Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།

1 occurrence of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ཟིན་བྲིས་ཆེན་པོ་རབ་གསལ་པོད་ཆུང་གི་དཀར་ཆག་ཐེམ་བྱང་།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚེར་རྩུབ་
[Clear Hits]

 
previousའཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ཟིན་བྲིས་ཆེན་པོ་རབ་གསལ་པོད་ཆུང་གི་དཀར་ཆག་ཐེམ་བྱང་།next

འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ཟིན་བྲིས་ཆེན་པོ་རབ་གསལ་པོད་ཆུང་གི་དཀར་ཆག་ཐེམ་བྱང་།


CMR012_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ཟིན་བྲིས་ཆེན་པོ་རབ་གསལ་པོད་ཆུང་གི་དཀར་ཆག་ཐེམ་བྱང་བཞུགས་སོ༔


CMR012_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫའི་ཡེ༔ འཇམ་དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །ཁྲོ་ཆུ་དུག་གདོང་ཟིན་བྲིས་དཀར་ཆག་བཀོད། །མ་གཤིན་དྲེགས་པའི་ཚོགས་རྣམས་བཀའ་གནང་སྩོལ། །འཇམ་དཔལ་ཁྲོས་རྒྱུད་ཟླ་གསང་ནག་པོའི་རྒྱུད། །དེ་ཡི་རྒྱུད་གཞུང་ཚད་ལྡན་འཕངས་ཡུལ་དུ། །སྣང་བྱེད་འཇམ་དཔལ་བཤེས་གཉེན་ཞེས་གྲགས་པ། །ཉིད་ཀྱིས་སྤྱན་དྲངས་རྒྱུད་གཞུང་བརྡ་བཀྲོལ་ཚེ། །འཇམ་དཔལ་ཁྲོས་པ་ཁྲོ་ཆུ་དུག་གདོང་ཞེས། །དེ་ཡི་སྒྲུབ་ཐབས་རྒྱ་གཞུང་མང་པོ་ཞིག །ཁྲག་འཐུང་ནག་པོ་པདྨ་འབྱུང་གནས་སོགས། །རྒྱ་གར་མཁས་གྲུབ་འགའ་ཡིས་གཏན་ལ་ཕབ། །བཀའ་བབ་བལ་པོ་བཱ་སུ་དྷ་རའི་


CMR012_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་། །བོད་དུ་གནུབས་སྟོན་སངས་རྒྱས་ཡེ་ཤེས་ཀྱིས། །རྒྱུད་དང་སྒྲུབ་སྐོར་དཔག་མེད་གདན་དྲངས་ནས། །སྒྲགས་ཀྱི་ཡང་རྫོང་བསྒྲུབས་པས་ལྷ་ཞལ་གཟིགས། །མཐུ་སྟོབས་དབང་གིས་བྲག་ལ་ཕུར་པ་བཏབ། །མུ་སྟེགས་བོན་སོགས་བསྟན་དགྲ་ཐམས་ཅད་བསྒྲལ། །དེ་ནས་སློབ་དཔོན་པདྨ་འབྱུང་གནས་དང་། །འཇམ་དཔལ་བཀའ་བབ་སངས་རྒྱས་ཡེ་ཤེས་ཀྱིས། གཤིན་རྗེའི་རྒྱུད་དང་སྒྲུབ་སྐོར་དཔག་མེད་ཅིག །མ་འོངས་དོན་དུ་གཏེར་ཁ་མང་ཞིག་སྦས། །གཙུག་ལག་དཔལ་དགེ་གླང་སྟོན་རིན་ཆེན་གླིང་། །དུམ་རྒྱ་ཞང་ཁྲོ་རྒྱལ་པོས་གཏེར་ནས་བཏོན། །བསྟན་པའི་དགྲ་བོ་ཐམས་ཅད་ཚར་


