Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
  collapse section
   
   
ལམ་ཤེས་ཀྱི་ཡན་ལག་བཤད་པ།
   
   
   
   
   
   
   
   
   
   
   
   
  expand section
  expand section
  expand section
  expand section
  expand section


 
previousལམ་ཤེས་ཀྱི་ཡན་ལག་བཤད་པ།next

ལམ་ཤེས་ཀྱི་ཡན་ལག་བཤད་པ།


GLG013_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཤེས་ཀྱི་ཡན་ལག་བཤད་པ། གཉིས་པ་ལ། ལམ་ཤེས་ཀྱི་ཡན་ལག་དང་། དེའི་རང་བཞིན་ནོ། །དང་པོ་ལ། རྩ་བ་དང་། འགྲེལ་པ་གཉིས། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན།


GLG013_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཤེས་ཀྱི་མདོ་འཆད་པའི་འཁོར་དུ་ལྷགས་པའི་འདོད་གཟུགས་ཀྱི་ལྷ་རྣམས་སེམས་བསྐྱེད་དང་ལམ་ཤེས་སོགས་སྐྱེ་བོའི་སྣོད་རུང་དུ་བསྒྲུབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱིས་ལྷ་དེ་རྣམས་ཀྱི་འོད་མོག་མོག་པོར་མཛད་པ་ལ་དགོས་པ་ཡོད་དེ། སེམས་བསྐྱེད་དང་ལམ་ཤེས་སྐྱེ་བ་ལ་ཡོན་ཏན་གོང་མའི་ཁྱད་པར་དོན་དུ་མི་གཉེར་བའི་ང་རྒྱལ་བཅོམས་དགོས་པར་ཤེས་པའི་ཆེད་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ལམ་ཤེས་དངོས་སུ་སྐྱེ་བའི་རྟེན་གྱི་ཡུལ་ངེས་པ་ཡིན་ཏེ། ལམ་གསུམ་རྫོགས་པར་སྒོམ་པའི་ལམ་ལ་མཁས་པ་ལ་ནི་དེའི་སྔོན་དུ་རིགས་ཅན་གསུམ་གའི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་རྟེན་ངེས་པར་དགོས་པའི་ཕྱིར། ཤེས་བྱ་ཆོས་ཅན། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ལམ་ཤེས་སྐྱེ་རུང་བ་ཡིན་ཏེ། དེ་ཐམས་ཅད་ལ་སངས་རྒྱས་ཀྱི་རིགས་ཀྱིས་ཁྱབ་པའི་ཕྱིར། ལམ་ཤེས་ཆོས་ཅན། ཁྱོད་ཉན་རང་གི་ལམ་ལས་རང་བཞིན་གྱིས་སྒོ་ནས་ཁྱད་པར་འཕགས་ཏེ། ཁྱོད་ཉོན་མོངས་གཙོ་བོར་མི་སྤོང་བར་དེ་གཞན་དོན་སྒྲུབ་པའི་ཡན་ལག་ཏུ་བྱེད་པའི་རང་བཞིན་ཅན་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ལམ་ཤེས་དེ་ཉན་ཐོས་ཀྱི་ལམ་དེ་ལས་དེ་ཡི་བྱེད་ལས་ཀྱང་ཁྱད་པར་འཕགས་ཏེ། དུས་མ་ཡིན་པར་ཡང་དག་མཐའ་མངོན་དུ་མི་བྱེད་ཅིང་། སེམས་ཅན་མཐའ་ཡས་པ་སྨིན་ཅིང་གྲོལ་བར་བྱེད་པའི་བྱེད་ལས་ཅན་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག་ན་རེ། ལམ་ཤེས་ཀྱི་རྒྱུ་ངོ་བོ་འབྲས་བུ་གསུམ་གང་རུང་གིས་བསྡུས་པའི་སེམས་དཔའི་ཡོན་ཏན་ལམ་ཤེས་ཀྱི་ཡན་ལག་གི་མཚན་ཉིད་ཟེར་ན། སངས་རྒྱས་ཀྱི་སའི་ལམ་ཤེས་ཀྱི་ཡན་ལག་ཆོས་ཅན། མཚན་ཉིད་དེར་ཐལ།


GLG013_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་བྱ་དེའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། སངས་རྒྱས་ཀྱི་ས་ན་ལམ་ཤེས་ཀྱི་རྒྱུ་ངོ་བོ་འབྲས་བུ་གསུམ་གང་རུང་གིས་བསྡུས་པའི་ཡོན་ཏན་ཁྱད་པར་ཅན་ཡོད་པའི་ཕྱིར། ཁ་ཅིག །ལམ་ཤེས་རྫོགས་བྱེད་ཀྱི་ཆ་ཤས་སུ་གྱུར་པའི་སེམས་དཔའི་ཡོན་ཏན་ལམ་ཤེས་ཀྱི་ཡན་ལག་གི་མཚན་ཉིད་ཟེར་ན། ལམ་མ་ཞུགས་ཀྱི་གང་ཟག་གི་རྒྱུད་ཀྱི་ལམ་ཤེས་ཀྱི་ཡན་ལག་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། ཐེག་ཆེན་དུ་རིགས་སད་པ་དེ་ལམ་ཤེས་ཀྱི་ཡན་ལག་ཡིན་པའི་ཕྱིར། དེར་ཐལ། ཁྱབ་པ་དང་ཞེས་པའི་རྩ་འགྲེལ་གྱི་ལུང་དོན་གྲུབ་པའི་ཕྱིར། གཞན་ཡང་། ཁྱབ་པ་དང་ཞེས་པ་རྩ་འགྲེལ་འདི་བྱང་སེམས་ལས་གཞན་པའི་སེམས་ཅན་གྱི་རྒྱུད་ལ་ལམ་ཤེས་སྐྱེ་རུང་དུ་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་གཞུང་མ་ཡིན་པར་ཐལ། འདི་བྱང་སེམས་ཀྱི་ཡོན་ཏན་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་གཞུང་ཡིན་པའི་ཕྱིར། དེར་ཐལ། འདི་ལམ་ཤེས་རྫོགས་བྱེད་ཀྱི་ཆ་ཤས་སུ་གྱུར་པའི་སེམས་དཔའི་ཡོན་ཏན་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་གཞུང་ཡིན་པའི་ཕྱིར། དེར་ཐལ། འདི་ལམ་ཤེས་ཀྱི་ཡན་ལག་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་གཞུང་ཡིན་པ་གང་ཞིག །སྔར་གྱི་མཚན་ཉིད་དེ་འཐད་པའི་ཕྱིར། དང་པོ་དེར་ཐལ། ལྷ་རྣམས་རུང་བར་བྱ་བའི་ཕྱིར། །ཞེས་སོགས་རྩ་འགྲེལ་གྱིས་ལམ་ཤེས་ཀྱི་ཡན་ལག་ལྔ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར། གཞན་ཡང་། ལམ་ཤེས་ཀྱི་རྒྱུ་ངོ་བོ་འབྲས་བུ་གསུམ་གང་རུང་གིས་བསྡུས་པའི་ལམ་ཤེས་ཀྱི་ཡན་ལག་མི་འཐད་པར་ཐལ། ལམ་ཤེས་ཀྱི་ཡན་ལག་ལམ་མ་ཞུགས་དང་སངས་རྒྱས་ཀྱི་ས་གཉིས་ཀར་མེད་པའི་ཕྱིར། འདོད་ན། མོག་མོག་པོར་བྱེད་ཅེས་སོགས་ཀྱིས་ལམ་ཤེས་ཀྱི་རྒྱུ་ངོ་བོ་


GLG013_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་གསུམ་གང་རུང་གིས་བསྡུས་པའི་ལམ་ཤེས་ཀྱི་ཡན་ལག་བསྟན་པར་རྣམ་བཤད་དུ་གསུངས་པ་མི་འཐད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། གཉིས་པ་རང་ལུགས་ནི། ལམ་ཤེས་ཀྱི་རྒྱུ་ངོ་བོ་འབྲས་བུ་གསུམ་གང་རུང་གིས་བསྡུས་པའི་སྙིང་རྗེ་ཆེན་པོས་ཟིན་པའི་ཡོན་ཏན་ཁྱད་པར་ཅན་དེ་ལམ་ཤེས་ཀྱི་ཡན་ལག་གི་མཚན་ཉིད། གསུམ་པ་རྩོད་པ་སྤོང་བ་ལ། ཁ་ཅིག །ལམ་ཤེས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཁྱོད་ཀྱི་ཡན་ལག་མ་ཡིན་པར་ཐལ། ཁྱོད་བདག་མེད་ཡིན་པའི་ཕྱིར། ཟེར་ན། འཕགས་ལམ་ཆོས་ཅན། ཁྱོད་ཁྱོད་ཀྱི་ཡན་ལག་མ་ཡིན་པར་ཐལ། ཁྱོད་བདག་མེད་ཡིན་པའི་ཕྱིར། ཁྱབ་པ་འགྲིག །འདོད་ན། དེ་ཆོས་ཅན། ཁྱོད་འཕགས་ལམ་གྱི་ཡན་ལག་ཡིན་པར་ཐལ། ཁྱོད་འཕགས་ལམ་ཡན་ལག་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། བྱང་ཆུབ་ཡན་ལག་ཡིན་ན་བྱང་ཆུབ་ཀྱི་ཡན་ལག་ཡིན་དགོས་པའི་ཕྱིར། ཁ་ཅིག །མཚན་ཉིད་དེ་མི་འཐད་པར་ཐལ། སྙིང་རྗེ་ཆེན་པོ་སྐྱེད་པ་ལ་ཐེག་ཆེན་དུ་རིགས་སད་པ་སྔོན་དུ་འགྲོ་དགོས་པ་གང་ཞིག །ཐེག་ཆེན་དུ་རིགས་སད་པ་ལམ་ཤེས་ཀྱི་ཡན་ལག་ཡིན་པའི་ཕྱིར། དང་པོ་དེར་ཐལ། རྣམ་བཤད་ལས། གདུལ་བྱ་བཀྲི་བའི་རིམ་པ་ལྟར་ན་སྙིང་རྗེ་ཆེན་པོ་ལ་འཁྲིད་པའི་སྔོན་རོལ་ནས་རིགས་ནས་འཁྲིད་དགོས་སོ་ཞེས་གསུངས་པའི་ཕྱིར་ན་སྐྱོན་མེད་དེ། དེ་ནི་རིགས་གང་དང་ལྡན་རྟོགས་པའི་ཐབས་ཤེས་དགོས་པ་སོགས་ལ་དགོངས་པའི་ཕྱིར། འོ་ན། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པ་དེའི་ཕྱིར། འདོད་མི་ནུས། གཉིས་པ་འགྲེལ་པ་ལ་ལྔ་ཡོད་པའི། གེགས་ང་རྒྱལ་མངོན་གྱུར་པ་དང་བྲལ་བའི་རྟེན་ནི། དེ་བཞིན་གཤེགས་པའི་རང་


GLG013_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱི་འོད་དག་གིས་མདོ་འཆད་པའི་འཁོར་དུ་ལྷགས་པའི་ལྷ་ལ་སོགས་པའི་ཟག་བཅས་ཀྱི་ལས་ཀྱི་རྣམ་པར་སྨིན་པའི་འོད་མོག་མོག་པོར་མཛད་པ་ནི་ཆོས་ཅན། དགོས་པ་ཡོད་དེ། མངོན་པའི་ང་རྒྱལ་བཅོམ་ནས་སེམས་བསྐྱེད་དང་ལམ་ཤེས་པ་ཉིད་སྐྱེ་བར་རུང་བ་ཉིད་དུ་བསྒྲུབ་པའི་ཆེད་ཡིན་པའི་ཕྱིར། དེར་ཐལ། ཕྱིས་ཀྱང་མངོན་པའི་ང་རྒྱལ་བཅོམ་པའི་རྒྱུད་ཁོ་ན་ལ་སེམས་བསྐྱེད་དང་ལམ་ཤེས་ཀྱི་རྟོགས་པ་སྐྱེའོ་ཞེས་བྱ་བར་ཤེས་པའི་ཕྱིར་དུ་མཛད་པའི་ཕྱིར། ཤེས་བྱ་ཆོས་ཅན། མདོའི་ཚིག་ཟུར་གྱིས་སེམས་བསྐྱེད་དང་ལམ་ཤེས་སྐྱེ་བའི་རྟེན་བརྗོད་པ་ཡིན་ཏེ། ང་རྒྱལ་བཅོམ་པའི་རྒྱུད་ཁོ་ན་ལ་དེ་དག་སྐྱེ་བར་བསྟན་པ་དེའི་ཕྱིར། གཉིས་པ་ལྷན་ཅིག་བྱེད་པའི་རྐྱེན་ནི། ལམ་ཤེས་དེ་ཡང་ཆོས་ཅན། ཁྱོད་དངོས་སུ་སྐྱེ་བའི་རྟེན་གྱི་ཡུལ་སོ་སོར་ངེས་པ་ཡིན་ཏེ། ཁྱོད་ལམ་གཞན་གྱིས་བར་མ་ཆོད་པར་སྐྱེ་བའི་གང་ཟག་དེ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཁོ་ན་ཡིན་པའི་ཕྱིར། གསུམ་པ་ཉེར་ལེན་རིགས་ཀྱི་ཁྱད་པར་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། ཁམས་གསུམ་ལས་འདོད་ཆགས་དང་བྲལ་བ་ཉན་རང་དགྲ་བཅོམ་པ་དང་། ཅིག་ཤོས་ཀྱི་རྣལ་འབྱོར་པ་འདོད་ཆགས་དང་མ་བྲལ་བས་ཀྱང་ཆོས་ཅན། ཁྱོད་སོགས་སེམས་ཅན་ཀུན་ལ་རྒྱལ་བའི་རིགས་ཀྱིས་ཁྱབ་པ་ཡིན་ཏེ། དེ་རྣམས་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་དུ་ལམ་ཤེས་པ་ཉིད་བསྒོམ་པར་བྱ་དགོས་པའ་ིཕྱིར། དེར་ཐལ། སྐྱེ་བོ་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཐར་ཐུག་པར་འགྲོ་བ་ཅན་ཡིན་པ་དེའི་ཕྱིར། དེར་ཐལ། མཐར་ཐུག་པའི་ཐེག་པ་གསུམ་རྣམ་པར་གཞག་པའི་མདོ་སྡེ་ནི་དྲང་དོན་དགོངས་པ་ཅན་ཡིན་གྱི། སྒྲ་ཇི་བཞིན་པའི་ངེས་དོན་གྱི་མདོ་མཚན་ཉིད་པ་ནི་མ་ཡིན་ནོ་ཞེས་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་


