གནམ་ཆོས་ལས་ཕ་དམ་པའི་སྒྲུབ་ཐབས། མི་འགྱུར་རྡོ་རྗེ།
གནམ་ཆོས་ལས་ཕ་དམ་པའི་སྒྲུབ་ཐབས་བཞུགས་ལགས་སོ༔ རྗེ་བཙུན་དམ་པ་སངས་རྒྱས་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ དམ་པ་རྒྱ་གར་སྒྲུབ་པ་ནི༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ དམིགས་པ་དམ་པ་རྒྱ་གར་ནི༔ སྐུ་མདོག་སྨུག་པོ་ཞལ་གཅིག་པ༔ ཕྱག་གཉིས་ཕྱག་མཚན་འདི་ལྟར་རོ༔ ཌཱ་མ་རུ་དང་རྐང་གླིང་འཛིན༔ གྲུབ་ཐོབ་ཆ་ལུགས་ཚུལ་དུ་བསྐྱེད༔ ཨོཾ་ཀ་མ་ལ་ཤྲཱི་ཧཱུྃ་ཧ་སྭཱ་ཧཱ༔ དེ་ཡིས་དམ་པ་རྒྱ་གར་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ་གུ་ཧྱ༔ འདིའི་ཞལ་གྱི་གདམས་པ་ནི༔ སྐད་ཅིག་དྲན་རྫོགས་དམ་ཡེ་དབྱེར་མེད་བསྐྱེད༔ དབུ་སྐྲ་ཐོར་ཚུགས་རུས་པའི་རྒྱན་དྲུག་དང༔ རས་དཀར་པོའི་ཨང་རག་ཅན༔ བལ་ཐུལ་ནི་མ་གསུངས༔ ཕྲག་པ་གཡོན་དུ་རྟེན་འབྲེལ་གལ་ཏ་བཀལ་པ༔ ཐུགས་ཀར་ཉི་སྟེང་ཧཱུྃ་ལ་སྔགས་ཀྱིས་བསྐོར་བ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ་གུ་ཧྱ༔ ཞེས་པ་འདི་གདོང་ངན་གྱི་ལོ་ཐ་སྐར་ཟླ་བའི་ཉི་ཤུའི་ནུབ། དམ་པ་སངས་རྒྱས་མངོན་རྟོགས་དང་མཚུངས་པ་གཅིག་དངོས་སུ་ཞལ་གཟིགས་ཏེ་སྒྲུབ་ཐབས་འདི་དངོས་སུ་གནང་སྟེ། རིག་འཛིན་སྤྲུལ་པའི་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་པ་ལའོ། །དབང་གཟུངས་དབང་ངོ་།། །།