CMR012_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་དོ། །ལས་ཅན་རྣམས་ལ་ཆོས་བཀའ་སོ་སོར་གཏད། །གནུབས་སྟོན་དར་དབང་ཡ་བ་ཤཱཀ་རྡོར་དང་། །མཚུངས་མེད་ཨ་གྲགས་མཁས་གྲུབ་རིན་ཆེན་དབང་། །རྒྱལ་སྲས་སྨན་ལུང་མི་བསྐྱོད་རྡོ་རྗེ་སོགས། །མཁས་གྲུབ་མང་པོ་རྣམས་ཀྱིས་ཐུགས་དམ་མཛད། །སྙིགས་དུས་སི་ཏུ་བསོད་ནམས་རྣམ་རྒྱལ་དང་། །རིག་འཛིན་ཆེན་པོ་དབང་པོའི་སྡེ་ལ་སོགས། །སྐྱེས་ཆེན་དམ་པ་རྣམས་ཀྱིས་སྒྲུབ་པ་མཛད། །གཏེར་གཞུང་རྣམས་སུ་གབ་འཁྲུགས་ཆེ་བའི་ཕྱིར། །དེ་དག་རྣམས་ཀྱིས་གབ་བསལ་འཁྲུགས་བཅོས་ཏེ། །འདོན་འགྲིགས་ཕྱག་ལེན་ཟིན་བྲིས་མང་དུ་མཛད། །དེ་རྣམས་ཀུན་གྱི་ཕྱག་ལེན་གསལ་བའི་ཕྱིར། །འཇམ་དཔལ་ཁྲོ་ཆུའི་སྲུང་ཟློག་བསད་གསུམ་གྱི། །འདོན་འགྲིགས་ཕྱག་ལེན་ཟིན་བྲིས་མང་པོ་ཞིག །སྔགས་འཆང་རཱ་ག་ཨ་སྱ་བདག་གིས་བཀོད། །མ་འོངས་འགྲོ་ལ་ཕན་པ་ཨེ་ཡོང་སྙམ། ༈ །དེ་ནས་གཞུང་གི་འདོན་ཆ་ལ་ཕན་པའི། །རྒྱུན་ཁྱེར་སྲུང་ཟློག་བསད་གསུམ་ཁ་ཚང་ཕྱིར། །ལས་བྱང་བསྡུས་པ་གནམ་ལྕགས་གོ་མཚོན་ཡོད། །སི་ཏུས་བསྒྲིགས་པ་ལས་བྱང་རྒྱས་པ་ཡི། །ཁ་བཀང་བུ་ཡིག་སྲུང་འཁོར་འདོན་འགྲིགས་ཡོད། །བློ་དམན་སྤྲོས་བཅས་མི་ལྕོགས་བསྙེན་འདོད་ན། །གཅིག་ཆོད་གསུམ་གདམས་འདོན་བྱ་ཉུང་འདུས་


CMR012_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་། །ལྷ་གྲངས་ཤེས་ཤིང་ལྷ་མང་ཚང་བའི་ཕྱིར། །བསྐང་ཟློག་བསྐུལ་རིང་གནམ་ལྕགས་རྔམ་སྒྲ་ཡོད། །དེ་རྣམས་འདོན་ཆ་སྒྲིག་ཆོག་གཞུང་གིས་བརྒྱན། །དེ་ནས་ཟིན་བྲིས་ཀ་ཐེམ་སྨོས་པ་ནང་། ༼ཀ༽ །ཡིད་ཆེས་དང་བ་དད་པ་སྐྱེ་བའི་ཕྱིར། །འཇམ་དཔལ་ལོ་རྒྱུས་ཤིན་ཏུ་གསལ་བ་ཡོད། ༼ཁ༽ །བྱིན་རླབས་དབང་ནི་ཆུ་རྒྱུན་མི་འཆད་ཕྱིར། །བླ་མ་བརྒྱུད་པ་དབང་གི་ཟིན་བྲིས་ཡོད། ༼ག༽ །སྤྲོས་བཅས་བསྙེན་སྒྲུབ་གཞུང་བཞིན་བྱ་བ་ལ། །གོང་བསྙེན་བྱ་ཚུལ་ཟིན་བྲིས་རབ་གསལ་ཡོད། ༼ང༽ །སྒྲུབ་ཆས་མི་འཛོམས་བསྙེན་པ་བྱ་འདོད་ན། །སྤྲོས་མེད་བསྙེན་ཐབས་གཅིག་ཆོག་གདམས་པ་ཡོད། ༼ཅ༽ །བསྐྱེད་ཆོག་ཟུང་འཇུག་བསྟན་དགྲ་བསྒྲལ་བ་ལ། །སྙན་བརྒྱུད་རྫོགས་རིམ་རླུང་བསྲེའི་གདམས་པ་ཡོད། ༼ཆ༽ །ལྷ་གྲངས་ཤེས་ཤིང་ལྷ་ཚོགས་གསལ་བའི་ཕྱིར། །ལྷ་ངོ་གསལ་བྱེད་ཞལ་ཁྲིད་གསལ་པ་ཡོད། ༼ཇ༽ །གསང་སྔགས་བཟླས་བརྗོད་སྔགས་འབྲུ་དག་པའི་ཕྱིར། །སྔགས་བྱང་དག་ཡིག་ཨུ་པ་དེ་ཤ་ཡོད། །༼ཉ༽ །སྲུང་ཟློག་བསད་གསུམ་སྤྱི་ཁོག་ཁྲོལ་བའི་ཕྱིར། །སྲུང་ཟློག་བསད་པ་སྤྱི་ཡི་ཁོག་དབུབ་ཡོད། ༼ཏ༽ །གཞུང་ཆེན་འདོན་འགྲིགས་གབ་འཁྲུགས་ཆེ་བའི་ཕྱིར། །འདོན་འགྲིགས་གབ་


CMR012_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུགས་བསལ་བའི་ཟིན་བྲིས་ཡོད། ༼ཐ༽ །རང་གཞན་སྲུང་ཞིང་གཞན་གྱིས་མི་ཚུགས་ཕྱིར། །ལས་ཚོགས་རང་གཞན་སྲུང་བའི་ཟིན་བྲིས་ཡོད། ༼ད༽ །བཏགས་ཆོག་རྒྱལ་པོ་རང་གཞན་བ སྲུང་བའི་ཕྱིར། །སྲུང་འཁོར་བྲི་ཐབས་དཔེ་བུམ་གསལ་བ་ཡོད། ༼ན༽ །ཕ་རོལ་རྦོད་གཏོང་གནོད་པ་བཟློག་པའི་ཕྱིར། །ཟློག་པའི་མན་ངག་ཀུན་གྱི་ཟིན་བྲིས་ཡོད། ༼པ༽ །དམ་ཉམས་དགྲ་ལ་མྱུར་དུ་ཆད་པ་ན། །ཐུན་གཏོར་ཟིན་བྲིས་གབ་པ་རྣམ་གསུམ་ཡོད། ༼ཕ༽ །ལས་ཚོགས་ཐོར་བུ་འགའ་རེ་ཚང་བའི་ཕྱིར། །ལས་ཚོས་ཟིན་བྲིས་ཁ་འཐོར་སྣ་མང་ཡོད། ༼བ༽ ། རང་གཞན་དགྲ་བགེགས་བར་ཆད་བཟློག་པའི་ཕྱིར། །གཏོར་ཟློག་སྤུ་གྲི་རེག་གཅོད་བཅའ་ཐབས་ཡོད། ༼མ༽ །དྲག་སྔགས་དམིགས་པའི་འཁྲུལ་འཁོར་ཁ་བསྒྱུར་ཕྱིར། །གཏོར་ཟློག་དམིགས་པ་མཚོན་ཆའི་སྒྱོགས་ཆེན་ཡོད། ༼ཙ༽ །ཕ་རོལ་བྱད་མ་ཚན་ཆེ་མང་བ་ལ། །ཡང་ཟློག་བཅའ་ཐབས་བསད་ཁང་བཅོ་ལྔ་ཡོད། ༼ཚ༽ །བྱད་མ་རྦོད་གཏོང་མཁན་རྣམས་ཕུང་བའི་ཕྱིར། །ཡང་ཟློག་སྔགས་དམིགས་མེ་ཡི་སྤུ་གྲི་ཡོད། ༼ཛ༽ །དམ་ཉམས་དགྲ་ལ་ཆོ་འཕྲུལོ་རྟགས་ཐོན་ཕྱིར། །གཏོར་ཟོར་འཕེན་ཐབས་ནམ་མཁའི་ཐོག་བརྒྱབ་ཡོད། ༼ཝ༽ །ཆོས་སྐྱོང་དྲེགས་པའི་


CMR012_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་སྔགས་བསྒྲུང་བའི་ཕྱིར། །སྔགས་སྒོམ་སྤུ་གྲི་འབར་བའི་འཁོར་ལོ་ཡོད། ༼ཞ༽ །བསྟན་ལ་ཐུག་པའི་དགྲ་བོ་བྱུང་སྲིད་ན། །སྲོག་སྒྲུབ་ཆེན་མོ་ཙིཏྟ་དམར་འབྱིན་ཡོད། ཟ་དེ་ཡི་ཕྱག་ལེན་གབ་པ་མངོན་ཕྱུང་ཕྱིར། །ལིངྒ་བྲི་ཐབས་ཞལ་ཤེས་སྣ་མང་ཡོད། ༼འ༽ །ལྷ་ཉིད་གནད་ལ་ཤིན་ཏུ་དབབ་པའི་ཕྱིར། །གནད་འབེབ་རྒྱུད་ལུང་སྲོག་རྩ་དམར་འདྲེན་ཡོད།། ༼ཡ༽ །དགྲ་བོ་དུག་གྲི་མཚོན་གྱིས་བསད་པའི་ཕྱིར། །ཐུན་གྱི་གདམས་པ་སྤུ་གྲི་རེག་གཅོད་ཡོད། །༼ར༽ །དམ་ཉམས་མྱུར་བར་བསྒྲལ་ཞིང་བསད་པའི་ཕྱིར། །བསད་པའི་ཤོག་དྲིལ་བདུད་བཞི་བརླག་ཐབས་ཡོད། ༼ལ༽ །ཕྱི་རོལ་མུ་སྟེགས་ངན་བྱེད་ཕུང་བའི་ཕྱིར། །ཁྲག་སོབ་ཕ་རོལ་ལུགས་ཀྱི་ངན་སྔགས་ཡོད། ༼ག༽ །དམ་ཉམས་དགྲ་བགེགས་རླུང་ལ་རྦད་ཆོད་ཕྱིར། །རླུང་འཁོར་རླུང་གི་སོག་ལེའི་གཞུང་ཉིད་ཡོད། ༼ས༽ །རླུང་འཁོར་ཕྱག་ལེན་གཏན་ལ་དབབ་པའི་ཕྱིར། །དེ་ཡི་བུ་ཡིག་ཡང་ཡིག་ལ་སོགས་ཡོད། ༼ཧེ༽ །སྒྲུབ་པའི་ལུས་འཇུག་ཁ་རྣམས་ཚང་བའི་ཕྱིར། །ལས་མཐའ་སྦྱིན་སྲེག་བྱ་བའི་མན་ངག་ཡོད། ༼ཨ༽ །ལས་མཐའ་དགྲ་བོ་བླ་རུས་མི་ལྡང་ཕྱིར། །མཐའ་གཏད་ལས་མཇུག་མནན་པ་བྱ་ཐབས་ཡོད། ༼ཨི༽ །སེམས་བསྐྱེད་བྱང་


CMR012_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ལམ་དུ་འགྲོ་བའི་ཕྱིར། །ཟིན་བྲིས་བརྩམ་དོན་སྨོན་ལམ་བཅས་པ་ཡོད། །དེ་ལྟར་འཇམ་དཔལ་ཁྲོ་ཆུ་དུག་གདོང་གི། །རྒྱུད་དང་རྒྱ་གཞུང་མན་ངག་ཉམས་ལེན་ཕྱིར། །ཟིན་བྲིས་ཆེན་མོ་རབ་གསལ་པོད་ཆུང་པོ། །དེ་ཡི་དགེ་བས་འགྲོ་རྣམས་རྨོངས་པ་ཡི། །མི་ཤེས་འཁྲུལ་པའི་དྲི་མ་རབ་བསལ་ནས། །འགྲོ་བ་ཐམས་ཅད་གསལ་བའི་ཉིན་བྱེད་ཀྱི། །གངས་ཅན་གསང་སྔགས་བསྟན་པ་གསལ་ཞིང་རྒྱས། །བསྟན་འཛིན་རྣམས་ཀྱི་བར་ཆད་བསྒྲལ་བར་ཤོག །འདི་བཀོད་གསང་བ་བསྒྲགས་པའི་ཉེས་པ་སོགས། །འཇམ་དཔལ་སྤྲུལ་པའི་ལྷ་ཚོགས་རྣམས་ལ་བཤགས། སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousའཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ཟིན་བྲིས་ཆེན་པོ་རབ་གསལ་པོད་ཆུང་གི་དཀར་ཆག་ཐེམ་བྱང་།next