GLG013_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཐོགས་མེད་ཀྱི་ལུགས་ལས་འབྱུང་བའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག །སེམས་ཅན་ཐམས་ཅད་འཚང་རྒྱ་བ་ལྟ་ཞོག །འཚང་རྒྱ་རུང་ཙམ་དུ་ཡང་སྒྲུབ་མི་ནུས་ཏེ། ནས་མྱུག་འབྱུང་རུང་དུ་སྒྲུབ་པ་ལ། དེའི་རྒྱུ་ཚོགས་གྲངས་ཚང་རྟགས་སུ་འགོད་དགོས་པ་གང་ཞིག །སེམས་ཅན་ཐམས་ཅད་འཚང་རྒྱ་བའི་རྒྱུ་ཚོགས་གྲངས་མ་ཚང་བའི་ཕྱིར། དང་པོ་དེར་ཐལ། རྣམ་འགྲེལ་ལས། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། །རྗེས་སུ་དཔོག་པ་གང་ཡིན་པ། དོན་གཞན་ལ་ནི་མ་ལྟོས་ཕྱིར། །དེ་ནི་རང་བཞིན་ཡིན་པར་བརྗོད། ཅེས་གསུངས་པའི་ཕྱིར། དེ་ལྟར་ཡིན་ཡང་། སེམས་ཅན་ཐམས་ཅད་འཚང་རྒྱ་བར་གསུངས་པ་ལ་འགལ་བའི་སྐྱོན་མེད་དེ། དེ་ལམ་ཞུགས་ཀྱི་སེམས་ཅན་ལ་དགོངས་པའི་ཕྱིར། ཟེར་ན། དགུན་དུས་ཀྱི་ཞིང་ཆོས་ཅན། ནས་མྱུག་འབྱུང་བའི་རྒྱུ་ཚོགས་གྲངས་ཚང་བར་ཐལ། ནས་མྱུག་འབྱུང་རུང་ཡིན་པའི་ཕྱིར། ཁྱབ་པ་ཁས། དེར་ཐལ། དཔྱིད་ཀྱི་དུས་སུ་བབས་པ་ན་ནས་མྱུག་འབྱུང་བའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དྲོད་སོགས་མ་ཚང་བའི་ཕྱིར། གཞན་ཡང་། ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། ཁྱོད་འཚང་རྒྱ་བའི་རྒྱུ་ཚོགས་གྲངས་ཚང་བར་ཐལ། ལམ་ཞུགས་ཀྱི་སེམས་ཅན་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། བྱང་ཆུབ་ཏུ་སེམས་བསྐྱེད་པར་ཐལ། འདོད་པའི་ཕྱིར། ཁ་ཅིག །སེམས་ཅན་ཐམས་ཅད་འཚང་རྒྱ་ངེས་མ་ཡིན་པར་ཐལ། དེ་ལ་འགལ་རྐྱེན་གྱི་གེགས་སྲིད་པའི་ཕྱིར། ཁྱབ་པ་ཡོད་དེ། རྣམ་འགྲེལ་ལས། མ་ངེས་པ་ནི་ཉིད་ཡིན་ཏེ། །གེགས་བྱེད་པ་དག་སྲིད་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཟེར་ན། སེམས་ཅན་ཐམས་ཅད་འཚང་རྒྱ་ངེས་ཡིན་པར་ཐལ། སེམས་ཅན་ཐམས་ཅད་འཚང་རྒྱ་བ་ཚད་མས་ངེས་པའི་ཕྱིར། དེར་ཐལ། སེམས་


GLG013_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་འཚང་རྒྱ་བ་ཡོད་པའི་ཕྱིར། མ་ཁྱབ་ན། ཚད་མས་དམིགས་པ་ཡོད་པའི་མཚན་ཉིད་མ་ཡིན་པར་ཐལ། སེམས་ཅན་ཐམས་ཅད་འཚང་རྒྱ་བ་ཡོད་པ་གང་ཞིག །དེ་འཚང་རྒྱ་བ་ཚད་མས་མ་ངེས་པའི་ཕྱིར། གཞན་ཡང་། བྱང་སེམས་ས་བརྒྱད་པ་བ་ཆོས་ཅན། འཚང་རྒྱ་ངེས་མ་ཡིན་པར་ཐལ། འཚང་རྒྱ་བ་ལ་འགལ་རྐྱེན་གྱི་གེགས་དང་བཅས་པའི་ཕྱིར། དེར་ཐལ། འཚང་རྒྱ་བ་ལ་གནས་ངན་ལེན་གྱི་དྲི་མ་ཕྲ་མོའི་གེགས་དང་བཅས་པའི་ཕྱིར། དེར་ཐལ། གནས་ངན་ལེན་གྱི་དྲི་མ་ཕྲ་མོའི་དངོས་གཉེན་རྒྱུད་ལ་སྐྱེ་དགོས་ཀྱི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས། གཞན་ཡང་། བུམ་པ་ཡོད་ངེས་མ་ཡིན་པར་ཐལ། བུམ་པ་ཡོད་པ་ལ་འགལ་རྐྱེན་གྱི་གེགས་སྲིད་པའི་ཕྱིར། དེར་ཐལ། བུམ་པ་འཇོམས་བྱེད་ཀྱི་ཆོས་ཡོད་པའི་ཕྱིར། ཁ་ཅིག་ན་རེ། སེམས་ཅན་ཐམས་ཅད་འཚང་རྒྱ་ངེས་མ་ཡིན་ཟེར་ན། སེམས་ཅན་ཐམས་ཅད་འཚང་རྒྱའོ་སྙམ་པའི་ཤེས་པ་དེ་རང་རྒྱུ་ཚད་མའི་སྟོབས་ཀྱིས་འོངས་སམ་མ་འོངས། དང་པོ་ལྟར་ན། སེམས་ཅན་ཐམས་ཅད་འཚང་རྒྱ་ངེས་ཡིན་པར་ཐལ། སེམས་ཅན་ཐམས་ཅད་འཚང་རྒྱ་ངེས་སུ་ཚད་མས་གྲུབ་པའི་ཕྱིར། དེ་ལ་ཁོ་ན་རེ། མ་ཁྱབ་སྟེ། སེམས་ཅན་ཐམས་ཅད་འཚང་རྒྱ་བར་ཚད་མའི་སྟོབས་ཀྱིས་ངེས་ཀྱང་། དོན་ལ་འཚང་རྒྱ་བ་མ་ཡིན་པའི་ཕྱིར། ཟེར་ན། སེམས་ཅན་ཐམས་ཅད་འཚང་རྒྱའོ་སྙམ་པའི་ངེས་ཤེས་ཆོས་ཅན། ལོག་ཤེས་ཡིན་པར་ཐལ། སེམས་ཅན་ཐམས་ཅད་འཚང་རྒྱ་བར་ངེས་པའི་བློ་གང་ཞིག །དོན་གྱི་གནས་ཚོད་ལ་སེམས་ཅན་ཐམས་ཅད་འཚང་རྒྱ་ངེས་མ་ཡིན་པའི་ཕྱིར། གཞན་ཡང་། སེམས་ཅན་ཐམས་ཅད་གནས་ཚོད་ཀྱི་ངོས་ནས་འཚང་རྒྱ་མི་རྒྱ་གང་རུང་དུ་ཐག་ཆོད་དམ་མི་ཆོད།


GLG013_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཆོད་ན་སེམས་ཅན་ཐམས་ཅད་འཚང་རྒྱ་བར་དམ་བཅས་པ་མི་རིགས་པར་ཐལ། འདོད་པའི་ཕྱིར། གང་རུང་དུ་ཐག་ཆོད་ཟེར་ན། སེམས་ཅན་ཐམས་ཅད་གནས་ཚོད་ཀྱི་ངོས་ནས་འཚང་རྒྱ་བར་ཐག་ཆོད་པར་ཐལ། གང་རུང་དུ་ཐག་ཆོད་པ་གང་ཞིག །ཅིག་ཤོས་མ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། སེམས་ཅན་ཐམས་ཅད་འཚང་རྒྱ་ངེས་ཡིན་པར་ཐལ། འདོད་པའི་ཕྱིར། གཉིས་པ་མ་གྲུབ་ན། སེམས་ཅན་ཐམས་ཅད་འཚང་མི་རྒྱ་བར་ཐལ། འདོད་པའི་ཕྱིར། ཁ་ཅིག །འཁོར་བ་ལ་ཕྱི་མཐའ་མེད་ཟེར་ན། ཡོད་པར་ཐལ། སེམས་ཅན་ཐམས་ཅད་འཚང་རྒྱ་བའི་དུས་ཡོད་པའི་ཕྱིར། དེར་ཐལ། བྱང་འཕགས་ཐམས་ཅད་འཚང་རྒྱ་བའི་དུས་ཡོད་པའི་ཕྱིར། དེར་ཐལ། བྱང་སེམས་རྒྱུན་མཐའ་བ་ཐམས་ཅད་འཚང་རྒྱ་བའི་དུས་ཡོད་པའི་ཕྱིར། དེར་ཐལ། རྒྱུན་མཐའི་བར་ཆད་མེད་ལམ་ལ་གནས་པའི་སེམས་དཔའ་ཐམས་ཅད་འཚང་རྒྱ་བའི་དུས་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་འཚང་རྒྱ་བའི་དུས་ཡོད་པར་ཐལ། ཁྱོད་རང་གི་སྐད་ཅིག་གཉིས་པར་རྣམ་མཁྱེན་མངོན་དུ་བྱེད་ངེས་ཀྱི་གང་ཟག་ཡིན་པའི་ཕྱིར་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁ་ཅིག །བྱང་སེམས་ཚོགས་ལམ་པ་སངས་རྒྱས་པའི་དུས་སུ་བྱང་སེམས་ཚོགས་ལམ་པ་སངས་རྒྱས་ཀྱང་། དེའི་ཚེ་ན་དེ་སངས་རྒྱས་འཕགས་པ་མ་ཡིན་ཟེར་ན། བྱང་སེམས་ཚོགས་ལམ་པ་དེ་འབྲས་སྐྱབས་མཐར་ཐུག་ཏུ་གྱུར་པའི་དུས་མི་སྲིད་པར་ཐལ། བྱང་སེམས་ཚོགས་ལམ་པ་སངས་རྒྱས་པའི་དུས་སུ་དེ་སངས་རྒྱས་འཕགས་པར་མ་གྱུར་པའི་ཕྱིར། མ་གྲུབ་ན། བྱང་སེམས་ཚོགས་ལམ་པ་སངས་རྒྱས་པའི་དུས་སུ་དེ་སངས་རྒྱས་འཕགས་པར་ཚད་མའི་ཡུལ་དུ་གྱུར་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། བྱང་སེམས་ཚོགས་ལམ་པ་སངས་རྒྱས་པའི་དུས་སུ་


GLG013_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སེམས་ཚོགས་ལམ་པ་སངས་རྒྱས་འཕགས་པ་ཡིན་པར་ཐལ། བྱང་སེམས་ཚོགས་ལམ་པ་སངས་རྒྱས་པའི་དུས་སུ་དེ་སངས་རྒྱས་འཕགས་པར་ཚད་མས་དམིགས་པའི་ཕྱིར། དེར་ཐལ། དེའི་དུས་སུ་དེ་སངས་རྒྱས་འཕགས་པར་ཚད་མའི་ཡུལ་དུ་གྱུར་པའི་ཕྱིར། རྩ་བར་འདོད་ན། བྱང་སེམས་ཚོགས་ལམ་པ་ཆོས་ཅན། ཁྱོད་འབྲས་སྐྱབས་མཐར་ཐུག་ཏུ་གྱུར་པའི་དུས་སྲིད་པར་ཐལ། ཁྱོད་སེམས་ཅན་ཡིན་པའི་ཕྱིར། གཞན་ཡང་། བྱང་སེམས་ཚོགས་ལམ་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་འཐོབ་པར་བསམ་པ་དམ་བཅས་པ་ལ་དགོས་པ་མེད་པ་ཐལ། དེ་འཚང་རྒྱ་བའི་དུས་མི་སྲིད་པའི་ཕྱིར། དེར་ཐལ། དེ་སངས་འཕགས་སུ་གྱུར་པའི་དུས་མི་སྲིད་པའི་ཕྱིར། རྟགས་ཁས། འདོད་མི་ནུས་སོ། ཁ་ཅིག །སེམས་ཅན་སེམས་ཅན་སངས་རྒྱས་པའི་དུས་སུ་སངས་རྒྱས་ཤིང་། སེམས་ཅན་སངས་རྒྱས་པའི་དུས་སུ་སེམས་ཅན་སངས་མ་རྒྱས་ཟེར་ན། སེམས་ཅན་ཞིག་པའི་དུས་དེ་སེམས་ཅན་ཞིག་པའི་དུས་མ་ཡིན་པར་ཐལ། སེམས་ཅན་སངས་རྒྱས་པའི་དུས་དེ་སེམས་ཅན་སངས་རྒྱས་པའི་དུས་མ་ཡིན་པའི་ཕྱིར། དེར་ཐལ། སེམས་ཅན་སངས་རྒྱས་པའི་དུས་སུ་སེམས་ཅན་སངས་མ་རྒྱས་པའི་ཕྱིར། རྟགས་ཁས། འདོད་ན། སེམས་ཅན་མེད་པའི་དུས་དེ་སེམས་ཅན་མེད་པའི་དུས་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སེམས་ཅན་མེད་པའི་དུས་མི་སྲིད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་མེད་པའི་དུས་སྲིད་པར་ཐལ། ཁྱོད་འདུས་བྱས་ཡིན་པའི་ཕྱིར།ཁ་ཅིག །སེམས་ཅན་ཐམས་ཅད་སངསརྒྱས་པའི་དུས་སུ་སེམས་ཅན་ཐམས་ཅད་མེད་པར་ཐལ། སེམས་ཅན་སངས་རྒྱས་པའི་དུས་སུ་སེམས་ཅན་མེད་པའི་ཕྱིར། འདོད་ན། སེམས་ཅན་ཐམས་ཅད་སངས་རྒྱས་པའི་


GLG013_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ་ཡོད་པའི་སེམས་ཅན་མེད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། ཁ་ཅིག །སེམས་ཅན་སངས་རྒྱས་པའི་དུས་སུ་སེམས་ཅན་ཡོད་པར་ཐལ། འཁོར་བྱང་སེམས་འཕགས་པ་ཤ་སྟག་སངས་རྒྱས་པའི་དུས་སུ་འཁོར་བྱང་སེམས་འཕགས་པ་ཤ་སྟག་ཡོད་པའི་ཕྱིར། དེར་ཐལ། འཁོར་བྱང་སེམས་འཕགས་པ་ཤ་སྟག་སངས་རྒྱས་པའི་དུས་སུ་འཁོར་བྱང་སེམས་འཕགས་པ་ཤ་སྟག་ལོངས་སྐུའི་འཁོར་དུ་ཡོད་པའི་ཕྱིར། དེར་ཐལ། འཁོར་བྱང་སེམས་འཕགས་པ་ཤ་སྟག་སངས་རྒྱས་པའི་དུས་ཀྱི་ལོངས་སྐུ་དེ་འཁོར་བྱང་སེམས་འཕགས་པ་ཤ་སྟག་གིས་བསྐོར་བའི་ཕྱིར་ན་མ་ཁྱབ། མ་གྲུབ་ན། དེར་ཐལ། དེ་འདྲའི་ལོངས་སྐུ་དེ་ངེས་པ་ལྔ་ལྡན་གྱི་ལོངས་སྐུ་ཡིན་པའི་ཕྱིར། ཁ་ཅིག །སེམས་ཅན་རྒྱུན་ཆད་པ་སྲིད་པར་ཐལ། སེམས་ཅན་སངས་རྒྱས་པའི་དུས་སྲིད་པའི་ཕྱིར་ན་མ་ཁྱབ། འདོད་ན། སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་ཆད་པའི་དུས་སྲིད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ལས་ནི་རྒྱུན་མི་འཆད་པར་འདོད། །ཅེས་གསུངས་པའི་ཕྱིར། ཁ་ཅིག །འཁོར་བའི་ཕྱི་མཐའ་མེད་ཟེར་ན། དེ་ཡོད་པར་ཐལ། འཁོར་བའི་རྩ་བར་གྱུར་པའི་གང་ཟག་གི་བདག་འཛིན་ལ་ཕྱི་མཐའ་ཡོད་པའི་ཕྱིར། དེར་ཐལ། དེ་དངོས་སུ་འཇོམས་བྱེད་ཀྱི་གཉེན་པོ་སྟོབས་ལྡན་ཡོད་པའི་ཕྱིར། དེར་ཐལ། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་དེ་དེ་ཡིན་པའི་ཕྱིར། དེར་ཐལ། དེ་གང་ཟག་གི་བདག་འཛིན་དང་དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་དངོས་འགལ་དུ་ཞུགས་པའི་བློ་ཡིན་པའི་ཕྱིར། ཡང་ཁ་ཅིག །འཁོར་བའི་ཕྱི་མཐའ་མེད་པར་ཐལ། འཁོར་བའི་ཟད་མཐའ་མེད་པའི་ཕྱིར། དེར་ཐལ། སེམས་ཅན་ལ་ཟད་མཐའ་མེད་པའི་


GLG013_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ན་མ་ཁྱབ། ཁ་ཅིག །ཉན་རང་དགྲ་བཅོམ་པ་ཐེག་ཆེན་ལམ་དུ་འཇུག་པའི་ཚེ་ས་བརྒྱད་པ་ནས་འཇུག་ཟེར་ན། ཉན་ཐོས་ཚོགས་ལམ་པ་དང་བྱང་སེམས་ཚོགས་ལམ་པ་གཉིས་འཚང་རྒྱ་བ་ལ་ཉན་ཐོས་ཚོགས་ལམ་པ་མྱུར་བར་ཐལ། ཉན་ཐོས་ཚོགས་ལམ་པས་བརྩོན་འགྲུས་ལྷག་པར་བརྩམས་ཏེ་ཚེ་གསུམ་ལ་ཉན་ཐོས་དགྲ་བཅོམ་མངོན་དུ་བྱས་ནས་ས་བརྒྱད་པ་ལ་ཞུགས་པའི་ཚེ་ཐེག་ཆེན་ཚོགས་ལམ་པས་ས་གཉིས་པ་ཐོབ་མ་ཟིན་པའི་ཕྱིར། དེར་ཐལ། ཐེག་ཆེན་གྱི་ཚོགས་སྦྱོར་དང་ས་དང་པོའི་སྐབས་སུ་བསྐལ་པ་གྲངས་མེད་གཅིག་ཏུ་ཚོགས་བསག་དགོས་པ་གང་ཞིག །ཅིག་ཤོས་ཀྱི་ཚེ་གསུམ་པོ་དེ་ལ་བསྐལ་པ་གྲངས་མེད་གཅིག་གི་ཡུན་མེད་པའི་ཕྱིར། རྩ་བར་འདོད་མི་ནུས། གཉིས་པ་རང་ལུགས་ནི། མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་སྟེ། དེར་ལུང་དང་རིགས་པ་གཉིས་ཀས་གྲུབ་པའི་ཕྱིར། དང་པོ་གྲུབ་སྟེ། དམ་ཆོས་པད་དཀར་ལས། དྲང་སྲོང་ཆེན་པོས་ཐེག་པ་གསུམ་བསྟན་པ། །རྣམ་འདྲེན་རྣམས་ཀྱི་ཐབས་ལ་མཁས་པ་སྟེ། །ཐེག་པ་གཅིག་སྟེ་གཉིས་སུ་ཡོད་མ་ཡིན། །བསྟི་བའི་དོན་དུ་ཐེག་པ་གསུམ་བསྟན་ཏོ། །ཞེས་དང་། དཔལ་འཕྲེང་གི་མདོ་ལས། ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་འདི་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་སོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། གཉེན་པོས་སྤོང་དུ་མི་རུང་བའི་སྒྲིབ་པ་མེད་པའི་ཕྱིར། དེར་ཐལ། ཆགས་སོགས་ཉོན་མོངས་ཀྱི་རྩ་བ་བདེན་འཛིན་ཐག་ཁྲ་ལ་སྦྲུལ་གྱི་རྣམ་རྟོག་བཞིན་དུ་རྩ་བ་མི་བརྟན་པའི་ཕྱིར། འོ་ན། དགོངས་འགྲེལ་སོགས་སུ་མཐར་ཐུག་ཐེག་པ་གསུམ་དུ་བཤད་པ་དང་འགལ་ལམ་སྙམ་ན་མི་འགལ་ཏེ། དེ་ནི་དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་གསུམ་ཚང་བའི་སྒོ་ནས་དྲང་དོན་དུ་འགྲེལ་རིགས་


GLG013_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། འཁོར་བའི་ཐོག་མའི་མཐའ་མེད་ཀྱང་། ཐ་མའི་མཐའ་ཡོད་དེ། འགྲེལ་ཆེན་ལས། གང་གཉེན་པོའི་ཕྱོགས་དང་ཕྲད་པ་ན་འབྲི་བའི་ཆོས་ཅན་དུ་སྣང་བ་དེ་ནི་གཉེན་པོའི་ཕྱོགས་ཤིན་ཏུ་འཕེལ་པ་ན་ཤིན་ཏུ་འགྲིབ་པར་འགྱུར་བ་སྲིད་པ་ཡིན་ཏེ། དཔེར་ན་གསེར་གྱི་དྲི་མ་ལ་སོགས་པ་བཞིན་ནོ། །འཁོར་བ་ཡང་བདག་མེད་པ་ལ་སོགས་པའི་མཚན་ཉིད་ཀྱི་གཉེན་པོའི་ཕྱོགས་མངོན་དུ་གྱུར་པ་ན་འགྲིབ་པའི་ཆོས་ཅན་ཡིན་ནོ། །ཞེས་བྱ་བའི་རང་བཞིན་གྱི་གཏན་ཚིགས་ཀྱི་སྟོབས་ཀྱིས་འཁོར་བ་རྒྱུན་ཆད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཉན་རང་དགྲ་བཅོམ་པ་ཐེག་ཆེན་དུ་འཇུག་པའི་ཚེ་ངེས་པར་ཐེག་ཆེན་གྱི་ཚོགས་ལམ་ནས་འཇུག་དགོས་ཏེ། རྣམ་མཁྱེན་ཡིན་ན་རང་གི་ཉེར་ལེན་དུ་གྱུར་པའི་ཐེག་ཆེན་གྱི་སྒོམ་ལམ་ལས་བྱུང་བས་ཁྱབ། དེ་ཡིན་ན་རང་གི་ཉེར་ལེན་དུ་གྱུར་པའི་ཐེག་ཆེན་གྱི་མཐོང་ལམ་ལས་བྱུང་བས་ཁྱབ། དེ་ཡིན་ན་རང་གི་ཉེར་ལེན་དུ་གྱུར་པའི་ཐེག་ཆེན་གྱི་སྦྱོར་ལམ་ལས་བྱུང་བས་ཁྱབ། དེ་ཡིན་ན་རང་གི་ཉེར་ལེན་དུ་གྱུར་པའི་ཐེག་ཆེན་གྱི་ཚོགས་ལམ་ལས་བྱུང་བས་ཁྱབ་པའི་ཕྱིར། གསུམ་པ་རྩོད་པ་སྤོང་བ་ལ། ཁ་ཅིག །ཉན་ཐོས་དགྲ་བཅོམ་པ་ཐེག་ཆེན་ལམ་དུ་ཞུགས་པའི་ཐེག་ཆེན་ཚོགས་ལམ་པ་ཆོས་ཅན། ཐེག་ཆེན་འཕགས་པ་ཡིན་པར་ཐལ། ཐེག་པ་ཆེན་པོར་སེམས་བསྐྱེད་པའི་འཕགས་པ་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། དེ་ཆོས་ཅན། ཐེག་ཆེན་གྱི་མཐོང་ལམ་ཐོབ་མྱོང་བར་ཐལ། ཐེག་ཆེན་འཕགས་པ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཐེག་དམན་ཚོགས་ལམ་པ་ཡིན་ན་ཐེག་དམན་སོ་སྐྱེ་ཡིན་དགོས་པར་ཐལ། ཐེག་ཆེན་ལ་དེའི་ཕྱིར་ན་མ་ཁྱབ། འདོད་ན། སྤང་བྱ་ཅིག་ཅར་བའི་རྒྱུན་ཞུགས་ཀྱི་རྟོགས་པ་སྔོན་དུ་སོང་བའི་རང་རྒྱལ་ཚོགས་ལམ་པ་ཆོས་ཅན།


GLG013_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

དེར་ཐལ། དེའི་ཕྱིར། དེར་ཐལ། རང་རྒྱལ་ཚོགས་ལམ་པ་ཡིན་པའི་ཕྱིར། འདོད་ན། ཐེག་དམན་གྱི་མཐོང་ལམ་ཐོབ་མ་མྱོང་བར་ཐལ། འདོད་པའི་ཕྱིར། ཞེས་སྨྲ་ཡང་མི་འཐད་དེ། ཐེག་དམན་ལ་ཉན་རང་གི་ལམ་གཉིས་ཡོད་པས་ཐེག་ཆེན་དང་མི་མཚུངས་པའི་ཕྱིར། ཁ་ཅིག །འཁོར་བའི་སེམས་ཅན་འདི་ཕན་ཆད་དུ་མེད། འདི་ཚུན་ཆད་དུ་ཡོད་ཅེས་མཚམས་འཛིན་རིགས་པར་ཐལ། འཁོར་བ་ལ་མཐའ་ཡོད་པའི་ཕྱིར་ན་མ་ཁྱབ། འདོད་ན། མི་འཐད་པར་ཐལ། མདོ་ལས། ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པ། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །འཁོར་བ་སྟོངས་པའི་དུས་སྲིད་པར་ཐལ། སེམས་ཅན་ཐམས་ཅད་སངས་རྒྱས་པའི་དུས་སྲིད་པའི་ཕྱིར། འདོད་ན། འཁོར་བའི་སེམས་ཅན་འདི་ཕན་ཆད་དུ་མེད། འདི་ཚུན་ཆད་དུ་ཡོད་ཅེས་ས་མཚམས་འཛིན་རིགས་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འོ་ན། སྔོན་པོ་འདི་ཚུན་ཚད་དུ་ཡོད། འདི་ཕན་ཆད་དུ་མེད་ཅེས་ས་མཚམས་འཛིན་རིགས་པར་ཐལ། སྔོན་པོ་མེད་པའི་དུས་སྲིད་པའི་ཕྱིར། མ་གྲུབ་ན། སྔོན་པོ་ཆོས་ཅན། ཁྱོད་རྟག་དངོས་ཡིན་པར་ཐལ། ཁྱོད་རང་རྒྱུ་ལས་སྐྱེས་པ་གང་ཞིག །ཁྱོད་མེད་པའི་དུས་མི་སྲིད་པའི་ཕྱིར། བཞི་པ་ལམ་ཤེས་ཀྱི་རང་བཞིན་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། འདོད་པ་དང་སྲིད་པའི་ཟག་པས་བསྡུས་པའི་ཉོན་མོངས་པ་སྤང་བྱའི་གཙོ་བོར་བྱས་ནས་འབད་པས་རྣམ་པ་ཐམས་ཅད་དུ་སྤངས་པ་མ་ཡིན་པ་ཞེས་བྱ་བ་ནི་ལམ་ཤེས་ཀྱི་རང་བཞིན་ཡིན་པས་དེ་ཉན་རང་གི་ལམ་ལས་ཁྱད་པར་འཕགས་པ་ཡིན་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་བྱེད་པར་ཞུགས་པ་ཉིད་ཀྱིས་འདོད་སྲིད་ཀྱི་ཟག་པ་བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཀྱིས་གཞན་དོན་སྒྲུབ་པའི་ཡན་ལག་ཏུ་འགྱུར་


GLG013_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག །མ་རིག་བག་ཆགས་ཀྱི་ས་འདིར་བསྟན་ཉོན་མོངས་ཡིན་ཟེར་ན། དེ་ཆོས་ཅན། ཁྱོད་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤང་བྱའི་གཙོ་བོར་བྱས་ནས་མི་སྤོང་བར་ཐལ། ཁྱོད་སྐབས་འདིར་བསྟན་གྱི་ཉོན་མོངས་ཡིན་པའི་ཕྱིར། མ་ཁྱབ་སྟེ། རྒྱུ་ལམ་ཤེས་དེས་སྐབས་འདིར་བསྟན་གྱི་ཉོན་མོངས་སྤང་བྱའི་གཙོ་བོར་བྱས་ནས་མི་སྤོང་བའི་རྒྱུ་མཚན་གྱིས་ཉན་ཐོས་ཀྱི་ལམ་ལས་རང་བཞིན་གྱིས་ཁྱད་པར་དུ་འཕགས་པའི་ཕྱིར། རྩ་བར་འདོད་ན། དེས་མ་རིག་བག་ཆགས་ཀྱི་ས་སྤང་བྱའི་གཙོ་བོར་བྱས་ནས་སྤོང་བར་ཐལ། དེས་ཤེས་སྒྲིབ་སྤང་བྱའི་གཙོ་བོར་བྱས་ནས་སྤོང་བའི་ཕྱིར། གཞན་ཡང་། མ་རིག་བག་ཆགས་ཀྱི་ས་ཆོས་ཅན། ཁྱོད་ཉན་ཐོས་སློབ་པ་རྣམས་ཀྱིས་སྤང་བྱའི་གཙོ་བོར་བྱས་ནས་སྤོང་བར་ཐལ། ཁྱོད་སྐབས་འདིར་བསྟན་གྱི་ཉོན་མོངས་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཉན་ཐོས་སློབ་པས་སྤང་བྱའི་གཙོ་བོར་མི་བྱེད་པར་ཐལ། ཁྱོད་ཤེས་སྒྲིབ་ཡིན་པའི་ཕྱིར། ཁ་ཅིག །བསོད་ནམས་ཀྱི་ཚོགས་ཡོངས་སུ་ཚོལ་བས་མི་ངོམས་པ་སོགས་བརྒྱད་པོ་དེ། སྐབས་འདིར་བསྟན་གྱི་ཉོན་མོངས་ཡིན་ཟེར་ན། མི་འཐད་པར་ཐལ། དེ་བྱང་ཆུབ་སེམས་དཔས་ཆེད་དུ་གཉེར་ནས་སྤོང་ངམ་མི་སྤོང་སྙམ་པའི་དོགས་པ་བློ་ལྡན་ལ་མི་སྐྱེ་བའི་ཕྱིར། དེར་ཐལ། དེ་རྒྱལ་སྲས་ཀྱི་སྤྱོད་པ་ཡིན་པའི་ཕྱིར། གཞན་ཡང་། སྐབས་འདིར་བསྟན་གྱི་ཉོན་མོངས་ཉོན་མོངས་བཏགས་པ་བ་ཡིན་པར་ཐལ། བརྒྱད་པོ་དེ་སྐབས་འདིར་བསྟན་གྱི་ཉོན་མོངས་ཡིན་པའི་ཕྱིར། འདོད་ན། ཉན་ཐོས་འཕགས་པས་སྤང་བྱའི་གཙོ་བོར་བྱས་ནས་སྤོང་བའི་ཉོན་མོངས་ཉོན་མོངས་བཏགས་པ་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། ཁ་ཅིག །སྐབས་འདིར་བསྟན་གྱི་


GLG013_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་བྱང་འཕགས་འཁོར་བར་སྐྱེ་བ་ལེན་པའི་རྒྱུ་ཡིན་ཟེར་ན། བྱང་འཕགས་དེ་ཉོན་མོངས་པའི་དབང་གིས་འཁོར་བར་སྐྱེ་བ་ལེན་པར་ཐལ། འདོད་པའི་ཕྱིར། འདོད་ན། མི་འཐད་པར་ཐལ། དེ་ལས་ཉོན་གྱིས་འཁོར་བར་སྐྱེ་འཆི་སྤངས་པའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། རྒྱུད་བླ་མ་ལས། འཕགས་པས་ན་དང་རྒ་བ་དང་། །འཆི་བའི་སྡུག་བསྔལ་རྩད་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཅེས་གསུངས་པའི་ཕྱིར། ཁ་ཅིག །མ་རིག་བག་ཆགས་ཀྱི་ས་དང་། ཟག་མེད་ཀྱི་ལས་ལ་བརྟེན་ནས་འཁོར་བར་སྐྱེ་བ་ལེན་པའི་བྱང་འཕགས་ཡོད་ཟེར་ན། དེའི་དབང་གིས་འཁོར་བར་སྐྱེ་བ་ལེན་པའི་བྱང་འཕགས་མེད་པར་ཐལ། ཤེས་སྒྲིབ་ཀྱི་དབང་གིས་འཁོར་བར་སྐྱེ་བ་ལེན་པའི་བྱང་འཕགས་མེད་པའི་ཕྱིར། དེར་ཐལ། ཉོན་སྒྲིབ་ཀྱི་དབང་གིས་དེ་མེད་པ་གང་ཞིག །མཚུངས་པའི་ཕྱིར། གཞན་ཡང་། མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ཀྱི་ལས་ལ་བརྟེན་ནས་ཡིད་ལུས་ལེན་པའི་གང་ཟག་ཡིན་ན། དེ་ལ་བརྟེན་ནས་འཁོར་བར་སྐྱེ་བ་ལེན་པའི་གང་ཟག་ཡིན་དགོས་པར་ཐལ། དེ་ལ་བརྟེན་ནས་འཁོར་བར་སྐྱེ་བ་ལེན་པའི་བྱང་འཕགས་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། དེ་ལ་བརྟེན་ནས་སྐྱེ་བ་ལེན་པའི་དགྲ་བཅོམ་པ་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། རྣམ་བཤད་ལས། ས་བདུན་པ་མན་ཆད་པས་ཀྱང་འབད་པས་བསྒྲུབས་ན་མ་རིག་བག་ཆགས་ཀྱི་ས་དང་། ཟག་པ་མེད་པའི་ལས་ལ་བརྟེན་ནས་ཡིད་ཀྱི་རང་བཞིན་གྱི་ལུས་ལེན་ནུས་མོད་ཀྱི། ངམ་ངམ་ཤུགས་ཀྱིས་གྲུབ་པ་ནི་ཉན་རང་དགྲ་བཅོམ་པ་དང་། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡིན་པར་ཤེས་པར་བྱའོ་ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། གཉིས་པ་རང་ལུགས་ནི། འདོད་པའི་སས་བསྡུས་ཀྱི་འདོད་ཆགས་དང་། གཟུགས་ཀྱི་


GLG013_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

སས་བསྡུས་ཀྱི་འདོད་ཆགས་དེ་དམན་ལམ་སྔོན་མ་སོང་གི་བྱང་སེམས་འཕགས་པས་ཆེད་དུ་གཉེར་ནས་མི་སྤོང་བའི་རྒྱུ་མཚན་ཡོད་དེ། བྱང་འཕགས་སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་འཁོར་ལོས་བསྒྱུར་རྒྱལ་དུ་སྐྱེ་བ་བླངས་ཏེ་སྲས་སྟོང་ལ་སོགས་པ་བསྐྲུན་འདོད་པའི་འདོད་ཆགས་གཞན་དོན་སྒྲུབ་པའི་ཡན་ལག་ཏུ་སྒྱུར་བར་བྱེད། གཟུགས་ཁམས་སུ་སྐྱེ་བ་བླངས་ནས་གཟུགས་ཀྱི་འདོད་ཆགས་གཞན་དོན་སྒྲུབ་པའི་ཡན་ལག་ཏུ་སྒྱུར་བར་བྱེད་པའི་ཕྱིར། འདོད་ཆགས་གཉིས་དང་མཚུངས་ལྡན་གྱི་མ་རིག་པ་དང་ཉོན་མོངས་ཅན་གྱི་འཇིག་ལྟ་བྱང་འཕགས་ཀྱིས་ཆེད་དུ་གཉེར་ནས་མི་སྤོང་རྒྱུ་དང་། སྐབས་འདིར་བསྟན་གྱི་ཉོན་མོངས་མ་ཡིན་ཏེ། དེ་བྱང་འཕགས་ཀྱིས་གཞན་དོན་སྒྲུབ་པའི་ཡན་ལག་ཏུ་སྒྱུར་མི་ནུས་པའི་ཕྱིར། གཉིས་ཀ་ལ་རྒྱུ་མཚན་ཡོད་དེ། འགྲེལ་ཆེན་ལས། མ་རིག་པ་དང་ལྟ་བས་བསྡུས་པའི་བག་ལ་ཉལ་སྤོང་གིའདོད་པ་དང་སྲིད་པའི་ཟག་པ་ནི་མ་ཡིན་ཏེ། བསམས་བཞིན་དུ་སྲིད་པར་སྐྱེ་བ་ལེན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། གསུམ་པ་རྩོད་པ་སྤོང་བ་ལ། ཁ་ཅིག །ལས་ཉོན་གྱི་དབང་གིས་བྱུང་བའི་བྱང་འཕགས་ཀྱི་སྐྱེ་བ་མེད་པར་ཐལ། ལས་ཉོན་གྱི་དབང་གིས་འཁོར་བར་སྐྱེ་བ་ལེན་པའི་བྱང་འཕགས་མེད་པའི་ཕྱིར་ན། མ་ཁྱབ། འདོད་ན། དེ་ཡོད་པར་ཐལ། ལས་ཉོན་གྱི་དབང་གིས་བྱུང་བའི་བྱང་སེམས་སྦྱོར་ལམ་པའི་སྐྱེ་བ་ཡོད་པ་གང་ཞིག །དེ་འདྲའི་སྦྱོར་ལམ་པས་ཚེ་དེ་ལ་བྱང་སེམས་ཀྱི་མཐོང་ལམ་ཐོབ་པ་ཡོད་པའི་ཕྱིར། ཁྱབ་པ་ཡོད་དེ། དེ་འདྲའི་སྦྱོར་ལམ་པ་དང་མཐོང་ལམ་པ་གཉིས་ལུས་རྟེན་གཅིག་གིས་བསྡུས་པའི་ཕྱིར། གཞན་ཡང་། ལས་ཉོན་གྱི་དབང་གིས་བྱུང་བའི་ཉན་ཐོས་སྲིད་པ་ཐ་མ་པ་མེད་པར་ཐལ། ལས་ཉོན་གྱི་དབང་གིས་འཁོར་བར་སྐྱེ་བ་ལེན་པའི་ཉན་ཐོས་སྲིད་པ་ཐ་མ་པ་མེད་པའི་ཕྱིར།


GLG013_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་པ་འགྲིག །ཁ་ཅིག །བྱང་འཕགས་ལས་དབང་གིས་འཁོར་བར་སྐྱེ་བ་ལེན་པ་ཡོད་པར་ཐལ། བྱང་འཕགས་འཁོར་བར་སྐྱེ་བ་ལེན་པའི་རྒྱུར་གྱུར་པའི་ལས་ཡོད་པའི་ཕྱིར་ན་མ་ཁྱབ། ཁ་ཅིག །བྱང་འཕགས་ཀྱིས་ཉོན་མོངས་ཅན་གྱི་མ་རིག་པ་དང་འཇིག་ལྟ་སྤང་བྱའི་གཙོ་བོར་བྱས་ནས་སྤོང་ཞིང་། འདོད་སྲིད་ཀྱི་ཉོན་མོངས་སྤང་བྱའི་གཙོ་བོར་བྱས་ནས་མི་སྤོང་བ་སྔར་གྱི་འགྲེལ་ཆེན་གྱི་ལུང་དོན་ཡིན་ཟེར་ན། མི་འཐད་པར་ཐལ། བྱང་འཕགས་ཀྱིས་ཉོན་སྒྲིབ་སྤང་བྱའི་གཙོ་བོར་བྱས་ནས་མི་སྤོང་བའི་ཕྱིར། ཁོ་ན་རེ། སྔ་མ་དེ་མི་འཐད་པར་ཐལ། བྱང་འཕགས་ཀྱིས་དེ་གཉིས་ཆེད་དུ་གཉེར་ནས་སྤོང་བའི་ཕྱིར། དེར་ཐལ། དེ་གཉིས་བྱང་འཕགས་ཀྱིས་ཆེད་དུ་གཉེར་ནས་སྤང་རྒྱུའི་ཉོན་མོངས་ཡིན་པའི་ཕྱིར། དེར་ཐལ། དེ་གཉིས་ཆེད་དུ་གཉེར་ནས་མི་སྤང་རྒྱུའི་ཉོན་མོངས་མ་ཡིན་པའི་ཕྱིར། དེར་ཐལ། དེ་གཉིས་སྐབས་འདིར་བསