རབ་གང་དུ་བཞེད་པའི་དོན་གོ་སྨོས་པའམ་མདོར་བསྡུས་ཏེ་གསལ་བར་བསྟན་པའི་ཚུལ་གྱིས་རྐྱང་པ་སྟེ་ལྷུག་པར་གསུངས་པའི་གསུང་རབ་རྣམས་ཡིན་ཏེ། ཀུན་བཏུས་ལས། མདོའི་སྡེ་གང་ཞེ་ན། གང་སྨོས་པའི་ཚུལ་གྱིས་རྐྱང་པར་གསུངས་པ། ཞེས་སོ། །གཉིས་པ་ཕན་ཡོན་བཤད་པ་ལ་རྣམ་པ་བཅུ་སྟེ། འཆད་པ་པོ་དང་ཉན་པ་པོས་ཐོས་པའི་ཕན་ཡོན་བཅུ་པོ་འདི་དག་གཟིགས་ནས་དེ་བཞིན་གཤེགས་པ་རྣམས་སྨོས་པའི་ཚུལ་གྱིས་ཆོས་སྟོན་པར་མཛད་དེ།དེའང་འཆད་པ་པོས་བཤད་བྱའི་དོན་མང་པོ་མདོར་བསྡུས་ནས་ཚེགས་ཆུང་ངུས་སྟོན་པས་རྣམ་པར་བཞག་སླ་བ་དང༌། ཚིག་ཉུང་ངུས་དོན་རྒྱ་ཆེན་པོ་གོ་བར་བྱེད་པས་བཤད་སླ་བ་དང༌། ཉན་པ་པོས་ཀྱང་གཞུང་ཉུང་ཞིང་དོན་གསལ་བས་བཟུང་སླ་བ་དང༌། ཆོས་འདི་བསྒོམས་པས་ཤེས་པར་བྱ་བ་རྟོགས་ནས་དེ་ལ་གུས་པས་གཅེས་སུ་འཛིན་ཅིང་མྱུར་དུ་ཚོགས་གཉིས་ཡོངས་སུ་རྫོགས་པར་བྱེད་པ་དང༌། གུས་པའི་སྦྱོར་བས་ཤེས་རབ་རྣོན་པོར་གྱུར་ནས་མྱུར་དུ་ཆོས་ཉིད་རྟོགས་པར་འགྱུར་བ་དང༌། ཆོས་ཉིད་རྟོགས་ནས་བསྟན་པ་ལེགས་པར་གནས་པ་རྟོགས་ཏེ། སྟོན་པ་པོ་སངས་རྒྱས་ལ་ཡོན་ཏན་ཤེས་ནས་མི་ཕྱེད་པའི་དད་པ་ཐོབ་པ་དང༌། བསྟན་བྱ་དམ་པའི་ཆོས་དང་དེ་སྒྲུབ་པ་འཕགས་པའི་དགེ་འདུན་ལའང་དེ་དག་གི་ཡོན་ཏན་ཤེས་ནས་མི་ཕྱེད་པའི་དད་པ་ཐོབ་པ་དང༌། དགོངས་པའི་དོན་འབད་དེ་རྟོགས་པས་རབ་ཏུ་དགའ་བ་ཐོབ་པའི་ཕྱིར་མཐོང་བའི་ཆོས་ཚེ་འདི་ཉིད་ལའང་བདེ་བར་གནས་པའི་མཆོག་ལ་རེག་པ་དང༌། རྒོལ་ལན་ལ་སོགས་པའི་འབེལ་བའི་གཏམ་གྱིས་དོན་ཟབ་མོ་གཏན་ལ་འབེབས་ཤིང་རྣམ་པར་འབྱེད་པས་དམ་པ་མཁས་པ་རྣམས་ཀྱི་སེམས་མགུ་བར་བྱེད་དེ། དེ་ལ་བརྟེན་ནས་མཁས་པ་མཁས་པ་ཞེས་བྱ་བའི་གྲངས་སུ་འགྲོ་ཞིང་སྙན་པའི་གྲགས་པ་ཀུན་ཏུ་འབྱུང་བའི་ཕན་ཡོན་དག་ཡིན་ཏེ། ཀུན་བཏུས་ལས། ཕན་ཡོན་བཅུ་གཟིགས་ནས་དེ་བཞིན་གཤེགས་པ་མདོར་སྨོས་པའི་ཚུལ་གྱིས་ཆོས་སྟོན་ཏེ། རྣམ་པར་བཞག་པར་སླ་བ་དང༌། བཤད་སླ་བ་དང༌། གཟུང་སླ་བ་དང༌། ཆོས་ལ་གུས་པས་མྱུར་ཏུ་ཚོགས་ཡོངས་སུ་རྫོགས་པར་བྱེད་པ་དང༌། མྱུར་དུ་ཆོས་ཉིད་རྟོགས་པར་འགྱུར་བ་དང༌། སངས་རྒྱས་ལ་ཤེས་ནས་དད་པ་ཐོབ་པ་དང༌། ཆོས་དང་དགེ་འདུན་ལ་ཤེས་ནས་དད་པ་ཐོབ་པ་དང༌། མཐོང་བའི་ཆོས་ལ་བདེ་བར་གནས་པའི་མཆོག་ལ་རེག་པ་དང༌། འབེལ་བའི་གཏམ་གྱིས་གཏན་ལ་འབེབས་པས་དམ་པ་རྣམས་ཀྱི་སེམས་མགུ་བར་བྱེད་དེ། མཁས་པ་མཁས་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་དབྱངས་ཀྱིས་བསྙད་པའི་སྡེ་གང་ཞེ་ན། མདོའི་སྡེ་ལྷུག་པར་གསུངས་པ་དེ་ཉིད་དབུས་སུ་བར་སྐབས་ཀྱི་ཚིགས་སུ་བཅད་པ་དང་མཐར་བསྡུ་བའི་ཚིགས་སུ་བཅད་པ་མཛད་དེ། སྙན་པའི་དབྱངས་ཀྱིས་བསྙད་པ་ལེགས་པར་སྐྱེས་ཀྱི་མདོ་ལྟ་བུའོ། །ཡང་ན་གེ་ཡ་ཞེས་པ་དབྱངས་སུ་བྱ་བ་དང་རྟོགས་བྱ་གཉིས་ཀ་ལ་འཇུག་པས་ཀུན་རྫོབ་སྒྲུབ་པར་སྟོན་པ་དྲང་བའི་དོན་གྱི་མདོ་སྡེ་ནི་ཚིག་གི་དོན་གཞན་དུ་རྟོགས་པར་བྱ་བ་ཡིན་པས་ན་དབྱངས་ཀྱིས་བསྙད་པ་ཡིན་ཏེ། ཀུན་བཏུས་ལས། དབྱངས་ཀྱིས་བསྙད་པའི་སྡེ་གང་ཞེ་ན། མདོའི་སྡེ་དེ་ཉིད་དུ་དབུས་དང་མཐའ་མར་ཚིགས་སུ་བཅད་དེ་དབྱངས་ཀྱིས་བསྙད་པའོ། །ཡང་དྲང་བའི་དོན་གྱི་མདོ་སྡེ་རྟོགས་པར་བྱེད་པས་དབྱངས་ཀྱིས་བསྙད་པའོ། །ཞེས་དང༌། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། དབྱངས་བསྙད་ནི་དེ་དག་གི་དོན་རྣམས་ཚིགས་བཅད་ཀྱི་ཚུལ་གྱིས་སྡེབས་པའོ། །ཞེས་གསུངས་སོ། །གསུམ་པ་ལུང་དུ་བསྟན་པའི་སྡེ་གང་ཞེ་ན། མདོ་གང་ལས་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དང་ཁྱིམ་བདག་ལ་སོགས་པ་སྔར་འདས་ཏེ་ཤི་བའི་དུས་བྱས་པ་དང༌། མ་འོངས་པ་ན་འབྱུང་བར་འགྱུར་བ་ལུང་སྟོན་པའོ། །དེ་ཡང་ཤི་ནས་གར་སྐྱེ་སྟོན་པ་པད་དཀར་ལྟ་བུ་ཡིན་པར་གསུངས་སོ། །ཡང་ན་དོན་དམ་སྒྲུབ་པ་གཙོ་བོར་སྟོན་པ་ངེས་པའི་དོན་གྱི་མདོ་སྡེ་ནི་དགོངས་པ་རྣམ་པར་ཕྱེ་ནས་ལུང་སྟོན་པའི་ཕྱིར་ལུང་དུ་བསྟན་པའི་སྡེ་ཡིན་ཏེ། ཀུན་བཏུས་ལས། ལུང་དུ་བསྟན་པའི་སྡེ་གང་ཞེ་ན། གང་ལས་ཉན་ཐོས་འདས་ཏེ་ཤི་བའི་དུས་བྱས་པ་དང་འབྱུང་བ་ལུང་སྟོན་པའོ། །ཡང་ངེས་དོན་གྱི་མདོ་སྡེ་ནི་ལུང་དུ་བསྟན་པའི་སྡེའོ། །ཞེས་སོ། །བཞི་བ་ཚིགས་སུ་བཅད་པའི་སྡེ་གང་ཞེ་ན། མདོ་གང་དུ་ཚིགས་སུ་སྦྱར་ཞིང་རྐང་པ་མཉམ་པར་བཅད་ནས་གསུངས་པ་སྟེ། དེ་ནི་ལུང་དུ། ཇི་སྲིད་ཟག་མེད་མ་ཐོབ་པ། །དེ་སྲིད་སྐྱིལ་ཀྲུང་གཞིག་མི་བྱ། །ཞེས་པ་ལྟ་བུ་རྩ་བའམ་རྐང་པ་གཉིས་པ་དང༌། ཚངས་པར་སྐྱེ་བར་བྱ་བའི་ཕྱིར། །འདི་ལ་འབད་པ་བརྟན་པར་གྱིས། །ཆོས་འདི་དག་ལ་གཡུང་དྲུང་ཡིན། །ཞེས་པ་ལྟ་བུ་རྩ་བ་གསུམ་པ་དང༌། ནམ་མཁའ་ལ་ནི་གནས་མེད་ལྟར། །ཕྱི་རོལ་པ་ལ་དགེ་སློང་མེད། །བྱིས་པ་རྣམས་ནི་སྤྲོས་ལ་དགའ། །དེ་བཞིན་གཤེགས་པ་སྤྲོས་མི་མངའ། །ཞེས་པ་ལྟ་བུ་རྩ་བ་བཞི་པ་དང༌། སྐྱོབ་པ་རྣམས་ཀྱི་ཆོས་འདི་ཡིན། །བསྐལ་མང་བྱེ་བ་ཁྲག་ཁྲིག་ཏུ། །སྔོན་ཆད་མ་མཐོང་མ་ཐོས་པ། །འཆི་མེད་མྱ་ངན་མེད་པ་ཡི། །གོ་འཕང་འདི་ལ་རྗེས་སུ་རྟོགས། །ཞེས་པ་ལྟ་བུ་རྩ་བ་ལྔ་བ་དང༌། འདས་ལ་རྗེས་སུ་འགྲོ་མི་བྱེད། །མ་འོངས་པ་ལ་རེ་བ་མེད། །ད་ལྟར་འབྱུང་ཆོས་གང་ཡིན་པ། །དེ་དང་དེ་ལ་རྣམ་ལྟ་བ། །མི་འཕྲོག་ཀུན་ཏུ་མི་འཁྲུགས་པ། །དེ་ནི་མཁས་པའི་འཕེལ་བར་བྱེད། །ཅེས་པ་ལྟ་བུ་རྩ་བ་དྲུག་པ་ཡིན་ཏེ། ཀུན་བཏུས་ལས།ཚིགས་སུ་བཅད་པའི་སྡེ་གང་ཞེ་ན། ཚིགས་སུ་སྦྱར་ནས་གསུངས་པ་སྟེ་དེ་ནི་རྩ་བ་གཉིས་པ་དང་རྩ་བ་གསུམ་པ་དང༌། རྩ་བ་བཞི་བ་དང༌། རྩ་བ་ལྔ་བ་དང༌། རྩ་བ་དྲུག་པའོ། །ཞེས་སོ། །རྩ་བ་གཉིས་པ་སོགས་ཀྱི་དོན་དེ་དག་ནི་གསུང་རབ་ལ་གྲགས་པ་སྟེ། སྙན་ངག་པ་རྣམས་ནི། ཚིགས་བཅད་རྐང་བཞི་ཅན་དེ་ཡང་རྩ་བ་བཞི་བ་འདོད་དོ། །ཚིགས་བཅད་འདི་ལུས་རིལ་བོ་ཚིགས་བཅད་དུ་སྟོན་པ་ཞིག་དགོས་པར་གསུངས་སོ། །ལྔ་བ་ཆེད་དུ་བརྗོད་པའི་སྡེ་གང་ཞེ་ན། བསྟན་པ་གནས་པར་བྱ་བ་འབའ་ཞིག་གི་ཆེད་དུ་གང་ཡི་རངས་ནས་བརྗོད་པ་སྟེ། བཅོམ་ལྡན་འདས་ཀྱིས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པར་མཛད་དོ་ཞེས་པ་ལྟ་བུ་ཡིན་ཏེ། ཀུན་བཏུས་ལས། ཆེད་དུ་བརྗོད་པའི་སྡེ་གང་ཞེ་ན། གང་ཡི་རངས་ནས་བརྗོད་པའོ། །ཞེས་སོ། །དེ་ཡང་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ནས་ལེགས་སོ་ཞེས་པ་ལྟ་བུ་ཡིན་ནོ། །རྣམ་བཤད་རིགས་པ་ལས། གང་ཟག་གི་ཆེད་དུ་གསུངས་པ་མ་ཡིན་གྱི། བསྟན་པ་གནས་པར་བྱ་བ་འབའ་ཞིག་གི་ཕྱིར་བཤད་པ་གང་ཡིན་པ་སྟེ། ཞེས་གསུངས་སོ། །འདི་ལ་ཐེག་མཆོག་ཟིན་བྲིས་ལས། ཆེད་བརྗོད་ནི་དཔེ་ཞིག་གཟིགས་ནས་དེ་དང་དོན་སྦྱར་ཏེ་སྟོན་པའོ། །ཞེས་གསུངས་པས་ཅུང་ཟད་དཔྱད་རྒྱུ་སྣང་ངོ༌། །དྲུག་པ་གླེང་གཞིའི་སྡེ་གང་ཞེ་ན། གང་ཟག་གང་དག་གི་ཆེད་དུ་བྱས་ཏེ་གསུངས་པ་དང༌། བཟང་སྦྱིན་གྱིས་འཁྲིག་པ་སྤྱད་པ་དང་ནོར་ཅན་གྱིས་ཤིང་བརྐུས་པ་ལ་སོགས་པ་བྱུང་བ་དང་ལྡན་པའི་དུས་སུ་ཕྱིན་ཆད་འདི་ལྟ་བུ་མི་བྱའོ་ཞེས་བསླབ་པ་བཅས་པའི་གསུང་རབ་དག་ཡིན་ཏེ། ཀུན་བཏུས་ལས། གླེང་གཞིའི་སྡེ་གང་ཞེ་ན། གང་གི་ཆེད་དུ་གསུངས་པ་དང༌། བྱུང་བ་དང་བཅས་པའི་བསླབ་པ་བཅས་པ་གསུངས་པའོ། །ཞེས་སོ། །བདུན་པ་རྟོགས་པ་བརྗོད་པའི་སྡེ་གང་ཞེ་ན། དོན་གསལ་བར་རྟོགས་པའི་ཆེད་དུ་དཔེ་རྒྱས་པ་དང་བཅས་པར་གསུངས་པ་སྟེ། ཀོ་ས་ལའི་རྒྱལ་པོ་རིང་ལེན་དང་ཀཱ་ཤིའི་རྒྱལ་པོ་ཚངས་བྱིན་གྱི་སྔོན་གྱི་བྱུང་བ་གསུངས་ནས། རྒྱལ་པོ་དེ་དག་ཀྱང་བཟོད་པ་དང་བཟོད་པའི་བསྔགས་པ་སྨྲ་ན། དགེ་སློང་རྣམས་ཀྱིས་སྨྲ་བ་ལྟ་སྨོས་ཀྱང་ཅི་དགོས་ཞེས་པ་ལ་སོགས་པ་ལྟ་བུ་ཡིན་ཏེ། ཀུན་བཏུས་ལས། རྟོགས་པ་བརྗོད་པའི་སྡེ་གང་ཞེ་ན།དཔེ་དང་བཅས་པར་གསུངས་པའོ། །ཞེས་སོ། །འདི་ལ་ཐེག་མཆོག་ཟིན་བྲིས་ལས། རྟོགས་བརྗོད་ནི་སྔོན་འདི་བྱས་པའི་ད་ལྟ་འདི་ལྟ་བུ་བྱུང་ངོ༌། །ཞེས་ལོ་རྒྱུས་ཀྱི་ཚུལ་གྱིས་བསྟན་པའོ། །ཞེས་གསུངས་པས་དཔྱད་པར་བྱའོ། །བརྒྱད་པ་དེ་ལྟ་བུ་བྱུང་གི་སྡེ་གང་ཞེ་ན། མདོ་གང་དུ་སྔོན་གྱི་སྦྱོར་བ་ལས་འདི་དང་འདི་ལྟ་བུ་སྤྱད་པ་ལས་འབྲས་བུ་འདི་དང་འདི་ལྟ་བུ་དང་ལྡན་པའོ་ཞེས་སྟོན་པ་སྟེ་མདོ་སྡེ་ལས་བརྒྱ་བ་ལ་སོགས་པ་ལྟ་བུ་ཡིན་ཏེ། ཀུན་བཏུས་ལས། དེ་ལྟ་བུ་བྱུང་བའི་སྡེ་གང་ཞེ་ན། གང་སྔོན་གྱི་སྦྱོར་བ་དང་ལྡན་པའོ། །ཞེས་སོ། །འདི་ལ་ཡང་ཐེག་མཆོག་ཟིན་བྲིས་ལས། དེ་ལྟ་བུ་བྱུང་བའི་སྡེ་ནི་ཤཱ་རིའི་བུ་སོགས་ཉན་ཐོས་ཀྱི་སྐྱེ་རབས་རྣམས་སོ། །ཞེས་གསུངས་པས་དཔྱད་པར་བྱའོ། །དགུ་བ་སྐྱེས་པ་རབས་ཀྱི་སྡེ་གང་ཞེ་ན། མདོ་གང་དུ་སྔོན་གྱི་སྦྱོར་བའི་བྱེ་བྲག་བྱང་ཆུབ་སེམས་དཔའི་དཀའ་བ་སྤྱོད་པ་རྒྱ་ཆེན་པོ་དང་ལྡན་པ་སྟོན་པ་སྟེ་དོན་གྲུབ་ཀྱི་མདོ་ལ་སོགས་པ་ལྟ་བུ་ཡིན་ཏེ། ཀུན་བཏུས་ལས། སྐྱེས་པའི་རབས་ཀྱི་སྡེ་གང་ཞེ་ན། གང་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ལྡན་པའོ། །ཞེས་སོ། །བཅུ་བ་ཤིན་ཏུ་རྒྱས་པའི་སྡེ་གང་ཞེ་ན། འདི་ལ་གསུམ་ལས། དང་པོ་ངོ་བོ་ནི་གསུང་རབ་གང་དུ་ལམ་ཕ་རོལ་ཏུ་ཕྱིན་པ་བཅུ་ཉམས་སུ་བླངས་པས་གནས་སྐབས་ཀྱི་འབྲས་བུ་ས་བཅུ་དང་མཐར་ཐུག་གི་འབྲས་བུ་སྟོབས་བཅུ་དང་ལྡན་པའི་སངས་རྒྱས་ཉིད་དུ་འགྲུབ་པར་སྟོན་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་ལྡན་པ་ཡིན་ཏེ། ཀུན་བཏུས་ལས། ཤིན་ཏུ་རྒྱས་པའི་སྡེ་གང་ཞེ་ན། གང་བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་ལྡན་པའོ། །ཞེས་སོ། །ཉན་ཐོས་ཀྱི་ལུགས་ཀྱི་ཤིན་ཏུ་རྒྱས་པའི་སྡེ་སྣོད་ནི། མདོ་སྡེ་ལེའུའི་གྲངས་ཤིན་ཏུ་མང་ཞིང་རྒྱས་པ་ལ་འདོད་པར་བུ་སྟོན་གྱིས་ཆོས་འབྱུང་ལས་གསུངས་སོ། །གཉིས་པ་རྣམ་གྲངས་ནི་ཤིན་ཏུ་རྒྱས་པའི་སྡེ་ཇི་ལྟ་བ་བཞིན་དུ་རྣམ་པར་འཐག་པའི་སྡེ་དང་མཚུངས་བྲལ་གྱི་སྡེ་ཡང་དོན་དེ་བཞིན་དུ་སྟོན་པ་ཡིན་ཏེ།ཀུན་བཏུས་ལས། ཤིན་ཏུ་རྒྱས་པ་ཇི་ལྟ་བ་དེ་བཞིན་དུུ་རྣམ་པར་འཐག་པ་དང་མཚུངས་བྲལ་ཡང་དེ་བཞིན་ནོ། །ཞེས་སོ། །གསུམ་པ་ངེས་ཚིག་ལ་ཅིའི་ཕྱིར་ཤིན་ཏུ་རྒྱས་པ་ཞེས་བྱ་ཞེ་ན། སེམས་ཅན་ཐམས་ཅད་ལ་མཐར་ཐུག་གི་ཕན་པ་དང་གནས་སྐབས་ཀྱི་བདེ་བ་ཐོབ་པའི་གནས་སམ་གཞི་ཡིན་པ་དང༌། དེ་ཉིད་ཀྱི་ཕྱིར་ཕན་འདོགས་ཤིན་ཏུ་རྒྱས་པ་དང༌། སྙིང་རྗེས་སེམས་ཅན་ཐམས་ཅད་ལ་དམིགས་པ་རྒྱ་ཆེ་བའི་རྣམ་པ་དང༌། ཤེས་རབ་ཀྱིས་ཆོས་ཐམས་ཅད་བདག་མེད་པའི་དོན་ལ་དམིགས་པས་ཟབ་པའི་རྣམ་པར་ཆོས་བསྟན་པའི་ཕྱིར་དང༌། ཅིའི་ཕྱིར་རྣམ་པར་འཐག་པ་ཞེས་བྱ་ཞེ་ན། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་རྣམ་པར་འཐག་ཅིང་འཇིག་པར་བྱེད་པའི་ཕྱིར་དང༌། ཅིའི་ཕྱིར་མཚུངས་བྲལ་ཞེས་བྱ་ཞེ་ན། འདི་དང་མཚུངས་པའི་སྡེ་སྣོད་གཞན་མེད་ཅིང་འདི་ཉིད་ཁོ་ན་མཆོག་ཏུ་གྱུར་པའི་ཕྱིར་ཏེ། ཀུན་བཏུས་ལས། ཅིའི་ཕྱིར་ཤིན་ཏུ་རྒྱས་པ་ཞེས་བྱ་ཞེ་ན། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་གནས་ཡིན་པ་དང༌། ཞེས་པ་ནས། མཚུངས་པ་མེད་པའི་ཕྱིར་རོ། །ཞེས་སོ། །མདོ་དེ་ལ་ཐེག་ཆེན་གྱི་སྡེ་སྣོད་ཅེས་བརྗོད་པ་ནི། མདོ་སྡེ་རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང༌། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང༌། །ཐབས་ལ་མཁས་པར་གྱུར་བ་དང༌། །ཡང་དག་འགྲུབ་པ་ཆེན་པོ་དང༌། །སངས་རྒྱས་འཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་འདི་དག་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་གསུངས་པ་ལྟར་སྟོང་ཕྲག་བརྒྱ་པ་ལ་སོགས་པའི་ཆོས་རྒྱ་ཆེན་པོ་ལ་དམིགས་པ་དང༌། རང་གཞན་གཉིས་ཀའི་དོན་ཐམས་ཅད་སྒྲུབ་པ་དང༌། བདག་མེད་གཉིས་ཀ་རྟོགས་པའི་ཡེ་ཤེས་དང༌། གྲངས་མེད་གསུམ་དུ་དཀའ་བ་བརྒྱ་སྟོང་ལ་བརྩོན་པ་དང༌། སྲིད་ཞི་གཉིས་ཀྱི་མཐར་མི་ལྟུང་བའི་ཐབས་ལ་མཁས་པ་དང༌། སྟོབས་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཡང་དག་པར་འགྲུབ་པ་དང༌།འཁོར་བ་ཇི་སྲིད་པར་གཞན་དོན་སྒྲུབ་པའི་འཕྲིན་ལས་ཏེ། ཆེན་པོ་བདུན་དང་ལྡན་པའི་དོན་སྟོན་པས་ན་ཐེག་པ་ཆེན་པོ་ཞེས་ཀྱང་བྱའོ། །ཆེན་པོ་དེ་རྣམས་ཀྱང་བགྲོད་བྱེད་རྒྱུའི་ཐེག་པ་དང་བགྲོད་བྱ་འབྲས་བུའི་ཐེག་པ་གཉིས་སུ་འདུས་ལ། དེ་དག་རྗོད་པར་བྱེད་པའི་གསུང་རབ་ལའང་བརྗོད་བྱའི་མིང་གིས་བཏགས་ནས་ཐེག་ཆེན་ཞེས་གསུངས་པའོ། །བརྗོད་བྱའི་དོན་ཡང་རྒྱན་དུ་རིགས་དང་ཆོས་ལ་མོས་པ་ལ་སོགས་པ་བཅུས་བསྡུས་པར་གསུངས་ལ། ལང་ཀར་གཤེགས་པའི་མདོ་ལས། ཆོས་ལྔ་དང་ནི་རང་བཞིན་གསུམ། །རྣམ་པར་ཤེས་པ་བརྒྱད་ཉིད་དང༌། །བདག་མེད་པ་ནི་གཉིས་དག་སྟེ། །ཐེག་ཆེན་མཐའ་དག་ཡོངས་བསྡུས་འགྱུར། །ཞེས་གསུངས་པ་ལྟར་རོ། །བཅུ་གཅིག་པ་རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་གང་ཞེ་ན། མདོ་གང་ལས་ཀུན་དགའ་བོའི་ཐོས་པ་དང་ཤཱ་རིའི་བུའི་ཤེས་རབ་དང་མོའུ་གལ་གྱི་བུའི་རྫུ་འཕྲུལ་ལ་སོགས་པ་ཉན་ཐོས་ཀྱི་ངོ་མཚར་རྨད་དུ་བྱུང་བ་དང༌།འཇམ་པའི་དབྱངས་ཀྱི་མཁྱེན་རབ་དང་སྤྱན་རས་གཟིགས་ཀྱི་ཐུགས་རྗེ་དང་ཕྱག་ན་རྡོ་རྗེའི་མཐུ་སྟོབས་ལ་སོགས་པ་བྱང་ཆུབ་སེམས་དཔའི་ངོ་མཚར་རྨད་དུ་བྱུང་བ་དང༌། ཐུབ་པ་ཆེན་པོའི་བརྩོན་འགྲུས་དང༌། འོད་དཔག་མེད་ཀྱི་སྐུ་ཚེ་དང༌། ཀུན་ཏུ་གཟིགས་ཀྱི་ཞིང་ཁམས་ལ་སོགས་པ་སངས་རྒྱས་ཀྱི་ངོ་མཚར་རྨད་དུ་བྱུང་བའི་ཆོས་སྟོན་པ་སྟེ། དད་པའི་སྟོབས་སྐྱེད་པ་ལ་འཇུག་པ་ཕྱག་རྒྱའི་མདོར། མཚོ་དཔག་ཚད་ལྔ་འབུམ་པ་པད་མས་ཁེབས་པ་ཞིག་ལ་ལྕགས་ཀྱི་ཤིང་རྟ་མཁའ་ལྡིང་བས་ཀྱང་མགྱོགས་པའི་རྟས་དྲངས་ཏེ་པད་མའི་འདམ་མ་ཡང་མ་སྣང་པར་འགྲོ་བའི་སྐད་ཅིག་རེ་རེ་ལ་སྦྲུལ་ཤིན་ཏུ་མགྱོགས་པ་ཞིག་བྱུང་ནས་ལན་བཅུ་བཅུ་བསྐོར་བའི་ལན་གཅིག་གི་ཡུན་ཚད་ལ། ཀུན་དགའ་བོས་ཆོས་ཀྱི་རྣམ་གྲངས་མི་འདྲ་བ་བཅུ་གོ་ཞིང་འཆད་ནུས་པ་དང༌། དེའི་གཅིག་གི་ཡུན་ལ་ཤཱ་རིའི་བུས་སྟོང་གོ་ཞིང་འཆད་ནུས་པ་དང༌། དེའི་གཅིག་གི་ཡུན་ལ་མོའུ་གལ་གྱི་བུས་འཇིག་རྟེན་གྱི་ཁམས་བརྒྱད་ཁྲི་རྫུ་འཕྲུལ་གྱིས་འདའ་ནུས་པ་དང༌། དེའི་གཅིག་གི་ཡུན་ཚད་ལ་སངས་རྒྱས་ཀྱིས་འཇིག་རྟེན་གྱི་ཁམས་ནམ་མཁའ་དང་མཉམ་པ་ཐམས་ཅད་ཀྱི་གླིང་རེ་རེར་ཡང་མཛད་པ་བཅུ་གཉིས་རྒྱས་པ་དང་དམ་པའི་ཆོས་གནས་པ་དང༌། སྐྱེས་པའི་རབས་ཐམས་ཅད་ཀྱང་ལྷུན་གྲུབ་ཏུ་སྟོན་པར་གསུངས་པ་ལ་སོགས་པ་ལྟ་བུ་ཡིན་ཏེ། ཀུན་བཏུས་ལས། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་གང་ཞེ་ན། གང་ལས་ཉན་ཐོས་དང༌། བྱང་ཆུབ་སེམས་དཔའ་དང༌།སངས་རྒྱས་རྣམས་ཀྱི་ངོ་མཚར་རྨད་དུ་བྱུང་བའི་ཆོས་སྟོན་པའོ། །ཞེས་སོ། །བཅུ་གཉིས་པ་གཏན་ལ་དབབ་པར་བསྟན་པའི་སྡེ་གང་ཞེ་ན། གསུང་རབ་གང་མདོ་ལ་སོགས་པའི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་བསྟན་པའི་མདོ་དག་ཡིན་ཏེ། མངོན་པ་ཀུན་བཏུས་ལས། གཏན་ལ་དབབ་པར་བསྟན་པའི་སྡེ་གང་ཞེ་ན། གང་དུ་ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་བསྟན་པའོ། །ཞེས་སོ། །དེ་འདྲའི་གསུང་རབ་ཡན་ལག་བཅུ་གཉིས་འཇོག་ཚུལ་ནི་གཙོ་བོ་མངོན་པ་ཀུན་བཏུས་ལྟར་བཤད་པའོ། །གཞན་ཡང་འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་༼སྡེ་དགེའི་ཤིང་པར་ཉ་པོད་ཤོག་གྲངས་ཉིས་བརྒྱ་སོ་གཉིས་ལས་༽གསུང་རབ་ཡན་ལག་བཅུ་གཉིས་མཚན་གཞི་དང་བཅས་པ་གསལ་བར་གསུངས་པ་འདི་ལྟ་སྟེ། ཇི་སྐད་དུ། རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཤེས་པ་གང་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མདོ་སྡེ་བཅུ་གཉིས་ཤེས་པ་ཡིན་ཏེ། མདོའི་སྡེ་དང༌། དབྱངས་ཀྱིས་བསྙད་པ་དང༌། ལུང་དུ་བསྟན་པ་དང༌། ཚིགས་སུ་བཅད་པ་དང༌། ཆེད་དུ་བརྗོད་པ་དང༌། གླེང་གཞི་དང༌། རྟོགས་པ་བརྗོད་པ་དང༌། དེ་ལྟ་བུ་བྱུང་བ་དང༌། སྐྱེས་པའི་རབས་ཀྱི་སྡེ་དང༌། ཤིན་ཏུ་རྒྱས་པ་དང༌། རྨད་དུ་བྱུང་བའི་ཆོས་དང༌། གཏན་ལ་དབབ་པར་བསྟན་པ་ཤེས་པའོ། །རིགས་ཀྱི་བུ་མདོའི་སྡེ་ཞེས་བྱ་བ་ནི་འདི་སྐད་བདག་གི་ཐོས་པ་ཞེས་སྨོས་པ་ནས། དགའ་ནས་རྗེས་སུ་ཡི་རང་ངོ་ཞེས་བྱ་བའི་བར་དུ་མདོ་སྡེ་ཞེས་བྱའོ། །དབྱངས་ཀྱིས་བསྙད་པ་ཞེས་བྱ་བ་ནི་གང་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། བདག་ཅག་ཀྱང་ཤིན་ཏུ་གླེན་ཏེ། ཤེས་པ་མེད་པས་འཕགས་པའི་བདེན་པ་བཞི་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་ཏེ། དེ་བས་ན་འཁོར་བར་ཡོངས་སུ་འཁོར་ཞིང་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་ནུབ་པར་གྱུར་ཏོ། །བདེན་པ་བཞི་ཡང་གང་ཞེ་ན། སྡུག་བསྔལ་བ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་མོ། །སྔོན་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་མདོའི་སྡེ་གསུངས་ནས། དེའི་ཚེ་ན་སྐྱེས་བུ་དབང་པོ་རྣོན་པོ་དག་དེའི་འོག་ཏུ་ཆོས་མཉན་པའི་ཕྱིར། སངས་རྒྱས་ཀྱི་སྤྱན་སྔར་ལྷགས་ཏེ། གཞན་དག་ལ་འདི་སྐད་དུ་བཅོམ་ལྡན་འདས་ཀྱིས་སྔར་འདིར་ཅི་ཞིག་མཛད་ཅེས་དྲིས་པ་དང༌། བཅོམ་ལྡན་འདས་མཁྱེན་བཞིན་དུ་མདོའི་སྡེ་སྔར་གསུངས་པ་ལས། ཡང་ཚིགས་སུ་བཅད་དེ་འདི་སྐད་དུ་གསུངས་པ་ཡིནནོ། །ང་སྔོན་ཁྱོད་དང་འདྲ་བར་ནི། །བདེན་པ་བཞི་པོ་མ་མཐོང་སྟེ། །དེ་བས་འཁོར་བར་ཡོངས་སུ་འཁོར། །སྡུག་བསྔལ་ཆེན་པོའི་རྒྱ་མཚོར་ལྟུང༌། །གང་གིས་བདེན་པ་བཞི་རྟོགས་ན། །འཁོར་བ་ཡོངས་སུ་གཅོད་པར་འགྱུར། །སྐྱེ་བའི་སྲིད་པ་ཀུན་ཟད་ན། །སྲེད་པ་ཐམས་ཅད་ལེན་མི་སྲིད། །ཅེས་བྱ་བ་དག་ནི་དབྱངས་ཀྱིས་བསྙད་པའི་སྡེ་ཞེས་བྱའོ། །ལུང་དུ་བསྟན་པའི་སྡེ་ཞེས་བྱ་བ་ནི་མདོ་སྡེའམ། འདུལ་བ་ལས་དེ་བཞིན་གཤེགས་པས་ཁ་ཅིག་ཏུ་ལྷ་དང་མི་རྣམས་ལ་སངས་རྒྱས་སུ་ལུང་སྟོན་པ་སྟེ། མ་ཕམ་པ་ཁྱོད་མ་འོངས་པའི་དུས་སུ་རྒྱལ་པོ་དུང་ཞེས་བྱ་བ་འབྱུང་སྟེ། དེའི་ཚེ་དེའི་དུས་ན་མངོན་པར་འཚང་རྒྱ་སྟེ། མཚན་ཡང་བྱམས་པ་ཞེས་བྱ་བར་འགྱུར་རོ། །ཞེས་སྨོས་པ་དག་ནི་ལུང་དུ་བསྟན་པའི་སྡེ་ཞེས་བྱའོ། །ཚིགས་སུ་བཅད་པའི་སྡེ་ཞེས་བྱ་བ་ནི་མདོ་སྡེ་དང༌། འདུལ་བ་གང་ལས་ལྷག་པའི་ཚིགས་སུ་བཅད་པ་ཚིག་བཞི་པོ་འདི་དག་སྨོས་པ་སྟེ། སྡིག་པ་ཐམས་ཅད་ཡོངས་སུ་སྤང༌། །དགེའོ་ཅོག་ནི་རྫོགས་པར་བྱ། །བདག་གི་སེམས་ཀྱང་ཤིན་ཏུ་འདུལ། །དེ་ནི་སངས་རྒྱས་བསྟན་པའོ། །ཞེས་སྨོས་པ་དེ་དག་ནི་ཚིགས་སུ་བཅད་པའི་སྡེ་ཞེས་བྱའོ། །ཆེད་དུ་བརྗོད་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཕྱི་དྲོའི་དུས་སུ་ཏིང་ངེ་འཛིན་དུ་ཞུགས་ནས་ལྷ་རྣམས་ལ་རྒྱ་ཆེར་ཆོས་བསྟན་ཏེ། དེའི་ཚེ་ན་དགེ་སློང་དག་སོ་སོ་ནས་འདི་སྙམ་དུ་དེ་བཞིན་གཤེགས་པ་ད་ལྟར་ཅི་ཞིག་མཛད་སྙམ་བསམས་ནས། དེའི་ནང་པར་དེ་བཞིན་གཤེགས་པ་ཏིང་ངེ་འཛིན་ལས་བཞེངས་ཏེ། སུས་ཀྱང་མ་ཞུས་པར་གཞན་གྱི་བསམ་པ་མཁྱེན་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དགེ་སློང་དག་འདི་ལྟར་ཤེས་པར་བྱའོ། །ལྷར་སྐྱེས་པ་ཐམས་ཅད་ནི་ཤིན་ཏུ་ཡང་ཚེ་རིང་ངོ༌། །དགེ་སློང་ཁྱོད་ཕ་རོལ་པོ་གཞན་གྱི་ཕྱིར་རྙེད་པ་མི་ཚོལ་བ་ལེགས་སོ། །འདོད་པ་ཉུང་བ་ལེགས་སོ། །ཆོག་ཤེས་པའང་ལེགས་སོ། །དུར་ཁྲོད་ན་གནས་པའང་ལེགས་སོ་ཞེས་སུས་ཀྱང་མ་ཞུས་པར་ཆེད་དུ་གསུངས་པ་དེ་དག་ནི་ཆེད་དུ་བརྗོད་པའི་སྡེ་ཞེས་བྱའོ། །གླེང་གཞི་ཞེས་བྱ་ནི་མདོ་སྡེ་ལས་ཚིགས་སུ་བཅད་པ་འབྱུང་བ་གླེང་གཞི་ནས་འབྱེད་ཅིང་བསྟན་པ་སྟེ། དེ་ཡང་ཡུལ་མཉན་དུ་ཡོད་པ་ན་སྐྱེས་བུ་གཅིག་གི་བྱ་རྒྱས་བྱ་བཟུང་ནས་ཚེལ་པོར་བཅུག་སྟེ། ཆུ་དང་འབྲས་བསྙོད་ནས་ཕྱིར་བཏང་ངོ༌། །བཅོམ་ལྡན་འདས་ཀྱིས་དེའི་སྔོན་གྱི་རྒྱུ་དང་རྐྱེན་མཁྱེན་པས་དེ་ལས་གླེངས་ཏེ་ཚིགས་སུ་བཅད་པ་འདི་གསུངས་སོ། །སྡིག་པ་ཕྲ་མོ་ཆུང་ངུ་ལ། །མི་གནོད་སྙམ་དུ་བརྙས་མི་བྱ། །ཆུ་ཡི་ཐིགས་པ་ཟག་པ་ཡང༌། །སྣོད་ཆེན་ཡོངས་སུ་གང་བར་འགྱུར། །ཞེས་གསུངས་པ་དེ་དག་ནི་གླེང་གཞིའི་སྡེ་ཞེས་བྱའོ། །རྟོགས་པ་བརྗོད་པ་ཞེས་བྱ་བ་ནི་འདུལ་བ་ལས་དཔེ་བསྟན་པ་རྣམས་ཏེ། དེ་དག་ནི་རྟོགས་པ་བརྗོད་པའི་སྡེ་ཞེས་བྱའོ། །དེ་ལྟ་བུ་བྱུང་བ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་ལས།དགེ་སློང་དག་འདི་ལྟར་རིག་པར་བྱའོ། །ང་འཇིག་རྟེན་དུ་གཤེགས་ཏེ་གསུངས་པ་རྣམས་ནི་ཁམས་ཀྱི་མདོ་སྡེ་ཞེས་བྱ་བ་དང༌། བཅོམ་ལྡན་འདས་བསོད་སྐྱོབས་འཇིག་རྟེན་དུ་གཤེགས་ཏེ་གསུངས་པ་ནི་བདུད་རྩི་ལྔ་ཞེས་བྱ་བ་དང༌། སངས་རྒྱས་རྣམ་པར་གཟིགས་འཇིག་རྟེན་དུ་གཤེགས་ཏེ་གསུངས་པ་ནི་ཆོས་ཀྱི་མེ་ལོང་ཞེས་བྱ་བ་དང༌། བཅོམ་ལྡན་འདས་འོད་སྲུང་འཇིག་རྟེན་དུ་གཤེགས་ཏེ་གསུངས་པ་ནི་སྟོང་པ་རྣམ་པར་འབྱེད་པ་ཞེས་བྱ་བ་སྨོས་པ་དེ་དག་ནི་དེ་ལྟ་བུ་བྱུང་བའི་སྡེ་ཞེས་བྱའོ། །སྐྱེས་པའི་རབས་ཞེས་བྱ་བ་ནི་བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་དཀའ་བ་མཛད་པ་འདི་དག་ཡིན་ཏེ། དགེ་སློང་རྣམས་ཤེས་པར་གྱིས་ཤིག ངས་སྔོན་ཤ་བའི་ལུས་བྱས་པ་དང༌། དྲེད་མོའི་ལུས་དང༌། ཤ་བཀྲའི་ལུས་དང༌། རི་བོང་གི་ལུས་དང༌། རྒྱལ་པོའི་ལུས་དང༌།འཁོར་ལོས་སྒྱུར་བའི་རྒྱལ་བོའི་ལུས་དང༌། ཀླུ་དང༌། ནམ་མཁའ་ལྡིང་གི་ལུས་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་མྱོང་བར་གྱུར་ཏོ་ཞེས་སྨོས་པ་ནི་སྐྱེས་པའི་རབས་ཞེས་བྱའོ། །ཤིན་ཏུ་རྒྱས་པ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེའི་དོན་ཤིན་ཏུ་རྒྱ་ཆེ་ལ་ཡངས་པ་ནི་ནམ་མཁའ་དང་འདྲ་ཞེས་གསུངས་པ་ནི་ཤིན་ཏུ་རྒྱས་པའི་མདོ་སྡེ་ཞེས་བྱའོ། །རྨད་དུ་བྱུང་བ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཐོག་མ་བཙས་མ་ཐག་ཏུ་སུས་ཀྱང་མ་བསྟན་པར་གོམ་པ་བདུན་སོང་བ་དང༌། འོད་ཟེར་ཆེན་པོ་བཀྱེ་བ་དང༌། ཕྱོགས་བཅུར་བལྟས་པ་དང༌། སྤྲེའུ་སྦྲང་རྩིའི་སྣོད་ཐོགས་ཏེ་དེ་བཞིན་གཤེགས་པ་ལ་ཕུལ་བ་དང༌། ཞེས་པ་ནས། སངས་རྒྱས་ཐོག་མ་བཙས་ནས་ལྷའི་རྟེན་དུ་ཞུགས་པ་ན།ལྷ་རྣམས་ལངས་ཏེ་ཕྱག་འཚལ་བ་ལ་སོགས་པ་དེ་དག་ནི་རྨད་དུ་བྱུང་བའི་སྡེ་ཞེས་བྱའོ། །གཏན་ལ་དབབ་པར་བསྟན་པ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མདོ་སྡེ་གསུངས་པ་ལས། ཇི་ཙམ་དུ་དོན་གཏན་ལ་ཕབ་པར་བྱེ་བྲག་ཕྱེ་སྟེ་མཚན་ཉིད་བསྟན་པ་ནི་གཏན་ལ་དབབ་པར་བསྟན་པའི་སྡེ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་དེ་ལྟར་མདོ་སྡེ་བཅུ་གཉིས་རྟོགས་ཤིང་ཤེས་ན་ཆོས་ཤེས་པ་ཞེས་བྱའོ། །ཞེས་གསུངས་སོ། །གསུམ་པ་སྡེ་སྣོད་གསུམ་དུ་འདུ་ཚུལ་བསྟན་པ་ལ་གཉིས་ལས། དང་པོ་དོན་དངོས་བསྟན་པ་ནི། བརྗོད་ཚུལ་གྱི་སྒོ་ནས་ཕྱེ་བའི་མདོའི་སྡེ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་པོ་འདི་དག་ནི་བརྗོད་བྱ་བསླབ་པ་གསུམ་སྟོན་པའི་སྒོ་ནས་བསྡུ་ན་སྡེ་སྣོད་གསུམ་དུ་འགྱུར་ཏེ། དེའང་མདོའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་དང་ལུང་དུ་བསྟན་པའི་སྡེ་དང་ཚིགས་སུ་བཅད་པའི་སྡེ་དང་ཆེད་དུ་བརྗོད་པའི་སྡེ་ལ་ཉན་ཐོས་ཀྱི་སྡེ་སྣོད་ལ་ཡོད་པ་དང༌། ཐེག་ཆེན་ལ་ཡོད་པ་དང་ཆ་གཉིས་ལས་སྔ་མ་དག་ནི་ཉན་ཐོས་ཀྱི་སྡེ་སྣོད་དོ། །ཐེག་ཆེན་པ་ལ་དེ་རྣམས་ཡོད་པ་ནི་ཤིན་ཏུ་རྒྱས་པ་དང་རྨད་དུ་བྱུང་བར་འདུས་པར་ས་བཟང་གི་ཀུན་བཏུས་འགྲེལ་བ་ལས་གསུངས་སོ། །དེས་ན་ཀུན་བཏུས་ལས། མདོའི་སྡེ་ལ་སོགས་པ་འདི་དག་ནི་སྡེ་སྣོད་གསུམ་དུ་འགྱུར་ཏེ། མདོའི་སྡེ་དང༌། དབྱངས་ཀྱིས་བསྙད་པའི་སྡེ་དང༌། ལུང་བསྟན་པའི་སྡེ་དང༌། ཚིགས་སུ་བཅད་པའི་སྡེ་དང༌། ཆེད་དུ་བརྗོད་པའི་སྡེ་གང་ཡིན་པ་འདི་ནི་ཉན་ཐོས་ཀྱི་མདོ་སྡེའི་སྡེ་སྣོད་དོ། །ཞེས་པའི་དགོངས་པ་ཡང་དེ་བཞིན་ནོ། །གླེང་གཞིའི་སྡེ་དང་རྟོགས་པ་བརྗོད་པའི་སྡེ་དང་དེ་ལྟ་བུ་བྱུང་བའི་སྡེ་དང་སྐྱེས་པ་རབས་ཀྱི་སྡེ་འཁོར་དང་བཅས་པ་འདི་ནི་ཐེག་པ་ཆེ་ཆུང་གཉིས་ཀའི་འདུལ་བའི་སྡེ་སྣོད་ཅེས་བྱ་སྟེ། ཀུན་བཏུས་ལས། གླེང་གཞིའི་སྡེ་དང༌། རྟོགས་པ་བརྗོད་པའི་སྡེ་དང༌། དེ་ལྟ་བུ་བྱུང་བའི་སྡེ་དང༌། སྐྱེས་པའི་རབས་ཀྱི་སྡེ་འཁོར་དང་བཅས་པ་འདི་ནི་འདུལ་བའི་སྡེ་སྣོད་དོ། །ཞེས་སོ། །གླེང་གཞི་ནི་གཙོ་བོ་དང༌། གཞན་གསུམ་ནི་འཁོར་ཡིན་ལ།སྐྱེས་རབས་ལ་སོགས་པར་བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ཀྱང་སྟོན་པས་སོ། །ཤིན་ཏུ་རྒྱས་པའི་སྡེ་དང་རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་གང་ཡིན་པ་འདི་ནི། བྱང་ཆུབ་སེམས་དཔའི་མདོའི་སྡེ་སྣོད་དོ། །ཞེས་ཀུན་བཏུས་ལས་གསུངས་པ་ནི། རྨད་དུ་བྱུང་ཡང་བྱང་ཆུབ་སེམས་དཔའི་མཐུ་བསམ་གྱིས་མི་ཁྱབ་ཅིང་རྒྱ་ཆེ་བ་རྣམས་ཁྱད་པར་དུ་སྟོན་པའི་ཕྱིར་རོ། །གཏན་ལ་ཕབ་པར་བསྟན་པའི་སྡེ་ནི་ཐེག་པ་ཆེ་ཆུང་གཉིས་ཀའི་ཆོས་མངོན་པའི་སྡེ་སྣོད་དོ། །ཞེས་གསུངས་པ་ནི་ཤེས་བྱའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་ཕྱེ་ནས་སྟོན་པས། ཆོས་རབ་ཏུ་རྣམ་འབྱེད་ཀྱི་རྒྱུ་བྱེད་པའི་ཕྱྀར་རོ། །ཉན་ས་ལས། དེ་ལ་རེ་ཞིག་མདོ་སྡེ་དང༌། དབྱངས་ཀྱིས་བསྙད་པའི་སྡེ་དང༌། ལུང་དུ་བསྟན་པའི་སྡེ་དང༌། ཚིགས་སུ་བཅད་པའི་སྡེ་དང༌། ཆེད་དུ་བརྗོད་པའི་སྡེ་དང༌། རྟོགས་པ་བརྗོད་པའི་སྡེ་དང༌། དེ་ལྟ་བུ་བྱུང་བའི་སྡེ་དང༌། སྐྱེས་པ་རབས་ཀྱི་སྡེ་དང༌། ཤིན་ཏུ་རྒྱས་པའི་སྡེ་དང༌། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་ཞེས་གང་གསུངས་པ་དེ་ནི་མདོ་སྡེ་ཡིན་ནོ། །གླེང་གཞིའི་སྡེ་ཞེས་གང་གསུངས་པ་དེ་ནི་འདུལ་བ་ཞེས་བྱ་བའོ། །གཏན་ལ་དབབ་པར་བསྟན་པའི་ཞེས་གང་གསུངས་པ་དེ་ནི་ཆོས་མངོན་པ་ཞེས་བྱ་སྟེ། ཞེས་གསུངས་པས་ཉན་ཐོས་ཀྱི་སར་གླེང་གཞི་འདུལ་བ་དང་གཏན་ལ་ཕབ་པ་མངོན་པ་དང་གཞན་རྣམས་མདོ་སྡེར་ཡང་གསུངས་ལ། དེ་དག་ཀྱང་གཙོ་ཆེ་བའི་དབང་དུ་བྱས་པའོ། །ཞེས་ས་བཟང་གིས་གསུངས་སོ། །གཉིས་པ་དེ་དག་དེ་གསུམ་དུ་འདུུ་བའི་རྒྱུ་མཚན་ལ་གསུམ་ལས། དང་པོ་སྤང་བྱའི་དབང་དུ་བྱས་པ་ནི། ཀུན་བཏུས་ལས། ཅིའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་སྡེ་སྣོད་གསུམ་རྣམ་པར་གཞག་ཅེ་ན། ཉེ་བའི་ཉོན་མོངས་པ་ཐེ་ཚོམ་གྱི་གཉེན་པོའི་ཕྱིར་མདོ་སྡེའི་སྡེ་སྣོད་རྣམ་པར་གཞག་གོ ། ཉེ་བའི་ཉོན་མོངས་པ་མཐའ་གཉིས་དང་ལྡན་པའི་གཉེན་པོའི་ཕྱིར་འདུལ་བའི་སྡེ་སྣོད་རྣམ་པར་གཞག་གོ ། རང་གི་ལྟ་བ་མཆོག་ཏུ་འཛིན་པ་ཉེ་བའི་ཉོན་མོངས་པའི་གཉེན་པོའི་ཕྱིར་ཆོས་མངོན་པའི་སྡེ་སྣོད་རྣམ་པར་གཞག་གོ ། ཞེས་གསུངས་སོ། །གཉིས་པ་སྒྲུབ་བྱའི་དབང་དུ་བྱས་པ་གསུམ་ནི། ཀུན་བཏུས་ལས། ཡང་བསླབ་པ་གསུམ་བརྗོད་པའི་ཕྱིར་མདོ་སྡེའི་སྡེ་སྣོད་རྣམ་པར་གཞག་གོ ། ལྷག་པའི་ཚུལ་ཁྲིམས་དང་ལྷག་པའི་སེམས་ཀྱི་བསླབ་པ་བསྒྲུབ་པའི་ཕྱིར་འདུལ་བའི་སྡེ་སྣོད་རྣམ་པར་གཞག་གོ ། ལྷག་པའི་ཤེས་རབ་ཀྱི་བསླབ་པ་མངོན་པར་བསྒྲུབ་པའི་ཕྱིར་ཆོས་མངོན་པའི་སྡེ་སྣོད་རྣམ་པར་གཞག་གོ ། ཞེས་གསུངས་སོ། །གསུམ་པ་བྱེད་ལས་ཀྱི་དབང་དུ་བྱས་པ་ནི། ཀུན་བཏུས་ལས།ཡང་ཆོས་དང་དོན་བརྗོད་པའི་ཕྱིར་མདོ་སྡེའི་སྡེ་སྣོད་རྣམ་པར་གཞག་གོ ། ཆོས་དང་དོན་མངོན་དུ་བྱ་བའི་གཞིའི་གནས་ཀྱི་ཕྱིར་འདུལ་བའི་སྡེ་སྣོད་རྣམ་པར་གཞག་གོ ། འབེལ་ བའི་གཏམ་གྱིས་གཏན་ལ་འབེབས་པས་ཆོས་ལ་རྫོགས་པར་ལོངས་སྤྱོད་པས་བདེ་བ་ལ་རེག་པར་གནས་པར་བྱ་བའི་ཕྱིར། ཆོས་མངོན་པའི་སྡེ་སྣོད་རྣམ་པར་བཞག་གོ ། ཞེས་གསུངས་སོ། །སྡེ་སྣོད་དེ་དག་འབྲས་བུ་མང་པོ་བསྡུས་པའི་སྣོད་བཞིན་དུ་ཤེས་བྱའི་དོན་ཐམས་ཅད་བསྡུས་པའི་ཕྱིར་སྡེ་སྣོད་ཅེས་བྱ་སྟེ། རྒྱན་ལས། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང༌། །བསྡུས་པའི་ཕྱིར་ཏེ་རྒྱུ་ནི་དགུར་འདོད་དོ། །ཞེས་གསུངས་པ་ལྟར་རོ། །གཞན་ཡང་རྒྱན་ལས། གནས་རྣམས་དང་ནི་མཚན་ཉིད་དང༌། །ཆོས་དོན་སྨོས་ཕྱིར་མདོ་ཡིན་ནོ། །ཞེས་པ་ལྟར་གང་དུ་གསུངས་པའི་གནས་དང་བདེན་པ་གཉིས་ཀྱི་མཚན་ཉིད་དང་ཕུང་པོ་ལ་སོགས་པའི་ཆོས་དང་དེ་རྣམས་ཀྱི་དགོངས་པའི་དོན་སྨོས་པའི་ཚུལ་གྱིས་གསལ་བར་སྟོན་པས་མདོ་སྡེ་དང༌། རྒྱན་ལས། མངོན་དུའི་ཕྱིར་དང་ཡང་ཡང་དང༌། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ཞེས་པ་ལྟར་མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པར་བྱེད་པ་དང་ཆོས་རེ་རེའང་རྣམ་པ་མང་པོས་ཡང་ཡང་སྟོན་པ་དང༌། སྨྲ་བ་རྣམ་ངེས་ལ་མཁས་པས་ཕྱིར་རྒོལ་ཟིལ་གྱིས་གནོན་པ་དང་མདོའི་དོན་རྟོགས་པར་བྱེད་པས་མངོན་པ་དང༌། རྒྱན་ལས། ལྟུང་དང་འབྱུང་དང་ལྡང་བ་དང༌། །ངེས་པར་འབྱུང་དང་གང་ཟག་དང༌། །བཅས་པ་དང་ནི་རབ་དབྱེ་དང༌། །རྣམ་པར་ངེས་ཕྱིར་འདུལ་བ་ཉིད། །ཅེས་གསུངས་པ་ལྟར་ལྟུང་བ་སྡེ་ལྔ་དང་དེ་རྣམས་འབྱུང་བའི་རྒྱུ་དང་དེ་དག་ལས་ལྡང་བའི་ཚུལ་དང་ངེས་པར་འབྱུང་བའི་ཚུལ་ཏེ་བཞི་དང༌། གང་ལ་བརྟེན་པའི་གང་ཟག་དང་དེ་ལ་བསླབ་པ་བཅས་པ་དག་བསླབ་པའི་རབ་ཏུ་དབྱེ་བ་དང་ལྟུང་བ་ཡོད་མེད་ངེས་ཚུལ་རྣམས་སྟོན་པས་འདུལ་བ་ཞེས་ཀྱང་བྱ་ཞིང༌། མདོ་དང་ཆོས་མངོན་འདུལ་བ་དག །མདོར་ན་དོན་ནི་རྣམ་བཞིར་འདོད། །བློ་དང་ལྡན་པས་དེ་ཤེས་ན། །རྣམ་པ་ཐམས་ཅད་མཁྱེན་ཉིད་འཐོབ། །ཅེས་པ་ལྟར་ཐམས་ཅད་མཁྱེན་པ་ཐོབ་པར་འདོད་པས་དེ་དག་ལ་མཁས་པར་བྱའོ། །འདི་དག་ནི་ས་བཟང་གི་མངོན་པ་ཀུན་བཏུས་ཀྱི་འགྲེལ་བ་ཇི་ལྟ་བ་བཞིན་བརྗོད་པ་ཡིན་ནོ། །གཉིས་པ་ལན་དངོས་ནི། གསུང་རབ་བཅུ་གཉིས་ལས་དང་པོ་ལྔ་ལ་ཐེག་པ་ཆེ་ཆུང་གཉིས་ཀའི་སྡེ་སྣོད་ཀྱི་ཆ་ཡོད་ལ། ཀུན་བཏུས་ལས། མདོའི་སྡེ་དང༌། དབྱངས་ཀྱིས་བསྙད་པའི་སྡེ་དང༌། ལུང་བསྟན་པའི་སྡེ་དང༌། ཚིགས་སུ་བཅད་པའི་སྡེ་དང༌། ཆེད་དུ་བརྗོད་པའི་སྡེ་གང་ཡིན་པ་འདི་ནི་ཉན་ཐོས་ཀྱི་མདོ་སྡེའི་སྡེ་སྣོད་དོ། །ཞེས་པའི་དགོངས་པ་ཡང་ཉན་ཐོས་ཀྱི་སྡེ་སྣོད་ལ་ཡོད་པའི་ཆ་དག་ཡིན་ཏེ། ས་བཟང་ཀུན་བཏུས་འགྲེལ་བ་ལས། མདོའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་དང་ལུང་བསྟན་པའི་སྡེ་དང་ཚིགས་སུ་བཅད་པའི་སྡེ་དང་ཆེད་དུ་བརྗོད་པའི་སྡེ་གང་ཡིན་པ་འདི་དག་ནི་ཉན་ཐོས་ཀྱི་མདོའི་སྡེ་སྣོད་དོ། །ཞེས་པ་ནི་ཉན་ཐོས་ལའང་དེ་རྣམས་ཡོད་པའི་ཆ་གང་ཡིན་པ་རྣམས་ཏེ། ཐེག་ཆེན་པ་ལ་དེ་རྣམས་ཡོད་པ་ནི་ཤིན་ཏུ་རྒྱས་པ་དང་རྨད་དུ་བྱུང་བར་འདུས་སོ། །ཞེས་གསུངས་སོ། །ཐེག་མཆོག་དབུ་མའི་ཟིན་བྲིས་ལས། མདོ་སྡེ་ནི་ཉན་ཐོས་ཀྱི་མདོ་སྡེ་སྟེ། ཞེས་གསུངས་པ་ཡང་དེ་བཞིན་ནོ། །དེ་ནས་བཞི་ནི་ཐེག་པ་ཆེ་ཆུང་གཉིས་ཀའི་སྡེ་སྣོད་ཀྱང་ཡོད་དེ། ས་བཟང་ཀུན་བཏུས་འགྲེལ་བ་ལས། གླེང་གཞིའི་སྡེ་དང་རྟོགས་པ་བརྗོད་པའི་སྡེ་དང་དེ་ལྟ་བུ་བྱུང་བའི་སྡེ་དང་སྐྱེས་པ་རབས་ཀྱི་སྡེ་འཁོར་དང་བཅས་པ་འདི་ནི་ཐེག་པ་ཆེ་ཆུང་གཉིས་ཀའི་འདུལ་བའི་སྡེ་སྣོད་ཅེས་བྱ་སྟེ། ཞེས་གསུངས་སོ། །སྐྱེས་པ་རབས་ཀྱི་སྡེ་ལ་ཐེག་མཆོག་དབུ་མའི་ཟིན་བྲིས་ལས། བྱང་ཆུབ་སེམས་དཔའི་སྐྱེས་རབས་རྣམས་སོ། །ཞེས་གསུངས་པས་དེ་ལ་བྱང་སེམས་ཀྱི་སྐྱེ་རབས་ཀྱིས་ཁྱབ་མ་ཁྱབ་དཔྱད་པར་བྱའོ། །དེ་ནས་གཉིས་ནི་ཐེག་ཆེན་གྱི་སྡེ་སྣོད་ཡིན་ཏེ། ཀུན་བཏུས་ལས། ཤིན་ཏུ་རྒྱས་པའི་སྡེ་དང༌། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་དོ། །ཞེས་དང༌། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། ཤིན་ཏུ་རྒྱས་པའི་སྡེ་ནི་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་སོ། །ཞེས་གསུངས་སོ། །ཡང་མྱ་ངན་ལས་འདས་པ་ཆེན་པོའི་མདོ༼འི་ཤོག་གྲངས་ཉིས་བརྒྱ་གོ་གཅིག་༽ལས། ཡང་རྣམ་པ་གཉིས་ཏེ། མདོ་སྡེ་བཅུ་གཅིག་དང༌། ཤིན་ཏུ་རྒྱས་པའི་མདོ་སྡེའོ། །དེ་ལ་མདོ་སྡེ་བཅུ་གཅིག་ནི་འཇིག་པ་དང་འགོག་པའོ། །ཤིན་ཏུ་རྒྱས་པའི་མདོ་སྡེ་ནི་འཇིག་པ་དང་འགོག་པ་མེད་པ་སྟེ། ཞེས་པ་ནས། རིགས་ཀྱི་བུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་ཏེ་གསུངས་པའི་སྙིང་པོའོ། །དེ་ཅིའི་ཕྱིར་ཞེ་ན།དེ་བཞིན་གཤེགས་པ་རྣམས་མདོ་སྡེ་བཅུ་གཅིག་མངའ་མོད་ཀྱི་དེ་དག་ལ་སངས་རྒྱས་ཀྱི་རང་བཞིན་དང༌། དེ་བཞིན་གཤེགས་པའི་རྟག་པ་དང་བདེ་བ་དང་བདག་དང་ཡོངས་སུ་དག་པ་མི་འཆད་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་མཐའ་ཡུན་དུ་མྱ་ངན་ལས་མི་འདའ་བས། དེའི་ཕྱིར་མདོ་སྡེ་འདི་ནི་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པའི་སྙིང་པོ་ཞེས་བྱའོ། །ཞེས་ཤིན་ཏུ་རྒྱས་པའི་སྡེ་སྣོད་ལས་གཞན་བཅུ་གཅིག་གི་ཁམས་དེ་བཞིན་གཤེགས་པའི་སྙིང་པོ་གསལ་བར་མ་བསྟན་པར་གསུངས་སོ། །རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་ཉན་ཐོས་ཀྱི་སྡེ་སྣོད་ཡོད་མེད་དཔྱད་རྒྱུ་ཅུང་ཟད་སྣང་སྟེ། གཞི་བསྡུ་བ་ལས།ཡན་ལག་བཅུ་གཉིས་ལས། ཤིན་ཏུ་རྒྱས་པའི་ཡན་ལག་མ་གཏོགས་པ་ནི། ཉན་ཐོས་དང་ལྡན་པའོ། །ཞེས་གསུངས་པ་ལྟར་བྱང་སར་ཡང་གསུངས་ལ། དེ་ནས་གཅིག་ནི་ཐེག་པ་ཆེ་ཆུང་གཉིས་ཀའི་སྡེ་སྣོད་ཡིན་ཏེ། ཀུན་བཏུས་ལས། གཏན་ལ་དབབ་པར་བསྟན་པའི་སྡེ་ནི་གཉིས་ཀའི་ཆོས་མངོན་པའི་སྡེ་སྣོད་དོ། །ཞེས་གསུངས་སོ། །ཡང་མྱ་ངན་འདས་ལས་འདས་པ་ཆེན་པོའི་མདོ་ལས། མདོ་སྡེ་བཅུ་གཉིས་ལས་ནི་མདོའི་སྡེ་འབྱུང་ངོ༌། །མདོའི་སྡེ་ལས་ཤིན་ཏུ་རྒྱས་པའི་སྡེ་འབྱུང་ངོ༌། །ཤིན་ཏུ་རྒྱས་པའི་མདོའི་སྡེ་ལས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་ངོ༌། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་མར་གྱི་སྙིང་པོ་ལྟ་བུ་འབྱུང་ངོ༌། །ཞེས་གསུངས་པའི་དོན་དེ་གོང་དུ་བཤད་པ་དག་དང་འགལ་མེད་སྒྲུབ་ཚུལ་ཤེས་པར་བྱའོ། །བཅུ་གཉིས་ཀྱི་ངོས་འཛིན་མདོ་དང་བསྟན་བཅོས་ལས་དུ་མར་གསུངས། ས་སྡེ་གཅིག་ལ་ཡང་སྣ་ཚོགས་བཤད་པ་རྟེན་གཞི་མདོའི་དབང་གིས་ཡིན་པར་སྣང་ངོ༌། །
དྲི་བ་གསུམ་པ་ཟིན་བྲིས་ཀྱི་སྐབས་ནས་བསྟན་པའི་རང་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་ཀྱི་ཚད་དང་གྲངས་ངེས་ཇི་ལྟར་ཡིན་ཞེས་པ།
དྲི་བ་གསུམ་པ་ཟིན་བྲིས་ཀྱི་སྐབས་ནས་བསྟན་པའི་རང་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་ཀྱི་ཚད་དང་གྲངས་ངེས་ཇི་ལྟར་ཡིན་ཞེས་པའི་ལན།
རང་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་ཀྱི་ཚད་དང་གྲངས་ངེས་ཇི་ལྟར་ཡིན་ཞེས་པའོ། །དེའི་ལན་ལ་གཉིས་ལས། དང་པོ་གཞན་ལུགས་ལ་བོད་སྔ་མ་ཁ་ཅིག་གིས་ཀླུ་སྒྲུབ་ཀྱི་རིགས་ཚོགས་དང༌། ཕྱོགས་གླང་གི་བརྒྱད་སྟོང་དོན་བསྡུས་དང༌། དབྱིག་གཉེན་གྱི་གནོད་འཇོམས་དང༌། རྗེ་བཙུན་གྱི་མངོན་རྟོགས་རྒྱན་དང་བསྟན་བཅོས་བཞི་དང༌། ཀླུ་སྒྲུབ་སོགས་གང་ཟག་བཞི་ཤིང་རྟའི་སྲོལ་འབྱེད་འཇོག་པ་དང་ལུགས་གཉིས་ཡོད་པར་འདོད་ལ། དེ་དག་ཤིང་རྟའི་སྲོལ་འབྱེད་ཡིན་པའི་རྒྱུ་མཚན་ནི། དགོངས་འགྲེལ་གཞན་ལ་མ་ལྟོས་པར་ཡུམ་གྱི་དགོངས་པ་རེ་འགྲེལ་བས་ཤིང་རྟའི་སྲོལ་འབྱེད་དོ་ཞེས་འཆད་དོ། །བོད་ཕྱི་རབས་པ་རྗེ་བླ་མ་ཤར་ཙོང་ཁ་བ་ཆེན་པོའི་རྗེས་འབྲང་གི་པཎ་ཆེན་བསོད་ནམས་གྲགས་པས་ཤིང་རྟའི་སྲོལ་འབྱེད་ལ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་སུ་གྲངས་ངེས་པར་གསུངས་ལ། ཀུན་མཁྱེན་འཇམ་དབྱངས་བཞད་པས། མིའི་ཤ་ཚུགས་ཅན་གྱི་འགྲེལ་བཤད་གཞན་ལ་མ་བརྟེན་པར་རྒྱལ་བའི་གསུང་རབ་ཀྱི་དགོངས་པ་ལེགས་པར་འགྲེལ་བའི་བྱང་འཕགས་ཀྱི་རྣམ་ཅན་དེ། ཤིང་རྟའི་སྲོལ་འབྱེད་ཀྱི་མཚན་ཉིད། དེ་ལ་གསུམ་ཡོད་དེ། དབུ་མ་བའི་ཤིང་རྟའི་སྲོལ་འབྱེད་ལ་ཡུམ་གྱི་དངོས་བསྟན་སྟོང་ཉིད་ཀྱི་སྲོལ་འབྱེད་ཀླུ་སྒྲུབ་དང༌། སྦས་དོན་མངོན་རྟོགས་དངོས་པོ་བརྒྱད་དུ་འགྲེལ་བ་རྒྱན་རྩོམ་པ་པོ་རྗེ་བཙུན་བྱམས་མགོན་དང༌། ཡུམ་ཀྱི་མདོའི་དོན་སེམས་ཙམ་དུ་འགྲེལ་པའི་སློབ་དཔོན་ཐོགས་མེད་གསུམ་ཡོད་པར་བཞེད་དོ། །དེས་ན་ལེགས་བཤད་སྙིང་པོ་ལས། བདེར་གཤེགས་གསུང་རབ་ཚུལ་གཉིས་ཤིང་རྟའི་སྲོལ། །ལེགས་པར་ཕྱེ་བས་རྒྱལ་བའི་བསྟན་པ་མཆོག ། ས་གསུམ་འགྲོ་ལ་ཉི་ལྟར་གསལ་མཛད་པ། །ཀླུ་སྒྲུབ་ཐོགས་མེད་ཅེས་གསུངས་པ་ཡང་དྲང་ངེས་འབྱེད་པའི་མིའི་རྟེན་ཅན་ལ་དེ་གཉིས་ངེས་པར་བསྟན་པ་ཙམ་ཡིན་ཞེས་གསུངས་སོ། །སེ་ར་རྗེ་བཙུན་པས་ཤེར་ཕྱིན་འགྲེལ་ཚུལ་ལ་རྗེ་བཙུན་དང་ཀླུ་སྒྲུབ་ཞབས་གཉིས་བྱུང་གསུངས་པ་ལས་གསལ་བར་མ་གསུངས་པས་རྗེས་འབྲང་རྣམས་ལ་རྗེ་བཙུན་བྱམས་མགོན་ཤིང་རྟའི་སྲོལ་འབྱེད་འདོད་མི་འདོད་གཉིས་བྱུང༌། རང་ལུགས་ལ་ཤིང་རྟའི་སྲོལ་འབྱེད་ཀྱི་ཚད་སོགས་གསལ་བར་བསྟན་པའི་གཞུང་ལུགས་སྔར་བདག་གིས་མ་མཐོང་མོད་རང་ལུགས་ཀྱི་གཞུང་རྣམས་ཀྱི་དགོངས་པ་ལ་བརྟགས་ན་རེ་ཞིག་འདི་ལྟར་བརྗོད་པར་བྱ་སྟེ། ཤིང་རྟའི་སྲོལ་དང་འདྲ་བར་རྒྱལ་བའི་གསུང་རབ་ཀྱི་དགོངས་པ་ལེགས་པར་འགྲེལ་བའི་སྲོལ་རྒྱ་ཆེར་གསར་དུ་ཕྱེས་པའམ་ཡུལ་དུས་དེ་དང་དེར་བཤད་སྲོལ་གསར་དུ་རྒྱ་ཆེར་ཕྱེས་པའི་བྱང་འཕགས་རྣམ་ཅན་དེ། ཤིང་རྟའི་སྲོལ་འབྱེད་ཀྱི་དོན་བཞག་པ་ལ་འགལ་བ་མེད་སྙམ། སངས་རྒྱས་སོ་སོའི་བསྟན་པའི་དབང་དུ་བྱས་པ་དང༌།འཇིག་རྟེན་གྱི་ཁམས་མཐའ་ཡས་པ་སོགས་ལ་ཤིང་རྟའི་སྲོལ་འབྱེད་གྲངས་མེད་པ་ཡོད་ཅེས་བྱའོ། །དེས་ན་ཤིང་རྟའི་སྲོལ་འབྱེད་ལ་གང་ཟག་ལས་བསྟན་བཅོས་ལ་ཤིང་རྟའི་སྲོལ་འབྱེད་ཀྱི་སྒྲ་བཤད་ཙམ་འཇུག་པ་ལས་ཤིང་རྟའི་སྲོལ་འབྱེད་མི་བཞག་སྟེ། ཉ་ཊཱིཀ་ལས། དེ་ལྟར་བཞི་པོ་འདིས་ཤིང་རྟའི་སྲོལ་དང་འདྲ་བར་ཡུམ་གྱི་དགོངས་པ་འགྲེལ་བའི་ཚུལ་འགྲེལ་བ་གཞན་ལ་མ་ལྟོས་པར་སྲོལ་འབྱེད་པར་བྱེད་དོ་ཞེས་ཆོས་རྗེ་བུ་སྟོན་གསུངས་ཏེ་སྒྲ་བཤད་དུ་སྣང་ངོ༌། །ཞེས་གསུངས་སོ། །དེ་ལ་བྱང་འཕགས་དགོས་པའི་རྒྱུ་མཚན་ནི། གཞན་ལ་མ་ལྟོས་པར་བློ་གྲོས་ཀྱི་རྩལ་གྱིས་དགོངས་པ་ཟབ་མོ་ངེས་པར་འགྲེལ་ནུས་པ་ནི་ས་ཐོབ་པའི་རྟགས་སུ་གསུངས་ཏེ། རྒྱན་ལས། དགོངས་པ་ཟབ་མོ་ངེས་འགྲེལ་བ། །འདི་དག་བློ་ལྡན་རྣམས་ཀྱི་རྟགས། །ཞེས་སོ། །
དྲི་བ་བཞི་བ་ཐེག་མཆོག་དབུ་མ་ལས། རྟོན་པ་བཞི་ལྡན་ཞེས་པའི་སྐབས་ཀྱི་རྟོན་པ་བཞིའི་ཚད་ཞོག
དྲི་བ་བཞི་བ་ཐེག་མཆོག་དབུ་མ་ལས། རྟོན་པ་བཞི་ལྡན་ཞེས་པའི་སྐབས་ཀྱི་རྟོན་པ་བཞིའི་ཚད་ཞོག
ཐེག་མཆོག་དབུ་མ་ལས། རྟོན་པ་བཞི་ལྡན་ཞེས་པའི་སྐབས་ཀྱི་རྟོན་པ་བཞིའི་ཚད་ཞོག་ཅེས་པའོ། །གཉིས་པ་ལན་ནི། མིང་གི་སྒོ་ནས་མདོར་བསྟན་པ་དང༌། སོ་སོའི་ངོས་འཛིན་སྒྲུབ་བྱེད་དང་བཅས་པ་བསྟན་པ་དང༌། དོགས་གནས་ཅུང་ཟད་བཀོད་པའོ། །དང་པོ་ནི། བློ་གྲོས་མི་ཟད་པའི་མདོ་༼སྡེ་དགེའི་ཤིང་པར་མ་པོད་ཤོག་གྲངས་བརྒྱ་ཞེ་བརྒྱད་༽ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟོན་པ་བཞི་ཡང་མི་ཟད་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། དོན་ལ་རྟོན་གྱི་ཚིག་འབྲུ་ལ་མི་རྟོན་པ་དང༌། ཡེ་ཤེས་ལ་རྟོན་གྱི་རྣམ་ཤེས་ལ་མི་རྟོན་པ་དང༌། ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་གྱི་དྲང་བའི་དོན་གྱི་མདོ་སྡེ་ལ་མི་རྟོན་པ་དང༌། ཆོས་ཉིད་ལ་རྟོན་གྱི་གང་ཟག་ལ་མི་སྟོན་པའོ། །ཞེས་དང༌། མྱང་འདས་ཆེན་པོའི་མདོ་༼ཉ་པོད་ཤོག་གྲངས་གོ་དགུ་༽ལས། དགེ་སློང་རྣམས་ནི་ཆོས་རྣམ་པ་བཞི་པོ་ལ་གནས་པར་བགྱིའོ། །བཞི་གང་ཞེ་ན་ཆོས་ལ་གནས་ཀྱི་གང་ཟག་ལ་མི་གནས་པ་དང༌། དོན་ལ་གནས་ཀྱི་ཚིག་ལ་མི་གནས་པ་དང༌། ཡེ་ཤེས་ལ་གནས་ཀྱི་རྣམ་ཤེས་ལ་མི་གནས་པ་དང༌། ངེས་པའི་དོན་ལ་གནས་ཀྱི་བཀྲི་བའི་དོན་ལ་མི་གནས་པ་སྟེ། ཆོས་རྣམ་པ་བཞི་པོ་འདི་རྟོགས་པར་བགྱི་བ་ལགས་ཀྱི་སྐྱེས་བུ་རྣམ་པ་བཞི་པོ་ནི་མ་ལགས་སོ། །ཞེས་དང༌། བྱང་ས་ལས། དེ་བྱང་ཆུབ་སེམས་དཔའི་རྟོན་པ་བཞི་ཇི་ལྟར་སྦྱོར་ཞེ་ན། ཞེས་པ་ནས། རྟོན་པ་བཞི་བོ་ཐམས་ཅད་ཀྱིས་ནི་བྱང་ཆུབ་སེམས་དཔའི་ཡང་དག་པའི་སྦྱོར་བ་རྩོམ་པ་ལ་ཞུགས་པའི་ངེས་པར་འབྱིན་པ་འཁྲུལ་བ་མེད་པ་མངོན་པར་གསལ་བར་བྱས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་སོ་སོའི་ངོས་འཛིན་སྒྲུབ་བྱེད་དང་བཅས་པ་བསྟན་པ་ལ། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་གཞན་སྟོང་དབུ་མའི་རྒྱན་གྱི་ལུང་སྦྱོར་ལས། རྟོན་པ་རྣམ་པ་བཞི་ཤིན་ཏུ་རྒྱས་པར་བློ་གྲོས་མི་ཟད་པ་བསྟན་པ་ནས་འབྱུང་ངོ༌། །ཞེས་གསུངས་པ་ལྟར་བློ་གྲོས་མི་ཟད་པའི་མདོ་དང་བྱང་ས་བཞིན་བརྗོད་པ་ལ་བཞི་ལས། དང་པོ་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པའི་དོན་ནི། གང་ཟག་དེའི་འདོད་པ་ལྟར་བཤད་པའི་ཚིག་དང་དོན་ལ་ལུང་རིགས་ཀྱིས་བརྟགས་ནས་འཐད་ལྡན་ཁས་ལེན་པ་དེ་ཡིན་ཏེ། བློ་གྲོས་མི་ཟད་པའི་མདོ་ལས། དེ་ལ་ཆོས་ཉིད་ནི་གང༌། གང་ཟག་ནི་གང་ཞེ་ན། གང་གང་ཟག་ཏུ་ལྟ་བ་ལ་གནས་ཏེ། ཆོས་ཁ་ཅིག་ལ་རྩོམ་པ་འདི་ནི་གང་ཟག་ཅེས་བྱའོ། །གང་གང་ཟག་ཏུ་ལྟ་བ་དེའི་རྩོམ་པ་ཡོངས་སུ་ཤེས་པ་འདི་ནི་ཆོས་ཉིད་ཅེས་བྱའོ། །གཞན་ཡང་སོ་སོའི་སྐྱེ་བོའི་གང་ཟག་དང་སོ་སོའི་སྐྱེ་བོའི་དགེ་བའི་གང་ཟག་དང༌། དད་པས་རྗེས་སུ་འབྲང་བའི་གང་ཟག་དང༌། བརྒྱད་པའི་གང་ཟག་དང༌། ཞེས་པ་ནས། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་གང་ཟག་གཅིག་པུ་འཇིག་རྟེན་དུ་བྱུང་སྟེ་འདི་ནི་གང་ཟག་ཅེས་བྱའོ། །ཞེས་པ་ནས། བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་ཉིད་ལ་རྟོན་ཤིག་གང་ཟག་ལ་ནི་མ་ཡིན་ནོ་ཞེས་གསུངས་སོ། །དེ་ལ་ཆོས་ཉིད་གང་ཞེ་ན། འདི་ལྟ་སྟེ། འགྱུར་བ་མེད་པ་དང༌། སྒྲོ་བཏགས་པ་མེད་པ་དང༌།བྱང་བ་མེད་པ་དང༌། རྣམ་པར་བྱང་བ་མེད་པ་དང༌། མི་གནས་པ་དང༌། རབ་ཏུ་མི་གནས་པ་དང༌། ཞེས་པ་ནས། ཆོས་ཐམས་ཅད་སྐྱོན་མེད་པ་རྙེད་པ་དང༌། ཤིན་ཏུ་ནམ་མཁའི་རང་བཞིན་གྱི་ཕྱིར་མཚན་ཉིད་འདི་ནི་ཆོས་ཉིད་ཅེས་བྱའོ། །དེ་ལ་གང་དག་ཆོས་ཉིད་ལ་རྟོན་པ་དག་ནི་ཁམས་གང་ལ་ཡང་མི་རྟོན་ཏོ། །དེ་བས་ན་ཆོས་ཀྱི་སྒོའི་ཚུལ་ལ་འཇུག་པ་འདིས་ཆོས་ཐམས་ཅད་ལ་རྟོན་པའི་ཕྱིར་ཆོས་ཐམས་ཅད་ཆོས་ཉིད་ཁོ་ནར་འགྱུར་བ་འདི་ནི་ཆོས་ཉིད་ལ་རྟོན་གྱི་གང་ཟག་ལ་མི་རྟོན་པ་ཞེས་བྱ་སྟེ། ཞེས་དང༌། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། རིགས་ཀྱི་བུ་ཆོས་ལ་གནས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོའོ། །སངས་རྒྱས་ཀྱི་ཆོས་ནི་ཆོས་རྣམས་ཀྱི་ཆོས་ཉིད་དོ། །ཆོས་ཉིད་ཅེས་བྱ་བ་དེ་བཞིན་གཤེགས་པའོ། །དེ་བས་ན་དེ་བཞིན་གཤེགས་པ་ནི་རྟག་པ་མི་འགྱུར་བའོ། །དེ་ལ་གང་ཞིག་དེ་བཞིན་གཤེགས་པ་མི་རྟག་ཅེས་སྨྲ་ན་གང་ཟག་དེ་ནི་ཆོས་ཉིད་མི་མཐོང་མི་ཤེས་པའོ། །ཞེས་སོགས་དང༌། བྱང་ས་ལས། བྱང་ཆུབ་སེམས་དཔའ་ནི་ནག་པོ་བསྟན་པ༼ཞེས་པ་འཁོར་བ་དང་ངན་སོང་གི་རྒྱུ་ཙམ་ཞིག་ལ་བླང་བྱར་སྟོན་པ་ཕྱི་བའི་བསྟན་པ་ཞེས་ས་སྡེའི་མཆན་ལས་སོ། །༽་དང༌། ཆེན་པོ་བསྟན་པ་༼འཁོར་བ་སྤོང་བྱེད་ཀྱི་གཉེན་པོ་དང་དམིགས་པ་ཡིད་ལ་བྱས་ནས་སྒོམ་ཚུལ་སྟོན་པས་ཆེན་པོ་བསྟན་པ་ནང་བའི་བསྟན་བཅོས་རྣམས་ཡིན་ཞེས་ས་སྡེའི་མཆན་ལས་སོ། །༽ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ་རབ་ཏུ་ཤེས་པས་ཀྱང་རིགས་པ་ལ་རྟོན་པར་བྱེད་པ་ཡིན་གྱི་གནས་བརྟན་ནམ་ཤེས་པའི་གང་ཟག་གམ་དེ་བཞིན་གཤེགས་པའམ། དགེ་འདུན་གྱིས་ཆོས་འདི་དག་བཤད་དོ་ཞེས་གང་ཟག་ལ་རྟོན་པ་མ་ཡིན་ནོ། །དེ་ལྟར་རིགས་པ་ལ་རྟོན་གྱི་གང་ཟག་ལ་མི་རྟོན་པ་དེ་ནི་དེ་ཁོ་ན་ལས་མི་གཡོ་ཞིང་ཆོས་རྣམས་ལ་གཞན་གྱི་དྲིང་མི་འཇོག་པ་ཡང་ཡིན་ནོ། །ཞེས་གསུངས་སོ། །ལུང་དེ་དག་གིས་གང་ཟག་ལ་ཕལ་བ་དང་མཆོག་སངས་རྒྱས་གཉིས་དང༌། ཆོས་ལ་ཚིག་དང་དོན་གཉིས་ཡོད་པར་གྲུབ་པོ། །རྟོན་པ་དང་པོ་འདི་ལ་གང་ཟག་ཕལ་བ་ལ་ལྟོས་པ་དང་མཆོག་ལ་ལྟོས་པ་གཉིས་ལས། གང་ཟག་ཕལ་བ་ལ་ལྟོས་པའི་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པ་ནི། གདུལ་བྱ་རྣམས་ཀྱི་བསམ་པ་ལྟར་དུ་ཐར་བ་ཐོབ་པའི་ཐབས་སུ་མི་བདེན་པའམ། ཁས་མི་ལེན་པའམ། མི་སླུ་བ་མ་ཡིན་པར། བཅོམ་ལྡན་འདས་ཀྱིས་སྡེ་སྣོད་ཇི་སྙེད་ཅིག་གསུངས་པ་རྣམས་ཐར་བ་ཐོབ་པའི་ཐབས་སུ་བདེན་པའམ། ཁས་ལེན་པའམ། མི་སླུ་བ་དེ་རྣམས་ཡིན་ནོ། །དེ་ལྟར་བློ་གྲོས་མི་ཟད་པའི་མདོ་སོགས་ལས་གསུངས་ཏེ། ཇི་སྐད་དུ། གང་གང་ཟག་ཏུ་ལྟ་བ་ལ་གནས་ཏེ་གང་ཆོས་ཁ་ཅིག་ལ་རྩོམ་པ་འདི་ནི་གང་ཟག་ཅེས་བྱའོ། །གང་ཟག་ཏུ་ལྟ་བ་དེའི་རྩོམ་པ་ཡོངས་སུ་ཤེས་པ་འདི་ནི་ཆོས་ཉིད་ཅེས་བྱའོ། །ཞེས་དང༌། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། སྟོང་བ་ཞི་བ་སྐྱེ་བ་མེད་པའི་ཚུལ། །མི་ཤེས་པས་ནི་འགྲོ་བ་འཁྱམས་གྱུར་པ། །དེ་དག་ཐུགས་རྗེ་མངའ་བས་ཐབས་ཚུལ་ དང༌། །རིགས་པ་བརྒྱ་དག་གིས་ནི་འཛུད་པར་མཛད། །ཅེས་དང༌། རྣམ་བཤད་རིག་པ་ལས། དོན་མེད་དོན་ལོག་དོན་དང་ལྡན། །ངན་གཡོ་སྙིང་བྲལ་སྡུག་བསྔལ་སྤོང༌། །ཐོས་རྩོད་སྒྲུབ་པ་ལྷུར་ལེན་པ། །བསྟན་བཅོས་དྲུག་བྲལ་གསུམ་དུ་འདོད། །ཅེས་གསུངས་སོ། །གང་ཟག་མཆོག་ལ་ལྟོས་པའི་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པ་ནི། རྒྱལ་བའམ་ཉན་ཐོས་སོགས་གང་ཟག་ཁྱད་པར་ཅན་དེས་བཤད་པ་དེ་ཙམ་རྒྱུ་མཚན་དུ་བྱས་ནས་བཤད་ཚད་ངེས་དོན་དུ་མི་འཛིན་པར་རིགས་པ་རྣམ་པར་དག་པ་ལ་ཡིད་རྟོན་པ་དེ་ཡིན་ནོ། །དེ་ལྟར་བྱང་ས་ལས་གསུངས་སོ། །གཉིས་པ་ཚིག་ལ་མི་རྟོན་དོན་ལ་རྟོན་པ་ནི། ཚིག་ལ་མི་རྟོན་ཞེས་པའི་ཚིག་ལ་བསྟན་བཅོས་དང་བཀའ་གཉིས་དང༌། སྒྲ་ཇི་བཞིན་པ་ཡིན་མིན་གཉིས་ཡོད། དོན་ལ་དྲང་དོན་ངེས་དོན་གཉིས་ཡོད་ལ། གསུང་རབ་དེ་དག་གི་ངོས་ཀྱི་སྒྲས་ཟིན་ལྟར་དུ་གནས་ལུགས་སོགས་ལ་མི་སླུ་བའི་ངེས་པ་མེད་པར་དགོངས་དོན་གྱི་བརྗོད་བྱ་དེ་དང་དེ་ལ་ལུང་རིགས་ཀྱི་སྒྲུབ་བྱེད་རྣམ་དག་ཡོད་པ་ལྟར་འདོད་པ་དེ་ཡིན་ནོ། །དེ་ལྟར་བློ་གྲོས་མི་ཟད་པའི་མདོ་ལས། དེ་ལ་དོན་ནི་གང་ཚིག་འབྲུ་ནི་གང་ཞེ་ན། ཚིག་འབྲུ་ཞེས་བྱ་བ་ནི་གང་འཇིག་རྟེན་པའི་ཆོས་དང་བྱ་བ་ལ་འཇུག་པ་བསྟན་པའོ། །དོན་ཅེས་བྱ་བ་ནི་གང་འཇིག་རྟེན་ལས་འདས་པའི་ཆོས་རྟོགས་པའོ། །ཞེས་པ་ནས། ཚིག་འབྲུ་ཞེས་བྱ་བ་ནི་གང་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པའི་བར་གྱི་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ཚོགས་བསྟན་པའོ། །དོན་ཅེས་བྱ་བ་ནི་གང་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་རྫོགས་པར་འཚང་རྒྱ་བ་སྟེ། མདོར་ན་གང་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བསྟན་པ་འདི་ནི་ཚིག་འབྲུ་ཞེས་བྱའོ། །གང་སེམས་ཅན་ཐམས་ཅད་ཀྱི་སྐད་དང་ཡི་གེ་དང་ཚིག་འབྲུས་བརྗོད་དུ་མེད་པའི་དོན་དེ་ནི་དོན་ཏེ། འདི་ནི་དོན་ལ་རྟོན་གྱི་ཚིག་འབྲུ་ལ་མི་རྟོན་པ་ཞེས་བྱའོ། །ཞེས་དང༌། མྱ་ངན་ལས་འདས་ཆེན་པོའི་མདོ་ལས།དོན་ལ་གནས་ཀྱི་ཚིག་ལ་མི་གནས་ཞེས་བྱ་བ་གང་ཞེ་ན། དོན་ནི་དོན་མངོན་པར་རྟོགས་པའོ། །མངོན་པར་རྟོགས་པའི་དོན་ཞེས་བྱ་བ་ནི་མི་ཞུམ་པའོ། །མི་ཞུམ་པ་ནི་ཕུན་སུམ་ཚོགས་པའོ། །ཕུན་སུམ་ཚོགས་པའི་དོན་ནི་དེ་བཞིན་གཤེགས་པ་རྟག་ཏུ་གནས་པ་མི་འགྱུར་མི་འཕོ་བའོ། །ཞེས་པ་ནས། འདི་ནི་དོན་ལ་གནས་པ་སྟེ། ཚིག་ལ་མི་གནས་པ་ཞེས་བྱའོ། །དེ་ལ་མི་གནས་པའི་ཚིག་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་སྤྲོས་པའི་འཇིག་རྟེན་གྱི་གཙུག་ལག་དང༌། ཞེས་སོགས་དང༌། བྱང་ས་ལས། འདི་ལ་བྱང་ཆུབ་སེམས་དཔའ་ནི་དོན་འདོད་པའི་ཕྱིར་གཞན་ལས་ཆོས་ཉན་པར་བྱེད་ཀྱི་ཚིག་འབྲུ་ལེགས་པར་སྦྱར་བ་འདོད་པའི་ཕྱིར་མ་ཡིན་ཏེ། དེ་དོན་འདོད་པའི་ཕྱིར་ཆོས་ཉན་གྱི་ཚིག་འབྲུ་འདོད་པའི་ཕྱིར་མ་ཡིན་པས་ན་ཕལ་བའི་སྐད་ཀྱིས་ཆོས་སྟོན་ན་ཡང་བྱང་ཆུབ་སེམས་དཔའི་དོན་ལ་རྟོན་པས་ནི་གུས་པར་བྱས་ཏེ་ཉན་པར་བྱེད་དོ། །ཞེས་དང༌། དུས་འཁོར་རྩ་རྒྱུད་ལས། དོན་དམ་དེ་ཉིད་ཡུལ་ལ་རྟག་ཏུ་ནི། །ཆེན་པོ་རྣམས་ནི་ཚིག་ལ་རྟོན་པ་མིན། །ཡུལ་གྱི་མིང་རྣམས་ཀྱིས་ནི་དོན་ཤེས་ན། །བསྟན་བཅོས་སྒྲ་རྣམས་ཀྱིས་ནི་ཅི་ཞིག་བྱ། །ཞེས་དང༌། འཇམ་དཔལ་གྱིས་རང་གི་ལྟ་བ་མདོར་བསྟན་ལས། ཀར་ཎཱ་ཌ་ཡི་ཀར་ཎཱའི་སྒྲས། །རྡོ་དང་རྐང་བ་བརྗོད་པར་བྱ། །ལ་ལར་འོན་པ་རབ་བརྗོད་དེ། །དེ་བཞིན་རྒྱུད་རྣམས་བསྟན་པའོ། །ཞེས་གསུངས་སོ། །དེས་ན་སྔར་བཤད་ལྟར་སངས་རྒྱས་ཀྱིས་གསུངས་པའི་ཆོས་ལ་ཚིག་དོན་གཉིས་ལས། རྗོད་བྱེད་གསུང་རབ་རྣམས་སྒྲས་ཟིན་ལྟར་དུ་ཆོས་ཀྱི་གནས་ཚུལ་ལ་མི་སླུ་བས་ངེས་པ་མེད་པས་སྒྲས་ཟིན་ལ་ཡིད་མི་རྟོན་པ་ནི། ཚིག་ལ་མི་རྟོན་པའོ། །རྒྱལ་བས་དགོངས་དོན་གྱི་བརྗོད་བྱ་རྣམས་ཆོས་ཀྱི་གནས་ཚུལ་ལ་མི་སླུ་བས་དེས་དགོངས་དོན་གྱི་བརྗོད་བྱ་ལ་ཡིད་རྟོན་པ་ནི་དོན་ལ་རྟོན་པ་ཡིན་ནོ། །དོན་དེས་ན་མདོ་ལས། དོན་གྱི་རྗེས་སུ་འབྲང་བར་བྱ་ཡི་བརྗོད་པ་ལ་ཆགས་པར་མི་བྱའོ། །ཞེས་གསུངས་སོ། །གསུམ་པ་དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་པ་ནི། འདིའི་དྲང་ངེས་ལ་རྗོད་བྱེད་ཀྱི་དབང་དུ་བྱས་པ་དང༌། བརྗོད་བྱའི་དབང་དུ་བྱས་པའི་དྲང་ངེས་གཉིས་ཡོད་པ་ལས་དྲང་དོན་ཀུན་རྫོབ་གཙོ་བོར་སྟོན་པའི་མདོའི་བཤད་ཚུལ་ལྟར་གཤིས་ལུགས་སུུ་མི་བདེན་པར་ངེས་དོན་སྟོང་ཉིད་སྟོན་པའི་མདོའི་བཤད་ཚོད་ལྟར་གཤིས་ལུགས་སམ་གནས་ལུགས་སུ་ཁས་ལེན་པ་ནི་རྗོད་བྱེད་ཀྱི་དབང་དུ་བྱས་པའི་དེའི་དོན་དང༌། སྣང་གྲགས་ཀུན་རྫོབ་སྣ་ཚོགས་སུ་སྣང་བ་ལྟར་ཡིན་ལུགས་སུ་མི་བདེན་པར་ཆོས་ཅན་དེ་དག་གིས་སྟོང་བའི་སྟོང་ཉིད་མཐར་ཐུག་ཁམས་བདེ་གཤེགས་སྙིང་པོ་དེ་གནས་ལུགས་སུ་ཁས་ལེན་པ་ནི་བརྗོད་བྱས་དབང་དུ་བྱས་པའི་རྟོན་པ་གསུམ་པའི་དོན་ཡིན་པའོ། །དེ་ལྟར་བློ་གྲོས་མི་ཟད་པའི་མདོ་ལས།ངེས་པའི་དོན་གྱི་མདོ་སྡེ་ནི་གང་དྲང་བའི་དོན་གྱི་མདོ་སྡེ་གང་ཞེ་ན། མདོ་སྡེ་གང་དག་ལམ་ལ་འཇུག་པའི་ཕྱིར་བསྟན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །མདོ་སྡེ་གང་དག་འབྲས་བུ་ལ་འཇུག་པའི་ཕྱིར་བསྟན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ། །མདོ་སྡེ་གང་དག་ཀུན་རྫོབ་སྒྲུབ་པར་བསྟན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །མདོ་སྡེ་གང་དག་དོན་དམ་པ་སྒྲུབ་པར་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་ལས་དང་བྱ་བ་ལ་འཇུག་པར་བསྟན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །མདོ་སྡེ་གང་དག་ལས་དང་ཉོན་མོངས་པ་ཟད་པར་བྱ་བའི་ཕྱིར་བསྟན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ། །ཞེས་པ་ནས། རྣམ་པར་ཐར་བའི་སྒོའི་བར་དུ་བསྟན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱ་སྟེ། འདི་ནི་ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་གྱི་དྲང་བའི་དོན་གྱི་མདོ་སྡེ་ལ་མི་རྟོན་པ་ཞེས་བྱའོ། །ཞེས་དང༌། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། ངེས་པའི་དོན་གྱི་མདོ་སྡེ་ལ་གནས་ཀྱི་བཀྲི་བའི་དོན་གྱི་མདོ་སྡེ་ལ་མི་གནས་སོ། །ཞེས་བྱ་བ་གང་ཞེ་ན། བཀྲི་བའི་དོན་གྱི་མདོ་སྡེ་ནི་འདི་ལྟ་སྟེ། ཞེས་པ་ནས། དེ་བས་ན་ཉན་ཐོས་ཀྱི་ཐེག་པ་ནི་བཀྲི་བའི་དོན་ཅེས་བྱའོ། །ཐེག་པ་ཆེན་པོའི་ཆོས་ལ་ནི་གནས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་སོ་སོའི་སྐྱེ་བོ་དག་བསྒྲལ་བའི་ཕྱིར་སྦྱོར་བའི་ཐབས་སུ་ཐེག་པ་ཆེན་པོ་གསུངས་ཏེ། དེ་བས་ན་ངེས་པའི་དོན་ཅེས་བྱ་སྟེ། གནས་པར་བྱའོ། །ཞེས་དང༌།བྱང་ས་ལས། ཡང་བྱང་ཆུབ་སེམས་དཔའ་ནི་དེ་བཞིན་གཤེགས་པ་ལ་དད་པ་ཞེན་ཅིང་དགའ་བ་ཞེན་ཏེ། གསུང་ལ་གཅིག་ཏུ་ངེས་པར་མངོན་པར་དགའ་བ་དང༌། དེ་བཞིན་གཤེགས་པའི་ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་གྱི་དྲང་བའི་དོན་ལ་མ་ཡིན་ཏེ། ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་ན་ཆོས་འདུལ་བ་འདི་ལས་མི་འཕྲོག་པར་འགྱུར་ཏེ། འདི་ལྟར་དྲང་བའི་དོན་གྱི་མདོ་སྡེ་ནི་སྒོ་སྣ་ཚོགས་ནས་ཞུགས་པའི་དོན་གྱི་རྣམ་པར་དབྱེ་བ་མ་ངེས་པས་ཐེ་ཚོམ་སྐྱེད་པ་ཡིན་པའི་ཕྱིར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའི་ངེས་པའི་དོན་གྱི་མདོ་སྡེ་ལ་ཡང་ངེས་པར་མེད་པར་གྱུར་ན་ནི། དེ་ལྟར་ན་དེ་ཆོས་འདུལ་བ་འདི་ལས་འཕྲོག་པར་འགྱུར་རོ། །ཞེས་དང༌། བསྟན་བཅོས་རྒྱུད་བླ་མ་ལས། ཕྲ་མོ་ཟབ་མོའི་ཚུལ་བསྟན་པ། །སྦྲང་རྩི་རོ་གཅིག་པ་བཞིན་ནོ། །རྣམ་པ་སྣ་ཚོགས་ཚུལ་བསྟན་ནི། །སྣ་ཚོགས་སྦུབས་སྙིང་བཞིན་ཤེས་བྱ། །ཞེས་གསུངས་སོ། །བཞི་བ་རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པ་ནི།སྐབས་འདིའི་རྣམ་ཤེས་ལ་སྟོང་ཉིད་ལ་ཐོས་བསམ་ཀྱི་བློ་དང་ཀུན་རྫོབ་ཡུལ་ཅན་གྱི་རྣམ་ཤེས་དག་ཡིན་ལ། ཡེ་ཤེས་ནི་གཙོ་བོ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་ལ།སྟོང་ཉིད་ལ་སྒོམ་བྱུང་གི་རྟོག་པ་དེར་འཇོག་དགོས་པ་འདྲ། རྣམ་ཤེས་དེ་དག་གི་སྣང་ཚུལ་ལྟར་དང༌། སྟོང་བ་ཉིད་མ་རྟོགས་པའི་ཤེས་པས་བཟུང་ཚུལ་ལྟར་གནས་ལུགས་སུ་ཁས་མི་ལེན་པ་དེ་རྣམ་ཤེས་ལ་མི་རྟོན་པའི་དོན་དང༌། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སོགས་ཀྱིས་གཟིགས་པ་ལྟར་གནས་ལུགས་སམ་གཤིས་ལུགས་སུ་ཁས་ལེན་པ་དེ་ཡེ་ཤེས་ལ་རྟོན་པའི་དོན་ཡིན་ནོ། །དེ་ལྟར་བློ་གྲོས་མི་ཟད་པའི་མདོ་ལས། དེ་ལ་རྣམ་པར་ཤེས་པ་ནི་གང་ཡེ་ཤེས་ནི་གང་ཞེ་ན། རྣམ་པར་ཤེས་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་གནས་པ་བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་ཤེས་པ་གནས་པ་ནི་གཟུགས་ལ་ཉེ་བར་འགྲོ་བ་དང༌། ཚོར་བ་ལ་ཉེ་བར་འགྲོ་བ་དང༌། འདུ་ཤེས་ལ་ཉེ་བར་འགྲོ་བ་དང༌།འདུ་བྱེད་ལ་ཉེ་བར་འགྲོ་ཞིང་གནས་པ་སྟེ། འདི་ནི་རྣམ་པར་ཤེས་པ་ཞེས་བྱའོ། །དེ་ལ་ཡེ་ཤེས་གང་ཞེ་ན། གང་ཕུང་པོ་བཞི་ལ་གནས་པའི་རྣམ་པར་ཤེས་པའི་ཕུང་པོ་ཡོངས་སུ་ཤེས་པ་སྟེ། འདི་ནི་ཡེ་ཤེས་ཞེས་བྱའོ། །ཞེས་པ་ནས། གཞན་ཡང་རྣམ་པར་ཤེས་པ་ནི་གང་མིག་གིས་ཤེས་པར་བྱ་བའི་གཟུགས་རྣམས་ལ་རྣམ་པར་རིག་པ་དང༌། དེ་བཞིན་དུ་རྣ་བས་ཤེས་པར་བྱ་བའི་སྒྲ་རྣམས་དང༌། སྣས་ཤེས་པར་བྱ་བའི་དྲི་རྣམས་དང༌། ལྕེས་ཤེས་པར་བྱ་བའི་རོ་རྣམས་དང༌། ལུས་ཀྱིས་ཤེས་པར་བྱ་བའི་རེག་བྱ་རྣམས་དང༌། ཡིད་ཀྱིས་ཤེས་པར་བྱ་བའི་ཆོས་རྣམས་ལ་རྣམ་པར་རིག་པ་སྟེ། འདི་ནི་རྣམ་པར་ཤེས་པ་ཞེས་བྱའོ། །གང་ཡང་ནང་ཉེ་བར་ཞི་ཞིང་ཕྱི་རོལ་ཏུ་རྒྱུ་བ་མེད་པ་དང༌། ཡེ་ཤེས་ལ་རྟོན་པས་ཆོས་གང་ལ་ཡང་མི་རྟོག་རྣམ་པར་མི་རྟོག་པ་འདི་ནི་ཡེ་ཤེས་ཞེས་བྱའོ། །ཞེས་པ་ནས།འདི་ནི་ཡེ་ཤེས་ལ་རྟོན་གྱི་རྣམ་པར་ཤེས་པ་ལ་མི་རྟོན་པ་ཞེས་བྱའོ། །ཞེས་དང༌། མྱ་འདས་ཆེན་པོ་ལས། ཡེ་ཤེས་ལ་གནས་ཀྱི་རྣམ་པར་ཤེས་པ་ལ་མི་གནས་ཞེས་བྱ་བ་གང་ཞེ་ན།ཡེ་ཤེས་ནི་དེ་བཞིན་གཤེགས་པའོ། །ཉན་ཐོས་བ་གང་ཞིག་དེ་བཞིན་གཤེགས་པའི་ཡོན་ཏན་ལ་ཤིན་ཏུ་མི་གནས་པ་དེ་ནི་རྣམ་པར་ཤེས་པ་ཞེས་བྱ་སྟེ། གནས་པར་མི་བྱའོ། །ཞེས་སོགས་དང༌། བྱང་ས་ལས། ཡང་བྱང་ཆུབ་སེམས་དཔའ་ནི་རྟོགས་པའི་ཡེ་ཤེས་ལ་སྙིང་པོར་ལྟ་བ་ཡིན་གྱི་ཐོས་པ་དང་བསམ་པས་ཆོས་དང་དོན་རྣམ་པར་ཤེས་པ་ཙམ་ལ་ནི་མ་ཡིན་ནོ། །དེས་བསྒོམ་པའི་ཤེས་པར་བྱ་བ་གང་ཡིན་པ་དེ་ནི་ཐོས་པ་དང་བསམ་པས་དོན་རྣམ་པར་ཤེས་པ་ཙམ་གྱིས་རྣམ་པར་ཤེས་པ་མི་ནུས་པར་རིག་ནས། དེ་བཞིན་གཤེགས་པས་གསུངས་པའི་ཆོས་མཆོག་ཏུ་ཟབ་པ་དག་ཐོས་ན་ཡང་སྤོང་བར་མི་བྱེད་ཅིང་སྐུར་བ་མི་འདེབས་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་རྟོན་པ་བཞི་པོ་དག་ལ་སྦྱོར་བར་བྱེད་དོ། །ཞེས་གསུངས་སོ། །རྟོན་མི་རྟོན་ནི་ཁས་ལེན་མི་ལེན་དང༌། རྗེས་སུ་འབྲང་རིགས་མི་རིགས་དང༌། སླུ་མི་སླུ་བདེན་མི་བདེན་ལ་བྱེད་དགོས་ཞེས་འདྲེན་པ་དམ་པ་རྣམས་ཀྱིས་གསུངས་ལ། ཡང་རྟོན་མི་རྟོན་ནི་ར་རྟོན་དུ་འདུག་པས་བཤད་མ་བཤད་མ་ཡིན་པར་ཡིད་རྟོན་པ་སྟེ་ཡིད་གཏོད་རིགས་མི་རིགས་ལ་འཇོག་དགོས་སོ། །རྟོན་པ་བཞིའི་དོན་ངེས་དོན་ཁོ་ནའི་དབང་དུ་བྱས་ན། སྟོན་པ་སོགས་ཀྱིས་གསུངས་པའི་རྗོད་བྱེད་ལུང་གི་ཆོས་དང་བརྗོད་བྱའི་དོན་གཉིས་གསུང་མཁན་དང་འདོད་མཁན་བཟང་བ་རྒྱུ་མཚན་དུ་མི་བྱེད་པར་ཚིག་དོན་ལ་བརྟགས་ནས་འཐད་ལྡན་ནམ་ཆོས་ཉིད་ཁས་ལེན་པ་དེ། རྟོན་པ་དང་པོའི་དོན་དང༌།རྗོད་བྱེད་ལུང་གི་ཆོས་ཀྱི་སྒྲས་ཟིན་ལ་ཡིད་མི་རྟོན་པར་དགོངས་དོན་གྱི་བརྗོད་བྱ་མཐར་ཐུག་ཁས་ལེན་པ་དེ། རྟོན་པ་གཉིས་པའི་དོན་དང༌། དགོངས་དོན་བདེན་པ་གཉིས་ཡོད་པ་ལས། ཀུན་རྫོབ་རྣམས་གནས་ལུགས་སུ་ཁས་མི་ལེན་པར་ཉེས་པ་གློ་བུར་བས་སྟོང་བའི་རང་བཞིན་སྟོང་བ་ཉིད་གཉིས་མེད་ཡེ་ཤེས་གནས་ལུགས་མཐར་ཐུག་ཏུ་ཁས་ལེན་པའམ་ངེས་དོན་གྱི་མདོ་སྡེ་རྟོགས་པ་དེ། རྟོན་པ་གསུམ་པའི་དོན་དང༌། ངེས་དོན་དེ་ཡང་བློ་གཅིག་གིས་འཇོག་དགོས་ལ། སྟོང་ཉིད་མ་རྟོགས་པའི་སོ་སྐྱེའི་རྣམ་ཤེས་དང༌། སྟོང་ཉིད་རྟོགས་པའི་རིགས་ཤེས་རྗེས་དཔག་ལ་སྣང་བ་ལྟར་དུ་གནས་ལུགས་མཐར་ཐུག་ཏུ་ཁས་མི་ལེན་པར་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་བཞག་ཡེ་ཤེས་ལ་སྣང་བ་ལྟར་གཤིས་ལུགས་མཐར་ཐུག་ཏུ་ཁས་ལེན་པའམ་རང་བཞིན་ཤེས་པ་དེ། རྟོན་པ་བཞི་བའི་དོན་ཡིན་པར་སྣང་སྟེ། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། ཆོས་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་ཆོས་ཉིད་དོ། །དོན་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་རྟག་པ་མི་འགྱུར་བའོ། །ཡེ་ཤེས་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་ཤེས་པར་བྱའོ། །ངེས་པའི་དོན་ཅེས་བྱ་བ་ནི་ཐེག་པ་ཆེན་པོའི་མདོ་སྡེ་ཐམས་ཅད་རྟོགས་པའོ། །ཞེས་དང༌། བྱང་ས་ལས། མདོར་བསྡུ་ན་ཚད་མ་ཉིད་བཞི་བསྟན་ཏེ་བསྟན་པའི་དོན་དང་རིགས་པ་དང་རྟོན་པ་དང་བསྒོམས་པ་ལས་རྟོགས་པའི་ཡེ་ཤེས་སོ། །ཞེས་གསུངས་སོ། །གསུམ་པ་དོགས་གནས་ཅུང་ཟད་བཀོད་པ་ལ། གཞན་སྟོང་དབུ་མའི་རྒྱན་ལས། དེ་དག་རྟོན་པ་བཞི་ཡང་ལོག་པར་སྨྲ། །ཀུན་རྫོབ་ཏུ་ནི་ཡོད་པས་ཡོད་པར་འདོད། །ཀུན་རྫོབ་ཏུ་ནི་མེད་ནའང་མེད་པར་འདོད། །དོན་དམ་དུུ་ནི་མེད་ཀྱང་ཡོད་པར་འདོད། །དོན་དམ་མི་རྟོན་ཀུན་རྫོབ་ལ་རྟོན་ནོ། །རྣམ་ཤེས་ངོ་བོར་ཡོད་ན་ཡོད་པར་འདོད། །རྣམ་ཤེས་ངོ་བོར་མེད་ན་མེད་གོ་གཅོད། །ཡེ་ཤེས་སྣང་ངོར་མེད་ཀྱང་ཡོད་ཅེས་ཟེར། །ཡེ་ཤེས་སྤངས་ནས་རྣམ་ཤེས་ཙམ་ལ་རྟོན། །དགོངས་འགྲེལ་ཚད་ལྡན་ཐམས་ཅད་བདེན་ནོ་ལོ། །རྩ་བ་རྫུན་ན་དགོངས་འགྲེལ་བདེན་མི་སྲིད། །ཆོས་ནི་སྤོང་ཞིང་གང་ཟག་རྣམས་ལ་རྟོན། །དགག་པ་གཉིས་ཀྱིས་རྣལ་མ་གོ་བ་སོགས། །རྟོག་གེ་བ་བཞིན་ཚིག་ལ་རྟོན་པའང་ཡོད། །རང་སྟོང་སྨྲ་བ་ཕྱིས་བྱུང་ཕལ་ཆེར་ནི། །རྟོན་པ་བཞི་ལས་རིང་དུ་བྱོལ་བ་ཡིན། །རྒྱལ་བའི་བཀའ་ལས་རྟོན་པ་བཞི་བོ་བསྔགས། །ཞེས་གསུངས་པས་ན། རང་ལུགས་ལ་ཀུན་རྫོབ་ཏུ་ཡོད་ན་ཡོད་དགོས་མིན་དང༌། དོན་དམ་དུ་ནི་མེད་ཀྱང་ཀུན་རྫོབ་རྣམས་ཡོད་པ་ཡིན་མིན་དང༌། རྣམ་ཤེས་ཀྱི་ངོ་བོར་ཡོད་ན་ཡོད་དགོས་མིན་ཅི། གལ་ཏེ་ཡོད་ན་དོན་དམ་དུ་ཡོད་དགོས་པས་ཀུན་རྫོབ་དང་རྣམ་ཤེས་ཀྱི་ངོ་བོར་ཡོད་པས་ཡོད་གོ་མི་ཆོད་ཟེར་ན་ཉ་དབོན་པའི་བསྟན་པ་སྤྱི་འགྲེལ་ལས། དང་པོ་ལྟར་ན་བཀའ་བསྟན་བཅོས་ཐམས་ཅད་ནོར་བ་ཁོ་ནར་འགྱུར་ཞིང༌། གཞི་གྲུབ་པ་ཅུང་ཟད་ཀྱང་མེད་པར་འགྱུར་རོ། །ཞེས་དང༌། དྲིས་ལན་ཡིད་ཀྱི་མུན་སེལ་ལས། དབུ་མ་པ་ལ་ཡང། ཁས་ལེན་དམ་བཅའ་ཡོད་པར་གྲུབ་སྟེ། ཞེས་སོགས་དང༌། ཡང་དེ་ལས།དེ་དག་དྲི་མ་མེད་པའི་མདོ་བསྟན་བཅོས་བརྟེན་ནས་གཟུ་བོའི་བློས་དཔྱད་ན་ཕྱི་ནང་གི་ཆོས་ཀུན་དང་དེའི་སྟོང་ཉིད་དེ་བཞིན་ཉིད་སོགས་ཡང་སྟོང་ངོ་མེད་དོ་ཞེས་སོགས་ཡང་དྲང་དོན་དགོངས་པ་ཅན་གྱི་སྒྲ་ཅི་བཞིན་དུ་དེ་དག་གཏན་མེད་པ་མ་ཡིན་ཏེ། དགེ་སྡིག་སོགས་ལས་རྒྱུ་འབྲས་ལ་བསྐུར་བ་བཏབ་པར་འགྱུར་རོ། །ཞེས་གསུངས་སོ། །བརྩོད་བཟློག་ལས། ཐ་སྙད་ཁས་ནི་མ་བླངས་པར། །ངེད་ཅག་འཆད་པར་མི་བྱེད་དོ། །ཞེས་དང༌།ཇི་སྐད་དུ། ཐ་སྙད་ལ་ནི་མ་བརྟེན་པར། ། དམ་པའི་དོན་ནི་མི་སྟོན་ལ། །དམ་པའི་དོན་ལ་མ་བརྟེན་པར། །མྱ་ངན་འདས་པ་མི་རྟོགས་སོ། །ཞེས་གསུངས་པ་སོགས་དང་འགལ་བར་འགྱུར་རོ། །ཀུན་རྫོབ་ཏུ་ཡོད་ན་ཡོད་དགོས་པ་སོགས་རང་ལུགས་ལ་འདོད་ན་ཁ་ཅིག་ལ་སྐྱོན་གཏོང་ཚུལ་དང༌། ཕྱོགས་སྔ་མས་རྟོན་པ་བཞི་བོ་ལོག་པར་སྨྲ་ཚུལ་སོགས་གོང་གི་གཞན་སྟོང་དབུ་མའི་རྒྱན་གྱི་ལུང་གི་ཚིག་དོན་ཞིབ་པར་དཔྱད་པར་བྱའོ། །རང་ལུགས་ལ་སྤྱིར་ཆོས་དེ་དང་དེ་ཡིན་མིན་དང་ཡོད་མེད་ཁས་ལེན་ཚུལ་ཞིག་ཡོད་དེ། དཔཻར་ན་ཐེག་མཆོག་དབུ་མ་ལས། ཀུན་རྫོབ་བདེན་པ་ཀུན་རྫོབ་ཁོ་ནར་བདེན། །དོན་དམ་ཁོ་ནར་བདེན་པ་དོན་དམ་སྟེ། །ཞེན་ངོར་བདེན་པ་སྣང་ངོར་བདེན་པ་གཉིས། །ཀུན་རྫོབ་ཡིན་ཕྱིར་སྤྱིར་ནི་བརྫུན་པ་ཉིད། །ཅེས་ཀུན་རྫོབ་ཀྱི་ཆོས་རྣམས་སྤྱིར་བརྫུན་པ་ཡིན་ལ་ཀུན་རྫོབ་ཏུ་བདེན་པ་ཡིན་ཞེས་པ་ལྟར་རོ། །ཡང་བུམ་པ་ཡོད་པ་ཡིན་ནམ་ཞེས་དྲིས་ཚེ་ཡོད་པ་ཡིན་ཞེས་བྱས་ན་ཆོག་སྙམ་སྟེ། དཔེར་ན་སྤང་གཉེན་མེད་པར་ཐལ། བླང་དོར་མེད་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལ་ཀུན་རྫོབ་ཏུ་བསམ་ནས་རྟགས་མ་གྲུབ་ཀྱི་ལན་བཏབ་དགོས་པ་ལས། ཀུན་རྫོབ་དང་དོན་དམ་གྱི་ལན་སོ་སོར་བཏབ་མི་དགོས་ལ།ཡང་སྤང་གཉེན་མེད་པར་ཐལ། དོན་དམ་པར་བླང་དོར་མེད་པའི་ཕྱིར། ཞེས་ཟེར་ན་དོན་དམ་པར་མེད་ཀྱང་ཀུན་རྫོབ་ཏུ་ཡོད་ཆོག་པས། ལན་ལ་ཁྱབ་པ་མེད་ཅེས་ལན་བཏབ་པ་ལས་གཞན་ཚངས་ཆེན་གྱི་ཚུལ་འཛིན་པའི་གཡོ་རྒྱུས་ལན་མང་པོ་ཅི་ཞིག་བྱ་སྟེ་དགོས་པ་མེད་པའི་ཕྱིར་ཏེ། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། རང་ལུགས་ནི། སྤང་གཉེན་མེད་པར་ཐལ། བླང་དོར་མེད་པའི་ཕྱིར། ལྟ་བུ་ལ་མཚོན་ན། དབུ་མ་པས། ཆོས་ཐམས་ཅད་རང་བཞིན་མེད་བྱས་པ་ལ། འོ་ན། རི་བོང་གི་རྭ་ལྟར་གཏན་མེད་ཡིན་པར་ཁས་ལེནཔ་ཡིན་སྙམ་ནས། བླང་དོར་མེད་པའི་ཕྱིར། ཞེས་ཟེར་བ་དེ། ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་སྟེ། ཀུན་རྫོབ་ཀྱི་དབང་དུ་བྱས་པའམ་ཀུན་རྫོབ་ལ་བསམ་ནས་རྩོད་པ་ལ་ཟེར་ལ། དོན་དམ་གྱི་ལན་ནི། ཁོ་བོ་ཅག་བླང་དོར་མེད་ཟེར་བ། དོན་དམ་དུ་ཡིན་གྱི་ཀུན་རྫོབ་ཏུ་མིན་པས་རྟགས་མ་གྲུབ་ཅེས་པ་ལྟ་བུའོ། །ཡང་རྩོད་པ་དེ་ལ། དོན་དམ་པར་བླང་དོར་མེད་པའི་ཕྱིར། ཞེས་ཟེར་ན། དོན་དམ་སྒོ་ཅན་ཏེ། དོན་དམ་ལ་བསམ་ནས་རྩོད་པས་སོ། །ལན་ཀུན་རྫོབ་སྒོ་ཅན་ནི་ཁྱབ་པ་མེད་དེ། དོན་དམ་པར་བླང་དོར་མེད་ཀྱང་ཀུན་རྫོབ་ཏུ་སྤང་གཉེན་འཐད་ཅེས་པ་ལྟ་བུའོ། །ཅི་རིགས་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །
དྲི་བ་ལྔ་བ་ཟིན་བྲིས་ལས། ཕྲིན་ལས་ནི་བྱ་བ་དང་མཛད་པ་ནི་བྱེད་པ་ལ་འཇོག་གོ
དྲི་བ་ལྔ་བ་ཟིན་བྲིས་ལས། ཕྲིན་ལས་ནི་བྱ་བ་དང་མཛད་པ་ནི་བྱེད་པ་ལ་འཇོག་གོ །ཞེས་པའི་མཛད་ཕྲིན་གྱི་དོན་ཇི་ལྟར་ཡིན།
འཕྲིན་ལས་ནི་བྱ་བ་དང་མཛད་པ་ནི་བྱེད་པ་ལ་འཇོག་གོ་ཞེས་པའི་མཛད་འཕྲིན་གྱི་དོན་ཇི་ལྟར་ཡིན་ཞེས་པའོ། །གཉིས་པ་ལན་ལ་འཕྲིན་ལས་བཤད་པ་དང་ལན་དངོས་དང་གཉིས། དང་པོ་འཕྲིན་ལས་བཤད་པ་ལ་མཚན་ཉིད་དབྱེ་བ་གཉིས། དང་པོ་ནི། རང་རྒྱུ་སངས་རྒྱས་ཀྱི་ཐུགས་རྗེ་ཆེན་པོ་ལས་བྱུང་བའི་ཆོས་སྐུའི་རྣམ་དཀར་གྱི་ལས་དེ། འཕྲིན་ལས་ཀྱི་མཚན་ཉིད། ཡང་ན་ཐེག་མཆོག་དབུ་མའི་རབ་བྱེད་བརྒྱད་པའི་ཊཱིཀ་ཟིན་ལས། ཆོས་སྐུའི་བདག་རྐྱེན་བྱས་པ་ལས་བྱུང་བའི་རྣམ་དཀར་གྱི་ཡོན་ཏན། སངས་རྒྱས་ཀྱི་འཕྲིན་ལས་ཀྱི་མཚན་ཉིད། ཞེས་སོ། །མཚན་ཉིད་འཇོག་ཚུལ་དེ་ལྟར་འཐད་དེ། བསྟན་བཅོས་རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཞེས་སོགས་དང༌། མངོན་རྟོགས་རྒྱན་ལས། ཆོས་སྐུ་མཛད་པ་དང་བཅས་པ། །ཞེས་དང༌། དེ་བཞིན་འཁོར་བ་ཇི་སྲིད་འདིར། །ལས་ནི་རྒྱུན་མི་ཆད་པར་འདོད། །ཅེས་དང༌། ཆོས་ཀྱི་སྐུ་ཡི་འཕྲིན་ལས་ནི། །ཞེས་གསུངས་པ་དང༌། ཕར་ཕྱིན་མདོ་ལུགས་མ་ལས། སྐུ་དང་གསུང་དང་ཐུགས་ཀྱི་ལས་ཐམས་ཅད་སེམས་ཅན་གྱི་དོན་འབའ་ཞིག་ཏུ་ལྷུན་གྱིས་གྲུབ་པར་འཇུག་པ་ནི་འཕྲིན་ལས་ཏེ། ཞེས་དང༌། ཇི་ལྟར་སེམས་ཅན་གྱི་ལུས་ངག་ཡིད་ཀྱི་ལས་ནི་རྣམ་ཤེས་ཀྱི་རྗེས་སུ་འགྲོ་ཞིང་རྣམ་ཤེས་ཀྱི་རྗེས་སུ་འབྲང་བ་ལྟར། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ལས་དག་ཀྱང་ཡེ་ཤེས་ཀྱི་རྗེས་སུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཡིན་ནོ། །ཞེས་སོགས་གསུངས་པ་དང༌།ཐེག་མཆོག་དབུ་མ་ལས། ཐུགས་རྗེ་དེ་ལས་འཕྲིན་ལས་ཟད་མེད་འབྱུང༌། །འགྲོ་རྣམས་སྡུག་བསྔལ་ཆུང་དང་ཟད་པར་མཛད། །ཞེས་པ་ནས། ཐུགས་རྗེ་རྣམས་ཀྱི་འཕྲིན་ལས་དཔེ། །ཞེས་དང༌། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། དེས་ན་འཕྲིན་ལས་ཉེར་བདུན་ཆོས་ཅན་རྟོགས་པ་ཆོས་སྐུའི་ལས་ཡིན་ནོ། །ཞེས་གསུངས་སོ། །དོན་དམ་པའི་འཕྲིན་ལས་འཕྲིན་ལས་ཡིན་མིན་དཔྱད་པར་བྱའོ། །གཉིས་པ་དབྱེ་བ་ནི། བསྟན་བཅོས་རྒྱུད་བླ་མ་ལས་འཕྲིན་ལས་ལ་དབྱེ་བ་དགུ་གསུངས་ཏེ། ཇི་སྐད་དུ། གང་ཞིག་བརྒྱ་བྱིན་རྔ་དང་སྤྲིན་བཞིན་དང༌། །ཚངས་ཉི་རིན་ཆེན་ཡིད་བཞིན་ནོར་རྒྱལ་བཞིན། །སྒྲ་བརྙན་ནམ་མཁའ་ས་གཞི་སྲིད་མཐའི་པར། །འབད་མེད་གཞན་གྱི་དོན་བྱེད་རྣལ་འབྱོར་རིག ། ཅེས་གསུངས་པ་ལྟར་བརྒྱ་བྱིན་གྱི་དཔེས་ནི་གདུལ་བྱ་དང་མཐུན་པར་སྐུའི་རྣམ་འཕྲུལ་སྣ་ཚོགས་པ་སྟོན་པ་དང༌། རྔ་བོ་ཆེའི་དཔེས་ནི་སྐལ་བ་ཇི་ལྟ་བ་བཞིན་དུ་གསུང་གིས་དམ་པའི་ཆོས་ཀྱི་གདམས་ངག་གསུང་བ་དང༌། །སྤྲིན་གྱི་དཔེས་ནི་ཐུགས་ཀྱི་མཁྱེན་པ་དང་བརྩེ་བས་ཐམས་ཅད་ལ་ཁྱབ་པ་དང༌། ཚངས་པའི་དཔེས་སྐུ་དང་གསུང་གི་མཛད་པ་མཐའ་ཡས་པ་སྤྲུལ་བ་དང༌། ཉི་མས་དཔེས་ནི་ཐུགས་ཀྱི་མཛད་པ་ཡེ་ཤེས་ལ་བརྟེན་ནས་དམ་པའི་ཆོས་ཀྱི་འོད་ཟེར་སྤྲོ་བ་དང༌། ནོར་བུའི་དཔེས་ནི་རྣམ་རྟོག་མེད་ཀྱང་དགོས་འདོད་རྩོལ་བའི་ཐུགས་ཀྱི་གསང་བ་དང༌། སྒྲ་བརྙན་གྱི་དཔེས་ནི་ཡི་གེ་མེད་ཀྱང་ལེགས་བཤད་སྟོན་པའི་གསུང་གི་གསང་བ་དང༌། ནམ་མཁའི་དཔེས་ནི་གཟུགས་སུ་མེད་ཀྱང་གདུལ་བྱས་མཐོང་བའི་སྐུའི་གསང་བ་དང༌། ས་གཞིའི་དཔེས་ནི་ཡོན་ཏན་ཐམས་ཅད་ཀྱི་རྟེན་གནས་ཡོངས་སུ་གྱུར་པའི་ཐུགས་རྗེ་ཆེན་པོའི་བདག་ཉིད་ཐོབ་པ་ལས་འགྲོ་བ་མཐའ་དག་གི་ཉེར་འཚོ་མཛད་པ་ཉིད་བསྟན་པ་ཡིན་ནོ། །རྒྱས་པར་རྒྱུད་བླ་རྩ་འགྲེལ་ལས་ཤེས་པར་བྱའོ། །ཡང་མངོན་རྟོགས་རྒྱན་ལས་འཕྲིན་ལས་ལ་དབྱེ་བ་ཉེར་བདུན་གསུངས་སྟེ། ཇི་སྐད་དུ། འགྲོ་རྣམས་ཞི་བའི་ལས་དང་ནི། །བསྡུ་རྣམ་བཞི་ལ་འགོད་པ་དང༌། །ཀུན་ནས་ཉོན་མོངས་བཅས་པ་ཡི། །རྣམ་པར་བྱ་བ་རྟོགས་པ་དང༌། །སེམས་ཅན་རྣམས་དོན་ཇི་བཞིན་གྱི། །དོན་དང་ཕ་རོལ་ཕྱིན་དྲུག་དང༌། །སངས་རྒྱས་ལམ་དང་རང་བཞིན་གྱིས། །སྟོང་བ་ཉིད་དང་གཉིས་ཟད་དང༌། །བརྡ་དང་དམིགས་པ་མེད་པ་དང༌། །ལུས་ཅན་རྣམས་ནི་ཡོངས་སྨིན་དང༌། །བྱང་ཆུབ་སེམས་དཔའི་ལམ་དང་ནི། །མངོན་པར་ཞེན་པ་བཟློག་པ་དང༌། །བྱང་བ་ཐོབ་དང་སངས་རྒྱས་ཞིང༌། །རྣམ་པར་དག་དང་ངེས་པ་དང༌། །སེམས་ཅན་དོན་ནི་ཚད་མེད་དང༌། །སངས་རྒྱས་བསྟེན་སོགས་ཡོན་ཏན་དང༌། །བྱང་ཆུབ་ཡན་ལག་ལས་རྣམས་ནི། །ཆུད་མི་ཟ་དང་བདེན་མཐོང་དང༌། །ཕྱིན་ཅི་ལོག་ནི་སྤངས་པ་དང༌། །དེ་གཞི་མེད་པའི་ཚུལ་དང་ནི། །རྣམ་པར་བྱང་དང་ཚོགས་དང་ནི། །འདུས་བྱས་འདུས་མ་བྱས་པ་ལ། །ཐ་དད་ཡོངས་སུ་མི་ཤེས་དང༌། །མྱ་ངན་འདས་ལ་འགོད་པ་སྟེ། །ཆོས་ཀྱི་སྐུ་ཡི་འཕྲིན་ལས་ནི། །རྣམ་པ་ཉི་ཤུ་བདུན་དུ་བཞེད། །ཅེས་གསུངས་པ་ལྟར་༡ངན་སོང་དང་ལྷའི་འགྲོ་བ་རྣམས་རིམ་གྱིས་ཞི་བ་ཐེག་པ་གསུམ་གྱི་མྱ་ངན་ལས་འདས་པ་ལ་འགོད་པའི་འཕྲིན་ལས་དང༌། ༢ མིའི་འགྲོ་བ་རྣམས་བསྡུ་བའི་དངོས་པོ་རྣམ་བཞི་ལ་འགོད་པའི་འཕྲིན་ལས་དང༌། ༣ ཀུན་ནས་ཉོན་མོངས་པ་དང་བཅས་པའི་རྣམ་པར་བྱང་བའི་ཆོས་དག་སྒྱུ་མ་ལྟ་བུར་རྟོགས་པ་ལ་འགོད་པའི་འཕྲིན་ལས་དང༌། ༤ སེམས་ཅན་རྣམས་ཡང་དག་པའི་མཐའི་དོན་ཇི་ལྟ་བ་བཞིན་གྱི་དོན་ལ་འགོད་པ་དང༌། ༥ སྒྱུ་མ་ལྟ་བུའི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་ལ་འགོད་པ་དང༌། ༦ སངས་རྒྱས་ཀྱི་ལམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འགོད་པ་དང༌། ༧ ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དུ་ཤེས་པ་ལ་འགོད་པ་དང༌། ༨ གཉིས་ཆོས་ཐམས་ཅད་གདོད་ནས་ཟད་པར་ཁོངས་སུ་ཆུད་པ་ལ་འགོད་པ་དང༌། ༩ རང་བཞིན་གྱིས་སྟོང་ཡང་ཆོས་ཀྱི་རྣམ་དབྱེ་བྱེད་པའི་ཚེ་བཏགས་པའི་ཐ་སྙད་འཇིག་རྟེན་གྱི་བརྡ་ཉེ་བར་བཟུང་བ་ལ་འགོད་པ་དང༌། ༡༠ སྦྱིན་སོགས་ཀྱི་སྤྱོད་པ་འཁོར་གསུམ་དུ་དམིགས་པ་མེད་པ་ལ་འགོད་པ་དང༌། ༡༡ ལུས་ཅན་རྣམས་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་ལ་འགོད་པའི་ལས་དང༌། ༡༢ རྒྱལ་སྲས་ཀྱིས་མི་བསླབ་པའི་ཆོས་གང་ཡང་མེད་པའི་ཆོས་ཐམས་ཅད་བྱང་ཆུབ་སེམས་དཔའི་ལམ་དུ་ཤེས་པ་ལ་འགོད་པ་དང༌། ༡༣ སེམས་ཅན་རྣམས་དངོས་པོར་མངོན་པར་ཞེན་པའི་རློམ་སེམས་བཟློག་པ་ལ་གདམས་པའི་ལས་དང༌། ༡༤ བྱང་ཆུབ་ལ་བསླབས་པས་མ་འདྲེས་པའི་བར་རྫོགས་ན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བྱང་ཆུབ་འཐོབ་པ་ལ་འགོད་པ་དང༌། ༡༥ རང་གཞན་གྱི་ལུས་ངག་ཡིད་ཀྱི་གནས་ངན་ལེན་དག་པ་ནི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ལ་འགོད་པ་དང༌། ༡༦ སེམས་དང་པོ་བསྐྱེད་པ་ནས་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཕུང་པོར་ངེས་པ་ལ་འགོད་པ་དང༌། ༡༧ བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་ནི་ཚད་མེད་པ་འགྲུབ་པ་ལ་འགོད་པ་དང༌། ༡༨ བྱང་ཆུབ་སེམས་དཔའ་ཕྱོགས་བཅུའི་སངས་རྒྱས་བསྙེན་བཀུར་དང༌། ཆོས་ཉན་པ་དང་མངོན་ཤེས་ཀྱི་ཕར་ཕྱིན་གྲུབ་པ་ལ་སོགས་པའི་ཡོན་ཏན་ལ་འགོད་པ་དང༌། ༡༩ བྱང་ཆུབ་བསྒྲུབ་པའི་ལམ་སྦྱིན་སོགས་ཀྱི་ཡན་ལག་འཁོར་གསུམ་དུ་མི་རྟོག་པའི་དགེ་བ་ལ་འགོད་པ་དང༌། ༢༠ སངས་རྒྱས་ཀྱིས་དོན་བྱས་པའི་སེམས་ཅན་གྱི་དགེ་བ་ཕྱིས་ཆུད་ཟོས་ཤིང་འཁོར་བར་ལྟུང་བ་མ་ཡིན་པའི་ལས་དགེ་བ་རྣམས་ནི་ཆུད་མི་ཟ་བ་ལ་འགོད་པ་དང༌། ༢༡ འཕགས་པའི་བདེན་པ་བཞི་མཉམ་པ་ཉིད་དུ་མཐོང་བ་ལ་འགོད་པ་དང༌། ༢༢ སེམས་ཅན་རྣམས་ཕྱིན་ཅི་ལོག་བཞི་པོ་ནི་སྤངས་པ་ལ་འགོད་པ་དང༌། ༢༣ ཕྱིན་ཅི་ལོག་དེའི་གཞིའམ་གནས་སུ་གྱུར་པའི་དངོས་པོ་མེད་པའི་དཔེའི་ཚུལ་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་མཐོང་བ་ལ་འགོད་པ་དང༌། ༢༤ རྣམ་པར་བྱང་བ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་འགོད་པ་དང༌། ༢༥ སྒྱུ་མ་ལྟ་བུའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་འགོད་པ་དང༌། ༢༦ འདུས་བྱས་དང་འདུས་མ་བྱས་ཀྱི་མཉམ་པ་ཉིད་གང་ཡིན་པ་དོན་དམ་པ་དེ་ལ་ཐ་དད་ཡོངས་སུ་མི་ཤེས་པ་ལ་འགོད་པ་དང༌། ༢༧ གང་གིས་ཀྱང་མ་སྤྲུལ་པའི་སྟོང་བ་ཉིད་སྐྱེ་མེད་འགག་མེད་མི་མཉམ་པའི་མྱ་ངན་ལས་འདས་པ་ལ་འགོད་པའི་འཕྲིན་ལས་ཏེ། དེ་ལྟར་ན་ཆོས་ཉིད་ཀྱི་སྐུའི་མཛད་པ་འཕྲིན་ལས་བཤད་མ་ཐག་པ་འདི་སྐབས་འདིར་དབྱེ་བ་རྣམ་པ་ཉི་ཤུ་རྩ་བདུན་དུ་གསུངས་སོ། །ཡང་སྐབས་འདིར་ཕར་ཕྱིན་མདོ་ལུགས་མ་ལས། འདིར་དེ་ལ་འགོད་པ་དང་དེ་ལ་སྦྱོར་བ་དང་དེ་བཀྲི་བ་དང་དེ་ལ་འདྲེན་པ་དང་དེ་ལ་བསྐལ་པ་དང་དེ་ལ་གཞུག་པ་དང་དེ་ལ་གདམས་པ་ཞེས་པ་དག་རྣམ་གྲངས་སུ་རིག་པར་བྱའོ། །ཞེས་གསུངས་སོ། །གཉིས་པ་ལན་དངོས་ནི། སྤྱིར་སངས་རྒྱས་ཀྱི་མཛད་པ་ལ་འཕྲིན་ལས་ཞེས་སྐབས་དུ་མར་གསུངས་པ་ཡིན་ཏེ། མངོན་རྟོགས་རྒྱན་ལས། ངོ་བོ་ཉིད་ལོངས་རྫོགས་བཅས་དང༌། །དེ་བཞིན་གཞན་པ་སྤྲུལ་བ་ནི། །ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་འཕྲིན་ལས་ལ་མཛད་པ་ཞེས་གསུངས་ལ། སྐབས་བརྒྱད་པར།ཆོས་ཀྱི་སྐུ་ཡི་འཕྲིན་ལས་ནི། །ཞེས་འཕྲིན་ལས་ཞེས་གསུངས་པ་དང༌། དེ་ལས། དེ་བཞིན་འཁོར་བ་ཇི་སྲིད་འདིར། །ལས་ནི་རྒྱུན་མི་འཆད་པར་འདོད། །ཅེས་པའི་འབྲུ་འགྲེལ་མདོ་ལུགས་མར་འདི་ལྟར་གསུངས་ཏེ། ཇི་སྐད་དུ། དེས་ན་སྤྲུལ་བའི་སྐུ་སྣ་ཚོགས་པས་འཁོར་བ་སྲིད་དུ་གཅིག་ཆར་གཞན་དོན་མཛད་པ་དེ་བཞིན་དུ་ཡུན་འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་ཐུག་པ་འདིའི་སྐུ་གསུང་ཐུགས་ཀྱི་མཛད་པ་འཕྲིན་ལས་ནི་རྒྱུན་མི་འཆད་པར་འདོད་ཅིང་བསྟན་ཏོ། །ཞེས་པའི་ལས་ནི་མཛད་འཕྲིན་ལ་སྦྱར་ནས་གསུངས་པ་དང༌།ཡང་འཕྲིན་ལས་ཉེར་བདུན་གྱི་མཇུག་དེ་མ་ཐག་ཏུུ་དེར། དེ་ལྟ་ན་ཆོས་ཉིད་སྐུའི་མཛད་པ་འཕྲིན་ལས་བཤད་མ་ཐག་པ་འདི་སྐབས་འདིར་དབྱེ་བ་རྣམ་པ་ཉི་ཤུ་རྩ་བདུན་དུ་བཅོམ་ལྡན་འདས་བཞེད་དོ། །ཞེས་འཕྲིན་ལས་ཉེར་བདུན་མཛད་པ་དང་འཕྲིན་ལས་ལ་སྦྱར་ནས་གསུངས་པ་ཡིན་པའོ། །འོ་ན་ཐེག་མཆོག་དབུ་མ་ལས། ཆོས་སྐུའི་ཞིང་ཁམས་སྐུ་དང་མཛད་པ་དང༌། །འཁོར་གྱི་དཀྱིལ་འཁོར་ཡོན་ཏན་རང་གནས་པའི། །འཕྲིན་ལས་འདོད་ཡོན་མཆོད་པའི་མཚན་ཉིད་སོགས། །རྣམ་པ་ཐམས་ཅད་གདོད་མའི་འགོག་བདེན་ཡིན། །ཞེས་པའི་ཐད་ཀྱི་ཟིན་བྲིས་ལས། འོ་ན་མཛད་པ་དང་འཕྲིན་ལས་གཉིས་ཐ་དད་དུ་བསྟན་པ་དེ་གཉིས་ཀྱི་ཁྱད་པར་ཅི་ཞེ་ན། མཛད་པ་དང་འཕྲིན་ལས་གཉིས་ངོ་བོ་གཅིག་ཀྱང་ལྡོག་ཆ་ཐ་དད་པར་འཇོག་སྟེ། འཕྲིན་ལས་ནི་བྱ་བ་དང༌། མཛད་པ་ནི་བྱེད་པར་འཇོག་གོ ། ཞེས་གསུངས་པ་ནི་སངས་རྒྱས་རང་སྣང་གི་གདོད་མའི་འགོག་བདེན་གྱི་ཡོན་ཏན་བཤད་པའི་སྐབས་ཡིན་པས་སངས་རྒྱས་རང་སྣང་ལ་གདོད་མའི་འགོག་བདེན་དེ་དོན་དམ་གྱི་ཆོས་འཁོར་སྐོར་བ་སོགས་བྱ་བ་སྣང་བའི་ཆ་འཕྲིན་ལས་དང༌། དེ་དོན་དམ་གྱི་ཆོས་སྐུ་དང་ལོངས་སྐུ་སོགས་བྱེད་པར་སྣང་བའི་སྒོ་ནས་མཛད་པ་བཞག་ཚུལ་ཞིག་ཡོད་པར་སྣང་སྟེ། སྤྱིར་དོན་དམ་པའི་ཡོན་ཏན་དེ་དང་དེ་འཇོག་ཚུལ་དང༌། དེའི་གོང་གི་ཟིན་བྲིས་ལས།འཕྲིན་ལས་ལ་ཡང་བྱེད་པ་པོ་ཆོས་སྐུ་ལ་འབད་རྩོལ་གྱི་སྤྲོས་པས་དབེན་པས་ཡོད་མཐའ་སྤངས། བྱ་བ་གདུལ་བྱའི་ཡུལ་ལ་འཕྲྀན་ལས་སྒྱུ་མ་ལྟ་བུའི་ཚུལ་གྱིས་འཇུག་པས་མེད་མཐའ་སྤངས་སོ། །ཞེས་གསུངས་སོ། །སྤྱིར་གཞུང་ཆེན་དག་གི་དགོངས་པ་ཚོལ་ན་མཛད་པ་བཅུ་གཉིས་མཛད་པའི་བྱེད་པ་དང༌། ཆོས་འཁོར་བསྐོར་བ་དང༌། གདུལ་བྱ་ཐར་ལམ་ལ་བཀོད་པ་སོགས་བྱ་བ་གཉིས་རེ་དང༌། འཕྲིན་ལས་ལ་བྱེད་པ་པོ་ལ་ཡོད་པའི་འཕྲིན་ལས་དང༌། བྱ་བ་ཡུལ་ལ་ཡོད་པའི་འཕྲིན་ལས་གཉིས་ཡོད་དགོས་པར་བདག་གི་རྣམ་པར་རྟོག་པ་ལ་སྣང་ངོ༌། །འོན་ཀྱང་གཟུར་གནས་བློ་གྲོས་ཀྱི་སྒོ་རྒྱ་ཡངས་བ་དག་གིས་སླར་དཔྱད་པར་བྱའོ། །
དྲི་བ་དྲུག་པ་བག་ཆགས་ནི་ཤེས་བྱ་ཉེར་ལྔ་ལས་གང་གི་ནང་དུ་འདུས་པ།
དྲི་བ་དྲུག་པ་བག་ཆགས་ནི་ཤེས་བྱ་ཉེར་ལྔ་ལས་གང་གི་ནང་དུ་འདུས་པ་ཡིན་ཞེས་པའོ། །
དེའི་ལན་ལ། སྲིད་པའི་ཤེས་བྱ་ཉེར་ལྔའི་གྲངས་ཙམ་བཀོད་པ་དང་ལན་དངོས་དང་གཉིས་ལས། དང་པོ་ནི། སྲིད་པའི་ཤེས་བྱ་ཉེར་ལྔ་ནི། །གསུམ་ཚན་བརྒྱད་དང་གཅིག་ཚན་གཅིག ། ཕུང་པོ་ཁམས་དང་སྐྱེ་མཆེད་གསུམ། །འབྱུང་བ་སྣོད་བཅུད་འཇིག་རྟེན་གསུམ། །སེམས་ཡིད་རྣམ་པར་ཤེས་པ་གསུམ། །མཚན་གཞི་མཚན་ཉིད་དངོས་མེད་གསུམ། །ཚོར་ཕུང་འདུ་ཤེས་འདུ་བྱེད་གསུམ། །ཡུལ་དུས་དངོས་ལ་བཏགས་པ་གསུམ། །དངོས་པོ་གཞན་འགྱུར་དངོས་ལ་བརྟེན། །མི་སྲིད་དངོས་མེད་རྣམ་པ་གསུམ། །ཐུན་མོང་ཐུན་མོང་མ་ཡིན་དང༌། །རྒྱལ་གནས་བགྲོད་བྱེད་ལམ་རྣམ་གསུམ། འདུས་མ་བྱས་གཅིག་དེ་རྣམས་སོ། །ཞེས་སྨྲས་སོ། །དེ་དག་གི་མཚན་གཞི་མདོ་ཙམ་བརྗོད་ན། དང་པོ་ཕུང་པོ་ནི་གཟུགས་ཕུང་སོགས་ལྔ་དང༌། བསོད་ནམས་ཀྱི་ཕུང་པོ་དང་རྣམ་གྲོལ་གྱི་ཕུང་པོའི་དབྱེ་བ་རྣམས་ཡིན་ནོ། །ཁམས་ནི་རྟེན་དབང་བོའི་ཁམས་དྲུག་དང༌། བརྟེན་པ་རྣམ་ཤེས་ཀྱི་ཁམས་དྲུག་དང༌། གཟུང་བ་ཡུལ་གྱི་ཁམས་དྲུག་སྟེ་ཁམས་བཅོ་བརྒྱད་དང༌། ཁམས་མང་པོའི་མདོ་ལས་ཁམས་ཀྱི་དབྱེ་བ་དྲུག་ཅུ་རྩ་གཉིས་གསུངས་ཏེ། ཇི་སྐད་དུ། ཁམས་ནི་བཅོ་བརྒྱད་ས་ཆུ་མེ་རླུང་བཞི། །ནམ་མཁའི་ཁམས་དང་རྣམ་ཤེས་ཁམས་ཏེ་དྲུག ། འདོད་ཆགས་གནོད་སེམས་རྣམ་འཚེ་ངེས་འབྱུང་ཁམས། །གནོད་མེད་ཁམས་དང་མི་འཚེའི་ཁམས་ཏེ་དྲུག ། སྡུག་བསྔལ་བདེ་བ་ཡིད་མི་བདེ་བའི་ཁམས། །ཡིད་བདེ་བཏང་སྙོམས་མ་རིག་ཁམས་ཏེ་དྲུག །ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་བཞི། །འདོད་ཁམས་གཟུགས་དང་གཟུགས་མེད་ཁམས་ཏེ་གསུམ། །གཟུགས་དང་གཟུགས་མེད་འགོག་པའི་ཁམས་ཀྱང་གསུམ། །འདས་དང་མ་འོངས་ད་ལྟའི་ཁམས་ཀྱང་གསུམ། །དམན་པ་གྱ་ནོམ་བར་མའི་ཁམས་ཏེ་གསུམ། །དགེ་དང་མི་དགེ་ལུང་མ་བསྟན་ཁམས་གསུམ། །སློབ་དང་མི་སློབ་དེ་གཉིས་མིན་ཁམས་གསུམ། །ཟག་བཅས་ཟག་མེད་ཁམས་གཉིས་འདུས་བྱས་ཁམས། །འདུས་མ་བྱས་ཁམས་གཉིས་ཏེ་རེ་གཉིས་སོ། །བཅོ་བརྒྱད་དྲུག་ཚན་གསུམ་དང་བཞི་ཚན་གཅིག ། སུམ་ཚན་དྲུག་དང་གཉིས་ཚན་གཉིས་བཅས་པའི། །ཁམས་མང་རེ་གཉིས་ལེགས་པར་བཤད་པ་ཡིན། །ཞེས་སྨྲས་སོ། །ཐེག་མཆོག་ཟིན་བྲིས་ལས་ཁམས་ཀྱི་དབྱེ་བ་དྲུག་ཅུ་གསུངས་པ་ལ་དཔྱད་པར་བྱའོ། །སྐྱེ་མཆེད་ནི། གཟུགས་ཀྱི་སྐྱེ་མཆེད་སོགས་བཅུ་གཉིས་དང༌། གཟུགས་མེད་སྐྱེ་མཆེད་མུ་བཞི་སོགས་སྐྱེ་མཆེད་ཀྱི་དབྱེ་བ་མཐའ་ཡས་པར་གསུངས་པ་རྣམས་ཡིན་ནོ། །འབྱུང་བའི་ཁམས་ནི།ས་ཆུ་མེ་རླུང་རྣམས་སོ། །སྣོད་ཀྱི་འཇིག་རྟེན་ནི། རི་ཐང་ཁང་ཁྱིམ་རྩི་ཤིང་སོགས་ཡིན་ནོ། །བཅུད་ཀྱི་འཇིག་རྟེན་ནི། སྣོད་དེར་གནས་པའི་འགྲོ་བའོ། །འདི་གསུམ་པོ་ལ་གཟུགས་ཅན་ཐམས་ཅད་འདུས་པར་གསུངས། སྣོད་ཀྱི་འགྲོ་བ་གཟུགས་ཀྱི་ཕུང་པོར་འདུ་ཚུལ་གཟུགས་དང་ལྡན་པས་ཡིན་ནམ་དཔྱད། སྐབས་འདིའི་སེམས་ནི་ཀུན་གཞི་རྣམ་ཤེས་དང༌། ཡིད་ནི་ཉོན་ཡིད་དང༌། རྣམ་ཤེས་ནི་མིག་ཤེས་སོགས་འཇུག་ཤེས་དྲུག་གོ །དེ་གསུམ་ཡིད་ཀྱི་སྐྱེ་མཆེད་ཕྱོགས་མཐུན་དང་བཅས་པ་ཐམས་ཅད་བསྡུ་བ་ཡིན་ཞེས་གསུངས་སོ། །མཚན་གཞིའི་ཆོས་ནི། རྫས་ཡོད་ཀྱི་ཆོས་གཟུགས་ཤེས་རྣམས་སོ། །མཚན་ཉིད་ཀྱི་ཆོས་ནི། ཁྱད་པར་གྱི་ཆོས་སྐྱེ་རྒ་སོགས་བཏགས་ཡོད་ཀྱི་ཆོས་རྣམས་སོ། །དངོས་པོ་མེད་པ་ནི། ནམ་མཁའ་སོགས་བཏགས་ཡོད་འབའ་ཞིག་རྣམས་ཡིན་ནོ། །དེ་གསུམ་ཆོས་ཁམས་ལ་དབྱེ་བའོ། །ཚོར་ཕུང་ནི། བདེ་སྡུག་བཏང་སྙོམས་གསུམ་དུ་འདུས་སོ། །འདུ་ཤེས་ཀྱི་ཕུང་པོ་ནི། བདག་མེད་པ་ལ་བདག་ཏུ་གྲུབ་པར་འཛིན་པ་སོགས་འདུ་ཤེས་ཕྱིན་ཅི་ལོག་དང༌། གཤེར་བ་ཆུར་འདུ་ཤེས་པ་སོགས་འདུ་ཤེས་དག་པ་བ་དང༌། འདུས་བྱས་མི་རྟག་པར་འདུ་ཤེས་པ་སོགས་ཡང་དག་པའི་འདུ་ཤེས་རྣམས་སོ། །ཡང་འདུ་ཤེས་ལ་གཡེང་ལྡན་དང་མཉམ་བཞག་དང་ཕྲ་བའི་འདུ་ཤེས་གསུམ་གསུངས་སོ། །གསུམ་པ་འདུ་བྱེད་ནི། ལུས་ངག་ཡིད་གསུམ་གྱི་འདུ་བྱེད་གསུམ། དེ་རེ་རེ་ལ་དགེ་མི་དགེ་ལུང་མ་བསྟན་གསུམ་གསུམ་དགུ་ཡོད། ཡུལ་ལ་བཏགས་པ་ནི། ཤར་ཕྱོགས་སོགས་དང༌།དུས་ལ་བཏགས་པ་ནི། ལོ་ཟླ་བ་སོགས་དང༌། དངོས་པོ་ལ་བཏགས་པ་ནི། བུམ་པའི་སྐྱེ་སོགས་ཡིན་ནོ། །དངོས་པོ་གཞན་འགྱུར་གྱི་དངོས་མེད་ནི། ཁང་བ་ཞིག་པ་སོགས་སྔར་དངོས་པོ་ཞིག་ཡོད་པ་ལ་ཞིག་སྟེ་མེད་པའོ། །དངོས་པོ་ལ་བརྟེན་པའི་དངོས་མེད་ནི། བུམ་པའི་སྤྱི་དང་ཀ་བའི་སྤྱི་སོགས་དངོས་པོའི་དོན་སྤྱི་དག་གོ །དེ་དག་ཀ་བུམ་སོགས་དངོས་པོ་ལ་བརྟེན་པའོ། །མི་སྲིད་པའི་དངོས་མེད་ནི། མི་སྲིད་པ་བུམ་པ་མེད་པའི་དོན་སྤྱི་སོགས་དངོས་མེད་ཀྱི་དབྱེ་བ་རྣམ་པ་གསུམ་པོ་དེར་འགྱུར་ཞེས་ཐེག་མཆོག་དབུ་མ་ལས་གསུངས་ལ། སྐབས་དུ་མར་དངོས་མེད་རྣམས་མེད་པ་དང་མི་སྲིད་པ་གསུངས་བའི་དོན་ལ་དཔྱད་དགོས་སོ། །ཐུན་མོང་གི་ལམ་ནི། འཇིག་རྟེན་པའི་མངོན་མཐོ་ཐོབ་ཕྱིར་དུ་སྒོམ་པ་འཇིག་རྟེན་པའི་ལམ་རྣམས་སོ། །ཐུན་མོང་མ་ཡིན་པའི་ལམ་ནི། ཉན་རང་གི་ལམ་དག་ཡིན་པར་གསུངས་སོ། །རྒྱལ་བའི་གནས་སུ་བགྲོད་བྱེད་ཀྱི་ལམ་ནི། སངས་རྒྱས་ཀྱི་གནས་སུ་བགྲོད་བྱེད་དམ་ཐོབ་བྱེད་རྣམས་ཡིན་པའོ། །འདུས་མ་བྱས་ནི། ཆོས་དབྱིངས་དོན་དམ་ཁོ་ན་ཡིན་ནོ། །ནམ་མཁའ་སོགས་དངོས་མེད་རྣམས་ནི་བློ་ངོར་དངོས་པོ་ལ་བརྟེན་པ་སོགས་ཡིན་པས་འདུས་མ་བྱས་བཏགས་པ་དང་རྣམ་གྲངས་པའི་འདུས་མ་བྱས་ཡིན་ནོ། །གཉིས་པ་ལན་དངོས་ནི། བག་ཆགས་ནི་སྲིད་པའི་ཤེས་བྱ་ཉེར་ལྔ་རྣམས་ཀྱི་ནང་ནས་ཕུང་ཁམས་སྐྱེ་མཆེད་གསུམ་གྱིས་བསྡུས་ཏེ། ཕུང་པོ་ལྔ་ལས་འདུ་བྱེད་མཚུངས་པར་ལྡན་པ་མ་ཡིན་པའི་ཕུང་པོས་བསྡུས་པ་དང༌། ཁམས་བཅོ་བརྒྱད་ཀྱི་ནང་ནས་ཆོས་ཁམས་ཀྱིས་བསྡུས་པ་དང༌། སྐྱེ་མཆེད་བཅུ་གཉིས་ཀྱི་ནང་ནས་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པའོ། །ཆོས་ཁམས་ལ་མཚན་གཞིའི་ཆོས་དང༌། མཚན་ཉིད་ཀྱི་ཆོས་དང༌། དངོས་མེད་ཀྱི་ཆོས་དང་གསུམ་ཡོད་པ་ལས། མཚན་ཉིད་ཀྱིས་བསྡུས་པ་ཡིན་ཏེ། དངོས་མེད་མ་ཡིན་པའི་བཏགས་ཡོད་དམ་ལྡན་མིན་ཡིན་པའི་ཕྱིར། ཁྱབ་སྟེ། སྐབས་འདིའི་མཚན་གཞིའི་དབྱེ་བར་གསུངས་པའི་འདུ་བྱེད་ནི་མཚན་གཞིའི་དབྱེ་བ་ཡིན་ཕྱིར་མཚུངས་ལྡན་འདུ་བྱེད་ཡིན་ལ། འདིར་མཚན་གཞི་ལ་རྫས་ཡོད་དགོས་པར་གསུངས་པ་གང་ཞིག མཚན་ཉིད་ཀྱིས་ལྡན་མིན་བསྡུས་པའི་ཕྱིར་རོ། །འདུ་བྱེད་གཙོ་བོ་ཤེས་པ་ཡིན་པ་དང༌། ལྡན་མིན་འདུ་བྱེད་རྣམས་ནི། རྣམས་གྲངས་པའི་འདུ་བྱེད་དང༌། དངོས་པོ་བཏགས་པ་བའི་ནང་ཚན་ཡིན་པར་གསུངས་སྟེ། ཤེར་འགྲེལ་སྔོན་མེད་ལེགས་བཤད་ལས། མདོར་ན་ལས་བྱེད་པ་དང་འབྲེལ་བའི་རྣམ་རྟོག་ཐམས་ཅད་ནི། མཚུངས་ལྡན་འདུ་བྱེད་ཅེས་བྱ་སྟེ་འདུ་བྱེད་ཀྱི་ཕུང་པོའི་ཕྱེད་སྔ་མ་དང་འདུ་བྱེད་དངོས་དང་འདུ་བྱེད་ཀྱི་གཙོ་བོ་ཡིན་ནོ། །དེ་ལྟར་རྣམ་ཤེས་ཚོར་བ། འདུ་ཤེས། འདུ་བྱེད་ཀྱི་ཕུང་པོའི་ཕྱེད་དེ་ཕུང་པོ་ཕྱེད་དང་བཞི་བོ་དེ་རིག་པའམ་ཤེས་པ་ཡིན་ནོ། །འདུས་བྱས་རྣམས་ཀྱི་མཚན་ཉིད། སྐྱེ་བ་དང༌། གནས་པ་དང༌། འཇིག་པ་ལ་སོགས་པ་དང༌། ཞེས་པ་ནས། གཟུགས་སེམས་ཀྱི་དངོས་པོའི་ཁྱད་པར་ལ་བཏགས་པ་ཤིན་ཏུ་མང་བ་དག་ནི། ལྡན་མིན་འདུ་བྱེད་ཅེས་གྲགས་ཏེ། འདུ་བྱེད་ཀྱི་ཕུང་པོའི་ཕྱོགས་གཅིག་གམ་ཕྱེད་ཕྱི་མ་སྟེ། བཏགས་པའི་འདུ་བྱེད་དང་འདུ་བྱེད་རྣམ་གྲངས་པའོ། །ཞེས་སོགས་གསུངས་སོ། །བཏགས་པའི་འདུ་བྱེད་གསུངས་པ་ཡང་ཕལ་བ་ལ་བྱེད་དགོས་པར་སྣང་སྟེ། གཞུང་སྤྱིའི་བབས་དང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་གསུང་སྒྲོས་དུ་མ་ལ་གཙོ་ཕལ་གྱི་ཕལ་བ་ལ་བཏགས་པ་བ་དང་གཙོ་བོ་ལ་དངོས་ཞེས་གསུངས་པ་ཡོད་ལ། རྒྱ་གཞུང་དུ་མར་དེ་ལྟར་བཤད་པ་ཡོད་པར་སྣང་ངོ༌། །འོ་ན་བག་ཆགས་ལྡན་མིན་འདུ་བྱེད་ཡིན་ན་དེ་ལྟར་བཤད་པ་ལྟར་བདེན་མོད་ཀྱང་བག་ཆགས་ལྡན་མིན་མ་ཡིན་པས་མི་འཐད་དོ་ཞེ་ན། དེ་ལ་འདི་ལྟར་གཞུང་ཆེན་རྣམས་ཀྱི་བཞེད་དགོངས་དོར་བའི་ཞེན་འདོད་ཙམ་མ་ཡིན་པར་བག་ཆགས་ནི་ལྡན་མིན་འདུ་བྱེད་ཡིན་པར་རྒྱ་གར་པཎ་གྲུབ་ཀྱི་ཚད་ལྡན་གྱི་གཞུང་དུ་མ་སོགས་ལུང་དང་རིགས་པ་རྣམ་པར་དག་པས་གྲུབ་སྟེ། ཐེག་བསྡུས་ལས། ཀུན་གཞིའི་རྣམ་པར་ཤེས་པ་དང༌། ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་ས་བོན་དེ་དག་ཅི་སོ་སོ་ཐ་དད་པ་ཡང་མ་ཡིན། ཐ་མི་དད་པ་ཡང་མ་ཡིན་མོད་ཀྱི་གང་དེ་འབྱུང་བའི་མཐུ་ཁྱད་པར་ཅན་ཀུན་གཞི་རྣམ་པར་ཤེས་པ་དེ། དེ་བཞིན་དུ་འབྱུང་པ་ལ་ས་བོན་ཐམས་ཅད་པ་ཞེས་བྱའོ། །ཞེས་དང༌། དེའི་འགྲེལ་བ་དོན་གསང་ལས། དེ་ལ་གནས་པ་དེ་དག་དང་རྫས་སུ་ཐ་དད་པ་ཡང་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀུན་གཞིའི་རྣམ་པར་ཤེས་པ་ལས་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་རྣམས་ཡིན་ནོ། །ཞེས་བྱ་བའི་དོན་ཏེ། ཞེས་དང༌། འགྲེལ་བ་བཤད་སྦྱར་ལས།བག་ཆགས་ཞེས་བྱ་བ་ནི་ནུས་པའི་ཁྱད་པར་ཏེ་ནུས་པ་ཡང་ནུས་པ་ཅན་དེ་ཉིད་དམ་གཞན་ཞེས་བརྗོད་པར་བྱ་བ་མ་ཡིན་ནོ། །དེ་དག་དང་ཕན་ཚུན་ཐ་དད་དམ་ཐ་དད་པ་མ་ཡིན་ཞེས་འདྲི་བ་འདི་ཚུལ་གཞན་མ་ཡིན་པ་སྟེ་ནུས་པ་ཅན་རྒྱུར་བྱས་ནས་བཏགས་པའི་ཕྱིར་རོ། །ཞེས་བཀྲལ་བས་ན་ནུས་པ་བཏགས་ཡོད་དང་ནུས་པ་ཅན་རྫས་ཡོད་དུ་བཞེད་པའི་ཕྱིར་དང༌། ཡང་དོན་གསང་དུ། ས་བོན་སྔ་མའི་རྒྱུན་འཇུག་པས་ས་བོན་ཕྱི་མའི་དུས་ཐ་དད་པ་ཁོ་ནའི་རྒྱུའི་རྐྱེན་ཡིན་ནོ། །བདག་པོའི་རྐྱེན་ནི་མ་ཡིན་ཏེ། སྐལ་བ་མཉམ་པ་མངོན་པར་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་ཡང་མ་ཡིན་ཏེ།སེམས་ལས་བྱུང་བའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར། དམིགས་པའི་རྐྱེན་ཡང་མ་ཡིན་ཏེ། ས་བོན་ལ་དམིགས་པ་མེད་པའི་ཕྱིར་རོ། །ཞེས་ས་བོན་ལ་དམིགས་པ་མེད་པར་གསུངས་པ་དང༌། བཤད་སྦྱར་དུ། བག་ཆགས་ཙམ་ནི་ཀུན་གཞི་རྣམ་པར་ཤེས་པ་མ་ཡིན་གྱི། ཞཻས་བག་ཆགས་ཤེས་པ་ཡིན་ན་ཀུན་གཞི་རྣམ་ཤེས་ཡིན་དགོས་ཀྱང་ཀུན་གཞི་རྣམ་ཤེས་མ་ཡིན་པར་གསུངས་པའི་ཕྱིར་དང༌། ལྡན་མིན་བཅུ་བཞིའི་དང་པོ་བཤད་པའི་སྐབས་དབྱིག་གཉེན་གྱི་ཕུང་ལྔའི་རབ་ཏུ་བྱེད་པ་ལས། དེ་ལ་ཐོབ་པ་གང་ཞེ་ན། རྙེད་པ་དང་ལྡན་པའོ། །དེ་ཡང་ས་བོན་དང་དབང་དང་མངོན་དུ་གྱུར་པ་དང་ཅི་རིགས་སུ་སྦྱར་རོ། །ཞེས་དང༌།དེའི་སྐབས་ཀྱི་བློ་བརྟན་གྱི་ཕུང་ལྔའི་རབ་ཏུ་བྱེད་པ་བྱེ་བྲག་ཏུ་བཤད་པ་ལས། ཐོབ་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་དྲིས་པ་དང༌། རྙེད་པ་དང་ལྡན་པའོ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །སྔོན་མ་ཐོབ་པ་ཐོག་མ་ཉིད་དུ་ཐོབ་པ་ནི་རྙེད་པའོ། །རྙེད་པ་རྣམས་སྐད་ཅིག་གཉིས་པ་ལ་སོགས་པར་ཡོད་པ་ནི་ལྡན་པ་སྟེ་ཡང་དག་པར་རྗེས་སུ་འགྲོ་བ་ནི་ལྡན་པ་ཞེས་བྱའོ། །དེ་ལྟར་ན་ཐོབ་པའི་སྒྲ་ནི་རྙེད་པ་དང་ལྡན་པར་ཡང་སྙེགས་པར་བསྟན་པ་ཡིན་ནོ། །དེ་ཡང་ས་བོན་དང་དབང་དང་མངོན་དུ་གྱུར་པ་དང་རྣམ་པ་གསུམ་དུ་དབྱེའོ། །ཅི་རིགས་སུ་སྦྱར་རོ་ཞེས་བྱ་བ་དེ་ལ་རིགས་པ་ནི་འདི་ཡིན་ཏེ། སྐད་ཅིག་དང་པོ་ཐོབ་པ་ནས་བརྩམས་ཏེ་དབང་གི་དུས་ཀྱི་བར་དུ་ས་བོན་ཞེས་བྱ་སྟེ། དེ་ལྟར་ན་ས་བོན་ནི་རྙེད་པ་དང་ལྡན་པ་གཉིས་ཀར་བརྗོད་པ་ཡིན་ནོ། །དབང་དང་མངོན་དུ་གྱུར་པ་ནི་ལྡན་པ་ཡིན་ནོ། །ས་བོན་ཅི་ལ་བྱ་ཞེ་ན། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་རྣམས་ཀྱི་རྣམ་པར་ཤེས་པ་ལ་མ་འོངས་པ་ན་དེ་དང་རིགས་གཅིག་པའི་ཆོས་ཀྱི་རྒྱུ་བསྐྱེད་པའི་ནུས་པའི་བྱེ་བྲག་ནི་ས་བོན་ཡིན་ནོ། །ས་བོན་རྙེད་ནས་དེ་ལ་རག་ལས་པའི་མངོན་དུ་མ་གྱུར་ཀྱང་དེའི་ས་བོན་གང་ཡིན་པ་དེ་ཐོབ་པ་ཞེས་བྱའོ། །དབང་ནི་དེའི་རྐྱེན་ལ་ལྟོས་ནས་རྒྱུན་གྱི་འབྲས་བུ་བསྒྲུབ་པའི་གནས་སོ། །མངོན་དུ་གྱུར་པ་ནི་དེའི་འབྲས་བུ་གྲུབ་པའི་དུས་སོ། །ཞེས་ས་བོན་ནི་ལྡན་མིན་གྱི་ཐོབ་པ་ལ་བཤད་པ་དང༌། མཛོད་གནས་གཉིས་པའི་འགྲེལ་བཤད་རྒྱལ་སྲས་མ་ལས། ས་བོན་དང་ནུས་པ་དང་བག་ཆགས་ཞེས་བྱ་བ་ནི་དོན་གཅིག་གོ ། ས་བོན་ནི་བཏགས་པའི་ཡོད་པ་ཡིན་གྱི་རྫས་སུ་ཡོད་པ་ནི་མ་ཡིན་ནོ། །ཞེས་ས་བོན་རྫས་ཡོད་མ་ཡིན་པར་བཏགས་ཡོད་ཡིན་པར་གསུངས་ལ། དེ་ནི་སློབ་དཔོན་དབྱིག་གཉེན་གྱི་རང་ལུགས་བཤད་པ་ཡིན་གྱི་བྱེ་བྲག་སྨྲ་བའི་ལུགས་གསུངས་པ་མ་ཡིན་ཏེ།དེས་བག་ཆགས་མི་འདོད་པར་རིགས་སྨྲ་སྤྱི་ལ་གྲགས་པའི་ཕྱིར། སྤྱིར་བག་ཆགས་འདོད་ཕྱིན་ཆད་ཤེས་པ་འདོད་མིན་ལ་གྲུབ་མཐའི་ཁྱད་ཡོད་པར་ལུང་རིགས་སྨྲ་པའི་མཁས་པ་དག་གིས་མ་བཤད་པས་སོ། །ཡང་དབུ་མ་ཆེན་པོ་འཕགས་པ་ཐོགས་མེད་ཀྱི་ཀུན་གཞིའི་སྟེང་གི་རྣམ་བྱང་གི་བག་ཆགས་རྣམས་ཀུན་གཞི་རྣམ་པར་ཤེས་པ་མ་ཡིན་པར་གསུངས་ཏེ། ཐེག་བསྡུས་ལས། སངས་རྒྱས་རྣམས་ཀྱི་བྱང་ཆུབ་ལ་བརྟེན་ནས་ཐོས་པའི་བག་ཆགས་སུ་གྱུར་བ་གང་ཡིན་པ། གནས་གང་ལ་འཇུག་པ་དེ་ལྷན་ཅིག་འདུག་པའི་ཚུལ་གྱིས་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལ་འཇུག་སྟེ། འོ་མ་དང་ཆུ་བཞིན་ནོ། །དེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་མ་ཡིན་ཏེ། དེའི་གཉེན་པོའི་ས་བོན་ཉིད་ཡིན་པའི་ཕྱིར་རོ། །ཞེས་དང༌།གཞི་རྣམ་པར་ཤེས་པ་དང༌། ཀུན་གཞི་རྣམ་པར་ཤེས་པ་མ་ཡིན་པ་ཆུ་དང་འོ་མ་བཞིན་དུ་ལྷན་ཅིག་ཏུ་གནས་པ་རྣམས་རྣམ་པ་ཐམས་ཅད་དུ་འགྲིབ་པར་འགྱུར་ཞེ་ན། ངང་ལས་ཆུ་ལས་འོ་མ་འཐུངས་བ་ལྟ་བུ་དང༌། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ན་མཉམ་པར་བཞག་པ་མ་ཡིན་པའི་སའི་བག་ཆགས་འགྲིབ་སྟེ། མཉམ་པར་བཞག་པའི་སའི་བག་ཆགས་འཕེལ་ནས་གནས་གྱུར་པ་བཞིན་ནོ། །ཞེས་གསུངས་སོ། །དེ་ལྟར་ས་བཟང་གི་བླང་དོར་རབ་གསལ་འགྲེལ་བ་ལས། གཉིས་པོ་དེ་གཅིག་གམ་ཐ་དད་ཞེ་ན། ས་བོན་གྱི་ཆ་ནི་དམིགས་རྣམ་མི་འཛིན་ཅིང་ཚོར་བ་དང་མཚུངས་པར་ལྡན་པ་མ་ཡིན་ཏེ། རིག་པ་མ་ཡིན་པའི་ཕྱིར་ཏེ། ཡིན་ན་སྐྱེས་བུ་གཅིག་ཀྱང་ཀུན་གཞིའི་རྣམ་པར་ཤེས་པ་མི་འདྲ་བ་དུ་མ་དང་བཅས་པར་ཐལ་བའི་ཕྱིར། ཞེས་དང༌། དེས་ན་གཉིས་པོ་དེ་ཆོས་ཅན། ལྡོག་པ་ཐ་དད་པ་ཡིན་ཏེ། རིག་པ་ཡིན་མིན་གྱིས་ཁྱད་པར་ཡོད་པའི་ཕྱིར། ཞེས་གསུངས་སོ། །ཡང་མདོ་སྡེ་རྒྱན་དུ་ཀུན་བཏགས་བཤད་པའི་སྐབས་སུ། ཇི་སྐད་དུ། ཇི་ལྟར་བརྗོད་དོན་འདུ་ཤེས་ཀྱི། །རྒྱུ་མཚན་དང་དེ་ཡི་བག་ཆགས་དང༌། །དེ་ལས་ཀྱང་དོན་སྣང་བ་ནི། །ཀུན་བརྟགས་པ་ཡི་མཚན་ཉིད་དོ། །ཞེས་དང༌། དེའི་སྐབས་ཀྱི་མདོ་སྡེ་རྒྱན་དབྱིག་འགྲེལ་ལས། ཀུན་བརྟགས་པའི་མཚན་ཉིད་ནི་རྣམ་པ་གསུམ་སྟེ། ཇི་ལྟར་བརྗོད་པའི་དོན་གྱི་འདུ་ཤེས་ཀྱི་རྒྱུ་མཚན་དང༌། བརྗོད་པ་དེའི་བག་ཆགས་དང༌། བག་ཆགས་དེ་ལས་ཀྱང་ཐ་སྙད་ལ་མི་མཁས་པ་རྣམས་ལ་བརྗོད་པའི་དོན་གྱི་འདུ་ཤེས་མེད་པར་དོན་དུ་སྣང་བ་གང་ཡིན་པའོ། །ཞེས་པའི་ལུང་དེས་བག་ཆགས་ཀུན་བརྟགས་ཡིན་པར་གསལ་བར་གསུངས་སོ། །འོན་ཀྱང་ཐེག་མཆོག་དབུ་མའི་ཟིན་བྲིས་ལས། བག་ཆགས་དང་ཞེས་པ་ནི་བུམ་པར་སྒྲོ་བཏགས་ཆ་ལ་བུམ་པའོ་སྙམ་དུ་འཛིན་པའི་བག་ཆགས་ཀུན་གཞི་ལ་བཞག་པ་དེ་དང་ཕྱི་རོལ་དོན་གྱི་སྣང་བར་གྱུར་བའི་བག་ཆགས་ཀུན་གཞིའི་སྟེང་དུ་ཡོད་པ་དེ། རྒྱུ་ཀུན་བཏགས་ཀྱིས་བཞག་པ་དང༌། དེ་ལ་འབྲས་བུ་ཀུན་བརྟགས་ཀྱི་སྣང་བ་བསྐྱེད་པའི་ཕྱིར་ཀུན་བརྟགས་ཀྱི་མིང་གིས་བསྟན་པ་ཡིན་ཡང༌། བག་ཆགས་དེ་ཤེས་པས་རྫས་ཡིན་པས་གཞན་དབང་མཚན་ཉིད་པ་ཡིན་ལ། ཞེས་གསུངས་པ་ལ་དཔྱད་པར་བྱའོ། །ལྡན་མིན་འདུ་བྱེད་ཀྱི་དོན་ནི། གཟུགས་དང་སེམས་དང་སེམས་ལས་བྱུང་བ་གསུམ་གྱི་གནས་སྐབས་ལ་བཏགས་པ་གང་ཞིག གཟུགས་སོགས་ཀྱི་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་སྟེ། གདགས་གཞི་གཟུགས་སོགས་ལས་གུད་ན་རྫས་གཞན་དུ་གྲུབ་པ་མ་ཡིན་ཞིང་ངོ་བོ་གཟུགས་སོགས་ཀྱི་ལྡོག་པ་དེ་ཉིད་ཀྱང་མ་ཡིན་པའོ། །དོགས་དཔྱོད་འགའ་ཞིག་གཞན་སྟོང་བགྲོ་གླེང་ཐེངས་དང་པོའི་དྲིས་ལན་དུ་བཀོད་ཟིན་ཏོ། །
དྲི་བ་བདུན་པ་རང་ལུགས་ལ་གཞི་གྲུབ་ན་བདེན་བཞི་གང་རུང་ཡིན་པའི་ཨེ་ཁྱབ་ཅེས་པ།
དྲི་བ་བདུན་པ་རང་ལུགས་ལ་གཞི་གྲུབ་ན་བདེན་བཞི་གང་རུང་ཡིན་པའི་ཨེ་ཁྱབ་ཅེས་པའི་ལན།
རང་ལུགས་ལ་གཞི་གྲུབ་ན་བདེན་བཞི་གང་རུང་ཡིན་པས་ཨེ་ཁྱབ་ཅེས་པའོ། །དེའི་ལན་ལ་བདེན་བཞི་ངོ་བོ་དབྱེ་བ་བཤད་པ་དང༌། ལན་དངོས་དང་གཉིས། དང་པོ་ལ་བདེན་པ་བཞི་ལས། དང་པོ་སྡུག་བདེན་གྱི་མཚན་ཉིད་དང་དབྱེ་བ་ནི། ཉོན་མོངས་པའི་ཟག་པ་དང་བཅས་པའི་རང་རྒྱུ་ལས་ཉོན་གྱི་འབྲས་བུས་བསྡུས་པ་ནི། སྡུག་བདེན་གྱི་མཚན་ཉིད། མཚན་གཞི་དང་དབྱེ་བ་ནི། ལས་ཉོན་གྱིས་བསྐྱེད་པའི་སྣོད་བཅུད་གཉིས་ཡིན་ཏེ། ཀུན་བཏུས་ལས། སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱིས་ཀྱང་རིག་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ཀུན་འབྱུང་བདེན་པའི་མཚན་ཉིད་དང་དབྱེ་བ་ནི། ཉོན་མོངས་པའི་ཟག་པ་དང་བཅས་པའི་རང་འབྲས་སྡུག་བདེན་གྱི་རྒྱུས་བསྡུས་པ་དེ། ཀུན་འབྱུང་བདེན་པའི་མཚན་ཉིད། མཚན་གཞི་དང་དབྱེ་བ་ནི། ཟག་བཅས་ཀྱི་ལས་དང་ཉོན་མོངས་པ་གཉིས་ཡིན་ཏེ།མངོན་པ་ཀུན་བཏུས་ལས། ཀུན་འབྱུང་བའི་བདེན་པ་གང་ཞེ་ན། ཉོན་མོངས་པ་དང་ཉོན་མོངས་པའི་དབང་གིས་བྱུང་བའི་ལས་སོ། །ཞེས་གསུངས་སོ། །གསུམ་པ་འགོག་བདེན་གྱི་མཚན་ཉིད་དང་དབྱེ་བ་ནི། ཐུན་མོང་གི་དབང་དུ་བྱས་ནས་ཉ་ཊཱིཀ་ལས། འགོག་བདེན་གྱི་མཚན་ཉིད་ནི། འདུས་མ་བྱས་གང་ཞིག རང་རྒྱུ་ལམ་བདེན་གྱི་བྲལ་འབྲས་ཡིན་པའོ། །དབྱེ་ན། རྗེས་མཐུན་པ་དང་མཚན་ཉིད་པ་གཉིས་དང༌། སློབ་མི་སློབ་དང༌། དགྲ་བཅོམ་རྒྱན་བཅས་རྒྱན་མེད་དང༌། ལྷག་བཅས་ལྷག་མེད་གཉིས་དང༌། སངས་རྒྱས་བྱང་སེམས་ཀྱི་མྱང་འདས་གཉིས་ཏེ་ཚན་པ་ལྔའོ། །ཞེས་སོ། །རྣམ་པར་མ་བཞག་པའམ་ཐུན་མོང་མ་ཡིན་པའི་འགོག་བདེན་གྱི་མཚན་ཉིད་སོགས་ནི། ཆོས་ཀྱི་དབྱིངས་གདོད་ནས་རང་བཞིན་གྱིས་རྣམ་པར་དག་པའི་དེ་བཞིན་ཉིད་དེ། འགོག་བདེན་གྱི་མཚན་ཉིད། མཚན་གཞི་དང་དབྱེ་བ་ནི། རང་བཞིན་རྣམ་དག་དང༌། གློ་བུར་རྣམ་དག་གི་དེ་བཞིན་ཉིད་དོ། །བཞི་བ་ལམ་བདེན་གྱི་མཚན་ཉིད་དང་དབྱེ་བ་ནི། ཉ་ཊཱིཀ་ལྟར་ཟག་མེད་འདུས་བྱས་གང་ཞིག འགོག་བདེན་གྱི་བྲལ་རྒྱུ་དེ། ལམ་བདེན་གྱི་མཚན་ཉིད། མཚན་གཞི་དང་དབྱེ་བ་ནི།ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་རྣམས་ཡིན་ཏེ། ཀུན་བཏུས་ལས། ལམ་རྣམ་པ་ལྔ་སྟེ། ཚོགས་ཀྱི་ལམ་དང༌། སྦྱོར་བའི་ལམ་དང༌། མཐོང་བའི་ལམ་དང༌། སྒོམ་པའི་ལམ་དང༌། མཐར་ཕྱིན་པའི་ལམ་མོ། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་བསྟན་བཅོས་རྒྱུད་བླ་མ་ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེར་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རེག་པར་བྱ་ཞིང་བསྟེན་པར་བྱ། །ཞེས་པ་སྟེ། དཔེར་ན་ནད་ཀྱི་སྡུག་བསྔལ་དང་བྲལ་ནས་ནད་མེད་པའི་བདེ་བ་ཐོབ་པར་འདོད་པའི་ཤེས་ལྡན་དག་གིས་ནད་ཀྱི་ངོ་བོ་གང་ཡིན་པའི་ཚུལ་ནི་ཤེས་པར་བྱས་ནས་ནད་དེ་སྐྱེད་བྱེད་ཀྱི་རྒྱུ་མི་འཕྲོད་པའི་ཟས་ལ་སོགས་པ་ནི་སྤང་བར་བྱ་བ་ཡིན་ལ། ནད་མེད་པའི་བདེ་བར་གནས་པ་ནི་ཐོབ་པར་བྱ་བ་ཡིན་ཞིང༌། དེའི་ཐབས་སྨན་བཟང་པོ་བསྟེན་པར་བྱ་བ་ཡིན་པ་ལྟར།དེ་བཞིན་དུ་འཁོར་བའི་སྡུག་བསྔལ་དང་བྲལ་ནས་མྱ་ངན་ལས་འདས་པའི་བདེ་བ་ཐོབ་པར་འདོད་པའི་བློ་དང་ལྡན་པ་དག་གིས་ཀྱང་ཟག་པ་དང་བཅས་པ་སྡུག་བསྔལ་གྱི་བདེན་པ་དང༌། དེའི་རྒྱུ་ཀུན་འབྱུང་གི་བདེན་པ་དང༌། དེ་དག་འགགས་པ་འགོག་པའི་བདེན་པ་དང༌། དེ་བཞིན་དུ་འགོག་པ་མངོན་དུ་འགྱུར་བར་བྱེད་པ་ལམ་གྱི་བདེན་པ་སྟེ་འཕགས་པའི་བདེན་པ་བཞི་པོ་དག་ལ། རིམ་པ་ལྟར་ཟག་པ་དང་བཅས་པ་འབྲས་བུས་བསྡུས་པའི་འཁོར་བ་ཐམས་ཅད་སྡུག་བསྔལ་དུ་ཡོངས་སུ་ཤེས་པར་བྱས་ནས་དེའི་རྒྱུ་ལས་དང་ཉོན་མོངས་པས་བསྡུས་པའི་ཀུན་འབྱུང་མཐའ་དག་སྤང་བར་བྱ་བ་ཡིན་ལ། དེ་དག་གི་དྲི་མ་དང་བྲལ་བའི་འགོག་པ་མྱ་ངན་ལས་འདས་པའི་བདེ་བ་ནི་མངོན་སུམ་དུ་རེག་ཅིང་ཐོབ་པར་བྱ་བ་ཡིན་ཞིང༌། དེའི་ཐབས་སུ་ཟག་པ་མེད་པའི་ལམ་རྣམ་པ་ལྔ་པོ་རིམ་གྱིས་རྒྱུད་ལ་བསྟེན་པར་བྱ་བ་ཡིན་ནོ་ཞེས་པའི་དོན་ནོ། །གཉིས་པ་ལན་དངོས་ལ་གཞི་གྲུབ་ན་བདེན་པ་བཞི་བོ་གང་རུང་ཡིན་པས་མ་ཁྱབ་སྟེ། ནམ་མཁའ་དང༌། སོ་སོར་བརྟགས་མིན་གྱི་འགོག་པ་དང༌། ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་དང༌། ལམ་མ་ཞུགས་ཀྱི་རྒྱུད་ཀྱི་གཞན་དོན་ཁུར་དུ་ཁྱེར་བའི་སྙིང་རྗེ་དང༌། སྟོང་ཉིད་རྟོགས་པའི་རིགས་ཤེས་རྗེས་དཔག་སོགས་དེ་བཞི་གང་ཡང་མ་ཡིན་ཏེ། ས་བཟང་གི་ཀུན་བཏུས་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ་ལས། ཤེས་བྱ་ཐམས་ཅད་བདེན་བཞིར་འདུ་བ་ནི་མ་ཡིན་ཏེ། ནམ་མཁའ་དང༌། སོ་སོར་བརྟགས་མིན་གྱི་འགོག་པ་དང༌། མ་དག་པའི་དེ་བཞིན་ཉིད་དང༌། ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་ལ་སོགས་པ་རྣམས་བཞི་པོ་གང་དུའང་མ་འདུས་པའི་ཕྱིར་རོ། །ཞེས་གསུངས་སོ། །གཞན་ཡང་དེ་དག་བདེན་བཞི་གང་རུང་མ་ཡིན་ཏེ། ལས་ཉོན་གྱི་དབང་གིས་བྱུང་བའི་སྡུག་བདེན་དང༌། ལས་ཉོན་གྱིས་བསྡུས་པའི་ཀུན་འབྱུང་གཉིས་མིན་ལ། གཞན་གཉིས་ལ་དོགས་པ་མེད་པའི་ཕྱིར། ལམ་ཞུགས་ཀྱི་རྒྱུད་ཀྱི་ལམ་གྱིས་བཞག་པའི་བག་ཆགས་ཡང་དེ་བཞི་གང་ཡང་མ་ཡིན་ཏེ། དེ་ལམ་བདེན་ཡིན་ན་དགེ་བ་ཡིན་དགོས་ཀྱང་འཇོག་བྱེད་དགེ་སོགས་གང་ཡིན་ཀྱང་དེས་བཞག་པའི་བག་ཆགས་ལུང་མ་བསྟན་ཡིན་པའི་ཕྱིར་ཏེ། ས་བཟང་གི་ཀུན་བཏུས་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ་ལས། རང་ལུགས་ནི་འཇོག་བྱེད་དགེ་མི་དགེ་ལུང་མ་བསྟན་གང་གིས་བཞག་ཀྱང་བག་ཆགས་ནི་ལུང་མ་བསྟན་ཉིད་ཡིན་ཏེ། ཀུན་གཞི་ལུང་མ་བསྟན་དང་རྫས་གཅིག་པའི་ཕྱིར་རོ། །ཞེས་གསུངས་སོ། །ཡང་ས་མཐོན་པོ་ལ་གནས་པའི་བྱང་སེམས་ཀྱི་རྒྱུད་ཀྱི་ཟག་མེད་ཀྱི་ལས་དང༌། ཡིད་ལུས་རྣམས་བདེན་པ་བཞི་པོ་གང་ཡང་མ་ཡིན་སྙམ་སྟེ། བྱང་སེམས་ས་མཐོན་པོ་ལ་གནས་པ་རྣམས་ཀྱིས་སྡུག་ཀུན་སྤངས་ཟིན་པ་དང༌། འགོག་ལམ་ཡང་མ་ཡིན་པའི་ཕྱིར་རོ། །ཐེག་མཆོག་དབུ་མའི་ཟིན་བྲིས་ལས། དེས་ན་ཡིད་ལུས་དང་དབང་བསྒྱུར་གྱི་སྐྱེ་བ་དང༌། བསམ་གྱིས་མི་ཁྱབ་ཀྱི་འཆི་འཕོ་བ་དང༌། དག་པའི་ཞིང་ཁམས་རྣམས་ནི་རྣམ་པར་བྱང་བའི་ལམ་གྱིས་བསྡུས་ཤིང་སྡུག་བསྔལ་ཕྲ་མོ་ཞེས་བརྗོད་དོ། །ཞེས་གསུངས་པས་དེ་རྣམས་ལམ་བདེན་ཡིན་མིན་ལ་ཅུང་ཟད་དཔྱད་རྒྱུ་སྣང༌། ཡང་ཐེག་མཆོག་དབུ་མ་ལས། མིང་ནི་སྡུག་བསྔལ་བདེན་པ་ཁོ་ནས་བསྡུས། །ཞེས་དང༌། དེའི་ཟིན་བྲིས་ལས། མིང་ནི་སྡུག་བསྔལ་བདེན་པ་ཁོ་ནས་བསྡུས་པས་མིང་ཡིན་ན་སྡུག་བསྔལ་བདེན་པ་ཡིན་པས་ཁྱབ་ཀྱང་སྡུག་བདེན་ཡིན་ན་མིང་ཡིན་པས་ནི་མ་ཁྱབ་པོ། །ཞེས་གསུངས་པས་མིང་སྡུག་བདེན་ཡིན་ཀྱང༌། ནམ་མཁའ་བཏགས་ཡོད་འབའ་ཞིག་གམ་དངོས་མེད་ཡིན་པས་སྡུག་བདེན་མ་ཡིན་པར་འཇོག་དགོས་སམ་སྙམ། མིང་ལ་ཐེག་མཆོག་དབུ་མ་ལས། རྒྱུ་མཚན་ཕལ་དང་མིང་ནི་ཀུན་བརྟགས་ཡིན། །ཞེས་དང༌། དེའི་ཟིན་བྲིས་ལས། མིང་ནི་ཀུན་བརྟགས་ཡིན་ལ། ཞེས་དང༌། མིང་ཚིག་ཡི་གེ་ལ་སོགས་པ་ཡང་སྒྲ་སྤྱི་ཙམ་བློ་ལ་ཤར་བ་ལ་དེར་བཏགས་པའི་ཕྱིར་རོ། །ཞེས་གསུངས་པས་མིང་ཀུན་བརྟགས་ཡིན་པར་གསུངས་ལ། མིང་ཀུན་བརྟགས་ཡིན་ཞིང་སྒྲ་རང་མཚན་པ་མ་ཡིན་ན། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། དེ་ལྟ་ན་མེ་ཞེས་བརྗོད་པ་ན་ཚ་ཞིང་སྲེག་པའི་དངོས་པོ་དེ་དང་གཅིག་ཡིན་པས་ཁ་འཚིག་པར་ཐལ་བ་དང༌། ཞེས་སྐྱོན་བརྗོད་ཚུལ་རྣམས་ལ་དཔྱད་པར་བྱ་དགོས་སོ། །ལམ་བདེན་ལ་ཤེས་པ་ཡིན་དགོས་མིན་ལ་དཔྱད་པར་བྱ་བ་འདི་ཡོད་དེ། རི་ཆོས་ངེས་དོན་རྒྱ་མཚོ་ལས། དེས་ན་ཀུན་རྫོབ་བདེན་པར་གཏོགས་པའི་སྤངས་རྟོགས་དང་ཚོགས་གཉིས་ནི་ལམ་བདེན་ཡིན་ལ། ཞེས་དང༌། བསྟན་བཅོས་སྙིང་པོ་ངེས་པ་ལས། ཀུན་རྫོབ་སངས་རྒྱས་དུས་གསུམ་བྱུང་བ་རྣམས། །ལམ་བདེན་ཉིད་ཡིན། ཞེས་དང༌། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། དེ་ལ་གཞན་སྣང་གི་སྐུ་དང་མཛད་པ་དང་ཞིང་ཁམས་སོགས་ནི་ལམ་བདེན་དངོས་ཡིན་ནོ། །ཞེས་གསུངས་པ་དེ་དག་ཤེས་པར་འཇོག་དཀའ་བས་ལམ་བདེན་མཚན་ཉིད་པ་ཡིན་ན་ལམ་བདེན་ལ་ཤེས་པས་མ་ཁྱབ་པོ། །དེ་ལྟར་ན་སོ་སོར་བརྟགས་འགོག་ལམ་བདེན་ཡིན་མིན་བརྟགས་དགོས་ཏེ། དེ་རང་ལུགས་ཐུན་མོང་མ་ཡིན་པའི་ལུགས་ལ་འགོག་བདེན་མཚན་ཉིད་པ་མ་ཡིན་པ་གང་ཞིག་ལམ་བདེན་ལ་ཤེས་པས་མ་ཁྱབ་ན་གཞན་དེ་ལམ་བདེན་མ་ཡིན་པའི་རྒྱུ་མཚན་དཀའ་བའི་ཕྱིར་ཟེར་ན་རྟགས་ཕྱི་མ་ལ་དཔྱད། རྟགས་དང་པོ་གྲུབ་སྟེ། ཟབ་དོན་ཉེར་གཅིག་ལས། གཞན་བདེན་པ་གསུམ་དང༌། སོ་སོར་བརྟགས་འགོག་ལ་ཀུན་རྫོབ་ཀྱིས་ཁྱབ་པར་དོན་ལ་གནས་པས། ལམ་བདེན་མཚན་ཉིད་པ་ལ་ཀུན་རྫོབ་ཀྱིས་ཁྱབ། འགོག་བདེན་མཚན་ཉིད་པ་ལ་དོན་དམ་གྱིས་ཁྱབ། དོན་དམ་པའི་ལམ་བདེན་ནི་གདོད་མ་དང་གཅིག་པའི་ཕྱིར། འགོག་བདེན་ཉིད་ཡིན་པས། ལམ་བདེན་བཏགས་པ་བ་ཡིན་གསུང༌། ཞེས་གསུངས་པའི་ཕྱིར་རོ། །ཡང་ལམ་བདེན་ལ་ཟག་མེད་དགོས་ན་ཟག་བཅས་ཟག་མེད་ཀྱི་དོན་ཅི་ཞེ་ན། དེ་ལ་མཛོད་ལས། ལམ་མ་གཏོགས་པའི་འདུས་བྱས་རྣམས། །ཟག་བཅས་གང་ཕྱིར་དེ་དག་ལ། །ཟག་རྣམས་ཀུན་ཏུ་རྒྱས་པར་འགྱུར། །ཞེས་གང་ལ་དམིགས་ནས་ཟག་པ་རྒྱས་པར་འགྱུར་བས་ཟག་བཅས་སུ་འཇོག་མོད། སྐབས་འདིར་ཟག་པ་དང་སྒོ་དྲུག་གིས་འབྲེལ་བས་ཟག་བཅས་ཏེ། ཟག་པའི་སྒོ་དྲུག་ནི། ཀུན་བཏུས་ལས། ཅིའི་ཕྱིར་ཟག་པ་དང་བཅས་པར་བརྟག་ཅེ་ན། ཟག་པ་དེའི་བདག་ཉིད་དང༌། ཟག་པ་དང་འབྲེལ་བ་དང༌། ཟག་པས་བཅིངས་པ་དང༌། ཟག་པའི་རྗེས་སུ་འབྲེལ་པ་དང༌། ཟག་པའི་རྗེས་སུ་མཐུན་པ་དང༌། ཟག་པའི་རྒྱུ་ལས་བྱུང་བའི་ཕྱིར་ཟག་པ་དང་བཅས་པར་བལྟའོ། །ཞེས་གསུངས་ལ། དེའང་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ནི་ཟག་པ་དེའི་བདག་ཉིད་དམ་རང་བཞིན་ཡིན་པས་ཟག་པ་དང་བཅས་པར་བལྟའོ། །ཉོན་མོངས་པ་དང་མཚུངས་པར་ལྡན་པའི་སེམས་སེམས་བྱུང་དང༌། དེ་དག་གི་གནས་མིག་ལ་སོགས་པ་ནི་ཟག་པ་དང་འབྲེལ་བ་དང༌། དགེ་བ་ཟག་བཅས་དེ་རྣམས་ཀྱང་ཡང་སྲིད་འགྲུབ་བྱེད་དུ་འགྱུར་བའི་ཆ་ནས་ཟག་པས་བཅིངས་པ་དང༌། ས་གཞན་གྱི་ཀུན་གཞི་ལའང་ས་གཞན་གྱི་ཉོན་མོངས་པའི་གནས་ངན་ལེན་ལྡན་པ་ཟག་པའི་རྗེས་སུ་འབྲེལ་བ་དང༌། ངེས་འབྱེད་ཆ་མཐུན་ནི་ཉོན་མོངས་པའི་ས་བོན་དང་ལྡན་ཡང་༌། སྲིད་པ་ལ་རྒྱབ་ཀྱིས་ཕྱོགས་ཤིང་གཉེན་པོ་བྱེད་པས་ཟག་མེད་དུ་འཇོག་ལ། དེ་ལས་གཞན་པའི་ཉོན་མོངས་པའི་ས་བོན་ཐམས་ཅད་དམ་ཡང་ན་ལམ་ལས་གཞན་པའི་འདུས་བྱས་ཐམས་ཅད་ཉོན་མོངས་པ་འཕེལ་བའི་རྐྱེན་བྱེད་པས་ཟག་པའི་རྗེས་སུ་མཐུན་པ་དང༌། སོ་སོའི་སྐྱེ་བོ་དང་འཕགས་པ་སློབ་པའི་ཕུང་པོ་ཟག་པའི་རྒྱུ་ལས་བྱུང་བར་མ་ཟད་ཐ་ན་དགྲ་བཅོམ་པའི་ཕུང་པོའང་སྔར་གྱི་ཉོན་མོངས་ཀྱིས་འཕངས་ཤིང་ཉིང་མཚམས་སྦྱོར་བའི་རྒྱུ་ཡིན་པས་ཟག་པའི་རྒྱུ་ལས་བྱུང་བའི་ཕྱིར་ཟག་པ་དང་བཅས་པར་བལྟའོ། །ཟག་མེད་ནི། ཀུན་བཏུས་ལས། ཅིའི་ཕྱིར་ཟག་པ་མེད་པར་བརྟག་ཅེ་ན། ཟག་པ་དང་བཅས་པ་ལས་བཟློག་པ་ནི་ཟག་པ་མེད་པར་བལྟའོ། །ཞེས་གསུངས་པ་ལྟར་སྤང་བྱ་ཟག་པ་དང་བཅས་པ་ལས་ལྡོག་པ། ཟག་པའི་སྒོ་དྲུག་དང་མ་འབྲེལ་བ་ནི་ཟག་པ་མེད་པའོ། །ཞེས་ས་བཟང་གི་ཀུན་བཏུས་ཀྱི་འགྲེལ་བར་བཤད་པའི་ཚིག་དོན་ཇི་ལྟ་བ་བཞིན་བྲིས་པའོ། །གཞན་ཡང་ས་བཟང་གི་ཀུན་བཏུས་འགྲེལ་བ་ལས། སྔར་ངེས་འབྱེད་ཆ་མཐུན་ཟག་མེད་དང་རྗེས་སུ་མཐུན་པས་ཟག་མེད་དུ་བཤད་ཀྱང༌། འདིར་ནི་ཟག་པའི་ས་བོན་རྗེས་སུ་འབྲེལ་བའི་ཆ་ནས་ཟག་བཅས་སུ་བསྡུའོ། །ཞེས་གསུངས་པ་དང་སྔར་ཟག་མེད་གསུངས་པ་གཉིས་གང་ལྟར་ཁས་ལེན་དགོས་དཔྱད་པར་བྱའོ། །
དྲི་བ་བརྒྱད་པ་མདོ་རྒྱན་ལས། ཡང་དག་མིན་རྟོག་ཡང་དག་མིན། །ཞེས་སོགས་ཀྱི་སྐབས་སུ་བསྟན་པ།
དྲི་བ་བརྒྱད་པ་མདོ་རྒྱན་ལས། ཡང་དག་མིན་རྟོག་ཡང་དག་མིན། །ཞེས་སོགས་ཀྱི་སྐབས་སུ་བསྟན་པའི་རྟོག་པ་དང་མི་རྟོག་པ་ཡིན་མིན་གྱི་མུ་བཞིའི་ནང་དུ་ཤེས་བྱ་ཐམས་ཅད་བསྡུས་ཚུལ་ཇི་ལྟར་ཡིན་ཞེས་པའི་ལན།
མདོ་སྡེ་རྒྱན་ལས། ཡང་དག་མིན་རྟོག་ཡང་དག་མིན། །ཞེས་སོགས་ཀྱི་སྐབས་སུ་བསྟན་པའི་རྟོག་པ་དང་མི་རྟོག་པ་ཡིན་མིན་གྱི་མུ་བཞིའི་ནང་དུ་ཤེས་བྱ་ཐམས་ཅད་བསྡུས་ཚུལ་ཇི་ལྟར་ཡིན་ཞེས་པའོ། །དེའི་ལན་ནི། དེ་ཡང་རྗེ་བཙུན་བྱམས་པས་ཡང་དག་མིན་རྟོག་ཡང་དག་མིན༌། །ཞེས་སོགས་ཀྱི་སྐབས་ནས་བསྟན་པའི་རྟོག་པ་ཡིན་མིན་གྱི་མུ་བཞི་སྟེ། མུ་དང་པོ་རྟོག་པ་འབའ་ཞིག་ཡིན་པའི་མུ་ནི། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་སྟེ། ལམ་ལ་མ་ཞུགས་པའི་སོ་སོའི་སྐྱེ་བོའི་རྒྱུད་ཀྱི་སེམས་དང་སེམས་ལས་བྱུང་བ་དང་དེའི་ཡུལ་དང་བཅས་པ་ནི་སྐབས་འདིའི་རྣམ་པར་རྟོག་པ་ཁོ་ན་ཡིན་པས་སོ། །གཞན་གསུམ་ལ་ཡུལ་དང་བཅས་པ་བཞག་ན་ཤེས་བྱ་ཐམས་ཅད་མུ་བཞི་དེར་འདུས་པ་ཡིན་ནོ། །མི་རྟོག་པ་ཁོ་ན་ཡིན་པའི་མུ་གཉིས་པ་ནི། བྱང་སེམས་འཕགས་པའྀ་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་དང༌། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་དངོས་ཡུལ་དང་བཅས་པ་རྣམས་ནི། རྣམ་པར་མི་རྟོག་པ་ཁོ་ན་ཡིན་པའི་མུ་ཞེས་བྱའོ། །རྣམ་པར་རྟོག་པ་ཡིན་པ་དང་མ་ཡིན་པ་གཉིས་ཀ་ཡིན་པའི་མུ་ནི། སྦྱོར་ལམ་པའི་རྒྱུད་ཀྱི་ཡེ་ཤེས་ཡུལ་དང་བཅས་པ་ཡིན་ལ། དེ་ཡིན་པའི་རྒྱུ་མཚན་ནི་ཡེ་ཤེས་དེ་ཆོས་ཉིད་ལ་གསལ་སྣང་ཅི་རིགས་པ་ཐོབ་ཅིང་དེའི་རྗེས་མཐུན་པ་ཡིན་པས་ན་མི་རྟོག་པ་ཡིན་ལ། གཟུང་འཛིན་གྱི་རྣམ་རྟོག་མ་སྤངས་ཤིང་དེ་དང་བཅས་པའི་ཚུལ་གྱིས་འཇུག་པས་ན་རྣམ་པར་རྟོག་པ་ཡང་ཡིན་ནོ། །ཐེག་མཆོག་དབུ་མའི་ཟིན་བྲིས་ལས་སྦྱོར་ལམ་པའི་རྒྱུད་ཀྱི་ཡེ་ཤེས་ཞེས་གསུངས་པ་ཐེག་ཆེན་སྦྱོར་ལམ་ཞེས་དང༌། གཟུང་འཛིན་གྱི་རྣམ་རྟོག་ཞེས་པ་མཐོང་སྤངས་ཀུན་བརྟགས་ལ་སྦྱར་དགོས་པ་འདྲའོ། །རྣམ་པར་རྟོག་པ་དང་མི་རྟོག་པ་གཉིས་ཀ་མ་ཡིན་པའི་མུ་ནི། འཕགས་པ་རྣམས་ཀྱི་རྗེས་ཐོབ་དག་པ་བ་དེ་ཡིན་ལ། དེ་ཡིན་པའི་རྒྱུ་མཚན་ནི་གཟུང་འཛིན་གྱི་སྣང་བ་འཆར་བས་མི་རྟོག་པ་ཡང་མ་ཡིན་ལ། རྗེས་ཐོབ་དེ་ལ་སྒྱུ་མ་ལྟ་བུར་ཤེས་ཤིང་མངོན་ཞེན་མེད་པའི་རྟོག་པ་ཡང་མ་ཡིན་ནོ། །ཐེག་ཆེན་འཕགས་པའི་རྗེས་ཐོབ་ཡིན་དགོས་མིན་དཔྱད་པར་བྱའོ། །དེ་ལྟར་མུ་བཞི་ལ་རྟོག་པ་དེ་དང་དེའི་ཡུལ་དང་བཅས་པ་བཞག་ནས་དེར་ཤེས་བྱ་ཐམས་ཅད་འདུས་པ་ཡིན་ནོ། །དེ་ལྟར་གྲུབ་པ་ཡིན་ཏེ། སློབ་དཔོན་དབྱིག་གཉེན་གྱི་མདོ་སྡེ་རྒྱན་གྱི་འགྲེལ་བ་ལས། ཤེས་བྱ་ཡོངས་སུ་ཚོལ་བའི་ཚིགས་སུ་བཅད་པ། ཡང་དག་མིན་རྟོག་ཡང་དག་མིན། །ཡང་དག་མ་ཡིན་མིན་མི་རྟོག ། རྟོག་མིན་མི་རྟོག་མ་ཡིན་པ། །ཤེས་བྱ་ཐམས་ཅད་ཡིན་པར་བརྗོད། །ཡང་དག་པ་མ་ཡིན་པའི་རྟོག་པ་ནི། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྗེས་སུ་མཐུན་པ་མ་ཡིན་པའི་རྣམ་པར་རྟོག་པ་གང་ཡིན་པའོ། །ཡང་དག་པ་ཡང་མ་ཡིན་ལ། ཡང་དག་པ་མ་ཡིན་པ་ཡང་མ་ཡིན་པ་ནི། དེའི་རྗེས་སུ་མཐུན་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་བར་གང་ཡིན་པའོ། །མི་རྟོག་པ་ནི་དེ་བཞིན་ཉིད་དང༌། འཇིག་རྟེན་ལས་འདས་པའི་ཡེ་ཤེས་སོ། །རྟོག་པ་ཡང་མ་ཡིན་མི་རྟོག་པ་ཡང་མ་ཡིན་པ་ནི་འཇིག་རྟེན་ལས་འདས་པའི་རྗེས་ལས་ཐོབ་པ་འཇིག་རྟེན་པའི་ཡེ་ཤེས་ཏེ། ཤེས་བྱ་ཐམས་ཅད་ནི་དེ་ཙམ་དུ་ཟད་དོ། །ཞེས་གསུངས་སོ། །མུ་བཞི་འཇོག་ཚུལ་འདི་ལ་ཞིབ་ཆ་ཅུང་ཟད་དགོས་སོ། །ཡང་ས་བཟང་གི་ཀུན་བཏུས་འགྲེལ་བ་ལས། རྟོག་བཅས་རྟོག་མེད་འཇོག་ཚུལ་གྱི་རྣམ་གྲངས་འདི་ལྟར་གསུངས་ཏེ། ཇི་སྐད་དུ། རྣམ་ཤེས་དྲུག་ལ་རྟོག་བཅས་ནི་དུ་ཞིག་རྟོག་མེད་ནི་དུ་ཞིག་ཡིན་ཞེ་ན། དེ་ལ་རྣམ་རྟོག་གསུམ་གྱི་ཡིད་ཤེས་ཁོ་ན་རྟོག་བཅས་ཡིན་ཏེ། རང་བཞིན་གྱི་རྣམ་རྟོག་དང༌། རྗེས་སུ་དྲན་པའི་རྣམ་རྟོག་དང༌། མངོན་པར་དཔྱོད་པའི་རྣམ་རྟོག་གིས་སོ། །དེའི་དང་པོ་ནི། ད་ལྟར་གྱི་འདུ་བྱེད་མྱོང་བ་རྣམས་ཀྱི་རང་གི་མཚན་ཉིད་ལ་རྣམ་པར་རྟོག་པ་ཡིན་ཏེ། བར་མ་ནི། མངོན་དུ་མྱངས་པའི་འདུ་བྱེད་རྣམས་ལ་རྟོག་པ་ཡིན་ལ། ཐ་མ་ནི། དུས་གསུམ་གྱི་ལྐོག་གྱུར་རྣམས་ལ་མངོན་པར་རྟོག་པ་ཡིན་ཞིང༌།དེ་རྣམས་ཀྱང་ཡིད་ཤེས་ཁོ་ན་ལ་ཡོད་པའི་ཕྱིར་རོ། །ཡང་རྣམ་རྟོག་བདུན་གྱི་དྲུག་ཆར་ཡང་རྟོག་བཅས་ཡིན་ཏེ། དམིགས་པ་རང་གི་ངང་གིས་འཇུག་པའི་རྣམ་པར་རྟོག་པ་དང༌།མཚན་མ་དང་བཅས་པ་དང༌། མཚན་མ་མེད་པ་དང༌། ཀུན་ནས་ཚོལ་བ་དང༌། སོ་སོར་རྟོག་པ་དང༌། ཉོན་མོངས་པ་ཅན་དང༌། ཉོན་མོངས་ཅན་མ་ཡིནཔའི་རྣམ་པར་རྟོག་པས་སོ། །དེ་ལ་དང་པོ་དབང་ཤེས་ལྔའམ། ཡང་ན་ཡིད་ཤེས་དང་བཅས་པ་ཐམས་ཅད་ཀྱང་རྟོག་བཅས་ཡིན་ཏེ། དམིགས་པ་ལ་མཚན་མར་མི་འཛིན་པར་ཡུལ་ཇི་ལྟ་བ་བཞིན་དུ་རང་གི་ངང་གིས་འཇུག་པའི་ཕྱིར་རོ། །དབང་ཤེས་ལྔ་རྟོག་མེད་དུ་བཤད་པ་ནི། ངེས་པར་རྟོག་དང་རྗེས་དྲན་པའི། །རྣམ་པར་རྟོག་པས་རྣམ་མི་རྟོག ། ཅེས་པ་ལྟར་རོ། །འདིར་ནི་གཟུང་འཛིན་གྱི་རྣམ་པ་ཅན་ཡིན་པས་རྟོག་བཅས་སུ་བསྟན་པའོ། །ལྷག་མ་རྣམས་ཀྱིས་ནི་ཡིད་ཤེས་ཁོ་ན་རྟོག་བཅས་ཡིན་ཏེ། མཚན་མ་དང་བཅས་པ་ནི་འདས་པ་དང་ད་ལྟར་གྱི་ཚུལ་བཀྲ་བར་འཛིན་པའི་ཕྱིར། སྔར་བཤད་པའི་རང་བཞིན་དང༌། རྗེས་སུ་དྲན་པའི་རྣམ་པར་རྟོག་པ་ཡིན་ནོ། །མཚན་མ་མེད་པ་ནི་མ་འོངས་པའི་ཡུལ་ལ་འདོད་པའི་རྣམ་པ་ཅན་ཏེ། མ་འོངས་པ་ནི་མ་སྐྱེས་ནས་མེད་པའི་ཕྱིར་མཚན་མ་མེད་པ་ཞེས་བྱའོ། །ཕྱི་མ་བཞི་ནི་མངོན་པར་དཔྱོད་པའི་རྣམ་རྟོག་ཡིན་ཏེ་དེ་ཉིད་རེས་འགའ་ངོ་བོ་ལ་ཀུན་ཏུ་ཚོལ་ཞིང༌། རེས་འགའ་ཁྱད་པར་ལ་སོ་སོར་རྟོག་ལ། རེས་འགའ་ཆགས་སོགས་ཉོན་མོངས་དང་མཚུངས་པར་ལྡན་ཞིང༌། རེས་འགའ་དད་སོགས་ཉོན་མོངས་ཅན་མ་ཡིན་པ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །ཞེས་གསུངས་པ་ཡང་སྤྱིར་ཤེས་དགོས་པས་འདིར་བཀོད་པ་ཡིན་ནོ། །
དྲི་བ་དགུ་བ་ཐེག་མཆོག་དབུ་མ་ལས། གཞི་ལྔ་ཤེས་བྱའི་གནས་ཞེས་ཕལ་ཆེར་འདོད།
དྲི་བ་དགུ་བ་ཐེག་མཆོག་དབུ་མ་ལས། གཞི་ལྔ་ཤེས་བྱའི་གནས་ཞེས་ཕལ་ཆེར་འདོད། །ཅེས་པའི་སྐབས་སུ་ཆོས་དབྱིངས་དེ་ཤེས་བྱ་གཞི་ལྔའི་ནང་དུ་འདུས་སམ་ཅི་ཞེས་པའོ། །
དེའི་ལན་ཤེས་བྱ་གཞི་ལྔ་འཇོག་ཚུལ་དང༌། དངོས་ཀྱི་ལན་ནོ། །དང་པོ་ལ་སྤྱིར་ཤེས་བྱ་གཞི་ལྔ་ནི། སྣང་བ་གཟུགས་ཀྱི་གཞི། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་བྱུང་གི་གཞི། མཚུངས་པར་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་གཞི། འདུས་མ་བྱས་ཀྱི་གཞི་དང་ལྔ་ཡོད་དེ། མངོན་པ་ཀུན་བཏུས་ལས། ཤེས་པར་བྱ་བ་ནི་རྣམ་པ་ལྔ་སྟེ། གཟུགས་དང༌། སེམས་དང༌། སེམས་ལས་བྱུང་བའི་ཆོས་རྣམས་དང༌། སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་དང༌། འདུས་མ་བྱས་རྣམས་ཏེ། ཞེས་དང༌། མཛོད་རང་འགྲེལ་ལས། ཆོས་འདི་དག་ཐམས་ཅད་ནི། གཟུགས་དང༌། སེམས་དང་སེམས་ལས་བྱུང་བ་དག་དང༌། སེམས་དང་ལྡན་པ་མ་ཡིན་པ་དག་དང༌། འདུས་མ་བྱས་ལྔར་འགྱུར་རོ། །ཞེས་གསུངས་སོ། །དེ་ཡང་ཆོས་ཐམས་ཅད་ལ་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་བཞིར་ཕྱེ་བའི་ཕྱིར། བྱེ་སྨྲས་དེ་ལྟར་ལྔར་བཤད་པའི་དགོས་པ་ནི། རང་གི་གྲུབ་མཐའ་གསལ་བར་བཤད་པ་དང༌། དེ་ལྔར་ལོག་པར་རྟོག་པ་ལྔ་སེལ་བའི་ཆེད་ཡིན་ཏེ། གཟུགས་ཀྱི་ངོ་བོ་སོགས་ལ་ལོག་པར་རྟོག་པ་དང༌། སེམས་ཀྱང་སེམས་བྱུང་ལས་དོན་གཞན་མ་ཡིན་ནོ་སྙམ་པ་དང༌། སེམས་བྱུང་ཡང་སེམས་ལས་དོན་གཞན་མ་ཡིན་ནོ་སྙམ་དུ་འཛིན་པ་དང༌། ཐོབ་པ་སོགས་རྫས་གྲུབ་མེད་དམ་སྙམ་པ་དང༌། འདུས་མ་བྱས་ལ་རྫས་གྲུབ་མེད་དམ་སྙམ་པའི་ལོག་རྟོག་ལྔ་བསལ་བའི་ཕྱིར་དེ་ལྔར་བཤད་པའི་ཕྱིར་ཏེ། མཛོད་འགྲེལ་གང་སྤེལ་ལས། ཡང་ཅིའི་ཕྱིར་རྣམ་པ་ལྔར་བསྟན་ཅེ་ན། ལོག་པར་རྟོག་པ་དགག་པའི་ཕྱིར་ཏེ། ཞེས་པ་ནས། རང་གི་གྲུབ་མཐའ་ཡང་གསལ་བར་བྱས་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། འདིར་རྫས་ཡོད་ནི་གྲུབ་མཐའི་དབང་གིས་ཏེ། ལྷག་མ་ཀུན་གྱིས་འདོད་དོ། །དེ་ལྔའི་གྲངས་ངེས་ནི། ས་བཟང་གི་ཀུན་བཏུས་འགྲེལ་བ་ལས། གྲངས་ངེས་ནི། གཞི་གང་དུ་སྤང་བྱ་ཀུན་ནས་ཉོན་མོངས་པ་དང༌། གཉེན་པོ་རྣམ་པར་བྱང་བ་སྐྱེ་བ་དེའི་དབང་དུ་བྱས་ནས་གཟུགས་ཀྱི་གཞི་དང༌། ལས་སུ་བྱ་བ་གང་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དེའི་དབང་དུ་བྱས་ནས་སེམས་ཀྱི་གཞི་དང༌། བྱེད་པ་པོ་ཆགས་སོགས་དང་དད་སོགས་གང་གིས་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བར་བྱེད་པ་དེའི་དབང་དུ་བྱས་ནས་སེམས་ལས་བྱུང་བའི་གཞི་དང༌། གསུམ་པོ་དེའི་གནས་སྐབས་ལ་བཏགས་པ་གང་ཡིན་པ་དེའི་དབང་དུ་བྱས་ནས་ལྡན་མིན་འདུ་བྱེད་ཀྱི་ གཞི་དང༌།དེ་བཞིན་ཉིད་དང་འགོག་པ་ལ་སོགས་པ་རྣམ་པར་བྱང་བ་གང་ཡིན་པ་དེའི་དབང་དུ་བྱས་ནས་འདུས་མ་བྱས་ཀྱི་གཞི་སྟེ། ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ཀྱང་ཤེས་པ་ཙམ་གྱིས་སམ། ཤེས་རབ་གསུམ་གྱིས་ཤེས་པར་བྱ་བ་ཡིན་པའི་ཕྱིར་གཞི་ལྔ་བོ་དག་གོ་ཞེས་པའོ། །ཞེས་གསུངས་སོ། །ཡང་གཞི་ལྔའི་ངོས་འཛིན་ཚུལ་མདོ་སྡེ་རྒྱན་རྩ་འགྲེལ་ལས།སེམས་ནི་ལྟ་བཅས་གང་ཡིན་དང༌། །དེ་ཡི་གནས་སྐབས་མི་འགྱུར་བ། །འདི་ནི་མདོར་ན་མཚན་གཞི་སྟེ། །རབ་ཏུ་དབྱེ་ན་ཚད་མེད་དོ། །དེ་ལ་སེམས་ནི་རྣམ་པར་ཤེས་པ་དང་གཟུགས་སོ། །ལྟ་བ་ནི་སེམས་ལས་བྱུང་བའི་ཆོས་རྣམས་སོ། །དེའི་གནས་སྐབས་ནི་སེམས་དང་ལྡན་པ་མ་ཡིན་པའི་ཆོས་རྣམས་སོ། །མི་འགྱུར་བ་ནི་ནམ་མཁའ་ལ་སོགས་པ་འདུས་མ་བྱས་ཏེ། དེ་དང་དེའི་རྣམ་པར་རིག་པ་རྟག་དུ་དེ་བཞིན་དུ་འཇུག་པའི་ཕྱིར།དེ་ལྟར་ན་མཚན་གཞི་ནི་མདོར་བསྡུ་ན་རྣམ་པ་དེ་ལྔ་ཡིན་ནོ། །རབ་ཏུ་དབྱེ་ན་ནི་ཚད་མེད་དོ། །ཞེས་གསུངས་སོ། །གཉིས་པ་ལན་དངོས་ནི། ཆོས་དབྱིངས་དོན་དམ་བདེན་པ་གཞི་ལྔའི་ནང་དུ་འདུ་བར་གསུངས་པ་དང་མ་འདུ་བར་གསུངས་པའི་གསུང་ཟིན་གཉིས་ལས། མ་འདུ་བར་གསུངས་པའི་གསུངས་ཟིན་ནི་འདི་ལྟར། ཐེག་མཆོག་དབུ་མ་ལས། གཞི་ལྔ་ཤེས་བྱའི་གནས་ཞེས་ཕལ་ཆེར་འདོད། །གཟུགས་ཅན་སྣང་ངོ་ཙམ་ཡིན་དོན་དུ་མེད། །ཕྱི་མ་སེལ་ངོ་བཞི་བའང་བརྟགས་པ་ཙམ། །འདི་དག་ཀུན་ལ་གྲགས་རུང་ཐུན་མོང་སྟེ། །དོན་དམ་འདུས་མ་བྱས་པ་དེར་མ་འདུས། །རང་གཞན་སྨྲ་པོ་ཕལ་གྱིས་འདི་མ་རྟོགས། །ཞེས་དང༌། དེའི་ཟིན་བྲིས་ལས། ཕྱི་མ་དངོས་པོ་མེད་པ་ནི། བློའི་སེལ་ངོ་ཙམ་ཡིན་པ་དང༌། ཞེས་པ་ནས། འོན་ཀྱང་དོན་དམ་འདུས་མ་བྱས་ཤེས་བྱ་གཞི་ལྔའི་ནང་གི་འདུས་མ་བྱས་སུ་མ་འདུས་སོ། །རང་གཞན་སྨྲ་བ་པོ་ཕལ་ཆེར་ཞིག་གིས་དེར་མ་འདུས་པའི་གནད་འདི་མ་ཤེས་ཤིང་མ་རྟོགས་པས་སོ། །ཞེས་དོན་དམ་འདུས་མ་བྱས་གཞི་ལྔའི་ནང་དུ་མ་འདུས་པ་དང༌། གཞི་ལྔའི་འདུས་མ་བྱས་ལ་བློའི་སེལ་ངོ་ཙམ་ཡིན་པར་གསུངས་ཟིན་ལ་བཤད་དོ། །ཆོས་དབྱིངས་གཞི་ལྔ་པོ་དེར་འདུ་བར་གསུངས་པའི་གསུངས་ཟིན་ནི། ས་བཟང་གི་ཀུན་བཏུས་འགྲེལ་བ་ལས། སྤྱིར་ཤེས་པར་བྱ་བ་ཐམས་ཅད་ནི་གཞི་རྣམ་པ་ལྔ་སྟེ། སྣང་བ་གཟུགས་ཀྱི་གཞི་དང༌། གཙོ་བོ་སེམས་ཀྱི་གཞི་དང༌། འཁོར་སེམས་ལས་བྱུང་བའི་ཆོས་རྣམས་དང༌། གནས་སྐབས་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་དང༌། ཆོས་ཉིད་འདུས་མ་བྱས་ཀྱི་གཞི་སྟེ། ཞེས་གསུངས་སོ། །འོ་ན་དེ་གཉིས་ཀྱི་དགོངས་པ་གང་ཡིན་ཞེ་ན། དེ་གཉིས་ཀྱི་རྟེན་གཞི་མི་འདྲ་བའི་དབང་གིས་ཡིན་པ་འདྲ་སྟེ་ཐེག་མཆོག་དབུ་མའི་བཤད་ཟིན་དེ་མཛོད་ནས་བཤད་པའི་གཞི་ལྔའི་ནང་དུ་ཆོས་དབྱིངས་མ་འདུས་པ་ཡིན་ཞེས་བཤད་ཚུལ་དང༌། ཡང་ན་ཀུན་རྫོབ་ཀྱི་ཆོས་ལ་དབྱེ་བའི་གཞི་ལྔ་གཞིར་བཞག་ནས་དེར་མ་འདུས་ཞེས་དང༌། ས་བཟང་གི་ཀུན་བཏུས་འགྲེལ་བར་གསུངས་པ་དེ་མདོ་སྡེ་རྒྱན་གྱི་ལུང་ཤེས་བྱེད་དུ་བྱས་ནས་བཤད་པས་ཆོས་དབྱིངས་དེར་མ་འདུས་པའི་རྒྱུ་མཚན་མི་སྣང་བས་སྤྱིར་དོན་དམ་ཆོས་དབྱིངས་གཞི་ལྔའི་ནང་དུ་འདུས་ཞེས་ཁས་བླངས་ནས་བཤད་ན་མཁས་མཆོག་དབང་བོ་རྣམ་གཉིས་ཀྱི་དགོངས་པ་གཅིག་ཏུ་དྲིལ་ཚུལ་ཞིག་ཡོད་པར་སྣང་ངོ༌། །
དྲི་བ་བཅུ་བ་ཐེག་མཆོག་དབུ་མ་ལས། ཆ་མེད་ཉེ་རིང་མེད་ཅེས་པའི་སྐབས་ཀྱི་བདེ་གཤེགས་སྙིང་པོ་ཆ་མེད་ཡིན་པའི་དོན་གང་ཡིན་ཞེས་པའི་ལན།
དྲི་བ་བཅུ་བ་ཐེག་མཆོག་དབུ་མ་ལས། ཆ་མེད་ཉེ་རིང་མེད་ཅེས་པའི་སྐབས་ཀྱི་བདེ་གཤེགས་སྙིང་པོ་ཆ་མེད་ཡིན་པའི་དོན་གང་ཡིན་ཞེས་པའི་ལན།
ཐེག་མཆོག་དབུ་མ་ལས། ཆ་མེད་ཉེ་རིང་མེད་ཅེས་པའི་སྐབས་ཀྱི་བདེ་གཤེགས་སྙིང་པོ་ཆ་མེད་ཡིན་པའི་དོན་གང་ཡིན་ཞེས་པའོ། །དེའི་ལན་ནི། ཆ་མེད་ཀྱི་དོན་ནི། ཡུལ་དུས་ཀྱི་ཆ་ཤས་དང་བྲལ་བའི་དོན་དམ་དབྱིངས་དེ་ཡིན་ནོ། །གཟུགས་ཅན་རྣམས་ཡུལ་གྱི་ཆ་དུ་མ་དང་བཅས་ཏེ། རགས་པའི་གཟུགས་ཅན་རྣམས་རང་གྲུབ་བྱེད་ཀྱི་རྡུལ་ཕྲན་གྱི་ཆ་དུ་མ་དང༌། རྡུལ་ཕྲན་ཡང་རྣམ་པར་དཔྱད་ན་ཕྱོགས་ཀྱི་ཆ་སོགས་ཆ་དུ་མ་དང་བཅས་པའི་ཕྱིར་དང༌། ཤེས་པ་རྣམས་ལ་གོ་ས་གཅོད་པའི་ཡུལ་གྱི་ཆ་མེད་ཀྱང་དུས་ཀྱི་ཆ་དུ་མ་དང་བཅས་པ་ཡིན་ཏེ། བསྐལ་བ་ཡང་ལོའི་ཆ་དུ་མ་དང༌། ལོ་ཡང་ཟླ་བའི་ཆ་དུ་མ་དང༌། ཟླ་བ་ཡང་ཞག་གི་ཆ་དུ་མ་དང༌། དེ་ཡང་དབུགས་ཀྱི་ཆ་དུ་མ་དང༌། དེ་ཡང་སྐད་ཅིག་གི་ཆ་དུ་མ་དང༌། དེ་ལ་ཡང་ཐོག་མཐའ་བར་གྱི་ཆ་ཤས་དུ་མ་ཡོད་པའི་ཕྱིར། དེས་ན་དངོས་པོ་རྣམས་ནི་ཆ་བཅས་ཡིན་ནོ། །ཡུལ་དུས་ཀྱི་ཆ་ཤས་དང་བྲལ་བ་ནི། དཔེར་ན་བྱེ་མའི་ཕུང་པོ་ཞིག་གི་སྟེང་དུ་དེ་ལ་ཁྱབ་པར་བྱེ་མ་བརྡལ་བ་ན། བྱེ་མ་ནི་རྡུལ་རེ་རེའི་གོ་ས་ན་བྱེ་མ་རེ་རེས་ཁྱབ་པ་ཡིན་གྱི་ཁྱབ་བྱེད་བྱེ་མ་གཅིག་གིས་ཁྱབ་བྱ་མང་པོ་ལ་ཁྱབ་པ་མི་སྲིད་པ་ལྟར་མ་ཡིན་པར་ཡུལ་གྱི་ཆ་དང་དུས་ཀྱི་ཆ་སོ་སོར་མེད་པས་ཐམས་ཅད་ལ་ཉེ་རིང་མེད་པར་ཁྱབ་པའོ། །
དྲི་བ་བཅུ་གཅིག་པ་ཐེག་མཆོག་དབུ་མ་ལས། སློབ་དཔོན་ཀླུ་ཡིས་བཤད་པ།
དྲི་བ་བཅུ་གཅིག་པ་ཐེག་མཆོག་དབུ་མ་ལས། སློབ་དཔོན་ཀླུ་ཡིས་བཤད་པ།
ཐེག་མཆོག་དབུ་མ་ལས། སློབ་དཔོན་ཀླུ་ཡིས་བཤད་པ། དེ་བཞིན་གཤེགས་པའི་རང་བཞིན་མེད། །འགྲོ་བ་འདི་ཡི་རང་བཞིན་མེད། །ཅེས་པའི་དོན་རང་ལུགས་ལ་ཇི་ལྟར་ཡིན་ཞེས་པའོ། །དེའི་ལན་ནི། དབུ་མ་རྩ་བ་ཤེས་རབ་ལས། དེ་བཞིན་གཤེགས་པའི་རང་བཞིན་གང༌། །དེ་ནི་འགྲོ་འདིའི་རང་བཞིན་ཡིན། །དེ་བཞིན་གཤེགས་པའི་རང་བཞིན་མེད། །འགྲོ་བ་འདི་ཡི་རང་བཞིན་མེད། །ཅེས་པའི་དོན་བཤད་པ་ལ་ཁ་ཅིག་གི་འདོད་པ་བཀོད་པ་དང༌། དེ་དགག་ནས་རང་ལུགས་འཐད་ལྡན་བཞག་པ་དང་གཉིས། དང་པོ་ནི། ཁ་ཅིག་ན་རེ། མགོན་པོ་ཀླུ་སྒྲུབ་ཀྱིས་དེ་བཞིན་གཤེགས་པའི་རང་བཞིན་ནམ་ཆོས་ཉིད་ནི་སྤྲོས་པ་དང་བྲལ་བ་ཙམ་ཡིན་ཞིང༌། སེམས་ཅན་གྱི་རང་བཞིན་ནམ་ཆོས་ཉིད་ཀྱང་མེད་པར་དགག་པའི་མཚན་ཉིད་ཅན་བདེན་གྲུབ་ཀྱི་སྤྲོས་པ་དང་བྲལ་ཙམ་ཡིན་པས། དེ་བཞིན་གཤེགས་པའི་ཆོས་ཉིད་དང༌། སེམས་ཅན་གྱི་ཆོས་ཉིད་གཉིས་རང་བཞིན་གྱིས་མ་གྲུབ་པ་ཙམ་ཡིན་པར་མཚུངས་པའི་ཕྱིར། དེ་བཞིན་གཤེགས་པའི་ཆོས་ཉིད་གང་ཡིན་པ་དེ་སེམས་ཅན་གྱི་ཆོས་ཉིད་ཡིན་ཞེས་འདོད་དོ། །གཉིས་པ་དེ་དགག་ནས་རང་ལུགས་འཐད་ལྡན་བཞག་པ་ནི། གཞུང་དེའི་དགོངས་དོན་དེ་ལྟར་མ་ཡིན་ཏེ། གལ་ཏེ་དེ་ལྟར་ཡིན་ན་དེ་བཞིན་གཤེགས་པའི་ཆོས་ཉིད་ཀྱང་རང་བཞིན་གྱིས་མེད་ཅིང༌། སེམས་ཅན་གྱི་ཆོས་ཉིད་ཀྱང་རང་བཞིན་གྱིས་མེད་ན་དེ་བཞིན་གཤེགས་པའི་ཆོས་ཉིད་མེད་པའི་ཕྱིར་སེམས་ཅན་གྱི་ཆོས་ཉིད་ཀྱང་མེད་པའི་ཕྱིར་རོ། །སྤྱིར་རང་བཞིན་གྱིས་མེད་ན་མེད་མི་དགོས་ཀྱང་ཆོས་ཉིད་ནི་རང་བཞིན་གྱིས་མེད་ན་མེད་དགོས་ཏེ། ཀུན་རྫོབ་ཏུ་ཡོད་ཚུལ་མེད་པ་གང་ཞིག དོན་དམ་དུ་རང་བཞིན་གྱིས་མེད་པའི་ཕྱིར། དེས་ན་གཞུང་དེའི་དགོངས་པ་ནི་དེ་བཞིན་གཤེགས་པའི་རང་བཞིན་ཆོས་ཉིད་གང་ཡིན་པ་དེ་སེམས་ཅན་གྱི་ཆོས་ཉིད་ཡིན་ལ། འོན་ཀྱང་དེ་བཞིན་གཤེགས་པའི་རང་བཞིན་མེད། །འགྲོ་བ་འདི་ཡི་རང་བཞིན་མེད་ཅེས་པ་མེད་པ་ནི། སྐྱེ་འགག་རྟག་ཆད་འགྲོ་འོང་མཐའ་དབུས་སོགས་སྤྲོས་པ་ཐམས་ཅད་བྲལ་བའམ་མེད་པ་ལ་དགོངས་པ་ཡིན་གྱི། དེ་ལས་གཞན་རང་བཞིན་གྱིས་མ་གྲུབ་ཅིང་གཏན་ནས་མེད་པ་ལ་འདོད་ན་ཁྱད་གཞི་དེ་བཞིན་གཤེགས་པའི་རང་བཞིན་དང༌། སེམས་ཅན་གྱི་རང་བཞིན་མེད་པ་ལ། ཁྱད་ཆོས་དེ་བཞིན་གཤེགས་པའི་རང་བཞིན་འགྲོ་བའི་རང་བཞིན་ཡིན་མིན་གྱི་དཔྱད་པ་མི་འབྱུང་བའི་ཕྱིར་རོ། །ཡང་ཁ་ཅིག་གིས་སྒྱུ་མ་ལྟ་བུ་ཙམ་ཡིན་པས་སོ་ཞེ་ན། སྒྱུ་མ་ལྟ་བུ་ལ་ནི་དཔྱད་པ་བྱེད་མི་དགོས་ཏེ། དེ་དང་དེར་རྣམ་པར་སྣང་ཞིང་རིག་པ་ཙམ་ཡིན་པའི་ཕྱིར་རོ། །ཞེས་སྒྱུ་མ་ལྟ་བུའི་ཆོས་རྣམས་ལ་དཔྱད་མི་དགོས་གསུངས་པ་ལ་དཔྱད་པར་བྱའོ། །དེས་ན་རྩ་བ་ཤེས་རབ་ཀྱི་ལུང་དེའི་དངོས་བསྟན་ལ། རང་བཞིན་མེད་པར་གསུངས་པའི་དགོངས་དོན་ནི། ཉན་ཐོས་རྣམས་ཀྱིས་མྱ་ངན་ལས་འདས་པ་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་ལས་འདས་པ་ཡིན་ན། འགྲོ་བ་སེམས་ཅན་རྣམས་ཀྱི་རང་བཞིན་ཕུང་པོ་དང༌།ཁམས་དང་སྐྱེ་མཆེད་ཀྱི་དངོས་པོ་རྣམས་ཡིན་ནོ། །ཞེས་པའི་དོགས་པ་དེ་བཅད་པ་སྟེ་བསལ་བར་བྱ་བའི་ཕྱིར་དུ། འཕགས་པ་ཀླུ་སྒྲུབ་ཀྱིས་དེ་བཞིན་གཤེགས་པའི་ཆོས་ཉིད་སྤྲོས་པའི་མཚན་མ་དང་བྲལ་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། འགྲོ་བའི་རང་བཞིན་ཡང་ཕུང་ཁམས་སྐྱེ་མཆེད་ཀྱི་དངོས་པོའི་མཚན་མ་མེད་ཅེས་བསྟན་པ་ཡིན་ཞེས་ཐེག་མཆོག་དབུ་མའི་ཟིན་བྲིས་ལས་གསུངས་སོ། །
དྲི་བ་བཅུ་གཉིས་པ་ཟིན་བྲིས་ལས། ཆོས་དབྱིངས་དྲི་བྲལ་ཁོ་ན་ཡིན་ཞེས་སོགས་ཀྱི་སྐབས་ནས་བསྟན་པའི་ཆོས་དབྱིངས་དྲི་བྲལ་ཁོ་ན་ཡིན་ན་དྲི་བཅས་དེ་བཞིན་ཉིད་གང་ལ་ངོས་འཛིན་ཞེས་པའི་ལན།
དྲི་བ་བཅུ་གཉིས་པ་ཟིན་བྲིས་ལས། ཆོས་དབྱིངས་དྲི་བྲལ་ཁོ་ན་ཡིན་ཞེས་སོགས་ཀྱི་སྐབས་ནས་བསྟན་པའི་ཆོས་དབྱིངས་དྲི་བྲལ་ཁོ་ན་ཡིན་ན་དྲི་བཅས་དེ་བཞིན་ཉིད་གང་ལ་ངོས་འཛིན་ཞེས་པའི་ལན།
ཟིན་བྲིས་ལས། ཆོས་དབྱིངས་དྲི་བྲལ་ཁོ་ན་ཡིན་ཞེས་སོགས་ཀྱི་སྐབས་ནས་བསྟན་པའི་ཆོས་དབྱིངས་དྲི་བྲལ་ཁོ་ན་ཡིན་ན་དྲི་བཅས་དེ་བཞིན་ཉིད་གང་ལ་ངོས་འཛིན་ཞེས་པའོ། །དེའི་ལན་ནི། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་གསུང་རབ་རྣམས་སུ་ཆོས་དབྱིངས་ནི་དྲི་བྲལ་ཁོ་ན་ཡིན་པ་དང༌། གཞུང་རྣམས་སུ་དྲི་བཅས་དེ་བཞིན་ཉིད་ཅེས་གསུངས་པ་ནི་སེམས་ཅན་ལ་ལྟོས་ནས་དྲི་བཅས་དེ་བཞིན་ཉིད་ཡིན་པར་གསུངས་པ་ཡིན་ཏཻ། བསྟན་བཅོས་སྙིང་པོ་ངེས་པ་ལས། ཆོས་དབྱིངས་གདོད་ནས་དྲི་མེད་དྲི་བྲལ་ཡིན། །དེ་བཞིན་ཉིད་ལ་དྲི་བཅས་ནམ་ཡང་མེད། །སེམས་ཅན་ལ་ལྟོས་དྲི་བཅས་རྣམ་བཞག་ཙམ། །ཞེས་དང༌། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། ད་ལྟ་ཆོས་དབྱིངས་ལ་སྒྲིབ་པས་བསྒྲིབས་པར་ཤེས་པར་འཆད་པ་ཇི་ལྟ་བུ་ཞེ་ན། དེ་ནི་དཔེར་ན་ཉི་མའི་དཀྱིལ་འཁོར་སྤྲིན་གྱིས་ནམ་ཡང་སྒྲིབ་པ་མེད་མོད་ཀྱང༌། ས་གཞི་སྤྲིན་གྱིས་སྒྲིབ་པ་ན་ཉི་མ་སྤྲིན་གྱིས་བསྒྲིབས་ཞེས་སྨྲ་བ་ལྟར་འགྲོ་བའི་ཤེས་རྒྱུད་སྒྲིབ་པས་བསྒྲིབས་ཏེ་ཆོས་ཉིད་མ་མཐོང་བ་ན་ཆོས་ཉིད་སྒྲིབ་པས་བསྒྲིབས་པ་ལྟར་སྣང་བ་ཞིག་བྱུང་བའི་སྣང་ཚུལ་དེ་དང་བསྟུན་ནས་ཆོས་ཉིད་སྒྲིབ་པས་བསྒྲིབས་ཞེས་བཞག་གོ །ཞེས་པ་ནས། གནས་ལུགས་ཀྱི་སངས་རྒྱས་གཅིག་ལས་མེད་པའི་ཕྱིར་དྲི་མས་བསྒྲིབས་པ་དང་མ་བསྒྲིབ་པ་གཉིས་མེད་པ་ལས། ཆོས་དབྱིངས་ནི་དྲི་བྲལ་ཁོ་ན་ཡིན་ན་སེམས་ཅན་གྱི་ཤེས་རྒྱུད་དྲི་མས་བསྒྲིབས་པ་ན་ཆོས་དབྱིངས་བསྒྲིབས་པར་ཤེས་པ་དང༌། སྐྱེས་བུའི་ཤེས་རྒྱུད་དྲི་མ་དང་བྲལ་ནས་སྐྱེ་བོ་དེ་ལ་ཆོས་ཉིད་དེ་མངོན་དུ་གྱུར་བའི་ཚེ། དྲི་བྲལ་གྱི་ཆོས་ཉིད་ཅེས་སྣང་ངོར་དང་བསྟུན་ནས་ཐ་སྙད་རྣམ་པར་བཞག་པ་ཡིན་ནོ། །ཞེས་གསུངས་ལ། དེ་ལྟར་ན་རྒྱུད་བླ་ཐོགས་འགྲེལ་ལས། དྲི་མ་དང་བཅས་པའི་དེ་བཞིན་ཉིད་ཀྱི་དབང་དུ་མཛད་ནས་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་དང༌། རི་ཆོས་ངེས་དོན་རྒྱ་མཚོ་ལས། དོན་གནས་བདུན་པོ་དོན་ལ་གནས་པར་གསུངས་པས་དྲི་བཅས་དེ་བཞིན་ཉིད་ཀྱང་དོན་ལ་གནས་པར་གྲུབ་པ་ཡིན་ནོ། །ཞེས་དང༌། ཉ་དབོན་པའི་གཞི་ལམ་འབྲས་གསུམ་གྱི་དྲིས་ལན་ཡིད་ཀྱི་མུན་སེལ་ལས། དྲི་བཅས་དེ་བཞིན་ཉིད་དེ་རྒྱུད་སྡེར་གསུངས་པའི་རྒྱུའི་རྒྱུད་ཀྱང་ཡིན་ཏེ། ཞེས་སོགས་ཀྱི་དགོངས་པ་ཡང་སེམས་ཅན་ལ་ལྟོས་ནས་དྲི་བཅས་ཡིན་ཞེས་པ་ཡིན་ནམ་དཔྱད་པར་བྱའོ། །འོ་ན་ཆོས་དབྱིངས་དེ་སྣང་ཚུལ་ལམ་སེམས་ཅན་ལ་ལྟོས་ནས་དྲི་བཅས་ཡིན་ཀྱང་སྤྱིར་དྲི་བཅས་མ་ཡིན་ན། འོ་ན་ཆོས་དེ་དང་དེ་འཇོག་པ་ལ་གནས་ཚུལ་མ་གཏོགས་སྣང་ཚུལ་ཙམ་གྱིས་ཆོས་དེ་དང་དེ་འཇོག་མི་ཐུབ་ན་ཀུན་རྫོབ་ཀྱི་ཆོས་རྣམས་འཇོག་ཚུལ་ལ་དཔྱད། ཆོས་དབྱིངས་རང་བཞིན་གནས་རིགས་མ་ཡིན་པར་ཐལ། རྣལ་འབྱོར་བའི་སྣང་ཚུལ་མ་གཏོགས་གནས་ཚུལ་མ་ཡིན་པའི་ཕྱིར་ཟེར་ན་དཔྱད། རྟགས་གྲུབ་སྟེ། ཐེག་མཆོག་དབུ་མ་ལས། རྣལ་འབྱོར་ཅན་གྱི་བློ་དང་གོ་བསྟུན་ནས། །དེ་ནི་རིགས་ཡིན་དེ་ནི་ཁམས་ཀྱང་ཡིན། །ཐོག་མེད་དུས་ནས་བརྒྱུད་དེ་འོངས་པ་དང༌། ཆོས་ཉིད་ཀྱིས་ཐོབ་སྐྱེ་མཆེད་དྲུག་གི་ཆོས། །དེ་འདྲ་བ་ཞེས་ཁྱད་ཆོས་གསུམ་ལྡན་པར། །བྱང་སར་གསུངས་དང༌། ཞེས་དང༌། རྟེན་དང་གཞི་དང་རྒྱུ་དང་རིགས་ཞེས་པ། །རྣལ་འབྱོར་ཅན་གྱི་བློ་ལ་འཆར་ཚུལ་ཡིན། །ཞེས་དང༌། དེའི་ཐད་ཀྱི་ཟིན་བྲིས་ལས། རྣལ་འབྱོར་གྱི་བློ་ལ་སྣང་ཚུལ་དང་བསྟུན་ནས་དབྱིངས་དེ་སངས་རྒྱས་ཀྱི་རིགས་དང་རྒྱུའི་ཁམས་སུ་ཡང་རྣམ་པར་བཞག་གོ ། དེ་ཡང་ཐོག་མ་མེད་པའི་དུས་ནས་བརྒྱུད་དེ་འོང་བ་ཆོས་ཉིད་ཀྱིས་ཐོབ་པ་སྐྱེ་མཆེད་དྲུག་གི་ཁྱད་པར་དེ་འདྲ་བ་ཞེས་ཁྱད་པར་གསུམ་ལྡན་གྱི་རིགས་ཁྱད་པར་གསུངས་པ་དང༌། ཞེས་དང༌། ངེས་པར་ན་དོན་དམ་དབྱིངས་དེ་འཁོར་འདས་གཉིས་ཀྱི་རྟེན་ལ་སོགས་པ་ཡིན་རྒྱུ་མེད་ཀྱང་རྣལ་འབྱོར་ཅན་གྱི་བློ་ངོར་བསྟུན་ནས་རྟེན་དང་གཞི་དང་རྒྱུ་དང་རིགས་ཞེས་རྣམ་པར་བཞག་པའི་རྣལ་འབྱོར་ཅན་གྱི་བློ་ལ་སྣང་ཚུལ་ཙམ་ཡིན་ནོ། །ཞེས་གསུངས་སོ། །སྤྱིར་གནས་ཚུལ་དང་སྣང་ཚུལ་གཉིས་རེ་དང༌། སྣང་ཚུལ་ལ་འཕགས་པ་ལ་སྣང་ཚུལ་དང་སོ་སྐྱེ་ལ་སྣང་ཚུལ་གཉིས་རེ་ཡོད་དེ། ཐེག་མཆོག་དབུ་མ་ལས། ཟུང་འཇུག་རང་བཞིན་རིགས་དང་དོན་དམ་ཁམས། །དེ་ལྟར་དེ་ཡི་མཚན་ཉིད་རྣམ་པ་དགུ། །འདི་ལ་དོན་དམ་དབྱིངས་ཀྱི་གནས་ཚུལ་དང༌། །རྣལ་འབྱོར་ཅན་ལ་ཇི་ལྟར་སྣང་ཚུལ་ལོ། །ཞེས་དང༌། དེ་ཡང་ལམ་གྱི་འཕེལ་བར་འགྱུར་ཚུལ་སོགས། །རྣམ་འབྱོར་ཅན་ལ་ཇི་ལྟར་སྣང་ཚུལ་ཏེ། །དེ་ལའང་སྐྱེ་འཕགས་མཐོང་ཚུལ་སོ་སོར་ཡོད། །དེ་དག་གནས་ཚུལ་དབང་དུ་བྱས་པ་མིན། །ཞེས་གསུངས་སོ། །དེ་ལྟར་རང་ལུགས་ཀྱི་གཞུང་འཆད་པའི་སྐབས་རྣམས་སུ་གནས་ཚུལ་གྱི་དབང་དུ་བྱས་པ་དང་སྣང་ཚུལ་གྱི་དབང་དུ་བྱས་པ་གཉིས་སོ་སོར་ཕྱེ་བ་གལ་ཆེའོ། །
དྲི་བ་བཅུ་གསུམ་པ་ནི། ཟིན་བྲིས་ལས། ཅིག་ཆར་དུ་འབྱུང་བའམ་རིམ་ཅན་ཞེས་པའི་སྐབས་ནས་བསྟན་པ།
དྲི་བ་བཅུ་གསུམ་པ་ནི། ཟིན་བྲིས་ལས། ཅིག་ཆར་དུ་འབྱུང་བའམ་རིམ་ཅན་ཞེས་པའི་སྐབས་ནས་བསྟན་པའི་ཀུན་འགྲོ་ལྔ་གཙོ་སེམས་ཀྱི་འཁོར་དུ་ཅིག་ཆར་འབྱུང་བ་ཡིན་ནམ་རིམ་ཅན་ཡིན། རིམ་ཅན་ཡིན་ན་ཀུན་འགྲོ་ལྔ་འཁོར་དུ་མེད་པའི་གཙོ་སེམས་ཡོད་པར་ཁས་ལེན་པ་ཨེ་ཡིན་ཞེས་པའི་ལན།
ཟིན་བྲིས་ལས། ཅིག་ཆར་དུ་འབྱུང་བའམ་རིམ་ཅན་ཞེས་པའི་སྐབས་ནས་བསྟན་པའི་ཀུན་འགྲོ་ལྔ་གཙོ་སེམས་ཀྱི་འཁོར་དུ་ཅིག་ཆར་འབྱུང་བ་ཡིན་ནམ་རིམ་ཅན་ཡིན། རིམ་ཅན་ཡིན་ན་ཀུན་འགྲོ་ལྔ་འཁོར་དུ་མེད་པའི་གཙོ་སེམས་ཡོད་པར་ཁས་ལེན་པ་ཨེ་ཡིན་ཞེས་པའོ། །དེའི་ལན་ལ་མཚུངས་ལྡན་བཤད་པ་དང༌། ལན་དངོས་དང་གཉིས། དང་པོ་ལ་སྤྱིར་མཚུངས་ལྡན་བཤད་པ་དང༌། མཐུན་རྟོགས་ཀྱི་མཚུངས་ལྡན་བཤད་པ་དང་གཉིས། དང་པོ་ནི། ཀུན་གཞི་སོགས་གཙོ་སེམས་རྣམས་དང་དེའི་འཁོར་རྣམས་དང་ལྷན་གཅིག་འབྱུང་ཚུལ་ཤེས་པ་ལ་མཚུངས་ལྡན་གྱི་དོན་ཤེས་དགོས་པས་མཚུངས་ལྡན་གྱི་དོན་བཤད་པ་ལ། ཕུང་པོ་ལྔ་བ་ལས། སེམས་ལས་བྱུང་བའི་ཆོས་རྣམས་གང་ཞེ་ན། ཆོས་གང་དག་སེམས་དང་མཚུངས་པར་ལྡན་པ་རྣམས་སོ། །ཞེས་གསུངས་པ་ལྟར་གཙོ་སེམས་དང་དེའི་འཁོར་དུ་གྱུར་བའི་སེམས་ལས་བྱུང་བ་དག་ནི་དོན་རྣམ་པ་ལྔས་ཕན་ཚུན་ལྷན་ཅིག་མི་འབྲལ་བར་གནས་པས་མཚུངས་པར་ལྡན་པ་སྟེ། དེ་ཡང་སེམས་དང་སེམས་ལས་བྱུང་བ་རྣམས། །རྟེན་དང་དམིགས་དང་རྣམ་བཅས་དང༌། །མཚུངས་པར་ལྡན་པ་རྣམ་པ་ལྔ། །ཞེས་པ་ལྟར་རྟེན་དང་དམིགས་པ་དང་རྣམ་པ་དང་དུས་དང་རྫས་མཚུངས་པའོ། །དེ་ལ་རྟེན་མཚུངས་པ་ནི། གཙོ་འཁོར་གཉིས་ཀ་དབང་པོ་གཅིག་ལ་བརྟེན་ལ། དཔེར་ན་མིག་གི་རྣམ་པར་ཤེས་པ་མིག་གི་དབང་པོ་ལ་བརྟེན་པ་ན་དེའི་འཁོར་གྱི་ཚོར་བའང་མིག་གི་དབང་པོ་ལ་བརྟེན་པ་བཞིན་ནོ། །དམིགས་པ་མཚུངས་པ་ནི། ཡུལ་གཅིག་ལ་དམིགས་པ་ཡིན་ལ། དེ་ཡང་དཔེར་ན་མིག་གི་རྣམ་ཤེས་གཟུགས་ཀྱི་སྐྱེ་མཆེད་ལ་དམིགས་པ་ན་དེའི་འཁོར་གྱི་ཚོར་བའང་གཟུགས་ལ་དམིགས་པ་ལྟ་བུའོ། །རྣམ་པ་མཚུངས་པ་ནི། འཛིན་སྟངས་ཀྱི་གཟུང་བྱ་གཅིག་པ་སྟེ། དཔེར་ན་མིག་གི་རྣམ་ཤེས་སྔོན་པོའི་རྣམ་པ་ཅན་དུ་སྐྱེས་པ་ན་དེའི་འཁོར་ཚོར་བའང་སྔོན་པོའི་རྣམ་པ་ཅན་དུ་སྐྱེས་པ་ལྟ་བུའོ། །དུས་མཚུངས་པ་ནི། དུས་གཅིག་ཅར་དུ་འབྱུང་བ་མིག་གི་རྣམ་ཤེས་བྱུང་བ་ན་དེའི་འཁོར་ཚོར་བའང་འབྱུང་བ་བཞིན་ནོ། །རྫས་མཚུངས་པ་ནི། རིགས་འདྲ་གྲངས་མཉམ་པ་སྟེ། མིག་གི་རྣམ་ཤེས་རྫས་གཅིག་གམ་གཅིག་སྐྱེ་བ་ལྟར་དེའི་འཁོར་ཚོར་བའང་རྫས་གཅིག་ཁོ་ན་ཡིན་པ་ལྟར་རོ། །མཚུངས་ལྡན་ལྔ་ཀ་སྨོས་པ་ནི། དམིགས་པ་མཚུངས་པ་ཙམ་ལས་མ་སྨོས་ན་རྣམ་ཤེས་གཞན་རང་མཚན་གྱི་རྣམ་པ་ཅན་དང་སྤྱི་མཚན་གྱི་རྣམ་པ་ཅན་གྱི་ཡིད་ཤེས་ཀྱང་མཚུངས་ལྡན་དུ་ཐལ་བར་འགྱུར་བས་རྣམ་པ་མཚུངས་པའང་སྨོས་ལ། དེ་གཉིས་ལས་གཞན་མ་སྨོས་ན་གང་ཟག་གཉིས་ཀྱིས་ཟླ་བ་ལ་ལྟ་བའི་མིག་ཤེས་གཉིས་ཀྱང་མཚུངས་ལྡན་དུ་ཐལ་བར་འགྱུར་བས་རྟེན་མཚུངས་པའང་སྨོས་ཤིང༌།དེ་གསུམ་ལས་གཞན་མ་སྨོས་ན་མིག་ཤེས་དོན་མཐུན་སྔ་ཕྱི་གཉིས་ཀྱང་མཚུངས་ལྡན་དུ་ཐལ་བར་འགྱུར་བས་དུས་མཚུངས་པའང་སྨོས་ལ། དེ་བཞི་ལས་གཞན་མ་སྨོས་ན་ཁྲ་བོ་འཛིན་པའི་མིག་གི་རྣམ་ཤེས་རྫས་དུ་མར་འདོད་པའི་ལོག་རྟོག་འབྱུང་བས་དེ་སེལ་བ་ལ་རྫས་མཚུངས་པའང་སྨོས་སོ། དབུས་མཐའི་འགྲེལ་བཤད་ལས། དེ་དག་ཀྱང་གནས་དང་དམིགས་པ་དང་དུས་དང་རྫས་མཚུངས་པ་ཉིད་ཀྱིས་མཚུངས་པར་ལྡན་པ་ཡིན་གྱི།རྣམ་པར་ཤེས་པ་དང་ཁྱད་མེད་དུུ་ཐལ་བར་འགྱུར་བས་རྣམ་པ་མཚུངས་པ་ནི་མ་ཡིན་ནོ། །ཞེས་པའི་ལུང་དོན་ནམ་རྣམ་པ་མཚུངས་པའི་དོན་ས་བཟང་གི་ཀུན་བཏུས་འགྲེལ་བར་གཞན་ལུགས་ལྔ་བཀོད་ནས། རང་ལུགས་ནི། སེམས་དང་སེམས་བྱུང་གཉིས་ཀས་གཟུགས་ལ་སོགས་པའི་རྣམ་པ་མཐུན་པར་འཛིན་པས་རྣམ་པ་མཚུངས་པར་བཞག་ཅིང༌། གཟུགས་སོགས་ཀྱི་ངོ་བོའི་རྣམ་པ་མི་འདྲ་བར་འཛིན་པས། མི་མཚུངས་པའི་ཁྱད་པར་ཡང་རྣམ་པར་འཇོག་གོ ། གཉིས་པ་མཐུན་རྟོགས་ཀྱི་མཚུངས་ལྡན་བཤད་པ་ནི། མངོན་པ་ཀུན་བཏུས་རྩ་བར། མཐུན་པར་རྟོགས་པས་མཚུངས་པར་ལྡན་པ་གང་ཞེ་ན། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དམིགས་པ་གཅིག་ལ་མཐུན་པར་རྟོགས་པའོ། །མཐུན་པར་རྟོགས་པས་མཚུངས་པར་ལྡན་པ་དེ་ཡང༌། གཞན་གྱི་དངོས་པོ་དང་ཡིན་གྱི་བདག་གི་དངོས་པོས་ནི་མ་ཡིན་ནོ། །མཐུན་པ་གཉིས་ཡིན་གྱི་མི་མཐུན་པ་གཉིས་ནི་མ་ཡིན་ནོ། །དུས་འདྲ་བ་གཉིས་ཡིན་གྱི་དུས་མི་འདྲ་བ་གཉིས་ནི་མ་ཡིན་ནོ། །མཐུན་པའི་ཁམས་དང༌། ས་པ་གཉིས་ཡིན་གྱི་མི་མཐུན་པའི་ཁམས་དང༌། ས་པ་གཉིས་ནི་མ་ཡིན་ནོ། །མཚུངས་པར་ལྡན་པ་ཀུན་ཏུ་འགྲོ་བ་ནི་འདི་ལྟ་སྟེ། ཚོར་བ་དང་འདུ་ཤེས་དང༌། སེམས་པ་དང་རེག་པ་དང༌།ཡིད་ལ་བྱེད་པ་དང་རྣམ་པར་ཤེས་པ་རྣམས་སོ། །ཞེས་གསུངས་པ་ལྟར་མཐུན་པར་རྟོགས་པས་མཚུངས་པར་ལྡན་པ་ཡང༌། གཙོ་བོར་གྱུར་བའི་སེམས་དེ་ཉིད་འཁོར་སེམས་བྱུང་ཚོར་བ་ལ་སོགས་པ་གཞན་གྱི་དངོས་པོ་དང་མཚུངས་པར་ལྡན་པ་ཡིན་གྱི། སེམས་ཉིད་སེམས་དང་མཚུངས་ལྡན་དང༌། ཚོར་བ་ཉིད་ཚོར་བ་དང་མཚུངས་ལྡན་མི་རུང་བས་བདག་གི་དངོས་པོ་དང་ནི་མཚུངས་པར་ལྡན་པ་མ་ཡིན་ཏེ། དེས་ནི་སེམས་དང་སེམས་བྱུང་ཐ་དད་དུ་བསྟན་ཞིང༌། རྫས་རིགས་འདྲ་གྲངས་མཉམ་པས་ན་རྫས་མཚུངས་པ་ཡང་ཡིན་ནོ། །དེ་བཞིན་དུ་དགེ་བའི་སེམས་དང་སེམས་བྱུང་ལྟ་བུ་དམིགས་རྣམ་དང་ངོ་བོ་མཐུན་པ་གཉིས་མཚུངས་པར་ལྡན་པ་ཡིན་གྱི། འདོད་ཆགས་དང་ཞེ་སྡང་ལྟ་བུའམ་དགེ་བ་དང་མི་དགེ་བ་ལྟ་བུ་མི་མཐུན་པ་གཉིས་མཚུངས་པར་ལྡན་པ་ནི་མ་ཡིན་ནོ། །ད་ལྟ་བའི་སེམས་སེམས་བྱུང་ལྟ་བུ་དུས་མཉམ་ཞིང་འདྲ་བ་གཉིས་མཚུངས་པར་ལྡན་པ་ཡིན་གྱི། འདས་པ་དང་མ་འོངས་པ་ལྟ་བུ་དུས་མི་འདྲ་བ་གཉིས་མཚུངས་པར་ལྡན་པ་ནི་མ་ཡིན་ནོ། །འདོད་པའི་སེམས་སེམས་བྱུང་ལྟ་བུ་མཐུན་པའི་ཁམས་དང་ས་བ་གཉིས་མཚུངས་པར་ལྡན་པ་ཡིན་གྱི། འདོད་ཁམས་དང་གཟུགས་ཁམས་སམ། བསམ་གཏན་དང་པོ་དང་གཉིས་པ་ལྟ་བུ་མི་མཐུན་པའི་ཁམས་དང་ས་བ་གཉིས་ནི་མཚུངས་པར་ལྡན་པ་མ་ཡིན་ནོ། །གཉིས་པ་དངོས་ཀྱི་ལན་ནི། ཀུན་གཞི་རྣམ་ཤེས་ཀྱི་འཁོར་དུ་ཀུན་འགྲོ་ལྔ་ནི་ཅིག་ཆར་དུུ་འབྱུང་བར་སེམས་ཏེ། ས་བཟང་གི་ཀུན་བཏུས་འགྲེལ་བ་ལས། ཁམས་དང་ས་དང་གནས་སྐབས་ཐམས་ཅད་དུ་འདི་དག་ལས་གང་རུང་གཅིག་ཡོད་པར་ཐམས་ཅད་འགྲོ་ཞིང་མེད་ན་ཐམས་ཅད་མེད་པའི་ཕྱིར་རོ། །ཞེས་ཀུན་འགྲོ་ལྔ་གཅིག་ཡོད་ན་ཐམས་ཅད་ཡོད་པ་དང་གཅིག་མེད་ན་ལྔ་པོ་མེད་པར་གསུངས་པ་དང༌། དུས་མཚུངས་པ་ནི། དུས་ཅིག་ཅར་དུ་འབྱུང་བ། ཞེས་དུས་ཅིག་ཆར་ཡིན་པར་གསུངས་པ་དང༌། གཙོ་བོར་གྱུར་བའི་སེམས་དང་དེའི་འཁོར་དུ་གྱུར་བའི་སེམས་ལས་བྱུང་བ་དག་ནི་དོན་རྣམ་པ་ལྔས་ཕན་ཚུན་ལྷན་ཅིག་མི་འབྲལ་བར་གནས་པས་མཚུངས་པར་ལྡན་པ། ཞེས་ཕན་ཚུན་མི་འབྲལ་བར་གསུངས་སོ། །འོ་ན་ཐེག་མཆོག་དབུ་མའི་ཟིན་བྲིས་ལས། ལྔ་པོ་དེ་རྣམས་བྱ་རྫོགས་ཀྱི་སྐད་ཅིག་མ་རེ་རེའི་ནང་དུ་ཅིག་ཆར་དུ་འབྱུང་བའམ་རིམ་ཅན་གང་རུང་དུ་འབྱུང་བའི་ཚུལ་གྱི་ཚང་བ་རེ་ངེས་པར་འབྱུང་ལ། ཞེས་པ་དང༌། ཉོན་ཡིད་ཀྱི་འཁོར་དུ་སྤྱོད་པ་ཡིན་པས་ན་འཁོར་དགུ་དང་ལྡན་པ་ཡིན་ཞིང་བྱ་བ་རྫོགས་པའི་དུས་རེ་རེ་ལ་དགུ་པོ་ཅིག་ཆར་འབྱུང་བའམ་རིམ་ཅན་དུ་འབྱུང་བའི་ཚུལ་གྱིས་ཚང་བར་བྱུང་བ་ནི་གོང་དུ་ཀུན་གཞིའི་སྐབས་དང་འདྲའོ། །ཞེས་རིམ་ཅན་ཞེས་པའི་དགོངས་པ་དང༌། དེ་ལས། དེ་དག་གི་གོ་རིམ་ཡང་ཐོག་མར་བདག་ཏུ་རྨོངས་པ་འབྱུང་བ་ཡིན་ཏེ། ཞེས་སོགས་གསུངས་པའི་དགོངས་པ་ནི། རེ་ཞིག་འདི་ལྟ་སྟེ། དཔེར་ན་དེ་དག་ཕན་ཚུན་རྒྱུ་འབྲས་ཡིན་ཡང་དུས་མཉམ་པ་རུང་བ་དང་རེག་པའི་རྒྱུ་བྱས་པ་ལས་ཚོར་བ་བྱུང་བ་ལ་རིམ་དང་ཅིག་ཆར་དུ་བྱུང་བ་གཉིས་ཡོད་པ་ལ་དགོངས་ནས་གསུངས་པ་འདྲ་སྟེ། ས་བཟང་གི་མངོན་པ་ཀུན་བཏུས་ཀྱི་འགྲེལ་བ་ལས། རང་ལུགས་ནི། དཔེར་ན་ཚོགས་པ་ཚར་གཅིག་ལས་སྐྱེས་པའི་རོ་གཟུགས་རྒྱུ་འབྲས་ཀྱང་ཡིན་ལ་དུས་མཉམ་པའང་མི་འགལ་བ་བཞིན་དུ། གཙོ་འཁོར་དུ་གྱུར་བའི་སེམས་སེམས་བྱུང་ཡང་ཕན་ན་སྐད་ཅིག་སྔ་མ་དག་གི་རྒྱུ་ལས་འབྱུང་བས་རྒྱུ་འབྲས་ཀྱང་ཡིན་ལ། ལྷན་གཅིག་མི་འབྲལ་བར་འབྱུང་བས་དུས་མཚུངས་པའང་ཡིན་ཏེ། མདོ་ལས། ཡིད་ལ་བྱེད་པ་ཉེ་བར་གནས་པར་གྱུར་ན་མིག་གི་རྣམ་པར་ཤེས་པ་འབྱུང་ངོ༌། །ཞེས་དང༌། རེག་པ་ལས་ཚོར་བ་ལ་སོགས་པ་འབྱུང་བར་གསུངས་པས་རྒྱུ་འབྲས་སུ་ཡང་བསྟན་ཅིང༌། འདི་ཉིད་ལས། མཐུན་པར་རྟོགས་པས་མཚུངས་པར་ལྡན་པ་དེ་ཡང༌། དུས་འདྲ་བ་གཉིས་ཡིན་གྱི།དུས་མི་འདྲ་བ་གཉིས་ནི་མ་ཡིན་ནོ། །ཞེས་དུས་མཉམ་དུའང་བསྟན་པའི་ཕྱིར་རོ། །ཞེས་དང༌། ས་བཟང་གི་ཀུན་བཏུས་འགྲེལ་བ་ལས། ཚོར་བ་ནི་ཀུན་འགྲོ་ཡིན་པས་དེ་དང་བྲལ་བའི་སེམས་མི་སྲིད་ཅིང༌། ཞེས་གསུངས་སོ། །དེ་ལྟ་མ་ཡིན་ན་སུམ་ཅུ་པ་ལས། རྟག་ཏུ་རེག་དང་ཡིད་བྱེད་པ། །རིག་དང་འདུ་ཤེས་སེམས་པར་ལྡན། །ཞེས་དང༌། ཉོན་མོངས་བཞི་དང་རྟག་ཏུ་འགྲོགས། །ཞེས་དང༌། ཐེག་མཆོག་དབུ་མའི་ཟིན་བྲིས་ལས།དེས་ན་དུས་རྟག་ཏུ་ཀུན་གཞིའི་འཁོར་དུ་བྱུང་བ་ནི། རེག་པ་དང༌། ཞེས་པ་ནས། ཀུན་འགྲོ་ལྔ་པོ་སྟེ། དེ་རྣམས་ལྡན་ནོ། །ཞེས་གསུངས་པ་དང༌། བློ་བརྟན་གྱི་སུམ་ཅུ་པའི་འགྲེལ་བཤད་ལས། རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་སྟེ། ཇི་སྲིད་དུ་དེ་ཡོད་པ་དེ་སྲིད་དུ་དེ་དག་དང་མཚུངས་པར་ལྡན་ནོ། །ཞེས་ཀུན་གཞི་སོགས་ཀྱི་འཁོར་དུ་དུས་རྟག་ཏུ་ཀུན་འགྲོ་སོགས་ཡོད་པར་གསུངས་པ་དང་འགལ་བར་འགྱུར་རོ། །ཡང་འཇམ་པའི་དབྱངས་དངོས་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལས། མཚུངས་ལྡན་གྱི་སེམས་སེམས་བྱུང་རྣམས་སྐྱེ་འགགས་གནས་གསུམ་ཅི་རིགས་པ་དུས་མཉམ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་དེའི་དོན་ཡིན་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། རེག་པའི་རྒྱུ་ལས་ཚོར་བ་འབྱུང་བ་ལྟ་བུ་སྐྱེ་བ་དུས་མི་མཉམ་ཡང་གནས་པ་དང་འགགས་པ་དུས་མཉམ། ཞེས་པ་དང༌། དེ་ལས། སེམས་ཀུན་གྱི་འཁོར་དུ་ཀུན་འགྲོ་ལྔ་ངེས་པར་ཚང་དགོས་ཏེ། དེ་ལྔ་པོ་གང་མ་ཚང་ན་སེམས་ཀྱིས་ཡུལ་ལ་ལོངས་སྤྱོད་པ་མི་རྫོགས་པའི་ཕྱིར། ཞེས་གསུངས་པ་གཉིས་ཀྱི་ཚིག་ཟིན་ལ་དཔྱད་པར་བྱའོ། །
དྲི་བ་བཅུ་བཞི་བ་ཟིན་བྲིས་ལས། གོང་དུ་ཀུན་གཞིའི་རྣམ་ཤེས་དེ་རང་ཉིད་གྲོལ་བ་ཙམ་ཐོབ་པ་ལ་ངེས་པར་ཤེས་དགོས་པའང་མ་ཡིན་པས་མ་བསྟན་པ་ཡིན་ནོ།
དྲི་བ་བཅུ་བཞི་བ་ཟིན་བྲིས་ལས། གོང་དུ་ཀུན་གཞིའི་རྣམ་ཤེས་དེ་རང་ཉིད་གྲོལ་བ་ཙམ་ཐོབ་པ་ལ་ངེས་པར་ཤེས་དགོས་པའང་མ་ཡིན་པས་མ་བསྟན་པ་ཡིན་ནོ། །
ཐེག་མཆོག་དབུ་མའི་ཟིན་བྲིས་ལས། གོང་དུ་ཀུན་གཞིའི་རྣམ་ཤེས་དེ་རང་ཉིད་གྲོལ་བ་ཙམ་ཐོབ་པ་ལ་འདི་ངེས་པར་ཤེས་དགོས་པ་མ་ཡིན་པས་མ་བསྟན་པ་ཡིན་ནོ། །ཞེས་དང༌། འོག་ནས་ཐེག་པ་ཆུང་ངུའི་མདོ་སྡེ་འགའ་ཞིག་ལས་ཀྱང་ཀུན་གཞི་བསྟན་ཏེ། ཞེས་པའི་དོན་ཇི་ལྟར་བཀྲལ་དགོས་ཞེས་པའོ། དེའི་ལན་ནི།དེ་ཡང་ཐེག་པ་ཆེན་པོའི་ཆོས་མངོན་པའི་མདོ་ལས། ཆོས་ཀུན་ས་བོན་ཐམས་ཅད་པའི། རྣམ་པར་ཤེས་པ་ཀུན་གཞི་སྟེ། །དེ་བས་ཀུན་གཞི་རྣམ་ཤེས་དེ། །དམ་པ་དག་ལ་ངས་བཤད་དོ། །ཞེས་པའི་ཚིག་དོན་ནི། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། ཀུན་གཞི་ནི་འདུས་བྱས་ཀྱི་ཆོས་ཀུན་གྱི་ས་བོན་ཐམས་ཅད་ཡོངས་སུ་འཛིན་པས་ན་ཀུན་གཞི་ས་བོན་གྱི་ཆ་མཉམ་པ་ཡིན་ཞིང༌། རྣམ་པར་ཤེས་པ་ཀུན་གཞི་སྟེ། ཞེས་པའམ། ཡང་འགའ་ཞིག་ལས་རྣམ་པར་སྨིན་པ་ཀུན་གཞི་ཞེས་གསུངས་པའང་ཡོད་དེ། ཇི་ལྟར་ན་ཡང་ས་བོན་ཡོངས་སུ་སྨིན་པར་གྱུར་བའི་རྣམ་ཤེས་གང་ཡིན་པ་དེ་ལ་ནི་ཀུན་གཞི་རྣམ་སྨིན་གྱི་ཆ་ཡིན་ཞེས་འཇོག་པས། ས་བོན་དང་རྣམ་པར་སྨིན་གྱི་ཆ་སོ་སོར་གསུངས་པ་ཡིན་ལ། དེ་ནས་དེ་གཉིས་ཀྱྀ་དབྱེ་བ་སོ་སོར་མ་མཛད་པར་གཅིག་ཏུ་སྡོམ་པ་ལ། དེ་བས་ཀུན་གཞི་རྣམ་ཤེས་ཏེ། །ཞེས་སྤྱིར་ཀུན་གཞི་ཙམ་དུ་གསུངས་པ་ཡིན་ནོ། །དེ་ལྟ་བུའི་ཀུན་གཞི་དེ་ནི་དམ་པ་བྱང་ཆུབ་སེམས་དཔའ་རྣམས་ལ་ངས་བཤད་དོ། །ཞེས་བྱང་ཆུབ་སེམས་དཔའི་གདུལ་བྱ་རྣམས་ལ་གཙོ་བོར་གསུངས་པ་ཡིན་ལ། ཉན་ཐོས་རྣམས་ལ་གཙོ་བོར་མི་གསུངས་པའི་རྒྱུ་མཚན་ནི། རང་ཉིད་གྲོལ་བ་ཁོ་ན་དོན་དུ་གཉེར་གྱི་སེམས་ཅན་གྱི་དོན་གཙོ་བོར་མི་སྤྱོད་ལ། དེའི་རྒྱུ་མཚན་གྱིས་ཤེས་བྱ་མཐའ་དག་ཡོངས་སུ་ཤེས་དགོས་པའང་མ་ཡིན་ཞིང༌།རང་ཉིད་གྲོལ་བ་ཙམ་ཐོབ་པ་ལ་འདི་ངེས་པར་ཤེས་དགོས་པའང་མ་ཡིན་པས་མ་བསྟན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ལ་བསྟན་དགོས་པའི་རྒྱུ་མཚན་ནི། བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་མཁྱེན་པ་འཐོབ་པར་བྱ་དགོས་པ་ཡིན་ལ། དེ་ལ་ཤེས་བྱ་ཐམས་ཅད་ཤེས་དགོས་པ་ཡིན་པས། ཤེས་བྱ་ཐམས་ཅད་ལ་བསླབ་པར་བྱེད་དགོས་ཏེ།རྒྱལ་སྲས་རྣམས་ཀྱིས་མི་སློབ་པའི། །དངོས་དེ་གང་ན་ཡོད་མ་ཡིན། །ཞེས་གསུངས་ལྟར་རོ། །ཞེས་རང་ལུགས་ལ་ཀུན་གཞི་གསུང་ཡུལ་གྱི་གདུལ་བྱ་གཙོ་བོ་ཐེག་ཆེན་ལས་ཉན་རང་ལ་གཙོ་བོར་མ་བསྟན་པ་ཡིན་ནོ། །དེ་ཡང་ཉན་ཐོས་རིགས་ངེས་ལ་གང་ཟག་གི་བདག་མེད་ཙམ་ལས་ཀུན་གཞིའི་རྣམ་པར་ཤེས་པ་འདི་བསྟན་ན་དེ་ལ་འཁྲུལ་གཞི་བྱས་ཏེ་བདག་ཏུ་འཛིན་པར་འགྱུར་བའི་གནས་ཡོད་དེ། དགོངས་འགྲེལ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་དང༌། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། ཀུན་གཞི་དེ་ནི་ཐོག་མ་མེད་པའི་དུས་ནས་ཡོད་པ་དང༌། ལུས་འདོར་ལེན་གནས་གསུམ་གྱི་བྱེད་པ་པོར་གྱུར་པ་སོགས་བློ་གྲོས་ཤིན་ཏུ་བླུན་པོའི་བྱིས་པ་འགའ་ཞིག་ལ། གང་ཟག་གི་བདག་ཏུ་འཁྲུལ་པ་སྐྱེ་སྲིད་པས། དེ་ལྟར་མི་རུང་བར་དགོངས་ནས། ཐེག་པ་ཆེན་པོའི་སྐལ་བ་དང་མི་ལྡན་ཞིང་ཉན་ཐོས་སུ་རིགས་ངེས་པ་རྣམས་ལ་འདི་མ་བསྟན་ནོ། །དེ་ཡང་ཉན་ཐོས་ཀྱི་གདུལ་བྱ་ལ་སོགས་པ་རྣམས་ལ་ནི་གང་ཟག་གི་བདག་མེད་པའི་ཆོས་ཁོ་ན་སྟོན་དགོས་ཀྱི་འདི་ལྟ་བུ་བསྟན་ན་དེ་ལ་འཁྲུལ་གཞི་བྱས་ཏེ། གང་ཟག་གི་བདག་འཛིན་སྐྱེ་སྲིད་པས་སོ། །ཞེས་གསུངས་པའི་ཕྱིར་རོ། །འོ་ན་ཐེག་པ་ཆུང་ངུ་ལུང་གཅིག་ལས་འཕྲོས་པ་ལས། སྐྱེས་བུ་ཀུན་གཞི་ལ་ཀུན་ཏུ་དགའ་བ། ཀུན་གཞི་ལ་དགའ་བ། ཀུན་གཞི་ལ་དགའ་བ་ལས་ཡང་དག་པར་བྱུང་བ། ཀུན་གཞི་ལ་མངོན་པར་དགའ་བ་ཅན་རྣམས་ལ། ཀུན་གཞི་སྤང་བར་བྱ་བའི་ཕྱིར་ཆོས་བསྟན་ན། ཉན་འདོད་ལ་རྣ་བ་གཏོད་དེ། ཀུན་ཤེས་པར་བྱེད་པས་སེམས་ཉེ་བར་འཇོག་ཅིང༌། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབས་ཏེ། དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱོན་པ་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་འདིའང་འཇིག་རྟེན་དུ་འབྱུང་ངོ༌། །ཞེས་ཐེག་དམན་གྱི་སྡེ་སྣོད་ལས་ཀུན་གཞི་དངོས་སུ་བསྟན་ན་དེའི་གཙོ་བོའི་གདུལ་བྱ་ཐེག་ཆེན་པ་དང་ཐཻག་དམན་པ་གཉིས་གང་ཡིན། ཐེག་ཆེན་པ་ཡིན་ན་ཐེག་ཆེན་སྡེ་སྣོད་དུ་འགྱུར་རམ། ཐེག་དམན་པ་ཡིན་ན་ཐེན་དམན་ལ་གཙོ་བོར་མ་བསྟན་གསུངས་པ་དང་འགལ་བ་མ་ཡིན་ནམ་ཞེ་ན། དེའི་སྒྲས་ཟིན་ལ་ཀུན་གཞི་གསུངས་ཀྱང་གཙོར་བསྟན་ལ་ཀུན་གཞི་མ་བསྟན་པར་ཉེར་ཕུང་སོགས་བསྟན་ཞེས་བཤད་ཚུལ་དང༌། ཡང་དེ་འདྲའི་མདོ་དེ་ཐེག་དམན་པ་རྣམས་ལ་རང་གི་སྡེ་སྣོད་གྲགས་ཀྱང་ཐེག་དམན་གྱི་སྡེ་སྣོད་མིན་ཞེས་བཤད་ཚུལ་སོགས་གང་ཡིན་དཔྱད་པར་བྱའོ། །དཔྱད་ཚུལ་འདི་ལ་ཐེག་དམན་གྱི་སྡེ་སྣོད་ལས་ཆོས་ཀྱི་བདག་མེད་དངོས་སུ་བསྟན་མ་བསྟན་ཐལ་རང་གི་རྩོད་པ་རྩོད་ལན་སོགས་ལ་གཞིག་ནས་དཔྱད་པར་བྱའོ། །ཡང་ཐེག་དམན་གྱི་འདུས་བྱས་ཐམས་ཅད་མི་རྟག་པ་དང་གང་ཟག་གི་བདག་མེད་རྟོགས་སམ། རྟོགས་ན་ཀུན་གཞི་མི་རྟག་པ་དང་བདག་མེད་རྟོགས་སམ། རྟོགས་ན་ཁྱད་གཞི་མ་གྲུབ་པར་ཁྱད་ཆོས་རྟོགས་པ་ཡོད་དམ། ཡོད་ན་བུམ་པ་མི་རྟག་པ་དང་ཀ་བ་མི་རྟག་པ་གཉིས་རྟོགས་ཚུལ་ཁྱད་པར་ཇི་ལྟར་ཡིན། ཀ་བ་མི་ཤེས་པའི་གང་ཟག་གི་ཀ་བ་མི་རྟག་པ་རྟོགས་ཚུལ་ཇི་ལྟར་ཡིན་པ་སོགས་ལ་རིགས་ལམ་ལས་མི་འདའ་བའི་སྒོ་ནས་དཔྱད་པར་བྱའོ། །
དྲི་བ་བཅོ་ལྔ་བ་ཟིན་བྲིས་ལས། སེམས་གསལ་གཅིག་སྐྱེས་འབྲས་བུ་གང༌། །
དྲི་བ་བཅོ་ལྔ་བ་ཟིན་བྲིས་ལས། སེམས་གསལ་གཅིག་སྐྱེས་འབྲས་བུ་གང༌། །
སེམས་གསལ་གཅིག་སྐྱེས་འབྲས་བུ་གང༌། །ཚངས་ལ་སོགས་པ་ཡིན་པ་ལྟར། །ཞེས་པའི་དོན་ཐེག་མཆོག་དབུ་མའི་ཟིན་བྲིས་ལས། ཚེ་རབས་སྔ་མར་བསམ་གཏན་གྱི་ཏིང་ངེ་འཛིན་ཐོབ་པ་ཕྱིར་ཉམས་པས། ཀུན་གཞིའི་སྟེང་དུ་བསམ་གཏན་གྱི་བག་ཆགས་ཆེས་ཤིན་ཏུ་འཐུག་པར་གྱུར་བ་དེ་ཞི་གནས་ལྷག་མཐོང་གི་ཏིང་ངེ་འཛིན་སྒོམ་པ་ལ་མ་ལྟོས་པར་བྱམས་པའི་སེམས་གཅིག་པོ་དེས་སྔར་གྱི་ས་བོན་ཡོངས་སུ་སྨིན་པར་གྱུར་ཏེ། ཚངས་པར་སྐྱེས་པ་ཡིན་ནོ། །ཞེས་པའི་དོན་ཅི་ལྟར་ཡིན་ཞེས་པའོ། །དེའི་ལན་ནི། དེ་ནི་འདོད་པས་སེམས་ལས་བསམ་གཏན་གྱི་དངོས་གཞི་མི་འབྱུང་བས་ཀུན་གཞི་མེད་ན་བག་ཆགས་ཀྱི་གནས་ནི་མེད་ལ། བསམ་གཏན་གྱི་དངོས་གཞི་ཚུལ་ཇི་ལྟར་སྐྱེ་སྟེ་སྐྱེ་ཚུལ་མེད་ལ། དེས་ན་བག་ཆགས་འཇོག་པའི་གནས་ཀུན་གཞི་ཡོད་པས་བག་ཆགས་གསོས་བཏབ་པའི་ཚུལ་དཔེ་དང་བཅས་ཏེ་བཤད་པ་ཡིན་ཏེ། ཐེག་མཆོག་དབུ་མ་ལས། འདོད་པའི་སེམས་ལས་བསམ་གཏན་མི་འབྱུང་བས། །འདི་མེད་ས་བོན་གནས་མེད་ཇི་ལྟར་སྐྱེ། །འཇིག་རྟེན་འཇིག་རྟེན་འདས་ལམ་དེ་དང་འདྲ། །ཞེས་དང༌། དེའི་ཐད་ཀྱི་ཟིན་བྲིས་ལས། དེ་ཡང་འདོད་པའི་སེམས་ཀྱི་ཉེར་ལེན་གྱི་རྒྱུ་བྱས་ནས་བསམ་གཏན་གྱི་སེམས་དངོས་སུ་སྐྱེ་བ་ནི་མེད་དེ་ཉེར་ལེན་རིགས་འདྲ་བ་ཞིག་དགོས་པ་ལ། འདོད་པ་དང་བསམ་གཏན་གཉིས་རྒྱུ་འབྲས་རིགས་འདྲ་མ་ཡིན་པའི་ཕྱིར་རོ། །ཀུན་གཞི་རྣམ་པར་ཤེས་མེད་ན་བསམ་གཏ་ན་གྱི་བག་ཆགས་འཇོག་པའི་ས་བོན་གྱི་གནས་ཀུན་གཞི་མེད་པས། འདོད་པའི་རྟེན་ལ་བསམ་གཏན་སྐྱེ་མི་སྲིད་པར་འགྱུར་རོ། །དེས་ན་རང་ལུགས་ནི་ཚེ་རབས་སྔ་མ་གཞན་དང་གཞན་དག་ཏུ་བསམ་གཏན་གྱི་བག་ཆགས་བསགས་པས་ས་བོན་གྱི་ཚུལ་གྱིས་ཀུན་གཞིའི་སྟེང་ན་ཡོད་པ་དེ། འདོད་པའི་རྟེན་ཅན་གྱི་ཞི་གནས་ལྷག་མཐོང་གི་ཏིང་ངེ་འཛིན་བསྒོམས་པ་ན་དེས་སྔར་གྱི་བག་ཆགས་དེ་ཡོངས་སུ་སད་དེ། དེའི་མཐུ་ལས་བསམ་གཏན་གྱི་སེམས་སྐྱེ་བར་འགྱུར་བ་ཡིན་ནོ། །ཁྱད་པར་དུ་ཡང་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཀྱིས་བསམ་གཏན་བཞིར་སྐྱེ་བ་རྣམས་ལ་ནི། ཀུན་གཞིའི་སྟེང་དུ་བག་ཆགས་འཇོག་པའི་རིམ་པ་འདི་ངེས་དགོས་ཏེ། སེམས་གསལ་གཅིག་སྐྱེས་འབྲས་བུ་གང༌། །ཚངས་ལ་སོགས་པ་ཡིན་པ་ལྟར། །ཞེས་གསུངས་པ་ནི། མ་བུ་གཉིས་ཆུས་ཁྱེར་བ་ན་མ་ནི་བུ་ལ་བྱམས་པའི་སེམས་ཤུགས་དྲག་པོ་དང་ལྡན་ཞིང༌། བུ་ཡང་མ་ལ་བྱམས་པའི་སེམས་དང་ལྡན་བཞིན་པས་དེ་གཉིས་ཚེའི་དུས་བྱས་པ་ན། ཚངས་པའི་འཇིག་རྟེན་དུ་སྐྱེས་པ་ལྟ་བུ་ནི་དེ་གཉིས་ཚེ་རབས་སྔ་མར་བསམ་གཏན།ཞེས་པ་ནས། ཚངས་པར་སྐྱེས་པ་བཞིན་ནོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གྱི་ཚུལ་ཡང་དེ་དང་འདྲ་བ་ཡིན་ཏེ། ཞེས་དང༌། ས་བཟང་གི་སྤྱོད་འཇུག་གི་རྣམ་བཤད་གཞུང་དོན་རབ་གསལ་ལས། བརྩོན་འགྲུས་སེམས་གཙོ་བས་འགྲུབ་ཚུལ་ནི།དཔེར་ན་མྱ་ངན་ལས་འདས་པའི་མདོར། བུད་མེད་གཅིག་གི་བུ་ཆུས་ཁྱེར་བ་ལ་བྱམས་པའི་སེམས་གསལ་བོ་གཅིག་བསྐྱེད་ནས་གདོན་པའི་ཕྱིར་སྤྲོ་བས་ཞུགས་པ་ལས་ཤི་འཕོས་པ་དང་དེས་འབྲས་བུ་ཡང༌། གང་ཚངས་པའི་འཇིག་རྟེན་དུ་སྐྱེས་པར་གསུངས་པ་ལ་སོགས་པ་ཡིན་པ་ལྟར་སེམས་མི་གསལ་ན་ལུས་ངག་དང་བཅས་པའི་འབད་རྩོལ་ཆེན་པོའི་ཞུགས་པའི་འབྲས་བུ་ཡང་སེམས་ཀྱི་ཀུན་ཏུ་སྤྱོད་པའམ་འཇུག་པ་ཞན་པས་སེམས་གསལ་བ་དེ་ལྟ་བུར་ཐོབ་པ་མིན་པའི་ཕྱིར་བརྩོན་འགྲུས་ཀྱང་དགེ་བ་ལ་སྤྲོ་པའི་སེམས་གསལ་བ་ལས་འགྲུབ་པ་ཉིད་དོ། །ཞེས་སོགས་གསུངས་སོ། །འདོད་པའི་སེམས་ཀྱི་ཉེར་ལེན་བྱས་ནས་བསམ་གཏན་གྱི་དངོས་གཞི་སྐྱེ་བ་མེད་པ་ནི། ཐེག་མཆོག་དབུ་མའི་གསུང་ཟིན་ལྟར་བཤད་ཁུལ་བྱས་པ་ཡིན་ནོ། །སྤྱིར་འདོད་སེམས་གྱུར་བའི་ཐོས་བསམ་སྒོམ་བྱུང་དུ་གྱུར་བ་ཡོད་ན་སྒོམ་བྱུང་དུ་གྱུར་བའི་རྟོག་པ་ལ་ཁམས་གོང་མའི་སས་བསྡུས་ཀྱིས་ཁྱབ་དགོས་པ་སོགས་ཡིན་མིན་གྱི་སྒོ་ནས་དཔྱད་པར་བྱའོ། །དེ་ལ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་འདི་ལྟར་གསུངས་སྟེ། ལྷན་ཐབས་འོད་བརྒྱ་འབར་བ་ལས། ད་ནི་འཕྲོས་དོན་གལ་ཆེ་ལ་ཉེ་བར་མཁོ་བ་ཅུང་ཟད་བཤད་ན། གཞན་ཡང་རིན་ཆེན་འཕྲེང་བ་ལས། རྫིའུ་བཙོས་གསུམ་བརྒྱའི་ཁ་ཟས་དག ། ཉིན་རེ་དུས་སུ་སྦྱིན་པ་བས། །བྱམས་པ་ཡུད་ཙམ་ཐེངས་གཅིག་གི ། བསོད་ནམས་དག་ནི་ཆར་མི་ཕོད། །ལྷ་མི་བྱམས་པར་འགྱུར་བ་དང༌། །དེ་དག་ཀྱང་ནི་སྲུང་བ་དང༌། །ཡིད་བདེ་བ་དང་བདེ་མང་དང༌། །དུག་དང་མཚོན་གྱི་གནོད་མེད་དང༌། །འཐབ་པ་མེད་པར་དོན་འཐོབ་དང༌། །ཚངས་པའི་འཇིག་རྟེན་སྐྱེ་འགྱུར་ཏེ། །གལ་ཏེ་གྲོལ་བར་མ་གྱུར་ཅིང༌། །བྱམས་ཆོས་ཡོན་ཏན་བརྒྱད་ཐོབ་པོ། །ཞེས་བྱམས་པའྀ་ཕན་ཡོན་བརྒྱད་བཤད་པ་ནི། སྙིང་རྗེ་སོགས་གཞན་གསུམ་པོའི་ཡང་ཕན་ཡོན་ཡིན་ཞིང༌། དེ་བཞིན་དུ་བཤེས་སྤྲིང་ལས། བྱམས་དང་སྙིང་རྗེ་བདག་དང་དགའ་བ་དང༌། །བཏང་སྙོམས་རྟག་ཏུ་ཡང་དག་གོམས་མཛོད་ཅིག ། གོང་མ་བརྙེས་པར་མ་གྱུར་དེ་ལྟ་ནའང༌། །ཚངས་པའི་འཇིག་རྟེན་བདེ་བ་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར་ཚད་མེད་བཞི་རབ་ཏུ་གོམས་པར་བྱས་པས། ཚངས་པའི་འཇིག་རྟེན་བསམ་གཏན་དང་པོར་སྐྱེ་བ་ཡང་ཡང་གསུངས་ཤིང༌། དེ་ཉིད་ཀྱི་ཕྱྀར་ཚངས་པའི་གནས་པ་བཞི་ཞེས་གསུང་རབ་ཀུན་ཏུ་གྲགས་སོ། །འདིར་མཐའ་ཅུང་ཟད་དཔྱད་ན། བྱམས་སོགས་བསྒོམ་པ་ཙམ་གྱིས་འདོད་པ་ལ་ཆགས་བྲལ་མི་ནུས་པས། ཚངས་བར་སྐྱེ་བ་མི་འཐད་གཞུང་རྣམས་ལས་དེ་སྐྱེ་བར་གསུངས་བ་ནི་བསམ་གཏན་དང་པོའི་ཉེར་བསྡོགས་ཞི་རགས་ཀྱི་རྣམ་པ་ཅན་གྱིས་འདོད་པ་ལ་ཆགས་བྲལ་བྱས་པའི་འོག་ཏུ་ཉེར་བསྡོགས་ཉིད་ལ་བརྟེན་པའམ་བསམ་གཏན་དངོས་གཞི་བསྒྲུབས་སྟེ་དེ་ལ་བརྟེན་ནས་ཚད་མེད་བཞི་བསྒོམས་པས་འབྲས་བུ་ཚངས་པར་སྐྱེ་བའོ་སྙམ་ན། དེ་འདྲ་གཞུང་གི་དགོངས་པ་མ་ཡིན་ཏེ། ཚད་མེད་བཞི་མེད་ཀྱང་ཉེར་བསྡོགས་རྫོགས་པར་ཐོབ་ལ་མ་ཉམས་པར་ཡོད་ན་ཚངས་པར་སྐྱེ་ངེས་པས་ཕྱིར། ཚད་མེད་བཞི་སྨོས་པ་དོན་མེད་པར་འགྱུར་བའི་ཕྱིར་རོ། །དེས་ན་འདོད་ཉོན་མ་སྤངས་བསམ་གཏན་དང་པོའི་ཏིང་ངེ་འཛིན་རྒྱུད་ལ་མ་སྐྱེས་པར་ཚངས་གནས་སུ་སྐྱེ་བ་མིན་ཡང༌། འདོད་པའི་ཏིང་ངེ་འཛིན་ལ་བརྟེན་ནས་ཚད་མེད་བཞི་བསྒོམས་པས་འདོད་ཉོན་སྲབས་ཏེ། ཚད་མེད་བཞི་པོ་ཉིད་ཉེར་བསྡོགས་སུ་འགྱུར་ཏེ་དེ་ལས་དངོས་གཞི་སྐྱེ་ལ། འབྲས་བུ་རྒྱུའི་རྗེས་སུ་འཇུག་པ་ཉིད་ཀྱི་ཕྱིར། དངོས་གཞི་ཡང་ཚད་མེད་དང་མཚུངས་པར་ལྡན་པ་ཁོ་ན་འབྱུང་ངོ༌། །བྱམས་སོགས་གསུམ་གྱིས་ཁོང་ཁྲོ་དང་བཏང་སྙོམས་ཀྱིས་འདོད་པའི་འདོད་ཆགས་སྤངས་པས་གཙོ་བོ་བཅོམ་པ་ན། འཁོར་བྲོས་པ་ལྟར་འདོད་ཉོན་གཞན་རྣམས་ཤུགས་ལ་སྤངས་ཏེ། འདོད་པ་ལ་ཆགས་བྲལ་དུ་འགྱུར་བ་ཡིན་པས་འཇིག་རྟེན་པའི་ལམ་གྱིས་ཆགས་བྲལ་བྱེད་ཕྱིན་ཞི་རགས་ཀྱི་རྣམ་པ་ཅན་ཁོ་ན་བསྒོམ་དགོས་ཀྱི་གཞན་མེད་དུ་སྙམ་དུ་སེམས་པ་ནི། ཕྱོགས་གཅིག་ལས་གཞན་མ་རྟཽགས་མི་མཐོང་བའོ། །དེས་ན་གང་གི་འཕགས་དང་ལྷ་དང་ཚངས་པ་ཡི། །གནས་དང་དཔེ་མེད་རྒྱ་ཆེན་རྟག་ཏུ་གནས། །ཅེས་འཕགས་པའི་གནས་པ། ལྷའི་གནས་པ། ཚངས་པའི་གནས་པ། ཞེས་རྣམ་གྲངས་མི་འདྲ་བ་གསུམ་དུ་གསུངས་པའང༌། ལྷའི་གནས་པ་ལ་མི་བརྟེན་པའི་ཚངས་པའི་གནས་པ་ཞིག་ཡོད་པའི་དབང་གིས་ཡིན་ཏེ། གཞན་དུ་ན། ལྷའི་གནས་པ་ལས་ཚངས་པའི་གནས་པ་གཞན་དུ་མེད་པར་ཐལ་བས། གསུམ་གྱི་རྣམ་བཞག་ཉམས་པར་འགྱུར་རོ། །དེས་ན་མངོན་པ་ལས་ཞི་རགས་ཀྱི་དམིགས་རྣམ་ཅན་གཙོ་བོར་བཤད་ཀྱང་དེར་ཁྱབ་མཐའ་འཆའ་བ་མིན་ལ། མདོ་སྡེ་རྣམས་ལས་ཚད་མེད་བཞི་གཙོ་བོར་གསུངས་ཏེ། སེམས་སྦྱོང་བ་ལ་གལ་ཆེ་བར་དགོངས་ཏེ། དགོས་དོན་འགྲུབ་པ་མཉམ་པོ་ལ་ཞི་རགས་ལས་འདི་བསོད་ནམས་རྒྱ་ཆེ་བའི་ཕྱིར་རོ། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །ལྷའི་གནས་པ་ལ་མི་རྟེན་པའི་ཚངས་པའི་ཐེག་པ་ཞིག་ཡོད་པར་གསུངས་པ་དང༌། ཐེག་མཆོག་དབུ་མ་ལས། ལྷའི་ཐེག་པ་འདི་ནི་རྣམ་གྲོལ་བའི་ཐེག་པ་ཀུན་ལ་ཡང་ངེས་པར་འགྲེལ་དགོས་སོ། །བསམ་གཏན་དང་གཟུགས་མེད་བཞི་ལ་སོགས་པའི་ཏིང་ངེ་འཛིན་རྣམས་ནི་བགྲོད་པར་བྱེད་པ་ཚངས་པའི་ཐེག་པ་ཡིན་ལ། ཞེས་གསུངས་པ་གཉིས་ལ་ཅུང་ཟད་དཔྱད་རྒྱུ་སྣང་ངོ། །སྤྱིར་འཇིག་རྟེན་གྱི་ཁམས་འཇིག་པའི་ཚེ་ཆོས་ཉིད་ཀྱི་བསམ་གཏན་གྱི་དངོས་གཞི་ཞིག་ཐོབ་པར་གསུངས་པ་དང་ཚུལ་འདི་ཉིད་འདྲ་མི་འདྲ་དང༌། ཀུན་གཞིའི་སྟེང་གི་བསམ་གཏན་གྱི་ས་བོན་དེ་བྱམས་པའི་སེམས་དྲག་པོ་ཞིག་གིས་སྨིན་པར་བྱས་ནུས་ན་བདག་མེད་རྟོགས་པའི་བློས་ནུས་པ་ཡིན་མིན་དང༌། དེ་འདྲའི་མ་བུ་གཉིས་འཆི་ཁའི་དུས་སུ་ཁམས་གོང་མའི་སྲེད་ལེན་མངོན་དུ་གྱུར་མ་གྱུར་དང༌། དེ་འདྲའི་བྱམས་པས་འདོད་པས་ཉོན་མོངས་ལ་ཆགས་བྲལ་བྱས་མ་བྱས་དང༌། མཚལ་མིན་པ་བསོད་ནམས་བཟང་པོའི་ཤེར་ཕྱིན་གྱི་ལུས་རྣམ་བཞག་གི་བསྡུས་དོན་ལས། བྱམས་པ་ཚད་མེད་པའི་མཚན་ཉིད། བདག་རྐྱེན་བསམ་གཏན་ལ་བརྟེན་ནས་སེམས་ཅན་ཚད་མེད་པ་བདེ་བ་དང་ཕྲད་པར་འདོད་པའི་ཏིང་ངེ་འཛིན་དང་ཤེས་རབ། ཅེས་སོགས་གསུངས་པ་ལྟར་བྱམས་པ་ཚད་མེད་ཀྱི་སེམས་རྟེན་བསམ་གཏན་དགོས་པ་ཡིན་མིན་དང༌། ས་བཟང་གི་ཀུན་བཏུས་འགྲེལ་བ་ལས།དེ་ལ་མ་རིག་པ་ལས་གཞན་པའི་ཡན་ལག་བཅུ་གཅིག་ནི་གང་སྐྱེ་བར་འགྱུར་བ་དེའི་ས་པ་ཁོ་ནར་མཚུངས་ཏེ། ཞེས་གསུངས་པ་ལྟར་དེ་འདྲའི་མ་བུ་གཉིས་ཀྱི་ཚངས་པ་སྐྱེ་བའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལས་བཅུ་གཅིག་ས་མཚུངས་ཚུལ་སོགས་ལ་དཔྱད་དགོས་སོ། །
དྲི་བ་བཅུ་དྲུག་པ་མུ་སྟེགས་ཀྱི་གཙོ་བོ་སོགས་འདོད་པ་དང་མཚུངས་པར་ཐལ་བ་འཕང་བ་ལ་རྩོད་སྤོང་ཇི་ལྟར་བྱེད་ཅེས་པའི་ལན།
དྲི་བ་བཅུ་དྲུག་པ་མུ་སྟེགས་ཀྱི་གཙོ་བོ་སོགས་འདོད་པ་དང་མཚུངས་པར་ཐལ་བ་འཕང་བ་ལ་རྩོད་སྤོང་ཇི་ལྟར་བྱེད་ཅེས་པའི་ལན།
ཐེག་མཆོག་དབུ་མ་ལས། གཙོ་བོ་འདོད་པ་རྣམས་དང་མཚུངས་ཞེས་སྨྲ། །ཞེས་པའི་སྐབས་སུ་ཀུན་གཞི་འདོད་པ་མུ་སྟེགས་ཀྱི་གཙོ་བོ་འདོད་པ་དང་མཚུངས་པར་ཐལ་བ་འཕང་བ་ལ་རྩོད་སྤོང་ཇི་ལྟར་བྱེད་ཅེས་པའོ། །དེའི་ལན་ཕྱཽགས་སྔའི་རྩོད་པ་དང༌། རྩོད་སྤོང་དང་གཉིས། དང་པོ་ནི། ཐེག་མཆོག་དབུ་མ་ལས། ཀུན་གཞི་རྣམ་ཤེས་ཚངས་པའམ། །གཙོ་བོ་འདོད་པ་རྣམས་དང་མཚུངས་ཞེས་སྨྲ། །ཞེས་དང༌།དེའི་ཐད་ཀྱི་འགྲེལ་བ་ལས། ཁ་ཅིག་རེ་མདའ་བ་སོགས་འགའ་ཞིག་ལས། ཀུན་གཞི་རྣམ་ཤེས་ཀྱི་བག་ཆགས་ལས་སྣང་བ་ཐམས་ཅད་འབྱུང་བར་འདོད་པ་བཞིན་མུ་སྟེགས་བྱེད་འགའ་ཞིག་གིས་ཡང་ཚངས་པས་འཇིག་རྟེན་ཐམས་ཅད་སྤྲུལ་པར་འདོད་པས་ཀུན་གཞི་རྣམ་ཤེས་ནི་ཚངས་པ་དང་མཚུངས་པའམ། གྲངས་ཅན་པ་འདོད་པའི་གཙོ་བོ་ལ་སོགས་པ་རྣམས་དང་མཚུངས་ཞེས་སྨྲས་པར་བྱེད་པ་ཡིན་ལ། ཞེས་གསུངས་པ་ལྟར་རྩོད་པའོ། །གཉིས་པ་རྩོད་སྤོང་ནི། ཕྱོགས་སྔ་ཁྱོད་ཀྱིས་ཀུན་གཞི་རྣམ་ཤེས་འདོད་པ་ཚངས་པ་དང་གཙོ་བོ་སོགས་མཚུངས་ཞེས་ཕྱོགས་ཙམ་མཚུངས་པའམ་རྣམ་པ་ཀུན་ཏུ་མཚུངས་ཞེས་པ་ཡིན། དང་པོ་ལྟར་ན་ཀུན་གཞི་རྣམ་ཤེས་དང་ཕྱི་རོལ་པ་དེ་དག་གིས་སྒྲོ་བཏགས་པའི་གཙོ་བོ་དབང་ཕྱུག་སོགས་ཕྱོགས་ཙམ་ནི་མཚུངས་པར་འདོད་པ་ཡིན་ཀྱང་སྐྱོན་མེད་པ་ཡིན་ཏེ།ཐེག་མཆོག་དབུ་མ་ལས། གཙོ་བོ་དབང་ཕྱུག་བྱེད་པོ་སེམས་འདི་ལ། །བཏགས་ཞེས་གསུངས་ཕྱིར་ཕྱོགས་མཚུངས་འདོད་པ་ཡིན། །ཞེས་དང༌། དེའི་ཐད་ཀྱི་འགྲེལ་བ་ལས།དེ་ཡང་ཀུན་གཞི་དང་དེ་རྣམས་ཕྱོགས་འདྲ་ཙམ་མཚུངས་པ་ནི་ཡིན་ཏེ། གཙོ་བོ་དང་དབང་ཕྱུག་དང་བྱེད་པ་པོ་རྣམས་ཀུན་གཞི་འདི་ལ་བརྟེན་ནས་བཏགས་པར་ལང་ཀར་གཤེགས་པ་ལས་གསུངས་པའི་ཕྱིར་ཏེ། ཕུང་པོའི་རྒྱུན་དང་གང་ཟག་དང༌། །དེ་བཞིན་རྐྱེན་དང་སྡུག་བསྔལ་དང༌། །གཙོ་བོ་དབང་ཕྱུག་བྱེད་པོ་རྣམས། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་གསུངས་པའི་ཕྱིར་རོ། །ཞེས་དང༌། ལང་ཀར་གཤེགས་པ་ལས། གང་ཟག་རྒྱུན་དང་ཕུང་པོ་རྣམས། །དེ་བཞིན་རྐྱེན་དང་རྡུལ་ཕྲན་དང༌། གཙོ་བོ་དབང་ཕྱུག་བྱེད་པོ་རྣམས། །སེམས་ཙམ་ལ་ནི་རྣམ་པར་རྟོག ། ཅེས་གསུངས་སོ། །གཉིས་པ་ལྟར་ན་ཀུན་གཞི་རྣམ་ཤེས་དང་གཙོ་བོ་སོགས་རྣམ་པ་ཀུན་ནས་འདྲ་བ་མ་ཡིན་ཏེ། དཔལ་ལྡན་ཟླ་བ་གྲགས་པས་ཀུན་གཞི་འདོད་པའི་ཕྱོགས་སྔ་བརྗོད་པའི་སྐབས་སུ་དབུ་མ་འཇུག་པའི་རང་འགྲེལ་ལས། རྣམ་པར་ཤེས་པ་ལས་ཐ་དད་པར་གྱུར་པའི་གཟུང་བ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དཔེར་ན་དབང་ཕྱུག་ལ་སོགས་རྒྱུར་སྨྲ་བ་རྣམས། བ་ནི་བ་སྒྲ་རྣམས་ཀྱི་རྒྱུ། །ཆུ་ཤེལ་ཆུ་རྣམས་ཀྱི་བཞིན་དང༌། །བླག་ཤ་ཡལ་ག་རྣམས་ཀྱི་ལྟར། །དེ་ནི་ལུས་ཅན་ཀུན་གྱི་རྒྱུ། །ཞེས་དབང་ཕྱུག་ལ་སོགས་པ་འགྲོ་བའི་བྱེད་པོ་ཉིད་དུ་སྨྲ་བར་བྱེད་པ་དེ་བཞིན་དུ། ཀུན་གཞི་རྣམ་པར་ཤེས་པ་སྨྲ་བ་རྣམས་ཀྱང་ཀུན་གཞིའི་རྣམ་པར་ཤེས་པ་དངོས་པོ་མཐའ་དག་གི་དམིགས་པའི་ས་བོན་གྱི་རྟེན་ཉིད་ཀྱིས་ས་བོན་ཐམས་ཅད་པ་སྨྲ་བར་བྱེད་དོ། །གང་དབང་ཕྱུག་རྟག་ལ་ཀུན་གཞིའི་རྣམ་པར་ཤེས་པ་ནི་མི་རྟག་གོ་ཞེས་བྱ་བ་འདི་ནི་ཁྱད་པར་རོ། །ཞེས་ཀུན་གཞི་དང་དབང་ཕྱུག་སོགས་བྱེད་པོ་ཕྱོགས་རེ་འདྲ་བ་དང་རྣམ་པ་ཀུན་ཏུ་མི་འདྲ་བར་ཁྱད་པར་ཡོད་པར་གསུངས་པ་དང༌། ས་བཟང་གི་ཀུན་བཏུས་ལས། ས་བོན་ཐམས་ཅད་པའི་ཀུན་གཞིར་གྲངས་ཅན་པའི་གཙོའང་འདོད་པ་དེ་བཅད་པའི་ཕྱིར་ཡུལ་རྣམ་པར་རིག་པས་ན་རྣམ་པར་ཤེས་པ་ཞེས་བྱའོ། །ཞེས་དང༌།ཐེག་མཆོག་དབུ་མ་ལས། ཀུན་ཏུ་མཚུངས་མིན་གཙོ་བོ་བེམ་པོ་རྟག ། བྱེད་པོ་ལུས་སེམས་གཉིས་ཚོགས་འགྲོ་བ་རྟག ། འདི་ནི་གསལ་རིག་མི་རྟག་བག་ཆགས་ཅན། །རང་གི་འདོད་པས་མིན་ཕྱིར་ཁྱད་པར་ཆེ། །ཞེས་དང༌། དེའི་ཐད་ཀྱི་ཟིན་བྲིས་ལས། ཀུན་གཞི་དང་དེ་རྣམས་ཀུན་ཏུ་མཚུངས་པ་ཡང་མ་ཡིན་ཏེ། གྲངས་ཅན་པ་རྣམས་འདོད་པའི་གཙོ་བོ་ནི་བེམ་པོའི་དངོས་པོ་ཞིག་རྟག་པར་འདོད་པ་ཡིན་ལ། འདི་ནི་ཤེས་པ་མི་རྟག་པ་ཡིན་པ་དང༌། བྱེད་པ་པོ་དབང་ཕྱུག་འདོད་པ་རྣམས་ཀྱིས་ལུས་སེམས་གཉིས་ཚོགས་ཀྱི་སྐྱེས་བུ་ཞིག་རྟག་པར་འདོད་པ་ཡིན་ལ། འདིར་ནི་ཀུན་གཞིའི་བེམ་རིག་གཉིས་ཚོགས་མ་ཡིན་པར། རིག་པ་མི་རྟག་པའི་མཚན་ཉིད་ཅན་ཡིན་པ་དང༌། བྱེད་པ་པོས་ནི་རང་གི་འདོད་པས་འཇིག་རྟེན་འདི་དག་སྤྲུལ་ཞེས་སྨྲས་ལ། འདིར་ནི་ཀུན་གཞིའི་བག་ཆགས་ཀྱི་མཐུ་ལས་སྣ་ཚོགས་པར་སྣང་བ་ཀུན་གཞི་རང་གི་འདོད་པས་སྤྲུལ་བ་ནི་མ་ཡིན་ཏེ། ཀུན་གཞི་ལ་འདོད་པ་མེད་པའི་ཕྱིར་རོ། །དེ་ལྟར་ན་ཀུན་གཞི་དང་དེ་རྣམས་མི་འདྲ་བའི་ཁྱད་པར་ཆེས་ཆེ་བ་ཡིན་ནོ། །ཞེས་དང༌། ས་བཟང་གི་ཀུན་བཏུས་འགྲེལ་བ་ལས། ས་བོན་ཐམས་ཅད་པའི་ཀུན་གཞིར་གྲངས་ཅན་པའི་གཙོ་བོའང་འདོད་པ་དེ་བཅད་པའི་ཕྱིར་ཡུལ་རྣམ་པར་རིག་པས་ན་རྣམ་པར་ཤེས་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །སྤྱིར་གཞུང་རྣམས་ཀྱི་སྐབས་སུ། ཕྱི་རོལ་བའི་ཐ་སྙད་དང་མཐུན་པ་མང་པོ་གསུངས་ཏེ། དུས་འཁོར་རྒྱུད་འགྲེལ་དྲི་མེད་འོད་སོགས་ལས། ཤེས་བྱ་ཉེར་ལྔ་དང་སྦྱར་བ་སོགས་དགོས་དབང་དང་དོན་ལ་དེ་ལྟར་གོ་བ་ལེན་རྒྱུ་ཡོད་པ་ཡིན་པའི་ཕྱིར་ཏེ། དཔལ་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་རྡོ་རྗེ་ཉི་མའི་སྣང་བ་ལས། འཁོར་བའི་ཆོས་སོགས་རང་བཞིན་བརྒྱད་དང་རྣམ་འགྱུར་བཅུ་དྲུག་པོ་སྟེ། ཉེར་བཞི་པོ་དེ་དག་དབུས་སུ་སྐྱེས་བུའི་མིང་ཅན་གཉུག་སེམས་འོད་གསལ་ལམ་གཉུག་མ་སེམས་ཀྱི་རྡོ་རྗེ་ཅན་ནི་གཞན་བསྐྱེད་པའི་རྒྱུར་གྱུར་བའི་རང་བཞིན་མིན་ཅིང༌། རང་བཞིན་གཞན་གྱིས་བསྐྱེད་པའི་རྣམ་འགྱུར་ཀྱང་མིན་ཏེ། དབང་ཕྱུག་ནག་པོའི་གཞུང་ལས། སྐྱེས་བུ་རང་བཞིན་མ་ཡིན་རྣམ་འགྱུར་མིན། །ཞེས་པ་དང་ཚུལ་མཐུན་པའི་སྒོ་ནས་ཡང་དག་པའི་ཆོས་བསྟན་པ། མཐུན་པས་མཐུན་པ་འདུལ་བའི་ཐབས་མཁས་ཀྱང་ཡིན་ལ། ཡང་དག་པའི་དོན་དུའང་དེ་ལྟར་ཡིན་ཏེ། དྲང་དོན་ཙམ་མ་ཡིན་ནོ། །ཞེས་གསུངས་པ་ནི་ལེགས་བཤད་བླ་ན་མེད་པ་ཡིན་ནོ། །
དྲི་བ་བཅུ་བདུན་པ་ཐེག་མཆོག་དབུ་མ་ལས། ས་བོན་ཀུན་ལྡན་ཕྱིར་ཞེས་པའི་ས་བོན་ཀུན་ལྡན་ཡིན་ན་འབྲས་བུ།
དྲི་བ་བཅུ་བདུན་པ་ཐེག་མཆོག་དབུ་མ་ལས། ས་བོན་ཀུན་ལྡན་ཕྱིར་ཞེས་པའི་ས་བོན་ཀུན་ལྡན་ཡིན་ན་འབྲས་བུ་ཡང་ཅིག་ཆར་སྣང་བ་ཐལ་བ་འཕང་བ་ལ་རྩོད་སྤོང་ཇི་ལྟར་བྱེད་ཅེས་པའི་ལན།
ཐེག་མཆོག་དབུ་མ་ལས། ས་བོན་ཀུན་ལྡན་ཕྱིར།ཞེས་པའི་ས་བོན་ཀུན་ལྡན་ཡིན་ན་འབྲས་བུ་ཡང་ཅིག་ཆར་སྣང་བར་ཐལ་བ་འཕང་བ་ལ་རྩོད་སྤོང་ཇི་ལྟར་བྱེད་ཅེས་པའོ། །དེའི་ལན་ལ་ཀུན་གཞིའི་རྣམ་ཤེས་བག་ཆགས་ཀུན་ལྡན་ཡིན་པར་བཤད་པ་དང༌། ས་བོན་ཀུན་ལྡན་ཡིན་ན་འབྲས་བུ་ཅིག་ཆར་སྣང་བ་ཐལ་བ་སྤོང་བ་གཉིས། དང་པོ་ནི། ཀུན་གཞི་བག་ཆགས་ཀུན་དང་ལྡན་པ་ཡིན་པར་གསུངས་ཏེ། ཐེག་བསྡུས་ལས། མདོར་བསྡུ་ན་ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ནི་སྨིན་པའི་རྣམ་པར་ཤེས་པས་ས་བོན་ཐམས་ཅད་པ་སྟེ། དེས་ཁམས་གསུམ་པའི་ལུས་ཐམས་ཅད་འགྲོ་བ་ཐམས་ཅད་བསྡུས་སོ། །ཞེས་དང༌། སུམ་ཅུ་པ་ལས། དེ་ལ་ཀུན་གཞིའི་རྣམ་ཤེས་ནི། །རྣམ་སྨིན་ས་བོན་ཐམས་ཅད་པར། །ཞེས་གསུངས་ལ། ས་བོན་ཐམས་ཅད་པའི་དོན་ནི། ས་བཟང་གི་ཀུན་བཏུས་འགྲེལ་བ་ལས། ས་བོན་ཐམས་ཅད་པའི་དོན་ཡང་ཆོས་ཐམས་ཅད་ཀྱི་ས་བོན་གྱི་གནས་ཡིན་པས་སྤྱི་རིགས་ནས་ཚང་བ་ལ་བྱའི། ཅིག་ཅར་ཐམས་ཅད་ཚང་བ་ནི་མ་ཡིན་ཏེ། རིགས་ཆད་དང་འཕགས་པའི་ཀུན་གཞི་ལ་མ་ཁྱབ་པའི་ཕྱིར་རོ། །ཞེས་དང༌། ཐེག་མཆོག་དབུ་མ་ལས། ཐམས་ཅད་པ་ནི་རིགས་ལ་བརྗོད་པ་སྟེ། །གཞན་དུ་ཕན་ཚུན་སོ་སོའི་དེ་ལྡན་འགྱུར། །འདུ་འབྲལ་ལ་སོགས་ཁྱད་པར་རྣམས་ལ་ནི། །བག་ཆགས་ས་བོན་ལོགས་སུ་ཡོད་མི་དགོས། །ཞེས་དང༌། དེའི་ཐད་ཀྱི་ཟིན་བྲིས་ལས། ས་བོན་ཐམས་ཅད་ཅེས་པ་ནི། རང་རྒྱུད་དུ་ས་བོན་རིགས་འདྲ་ཙམ་ཚང་བ་ལ་འཇོག་པ་ཡིན་གྱི་གཞན་དུ་ལྷས་སྦྱིན་གྱི་རྒྱུད་ལ་མཆོད་སྦྱིན་དམྱལ་བར་སྐྱེ་འགྱུར་གྱི་བག་ཆགས་ཀྱི་ས་བོན་ཡང་ཡོད་པར་ཐལ་བར་འགྱུར་རོ། །དེས་ན་རིགས་འདྲ་ས་བོན་ཐམས་ཅད་པ་ཞེས་པ་ཡང༌། མཚན་གཞིའི་ས་བོན་ཙམ་ཚང་བས་ཚོགས་པ་ཡིན་གྱི་མཚན་ཉིད་ཀྱི་ས་བོན་ཐམས་ཅད་སོ་སོར་ཚང་དགོས་པ་མ་ཡིན་ཏེ། ཞེས་སོགས་གསུངས་སོ། །འོ་ན་ས་བོན་ཐམས་ཅད་པ་གསུངས་པའི་དོན་དེ་ལྟར་ཡིན་ན་ས་བོན་ནམ་བག་ཆགས་ཀྱི་དོན་གང་ཡིན་ཞེ་ན། དེ་ཡང་ཐེག་བསྡུས་ལས། བརྟན་ལུང་མ་བསྟན་ལྷན་ཅིག་འབྱུང༌། །སྒོ་བར་བྱེད་དང་འབྲེལ་བ་ལ། །སྒོ་བྱེད་དེ་ལས་གཞན་དུ་མིན། །འདི་ནི་བག་ཆགས་མཚན་ཉིད་དོ། །ཞེས་གསུངས་པ་ལྟར་སྒོ་བྱེད་དང་རྒྱུད་གཅིག་ལ་དུས་མཉམ་དུ་འབྲེལ་བའི་རྒྱུན་བརྟན་པ་ཀུན་གཞི་ལུང་མ་བསྟན་ལ་བཞག་པའི་ནུས་པ་དེ་བག་ཆགས་ཡིན་པར་བཞེད་དོ། །དེ་ལ་རྒྱུ་མཐུན་པའི་བག་ཆགས་དང༌། རྣམ་སྨིན་གྱི་བག་ཆགས་གཉིས། དང་པོ་ནི། ཀུན་གཞི་ཆོས་དེ་དང་ལྷན་ཅིག་སྐྱེ་འགག་བྱས་པ་ལ་བརྟེན་ནས་ཆོས་དེ་དང་རིགས་འདྲ་བ་འབྱུང་བའི་ནུས་པ་ཁྱད་པར་ཅན་ཏེ། ཐེག་བསྡུས་སུ། བག་ཆགས་ཞེས་བརྗོད་པར་བྱ་བ་ནི་ཅི་ཞེ་ན། ཆོས་དེ་དང་ལྷན་ཅིག་འབྱུང་བ་དང་འགག་པ་ལ་བརྟེན་ནས་དེ་འབྱུང་བའི་རྒྱུ་མཚན་ཉིད་གང་ཡིན་པ། ཞེས་སོ། །གཉིས་པ་རྣམ་སྨིན་གྱི་བག་ཆགས་ནི། ཀུན་གཞི་ལ་ཆོས་གཞན་གྱིས་བསྒོས་པའི་ནུས་པ་ཆོས་གཞན་སྐྱེ་བའི་རྒྱུའི་རྐྱེན་དུ་གྱུར་པ་སྟེ། རྣམ་ཤེས་སྔ་མས་བཞག་པ་ཡི། །ནུས་པ་བག་ཆགས་ཡིན་པར་འདོད། །ཅེས་པ་ལྟར་རོ། །གཉིས་པ་ས་བོན་ཀུན་ལྡན་ཡིན་ན་འབྲས་བུ་ཅིག་ཆར་སྣང་བར་ཐལ་བ་སྤོང་བ་ལ་རྩོད་པ་དང༌། ལན་གཉིས་ལས། དང་པོ་ནི། ཐེག་མཆོག་དབུ་མ་ལས། ས་བོན་ཀུན་ལྡན་ཕྱིར་ན་འབྲས་བུ་ནི། །སྣང་བ་ཐམས་ཅད་རྟག་ཏུ་འཆར་འགྱུར་ལོ། །ཞེས་དང༌། དེའི་ཟིན་བྲིས་ལས། སློབ་དཔོན་ཟླ་བས། ཀུན་གྱི་ས་བོན་ཀུན་གཞི་ཞེས་བྱ་ལས། །རང་གི་ནུས་པས་རྣམ་ཤེས་ཙམ་ཞིག་འབྱུང༌། །ཞེས་པ་ལ་སོགས་པ་ཐོག་མར་ཕྱོགས་སྔ་མ་བཀོད་དེ། ས་བོན་ཀུན་ལྡན་གྱི་ཀུན་གཞི་རིགས་པ་དུ་མས་བཀག་པ་ཡིན་ལ། དེ་ལ་འབྲས་བུ་རིགས་དྲུག་གི་སྣང་བ་ལ་སོགས་པ་དུས་ཅིག་ཆར་དུ་ཐམས་ཅད་འཆར་བར་ཐལ། རྒྱུ་ཀུན་གཞི་དེ་ས་བོན་ཐམས་ཅད་པ་ཡིན་པའི་ཕྱིར་ཞེས་འགོག་པར་བྱེད་པ། ཞེས་པ་ལྟར།དཔེར་ན་མཆོད་སྦྱིན་ཆོས་ཅན། ཁྱོད་ལ་འགྲོ་བ་རིགས་དྲུག་གི་སྣང་བ་ཐམས་ཅད་དུས་གཅིག་ཆར་དུ་འཆར་བར་ཐལ། ཁྱོད་ཀྱི་རྒྱུ་ཀུན་གཞི་རྣམ་ཤེས་དེ་བག་ཆགས་རྣམ་པ་ཐམས་ཅད་པ་ཡིན་པའི་ཕྱིར་ཞེས་ཟེར་རོ། །གཉིས་པ་ལན་ནི། ཐལ་འགྱུར་དེ་ལ་ཁྱབ་པ་མེད་དེ། ཀུན་གཞི་རྣམ་ཤེས་ལ་བག་ཆགས་ཐམས་ཅད་ཡོད་ཀྱང་དེའི་འབྲས་བུའི་སྣང་བ་རྣམས་འབྱུང་བ་རྐྱེན་ལ་ལྟོས་པས་རྐྱེན་གྱིས་རིམ་བཞིན་འབྱུང་བ་ཡིན་པའི་ཕྱིར་ཏེ། ཐེག་མཆོག་དབུ་མ་ལས། བག་ཆགས་ཡོད་ཀྱང་རྐྱེན་གྱིས་རིམ་པས་འཆར། །ཞེས་དང༌།དེའི་ཟིན་བྲིས་ལས། ཅི་སྟེ་ཀུན་གཞི་རྣམ་ཤེས་ལ་རྒྱུ་བག་ཆགས་ཐམས་ཅད་ཡོད་ཀྱང༌། འབྲས་བུ་སྣང་བ་ཐམས་ཅད་གཅིག་ཆར་འཆར་བ་མི་སྲིད་དེ། ས་བོན་ཐམས་ཅད་ཡོད་པ་ཙམ་གྱིས་སྣང་བ་དེ་མི་སྐྱེད་དེ། རྐྱེན་གྱིས་རིམ་པས་སྣང་བ་འཆར་བའི་ཕྱིར་རོ། །ཞེས་དང༌། ས་བཟང་ཀུན་བཏུས་འགྲེལ་བ་ལས། བག་ཆགས་དུ་མ་ཅིག་ཅར་དུ་ཡོད་ཀྱང་ཐམས་ཅད་ལས་ཐམས་ཅད་མི་འབྱུང་གི་ནུས་པ་སོ་སོར་ངེས་པ་ཁོ་ན་ལས་འབྱུང་བ་དང༌། དེ་ཡང་དུས་གཅིག་ལ་ཐམས་ཅད་མི་འབྱུང་གི་རྐྱེན་གང་ཉེ་བ་ལ་ལྟོས་ནས་འབྱུང་བ་དང༌། ས་བོན་ཐོག་མ་མེད་པ་ནས་སྔ་མ་སྔ་མ་ལ་བརྒྱུད་དེ་འབྱུང་བའི་ཕྱིར་རང་གི་འབྲས་བུས་ས་བོན་ཡོད་པར་བསྒྲུབ་ཅིང༌། ས་བོན་གྱིས་ཀྱང་འབྲས་བུ་བསྒྲུབ་སྟེ། ཀུན་གཞི་ལས་ཀུན་གཞི་དང༌། སཱ་ལུ་ལས་སཱ་ལུ་འབྱུང་བ་ལ་སོགས་པ་བཞིན་ནོ། །ཞེས་གསུངས་སོ། །དེ་ལ་ཐེག་མཆོག་དབུ་མ་ལས། ཁ་ཅིག་རྐྱེན་དེའང་རྟག་ཏུ་གནས་དགོས་ཏེ། །བག་ཆགས་ཀུན་དང་ལྡན་པ་ཡིན་ཕྱིར་ལོ། །དེ་ལ་རྐྱེན་གཞན་གཉིས་པའང་གནས་མོད་ཀྱི། །ས་བོན་ཡོད་པ་ཁོ་ནས་གསལ་མིན་ཏེ། །རང་ལས་སྐྱེས་པའི་ཡིད་བྱེད་དེས་གསལ་འགྱུར། །རྐྱེན་སོགས་རྒྱུ་ནི་རང་ལས་བྱུང་མོད་ཀྱང༌། །རྐྱེན་ནི་རྟག་ཏུ་རང་ལ་གནས་པ་མིན། ཞེས་ཁ་ཅིག་རྐྱེན་རྟག་ཏུ་གནས་པའི་རྩོད་སྤོང་ཡང་ཤེས་པར་བྱའོ། །འདིར་མང་དོགས་ནས་མ་སྤྲོས་སོ། །སྐབས་འདིར་དཔྱད་པར་བྱ་བ་འདི་ཡོད་དེ། དཔལ་ལྡན་ཟླ་བས་དེ་ལྟར་རྩོད་པ་བཀོད་མི་རིགས་པར་ཐལ། ཟླ་བ་རང་གི་ལུགས་ཡིད་ཤེས་སོགས་ཀྱི་སྟེང་དུ་བག་ཆགས་ཐམས་ཅད་ཡོད་པ་གང་ཞིག མཚུངས་པའི་ཕྱིར་ཟེར་ན། ཀུན་གཞི་འདོད་པའི་སེམས་ཙམ་པའི་རང་བཞིན་གྱིས་གྲུབ་པའི་ཀུན་གཞི་ཁས་ལེན་པས་མི་འདྲ་བ་ཡིན་ནམ། དེ་ཡིན་ན་གོང་གི་རྩོད་ལན་དག་འབྲེལ་ཡོད་མེད་དཔྱད་དགོས་སོ། །ཡང་འདིའི་སྐབས་སུ་ཐེག་མཆོག་དབུ་མའི་ཟིན་བྲིས་ལས། སློབ་དཔོན་ཟླ་བས། ཀུན་གྱི་ས་བོན་ཀུན་གཞི་ཞེས་བྱ་ལས། །རང་གི་ནུས་པས་རྣམ་ཤེས་ཙམ་ཞིག་འབྱུང༌། །ཞེས་པ་ལ་སོགས་པ་ཐོག་མར་ཕྱོགས་སྔ་མ་བཀོད་དེ། ས་བོན་ཀུན་ལྡན་གྱི་ཀུན་གཞི་རིགས་པ་དུ་མས་བཀག་པ་ཡིན་ལ། ཞེས་ཕྱོགས་སྔ་མའི་འདོད་པ་བཀོད་པ་བདེན་ཡང་དེ་ནས་ས་བོན་ཀུན་ལྡན་གྱི་ཀུན་གཞི་རིགས་པ་དུ་མས་མ་བཀག་སྟེ། དེའི་རྗེས་ནས་ཕྱི་དོན་མ་གྲུབ་པར་འདོད་པ་བཀག་པ་གང་ཞིག་ཀུན་གཞི་དེའི་སྔར་ནས་བཀག་ཟིན་ལ་ས་བོན་ཀུན་ལྡན་གྱི་ཀུན་གཞི་རིགས་པ་དུ་མས་བཀག་ཞེས་པའི་རིགས་པ་དུ་མ་འཇོག་རྒྱུུ་མེད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། འཇུག་པ་རང་འགྲེལ་ལས། གལ་ཏེ་འདི་དག་རྣམ་པར་ཤེས་པ་ཙམ་ཉིད་ཡིན་ན། འོ་ན་འདིར་ཇི་ལྟར་ཕྱི་རོལ་གྱི་དོན་མེད་པར་དེའི་རྣམ་པ་ཅན་གྱི་རྣམ་པར་ཤེས་པ་ཙམ་སྐྱེ་བར་འགྱུར་ཞེ་ན། སྨྲས་པ། ཇི་ལྟར་རླུང་གིས་བསྐལ་བས་རྒྱ་མཚོ་ནི། །ཆུ་ལས་ཆུ་རླབས་འབྱུང་བ་དེ་བཞིན་དུ། །ཀུན་གྱི་ས་བོན་ཀུན་གཞི་ཞེས་བྱ་ལས། །རང་གི་ནུས་པས་རྣམ་ཤེས་ཙམ་ཞིག་འབྱུང༌། །ཇི་ལྟར་རྒྱ་མཚོ་ཆུ་རླབས་ཀྱི་རྟེན་དུ་གྱུར་བའི་ཆུའི་ཡན་ལག་རླུང་གིས་ཀུན་ནས་བསྐྱོད་པ་ལས། རླུང་ཙམ་གྱི་རྐྱེན་ཉེ་བར་ལྷགས་པས་གཉིད་ལོག་པ་ལྟ་བུའི་རྦ་རླབས་རྣམས་འགྲན་པའི་སྒོ་ནས་བདག་གི་ལུས་རྙེད་པ་ལྟར་ཀུན་ནས་ཡོངས་སུ་རྒྱུག་པར་རྟོགས་པ་དེ་བཞིན་དུ། འདིར་ཡང་རྣམ་པར་ཤེས་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐོག་མ་མེད་པའི་དུས་ནས་ཞུགས་པ། གཟུང་བ་དང་འཛིན་པར་མངོན་པར་ཞེན་པའི་བག་ཆགས་ཡོངས་སུ་སྨིན་པ་ལས་བདག་ཉིད་ཀྱི་དངོས་པོ་ཡོད་པ་ཐོབ་པར་འགག་བཞིན་པའི་ཀུན་གཞིའི་རྣམ་པར་ཤེས་པ་ལ་གང་བག་ཆགས་ཀྱི་ཁྱད་པར་རང་གི་རྣམ་པ་དང་རྗེས་སུ་འབྲེལ་བའི་རྣམ་པར་ཤེས་པ་གཞན་སྐྱེ་བའི་རྒྱུར་གྱུར་པ་བཞག་པ་རིམ་གྱིས་རང་ཡོངས་སུ་སྨིན་པའི་རྐྱེན་ལྷགས་པས་ཡོངས་སུ་སྨིན་པ་ཐོབ་པ་དེ་ལས་གང་ཡོངས་སུ་མ་དག་པ་གཞན་གྱི་དབང་ཙམ་ཞིག་ཉེ་བར་བསྐྱེད་པ་དེ་ཉིད་ལ་བྱིས་པ་རྣམས་གཟུང་བ་དང་འཛིན་པའི་རྣམ་པས་རྟོག་པ་ཀུན་ཏུ་རྟོག་པར་བྱེད་ཀྱི། རྣམ་པར་ཤེས་པ་ལས་ཐ་དད་པར་གྱུར་བའི་གཟུང་བ་ནི་ཅུང་ཟད་་ཡོད་པ་མ་ཡིན་ནོ། །ཞེས་པ་ནས། གསུམ་པོ་ལས་ཐ་མི་དད་དོ་ཞེའོ། །ཞེས་ཕྱོགས་སྔ་བཀོད་དེ། དེ་ནས་འཇུག་པ་རྩ་བ་ལས། ཕྱི་རོལ་མེད་སེམས་དཔེ་ནི་གང་དུ་ཡོད། །རྨི་ལམ་ཇི་བཞིན་ཞེ་ན་དེ་བསམ་བྱ། །གང་ཚེ་ང་ལ་རྨི་ལམ་ན་ཡང་སེམས། །ཡོད་མིན་དེ་ཚེ་ཁྱོད་ཀྱི་དཔེ་ཡོད་མིན། །གལ་ཏེ་སད་ཚེ་རྨི་ལམ་དྲན་ལས་ཡིད། །ཡོད་ན་ཕྱི་རོལ་ཡུལ་ཡང་དེ་བཞིན་འགྱུར། །ཇི་ལྟར་ཁྱོད་ཀྱི་ངས་མཐོང་སྙམ་དྲན་པ། །དེ་འདྲ་ཕྱི་རོལ་ལ་ཡང་ཡོད་པ་ཡིན། །ཞེས་སོགས་ཀྱིས་ཕྱི་དོན་མེད་པར་འདོད་པ་དགག་པར་མཛད་དོ། །རྩ་རྟགས་གཉིས་པ་གྲུབ་སྟེ།དེའི་གོང་དུ་འཇུག་པ་རང་འགྲེལ་ལས། འོ་ན་འཕགས་པ་ལང་ཀར་གཤེགས་པ་ལ་སོགས་པ་རྣམས་ལས། ཀུན་གཞིའི་རྣམ་པར་ཤེས་པ་ཆོས་མཐའ་ཡས་པའི་ནུས་པའི་ཁྱད་པར་གྱི་གཞི་ས་བོན་ཐམས་ཅད་སྐྱེ་བའི་རྒྱུར་གསུངས་པ་གང་ཡིན་པ་དེ་ཅི་རྣམ་པ་ཐམས་ཅད་དུ་སྐྱེ་བ་མེད་པ་ཞིག་གམ་ཞེ་ན། དེ་ལྟར་ནི་མ་ཡིན་ཏེ། དེ་སྐད་དུ་ཉེ་བར་བསྟན་པས་འདུལ་བ་རྣམས་ལ་དེ་ཡོད་པ་ཉིད་དུ་བསྟན་པའི་ཕྱིར་རོ། །དངོས་པོ་ཐམས་ཅད་ཀྱི་རང་བཞིན་རྗེས་སུ་ཞུགས་པའི་ཕྱིར་སྟོང་ཉིད་ཁོ་ན་ཀུན་གཞིའི་རྣམ་པར་ཤེས་པའི་སྒྲས་བསྟན་པར་རིག་པར་བྱའོ། །ཀུན་གཞིའི་རྣམ་པར་ཤེས་པ་འབའ་ཞིག་ཡོད་པར་མ་ཟད་ཀྱི་གང་ཟག་ཀྱང་ཡོད་དེ། དེས་འདུལ་བའི་སྐྱེ་བོ་ལ་དེ་ཡོད་པ་ཉིད་དུ་བསྟན་པས་རྗེས་སུ་འཛིན་པའི་ཕྱིར་རོ། །ཞེས་པ་ནས། འདིར་དགོངས་པ་གང་ཞིག་ཡིན་ཞེ་ན། བརྗོད་པར་བྱ་སྟེ། ཀུན་གཞི་ཡོད་ཅིང་གང་ཟག་ཉིད་ཡོད་ལ། །ཕུང་པོ་འདི་དག་འབའ་ཞིག་ཉིད་ཡོད་ཅེས། །བསྟན་པ་འདི་ནི་དེ་ལྟར་ཆོས་ཟབ་དོན། །རིག་པར་མི་འགྱུར་གང་ཡིན་དེ་ལའོ། །གདུལ་བྱ་གང་དག་ཡུན་རིང་པོར་མུ་སྟེགས་ཀྱི་ལྟ་བ་ལ་གོམས་པར་བྱས་པས་ཆོས་ཉིད་ཟབ་མོ་ལ་འཇུག་པར་མི་ནུས། ཞེས་པ་ནས། ཐོག་མར་ཀུན་གཞིའི་རྣམ་པར་ཤེས་པ་ལ་སོགས་པ་བསྟན་པས་ནི་མུ་སྟེགས་ཀྱི་ལུགས་བསལ་ནས་དེ་དག་གི་དོན་ཆེན་པོ་འདྲེན་པར་འགྱུར་ཞིང༌། ཞེས་སོགས་ལང་ཀར་གཤེགས་པ་སོགས་ཀུན་གཞི་ས་བོན་ཐམས་ཅད་སྐྱེ་བའི་རྒྱུ་གསུངས་པའི་དགོངས་གཞི་སྟོང་ཉིད་ཡིན་པ་དང༌། དགོས་པ་མུ་སྟེགས་ཀྱི་ལྟ་བ་ལ་གོམས་པ་རྣམས་ཁ་དྲངས་བའི་ཆེད་དང༌། དངོས་ལ་གནོད་བྱེད་གང་ཟག་རྫས་ཡོད་འགྱུར་བར་གསུངས་སོ། །རྩ་རྟགས་གསུམ་པ་གྲུབ་སྟེ། འཇུག་པ་རྩ་འགྲེལ་དུ་བཀོད་པའི་བག་ཆགས་ཐམས་ཅད་པའི་ཀུན་གཞི་འགོག་བྱེད་ཀྱི་རིགས་པ་འབྲས་བུ་སྣང་བ་ཅིག་ཆར་འབྱུང་བའི་རིགས་པ་མ་གསུངས་པ་གང་ཞིག་གཞན་འཇོག་རྒྱུ་མེད་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན་རིགས་པ་དེ་སྟོན་བྱེད་ཀྱི་ལུང་ངོས་འཛིན་པར་གྱིས་ཞེས་བྱའོ། །ཞེས་བློ་གསལ་རྣམས་ལ་དཔྱད་པའི་སྒོ་ཙམ་ལས་ཐམས་ཅད་རང་ལུགས་རྣམ་པར་བཞག་པའི་དབང་དུ་བྱས་པ་ནི་མིན་ནོ། །རང་ལུགས་ལ་དཔལ་ལྡན་ཟླ་བས་ས་བོན་ཐམས་ཅད་པའི་ཀུན་གཞི་བཀག་ཀྱང་ཀུན་གཞི་བཀག་མ་བཀག་དཔྱད་དགོས་ཏེ། གཞན་སྟོང་དབུ་མའི་རྒྱན་ལས། ཁྱད་པར་ཐལ་འགྱུར་སྨྲ་བ་མཆོག་ཡིན་ཀྱང༌། །ས་བོན་ཐམས་ཅད་པ་ཡི་ཀུན་གཞི་ནི། །བཀག་མོད་ཀུན་གཞིའི་ངོ་བོ་བཀག་པ་མེད། །ཅེས་གསུངས་པ་ལ། འཇུག་པ་རང་འགྲེལ་ལས། དངོས་པོ་ཐམས་ཅད་ཀྱི་རང་བཞིན་རྗེས་སུ་ཞུགས་པའི་ཕྱིར་སྟོང་བ་ཉིད་ཁོ་ན་ཀུན་གཞིའི་རྣམ་པར་ཤེས་པའི་སྒྲས་བསྟན་པར་རིག་པར་བྱའོ། །ཞེས་གསུངས་པས་དཔྱད་པར་བྱའོ། །
དྲི་བ་བཅོ་བརྒྱད་པ་ཟིན་བྲིས་ལས། ཀུན་གཞིའི་སྟེང་དུ་བག་ཆགས་འཇོག་པའི་རྒྱུ་འབྲས་ཀྱི་རིམ་པ་དུས་མཉམ་པ་ཡིན་ནམ་གཞན་སྔ་ཕྱི་ཅན་ཡིན་ཞེས་པའི་ལན་ཕྲིས་ཞེས་པའི་ལན།
དྲི་བ་བཅོ་བརྒྱད་པ་ཟིན་བྲིས་ལས། ཀུན་གཞིའི་སྟེང་དུ་བག་ཆགས་འཇོག་པའི་རྒྱུ་འབྲས་ཀྱི་རིམ་པ་དུས་མཉམ་པ་ཡིན་ནམ་གཞན་སྔ་ཕྱི་ཅན་ཡིན་ཞེས་པའི་ལན་ཕྲིས་ཞེས་པའི་ལན།
ཟིན་བྲིས་ལས། ཀུན་གཞིའི་སྟེང་དུ་བག་ཆགས་འཇོག་པའི་རྒྱུ་འབྲས་ཀྱི་རིམ་པ་དུས་མཉམ་པ་ཡིན་ནམ་གཞན་སྔ་ཕྱི་ཅན་ཡིན་ཞེས་པའི་ལན་ཕྲིས་ཞེས་པའོ། །དེའི་ལན་ལ་གཞན་ལུགས་བཤད་པ་དང༌། རང་ལུགས་བཤད་པ་དང་གཉིས། དང་པོ་ནི། གངས་ཅན་མཁས་པའི་དབང་བོ་རྗེ་བདག་ཉིད་ཆེན་པོས་བག་ཆགས་སྒོ་བྱེད་ཚོགས་བདུན་གྱི་ཤེས་པ་འགག་པ་ལ་མངོན་པར་ཕྱོགས་པའི་དུས་སུ་བག་ཆགས་བཞག་པར་འདོད་པས་བག་ཆགས་འཇོག་པའི་རྒྱུ་འབྲས་སྔ་ཕྱི་རིམ་ཅན་དུུ་བཞེད་པ་ཡིན་ཏེ། རྗེ་ཉིད་ཀྱིས་མཛད་པའི་ཀུན་གཞི་རྩ་བ་ལས། བརྟེན་པ་ས་བོན་ཀུན་གཞི་ནི། །སྒོ་བར་བྱེད་པས་བསྒོ་གཞི་ལ། །འགག་ལ་མངོན་དུ་ཕྱོགས་པའི་ཚེ། །བཞག་པའི་ནུས་པའོ། །ཞེས་དང༌། རྗེ་ཉིད་ཀྱི་ཡིད་དང་ཀུན་གཞིའི་དཀའ་བའི་གནས་རྒྱ་ཆེར་འགྲེལ་བ་ལས། སྒོ་བྱེད་ཚོགས་བདུན་གྱི་བསྒོ་གཞི་ལ་རང་ཉིད་འགག་པ་ལ་སྔོན་དུ་ཕྱོགས་པའི་ཚེ་དགེ་མི་དགེ་ལུང་མ་བསྟན་གསུམ་གྱི་ས་བོན་བཞག་པའི་ནུས་པ་ཞིག་གོ ། ཞེས་གསུངས་སོ། །གཉིས་པ་རང་ལུགས་ལ་བག་ཆགས་སྒོ་བྱེད་ཚོགས་བདུན་གྱི་ཤེས་པ་རང་དུས་སུ་བག་ཆགས་འཇོག་སྟེ། ས་བཟང་གི་ཀུན་བཏུས་འགྲེལ་བ་ལས། མེ་ཏོག་དང་ལྷན་ཅིག་འགྲོགས་པའི་ཏིལ་ལ་དྲི་འཆགས་ཀྱི། ཡུལ་དང་དུས་ཐ་དད་པའི་ཏིལ་ལ་མི་ཆགས་པ་བཞིན་དུ། སྒོ་བྱེད་པ་དང་རྒྱུད་གཅིག་ལ་དུས་མཉམ་དུ་འབྲེལ་བའི་ཀུན་གཞི་ལ་བག་ཆགས་བསྒོ་བར་བྱ་བ་ཡིན་གྱི། རྒྱུད་དང་དུས་ཐ་དད་པའི་ཀུན་གཞི་ལ་ནི་མ་ཡིན་ནོ། །ཞེས་དང༌།ཐེག་མཆོག་དབུ་མ་ལས། དུས་མཉམ་བག་ཆགས་བགོ ། དེ་ནུས་སྐད་ཅིག་གཉིས་པ་ཕན་ཆད་ལའོ། །ཞེ་སྡང་ཡོད་དུས་སེམས་ཀྱང་དེའི་རྣམ་པར། །འཆར་གྱི་དེ་ཡི་རྗེས་ཐོག་དེ་མ་ངེས། །དེ་དེའི་རྣམ་པ་གསལ་དུས་མི་འཇོག་པར། །ནུབ་དུས་ས་བོན་འཇོག་པ་ངོ་མཚར་རྨད། །ཅེས་དང༌། དེའི་ཟིན་བྲིས་ལས། ཀུན་གཞིའི་སྟེང་དུ་བག་ཆགས་འཇོག་པའི་རྒྱུ་འབྲས་ཀྱི་རིམ་པ་དུས་མཉམ་པ་ཡིན་ནམ་གཞན་སྔ་ཕྱི་ཅན་ཡིན་སྙམ་ན་དེ་ནི་དུས་མཉམ་པ་ཡིན་ཏེ། དཔེར་ན་སེམས་ལ་ཞེ་སྡང་དྲག་པོ་གཅིག་སྐྱེས་པ་ན། སྐད་ཅིག་དེ་ཀར་ཞེ་སྡང་དེས་འབྲས་བུ་ཀུན་གཞིའི་སྟེང་དུ་བག་ཆགས་བསྒོས་ནས། བག་ཆགས་དེ་ནུས་པའི་ཚུལ་གྱིས་ཀུན་གཞི་ལ་སྐད་ཅིག་གཉིས་པ་ཚུན་ཆད་དུ་གནས་པ་ཡིན་ནོ། །སྐད་ཅིག་མ་དང་པོ་ལ་སེམས་ལ་ཞེ་སྡང་དྲག་པོ་ཡོད་པའི་དུས་དེར་སེམས་ཀུན་གཞི་རྣམ་ཤེས་འཁོར་སེམས་བྱུང་དང་བཅས་པ་རྣམས་ཀྱང་ཞེ་སྡང་དེའི་རྣམ་པར་འཆར་བ་སྟེ། དེའི་མདངས་ཀྱིས་ཡོངས་སུ་གོས་པར་གྱུར་པ་ཡིན་ལ། དེའི་རྗེས་ཐོག་སྐད་ཅིག་གཉིས་པ་ཚུན་ཆད་དུ་ཞེ་སྡང་གི་རྣམ་པ་ནུབ་པ་ན་སེམས་ཀྱང་དེའི་རྣམ་པར་འཆར་བ་མ་ངེས་ལ་དེའི་རྣམ་པ་གསལ་བའི་དུས་སྐད་ཅིག་མ་དང་པོར་དེར་བག་ཆགས་མི་འཇོག་པར་ཞེ་སྡང་གི་རྣམ་པ་ནུབ་པའི་དུས་སྐད་ཅིག་མ་གཉིས་པར་བག་ཆགས་འཇོག་པ་ནི་ངོ་མཚར་བ་སྟེ་ཆེས་མི་འཐད་པའོ། །ཞེས་གསུངས་སོ། །གཞན་ལུགས་ལ་སྐྱོན་བརྗོད་པ་ལྟར་འཇུག་པ་ཡིན་ན་མྱུ་གུའི་ས་བོན་གྱིས་མྱུ་གུ་རང་དུས་དང་རང་དུས་དེ་ལས་སྐད་ཅིག་གཉིས་པའི་དུས་སུ་བསྐྱེད་པ་ཡིན་ནམ་ཅི། བར་ཆད་མེད་ལམ་གྱིས་རང་གི་དངོས་སྐལ་གྱི་སྤང་བྱ་རང་དུས་སུུ་སྤོང་ཀྱང་མ་སྤངས་པར་དེ་སྤངས་པ་རྣམ་གྲོལ་ལམ་གྱི་དུས་བཞག་དགོས་པ་ཡིན་ནམ་ཅི། རང་ལུགས་སྒོ་བྱེད་ཀྱི་རང་དུས་སུ་བག་ཆགས་འཇོག་ཅེས་པ་དང་བཞག་ཅེས་པ་ད་ལྟ་བ་དང་འདས་པའི་ཁྱད་ཡོད་དམ་ཅི། ཞེ་སྡང་དང་དེས་བཞག་པའི་བག་ཆགས་གཉིས་དུས་མཉམ་དུ་གྲུབ་པ་ཡིན་ནམ་ཅི་ཡིན་མཁས་པ་དམ་པ་རྣམ་གྱིས་བློ་གྲོས་ཀྱི་གཤོག་རྩལ་སྐྱོངས་ཤིག་དེ་ནས་རང་ལུགས་ཀྱི་བག་ཆགས་སྒོ་བྱེད་དང་དེའི་བག་ཆགས་དུས་མཉམ་དུ་ཁས་བླངས་པ་ལ་སྐྱོན་སྤོང་དུ། ཐེག་མཆོག་དབུ་མ་ལས། ངོ་བོ་སྐྱེད་པའི་རྒྱུ་འབྲས་སྔ་ཕྱི་སྟེ། །ཁྱད་པར་བསྐྱེད་དང་རྟེན་ལ་ངེས་པ་མེད། །རྒྱུ་ཡི་འཇོག་མཚམས་རྣམ་པ་དུ་མའི་ཕྱིར། །རིག་པའི་དབང་ཕྱུག་གཞུང་དང་འདི་མི་འགལ། །ཞེས་པ་ནས། མེད་པ་སྔར་ནུས་མེད་ཕྱིར་དང༌། །ཕྱིས་ཀྱང་ཉེ་བར་མི་སྦྱོར་ཕྱིར། །རྒྱུ་རྣམས་ཐམས་ཅད་སྔར་ཡོད་ཡིན། །ཞེས་པའང་ངོ་བོ་སྐྱེད་བྱེད་དོ། །ཞེས་ངོ་བོ་བསྐྱེད་པའི་རྒྱུ་འབྲས་དུས་མི་མཉམ་ཀྱང་རྟེན་བརྟེན་པའི་རྒྱུ་འབྲས་དུས་མཉམ་ཡོད་པར་གསུངས་ལ། དེ་ལྟར་ས་བཟང་གིས་ཀྱང་གསུངས་སོ། །འདི་ལ་རྣམ་འགྲེལ་ལས། མེད་པ་སྔར་ནུས་མེད་ཕྱིར་དང༌། །ཞེས་སོགས་ཀྱི་ཚིག་དོན་དང་ཕྱོགས་སྔ་མའི་འདོད་པ་རྣམས་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་རིན་ཆེན་ཕྲེང་བ་ལས་འདི་ལྟར་གསུངས་ཏེ། ཇི་སྐད་དུ། བྱེ་བྲག་སྨྲ་བ་སོགས་ན་རེ། ཡིད་སྔོན་གྱི་བཟུང་དོན་དག་ཆོས་ཅན། ཇི་ལྟར་དབང་པོའི་ཤེས་པའི་ཡིད་མངོན་བསྐྱེད་པའི་ལྷན་ཅིག་བྱེད་པའི་རྐྱེན་ཡིན་ཏེ་མིན་པར་ཐལ། དབང་ཤེས་དེ་དང་ཡིད་སྔོན་བྱེད་པའི་དུས་མཚུངས་པར་མེད་པའི་ཕྱིར་ཏེ། རང་ཡིད་ཤེས་མངོན་སུམ་དང་དུས་མཚུངས་པ་ཅན་ཡིན་པའི་ཕྱིར་ཞེ་ན། འོ་ན་རྫས་སུ་ཡོད་པར་རྒྱུར་འགྱུར་རམ། མེད་པར་རྒྱུར་འགྱུར། དང་པོ་ལྟར་ན་སྔར་རྫས་སུ་མེད་པ་ཆོས་ཅན། འབྲས་བུ་བསྐྱེད་པའི་ནུས་པ་མེད་པར་ཐལ། རྫས་སུ་མེད་པས་སོ། །གཉིས་པ་ལྟར་ན། རྒྱུ་ཆོས་ཅན། ཕྱིས་ཀྱང་སྟེ་རང་དུས་ན་རང་འབྲས་ལ་ཕན་པ་ཉེ་བར་མི་སྦྱོར་བར་ཐལ། རང་དུས་ནས་འབྲས་བུ་གྲུབ་ཟིན་པའི་ཕྱིར། ཡིད་སྔོན་གྱི་བཟུང་དོན་རགས་པ་ཆོས་ཅན། རང་བློ་བཅས་ཏེ་ཡིད་མངོན་དང་ལྷན་ཅིག་པ་མིན་ཏེ། ཁྱོད་དེའི་དབང་ཤེས་སྐྱེད་བྱེད་ཡིན་པའི་ཕྱིར། ཁྱབ་སྟེ། རྒྱུ་རྣམས་ཐམས་ཅད་འབྲས་བུའི་སྔར་ཡང་ཡིན་པས་སོ། །གལ་ཏེ་དེས་དེ་ཇི་ལྟར་འཛིན་ཏེ་མི་འཛིན་པར་ཐལ། དེ་དང་དུས་ཐ་དད་པས་སོ་ཞེ་ན། ཆོས་ཅན་དེ་དང་དུས་མི་མཉམ་ཡང་དེའི་བཟུང་བ་སྟེ་ཡུལ་དུ་ཐལ། ཡིད་ཤེས་མངོན་སུམ་ལ་རང་འདྲའི་རྣམ་པ་དངོས་སུ་འཇོག་ནུས་པའི་རྒྱུ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ལ་དེ་ཡུལ་དུ་རིགས་པ་ཤེས་པའི་མཁས་པས་ཤེས་སོ། །ཞེས་གསུངས་པའི་དོན་སྤྱིར་རྒྱུ་འབྲས་དུས་མཉམ་པ་དགག་པ་མ་ཡིན་པར་ངོ་བོ་བསྐྱེད་པའི་རྒྱུ་འབྲས་དགག་པ་ཡིན་ཚུལ་དང་དེའི་སྐབས་ཀྱི་ཕྱོགས་སྔའི་ཁས་ལེན་དང་དེ་དགག་ཚུལ་སོགས་ལ་དཔྱད་པར་བྱའོ། །
དྲི་བ་བཅུ་དགུ་བ་ཟིན་བྲིས་ལས། རྣམ་བྱང་གིས་བསྡུས་པའི་སྡུག་ཀུན་ཕྲ་མོ་ཞེས་པའི་སྐབ་སུ་སྡུག་ཀུན་ཕྲ་མོ་རྣམ་བྱང་གིས་བསྡུས་ཚུལ་ཇི་ལྟར་ཡིན་ཞེས་པའི་ལན།
དྲི་བ་བཅུ་དགུ་བ་ཟིན་བྲིས་ལས། རྣམ་བྱང་གིས་བསྡུས་པའི་སྡུག་ཀུན་ཕྲ་མོ་ཞེས་པའི་སྐབས་སུ་སྡུག་ཀུན་ཕྲ་མོ་རྣམ་བྱང་གིས་བསྡུས་ཚུལ་ཇི་ལྟར་ཡིན་ཞེས་པའི་ལན།
ཟིན་བྲིས་ལས། རྣམ་བྱང་གིས་བསྡུས་པའི་སྡུག་ཀུན་ཕྲ་མོ་ཞེས་པའི་སྐབས་སུ་སྡུག་ཀུན་ཕྲ་མོ་རྣམ་བྱང་གིས་བསྡུས་ཚུལ་ཇི་ལྟར་ཡིན་ཞེས་པའོ། །དེའི་ལན་ལ་གཞུང་གི་གསུངས་ཟིན་འགའ་ཞིག་བཀོད་པ་དང༌། དེ་རྣམ་བྱང་གིས་བསྡུས་ཚུལ་དངོས་དང་གཉིས། དང་པོ་ནི། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། སྤྱིར་ཀུན་གཞི་འཁོར་བ་ཇི་སྲིད་དུ་འཇུག་པའི་ཤེས་པ་ཡིན་ལ། འཁོར་བ་ལ་རགས་པ་དང་ཕྲ་བ་གཉིས་ཡོད་པ་ལས། དང་པོ་ནི། ཁམས་གསུམ་འཁོར་བ་ཀུན་ནས་ཉོན་མོངས་པས་བསྡུས་པ་ཉིད་ཡིན་ཞིང༌། དེ་ནི་ཐེག་དམན་གྱི་དགྲ་བཅོམ་གཉིས་དང༌། །ཐེག་ཆེན་གྱི་འཕགས་ལམ་ནམ་ཐོབ་པ་དེའི་ཚེ་འཁོར་བ་དེ་སྤངས་པ་ཡིན་པས། སྤྱིར་ཀུན་གཞི་བག་ཆགས་ཀུན་དང་ལྡན་གྱི་དེའི་ཚེ་ཁམས་གསུམ་འཁོར་བའི་བག་ཆགས་དང་མི་ལྡན་པས།ཀུན་གཞིའི་མཚན་ཉིད་གནས་ཡོངས་སུ་གྱུར་པ་ཡིན་གྱི་ངོ་བོ་གནས་ཡོངས་སུ་གྱུར་པ་མ་ཡིན་ལ། འཁོར་བ་ཕྲ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མ་རིག་བག་ཆགས་ཀྱི་ས་དང༌།ཟག་མེད་ཀྱི་ལས་དང༌། ཡིད་ཀྱི་རང་བཞིན་གྱི་ལུས་དང༌། བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བ་ལ་སོགས་པ་རྣམ་བྱང་གིས་བསྡུས་པའི་འཁོར་བ་ཕྲ་མོ་དེ་ཡང་སྤངས་ཏེ་སངས་རྒྱས་པ་ན་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གནས་གྱུར་པའི་ཕྱིར། །ཞེས་དང༌། དེ་ལས། བྱང་ཆུབ་སེམས་དཔའ་འཕགས་པའི་རྒྱུད་ཀྱི་ཤེས་སྒྲིབ་རྣམས་དང༌། མ་རིག་བག་ཆགས་ཀྱི་ས་དང་དབང་སྒྱུར་བའི་ཉོན་མོངས་པ་རྣམས་དང༌། ཟག་པ་མེད་པའི་ལས་དེ་དག་ལ་ཀུན་འབྱུང་ཕྲ་མོ་ཞིག་འཇོག་ཅིང༌། རྣམ་པར་བྱང་བའི་ལམ་གྱིས་བསྡུས་པ་ཡིན་ནོ། །དེ་ལ་མ་རིག་བག་ཆགས་ཀྱི་ས་ནི་ཐམས་ཅད་མཁྱེན་པ་ཐོབ་པ་ལ་སྒྲིབ་ཅིང་ཤེས་སྒྲིབ་ཀྱི་གཞིའི་ས་ཡིན་པས་དེ་སྐད་ཅེས་འཇོག་གོ ། དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤོང་བར་མི་ནུས་ཤིང་རང་དབང་མེད་པའི་སྒྲིབ་པའོ། །དབང་སྒྱུར་བའི་ཉོན་མོངས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱུད་ལ་བརྟེན་པས་སེམས་མ་ཞི་བ་དང་ཐར་བ་ཐོབ་པ་ལ་གེགས་བྱེད་དུ་མི་འགྱུར་པར་བྱང་ཆུབ་ལ་ཉེ་བར་འགྱུར་ཞིང་སེམས་རབ་ཏུ་ཞི་བར་འགྱུར་བ་སྟེ། ཞེས་པ་ནས། ཐེག་ཆེན་གྱི་ཡིད་ལུས་ནི་རགས་པའི་ལུས་མ་ཡིན་པར་ཤིན་ཏུ་དྭངས་པ་ལ་མཚན་དཔེ་རྗེས་མཐུན་པས་སྤྲས་པ་བྱང་ཆུབ་སེམས་དཔའི་རང་སྣང་གི་ལུས་དེ་ལ་ཆུང་ངུ་ས་དང་པོ་ནས་ས་བདུན་པའི་བར་དང༌། འབྲིང་ས་བརྒྱད་དང་དགུའི་སྐབས་དང༌། ཆེན་པོ་ས་བཅུ་པའོ། །དབང་སྒྱུར་གྱི་སྐྱེ་བ་ནི་ཐེག་ཆེན་གྱི་ཡིད་ལུས་དེ་ཉིད་སྐད་ཅིག་གཅིག་ལ་སྤྲུལ་པ་དང་རྫུ་འཕྲུལ་སྣ་ཚོགས་པ་སྟོན་པ་དང༌། བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བ་ནི། ཡིད་ལུས་དེ་ཉིད་ཟད་ཅིང་མེད་པར་འགྱུར་བའི་འཆི་འཕོ་བ་མ་ཡིན་གྱི། སྤྲུལ་བ་དང་རྫུ་འཕྲུལ་ལ་ཡང་ཡང་འཇུག་ཅིང་ཡང་ཡང་གཏོང་བ་ལ་འཆི་འཕོ་བའི་མིང་གིས་བསྟན་ནོ། །དག་པའི་འཇིག་རྟེན་གྱི་ཁམས་ཞེས་པ་ནི་འཕགས་པ་རྣམས་གང་དུ་གནས་ཀྱང་དེ་ཉིད་དུ་བཻཌཱུརྱའི་ས་གཞི་ལ་གསེར་གྱི་བྱེ་མ་བརྡལ་བ་སོགས་དག་པའི་ཞིང་དང༌། ལུས་ཐམས་ཅད་ཡིད་ཀྱི་ལུས་སུ་འགྱུར་རོ། །ཞེས་པ་ནས། དེས་ན་ཡིད་ལུས་དང་དབང་བསྒྱུར་གྱི་སྐྱེ་བ་དང༌། བསམ་གྱིས་མི་ཁྱབ་ཀྱི་འཆི་འཕོ་བ་དང༌། དག་པའི་ཞིང་ཁམས་རྣམས་ནི་རྣམ་པར་བྱང་བའི་ལམ་གྱིས་བསྡུས་ཤིང་སྡུག་བསྔལ་ཕྲ་མོ་ཞེས་བརྗོད་དོ། །ཞེས་གསུངས་སོ། །དབང་བསྒྱུར་བའི་ཉོན་མོངས་པ་ནི། ཉོན་མོངས་པ་ཡིན་མིན་དཔྱད་པར་བྱ་སྟེ། ས་བཟང་གི་རྒྱུད་བླའི་འགྲེལ་བ་ལས། དེ་ལ་སྐྱེ་བའི་རྒྱུ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཞན་དོན་དུ་སྐྱེ་བ་ལེན་པའི་རྒྱུ་འདོད་ཆགས་ལ་སོགས་པའི་ཉོན་མོངས་ཤིན་ཏུ་ཕྲ་མོ་ཆེད་དུ་གཉེར་ནས་མ་སྤངས་པ་སྟེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། དེ་དག་གི་འཁོར་བའི་རྒྱུ་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་གང་ཞེ་ན། འདི་ལྟ་སྟེ་བསོད་ནམས་ཀྱི་ཚོགས་ཡོངས་སུ་ཚོལ་བས་མི་ངོམས་པ་དང༌། ཞེས་པ་ནས། ཉོན་མོངས་པའི་སྐྱོན་གྱིས་མི་གོས་པ་འདི་དག་ནི་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པའོ་ཞེས་གསུངས་པ་ལྟར་རོ། །ཉོན་མོངས་སུ་འདོགས་ཚུལ་ནི། བསམ་བཞིན་དུ་སྲིད་པར་སྐྱེ་བ་ལེན་པའི་རྒྱུར་གྱུར་པའི་ཕྱིར། ཞེས་དང༌། དེས་ན་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་ཞེས་བྱའོ། ཞེས་གསུངས་པ་དང༌། དེ་བཞིན་དུ་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། བློ་གྲོས་རྒྱ་མཚོའི་ཞུས་པའི་མདོ་དྲངས་ཏེ། དེ་ནས། དཀོན་བརྩེགས་འོད་སྲུང་གི་ལེའུར། ཇི་ལྟར་གྲོང་ཁྱེར་སྐྱེ་བོའི་མི་གཙང་ལུད། །དེ་ནི་བུ་རམ་ཤིང་པའི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོངས་ལུད། །དེ་ནི་སངས་རྒྱས་ཆོས་རྣམས་བསྐྱེད་ལ་ཕན། །ཞེས་དང༌། འོད་སྲུང་འདི་ལྟ་སྟེ། དཔེར་ན་སྔགས་དང་སྨན་གྱིས་ཡོངས་སུ་ཟིན་པའི་དུག་གིས་ནི་ལོག་པར་འཆི་བར་བྱེད་མི་ནུས་སོ། །དེ་བཞིན་དུ་བྱང་སེམས་རྣམས་ཉོན་མོངས་པ་ཤེས་རབ་ཀྱིས་ཡོངས་སུ་ཟིན་པས་ཀྱང་ལོག་པར་ལྷུང་བར་བྱེད་མི་ནུས་སོ། །ཞེས་པ་ལྟར་ཉོན་མོངས་ཕྲ་མོ་ཡོད་པ་ལ་དགོངས་པར་གསལ་དེ་ཚོགས་རྫོགས་བྱེད་ཀྱི་ཐབས་སུ་ཡང་འགྱུར་སྲིད་དེ། ཐོགས་མེད་ཀྱིས། ཐབས་ཆེན་རྣམས་དང་ལྡན་པ་ལ། །སྲིད་པའང་ཞི་བའི་བདག་ཉིད་དང༌། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །དེ་ཕྱིར་དེ་བཞིན་གཤེགས་བསམ་ཡས། །ཞེས་པ་ལྟར་རོ། །ཞེས་ཆོས་རྗེ་ཉ་དབོན་པས་གསུངས་ལ། དེ་འདྲའི་ཉོན་མོངས་ཕྲ་མོ་དེ་ཉོན་མོངས་དངོས་ཡིན་མིན་དཔྱད་དགོས་ཏེ། དེ་ས་བདུན་པའི་བར་དུ་ཡོད་པར་གསུངས་ལ། ཉོན་མོངས་པ་ས་དང་པོར་སྤངས་པར་རང་ལུགས་ལ་གསུངས་སོ། །འཕགས་ཡུལ་པཎ་གྲུབ་ཀྱི་བཞེད་ཕྱོགས་ལ་ཉོན་མོངས་པ་ཡིན་པར་འདོད་པ་དང་སྙིང་རྗེ་སོགས་ལ་ཉོན་མོངས་པས་མིང་གི་བཏགས་པར་འདོད་པའི་ལུགས་གཉིས་བྱུང་བའོ། །རྒྱས་པར་ཉ་ཊཱིཀ་སྐབས་གཉིས་པ་སོགས་ལ་གཟིགས་པར་བྱ་དགོས་སོ། །མ་རིགས་བག་ཆགས་ཀྱི་ས་ནི། ས་བཟང་གི་རྒྱུད་བླའི་འགྲེལ་བ་ལས། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ལྟ་བུའི་མ་རིག་བག་ཆགས་ཀྱི་ས་སྟེ་དེ་སྤངས་པ་རྣམས་ཀྱིས་ནི་ཉོན་མོངས་པའི་དྲི་མ་དྲི་ང་བའི་བག་ཆགས་ཐམས་ཅད་དང་བཅས་པའི་ཕྱིར་གཙང་བའི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་མཐར་ཕྱིན་པ་མི་འཐོབ་བོ། །ཞེས་གཙང་བའི་ཕར་ཕྱིན་ཐོབ་པ་ལ་སྒྲིབ་བྱེད་ཀྱི་མ་རིག་བག་ཆགས་བཤད་པའི་སྐབས་སུ་ཉོན་མོངས་པའི་ས་བོན་ཕྲ་མོ་ཞིག་བཞག་པས་ན་ཉོན་མོངས་པ་མངོན་གྱུར་དང་དེའི་བག་ལ་ཉལ་དང་དེའི་བག་ཆགས་ཕྲ་མོ་སྟེ་གསུམ་ལས་དང་པོ་གཉིས་སྒྲིབ་བྱེད་ཀྱི་དྲི་མ་དགུ་བཤད་པའི་སྐབས་ལྟར་ཉོན་སྒྲིབ་དང་ཕྱི་མ་ཤེས་སྒྲིབ་དང་མ་རིག་བག་ཆགས་ཀྱི་ས་བཞག་དགོས་ལ། ཆོས་ཀྱི་བདག་འཛིན་གྱི་མ་རིག་པ་སོགས་ཡང་དེར་བཞག་སྙམ།དེ་དང་མཚུངས་ལྡན་གྱི་ཟག་མེད་ཀྱི་སེམས་བྱུང་སེམས་པ་ལྟ་བུ་སྐབས་འདིའི་ཟག་མེད་ཀྱི་ལས་ཡིན་ནོ། །ཡང་ཐེག་མཆོག་དབུ་མའི་ཟིན་བྲིས་སུ། སྐབས་འདིར་ཉན་རང་དགྲ་བཅོམ་པ་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་ཚེ། ཕུང་པོའི་རྒྱུན་འགག་པ་དང༌། ས་བོན་སྤངས་བར་བཤད་པ་ནི། ཉན་ཐོས་སྡེ་བ་རྣམས་དང་རྩོད་པའི་སྐབས་ཡིན་པའི་ཕྱིར། དེ་རྣམས་ཀྱི་འདོད་པ་རྟགས་སུ་བཀོད་པ་ཡིན་གྱི།ཐེག་ཆེན་རང་ལུགས་ལ་ཁམས་གསུམ་འཁོར་བའི་ཕུང་པོ་རགས་པ་འགག་པ་ཡིན་ཡང༌།སྤྱིར་ཕུང་པོའི་རྒྱུན་འགགས་པ་མ་ཡིན་ཏེ། ཡིད་ཀྱི་རང་བཞིན་གྱི་ལུས་ལེན་པའི་ཕྱིར་དང༌།དེ་གཉིས་ཀྱིས་ས་བོན་སྤངས་པ་ཡང་མ་ཡིན་ཏེ། མ་རིག་བག་ཆགས་ཀྱི་ས་དང་མ་བྲལ་བའི་ཕྱིར་རོ། །དེས་ན་རྫོགས་པའི་སངས་རྒྱས་ཐོབ་ཁ་མར་ཕུང་པོ་དང༌། ས་བོན་ཐམས་ཅད་ཡོངས་སུ་འགགས་པའི་སྐད་ཅིག་མ་ཞིག་ནི་ཡོད་པ་ཡིན་ནོ། །ཞེས་གསུངས་པ་ལ་དཔག་ན་ཉོན་མོངས་ཀྱི་བག་ཆགས་ཕྲ་མོ་ཞིག་མ་རིག་བག་ཆགས་ཀྱི་ས་ལ་བཞག་དགོས་སམ་སྙམ་མོ། །རྒྱས་པར་རྒྱུད་བླའི་འགྲེལ་བ་སོགས་ལས་ཤེས་པར་བྱའོ། །གཉིས་པ་དངོས་ཀྱི་ལན་ནི། དེ་དག་ལས་ཤེས་སྒྲིབ་མ་གཏོགས་པ་རྣམས་ནི་རྣམ་པར་བྱང་བ་ལམ་གྱི་སྣང་ཆ་ཡིན་པས་རྣམ་བྱང་གིས་བསྡུས་ཞེས་པའི་ཐ་སྙད་བཞག་པར་སྣང་ངོ༌། །འོན་ཀྱང་དེ་དག་ལམ་བདེན་མཚན་ཉིད་པ་ཡིན་མིན་སོགས་ཟབ་གསལ་གྱི་ཤེས་རབ་ལྡན་པ་རྣམས་ཀྱི་བགོ་སྐལ་དུ་བཞག་པའོ། །དེ་འདྲའི་སྡུག་ཀུན་ཕྲ་རགས་མ་ལུས་པ་ཡོངས་སུུ་སྤངས་བ་ནས་མཐར་ཐུག་གཙང་བདེ་རྟག་བདག་གི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་མངོན་དུ་གྱུར་པ་ཡིན་ནོ། །
སྨྲས་པ། རྒྱལ་བའི་ལེགས་གསུ༵ང་གསུ༵ང་རབ་ཡང་སྙིང་མཆོག །ཟབ་མོ་དབུ་མ༵་མ༵་ནོར་སྤྲོས་བྲལ་ལམ། །ངེས་དོན་ཆོས་སྟོ༷ན་སྟོ༷ན་པའི་ལུང་བསྟན་བཞིན། །ཇི་བཞིན་འགྲེལ་མཛ༵ད་མཛ༵ད་པ་ཕུལ་བྱུང་བ། །ཀུན་མཁྱེན་ཆེན་པོ་ཤེས་རབ་རྒྱལ་མཚན་དཔལ། །དེ་ཡི་རང་ལུགས་འཛིན་ལ་ཟླ་བྲལ་བ། །རྗེ་བཙུན་སྒྲོལ་བའི་མགོན་པོའི་གསུང་ཇི་བཞིན། །སྐལ་མཉམ་དག་ལ་ཕན་ཕྱིར་འབད་པ་བྱས། །འདིར་འབད་རྣམ་དཀར་ཟླ་འོད་དཀར་པོ་ཡིས། །ཐར་འདོད་བློ་གྲོས་ཀུ་མུད་རབ་རྒྱས་ནས། །ངེས་དོན་དབུ་མའི་ལམ་བཟང་ལྷུར་ལེན་པས། །སྐུ་བཞིའི་ཕུན་ཚོགས་དཔལ་ལ་རོལ་བར་སྨོན། །བདག་ལ་ཆོས་ཀྱི་འབྲེལ་བའི་ལུས་ཅན་རྣམས། །མི་མཐུན་ཀག་མེད་ཚེ་ཆོས་མཐར་ཕྱིན་ཏེ། །ཚུལ་ཁྲིམས་དྲི་བསུང་དཔལ་ལ་རྟག་རོལ་ནས། །ཐོས་བསམ་སྒོམ་པའི་སྐལ་བཟང་སྤྱོད་པར་སྨོན། །བདག་ཀྱང་དེང་ནས་སྐྱེ་བ་ཐམས་ཅད་དུ། །མཚན་ལྡན་བླ་མ་མཆོག་གིས་རྗེས་བཟུང་ནས། །རིམ་གཉིས་ལམ་གྱི་བསྒྲོད་པ་མཐར་ཕྱིན་ཏེ། །རྗེ་བཙུན་བླ་མ་རྟག་ཏུ་མཉེས་བྱེད་ཤོག ། ཅེས་ཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་ཐེངས་གཉིས་པའི་དྲིས་ལན་ལུང་རིགས་འདོད་འཇོ་དཔག་བསམ་ལྗོན་ཤིང་ཞེས་བྱ་བ་འདི་ནི་རང་གཞན་འགའ་ལ་ཕན་ཕྱིར་དུ་རྗེ་བཙུན་བླ་མ་དམ་པ་ངག་དབང་བཤད་སྒྲུབ་དཔལ་གྱི་ཞབས་རྡུལ་སྤྱི་བོར་ལེན་པ་སྤྲང་འཁྱམས་པ་ངག་དབང་དངོས་གྲུབ་དཔལ་ལམ་མིང་གཞན་དབྱངས་ཅན་ངག་གི་རོལ་མཚོ་ཞེས་འབོད་པས་རབ་གནས་མི་ཟད་པ་མེ་ཁྱི་ལོའི་རྒྱལ་ཟླའི་ཚེས་བཅུ་གསུམ་ལ་མགོ་བརྩམས་ནས་རྒྱལ་ཟླའི་ཚེས་ཉེར་ལྔ་ལ་རྫོགས་པར་སྦྱར་བའོ། །འདིས་ཀྱང་མཉམ་མེད་ཤཱཀྱ་སེང་གེའི་བསྟན་པ་སྤྱི་དང་བྱེ་བྲག་རྒྱལ་བ་གཉིས་པ་ཀུན་མཁྱེན་ཇོ་ནང་བའི་བསྟན་པ་རྒྱས་པར་གྱུར་ཅིག ། སརྦ་མངྒ་ལམ།། །།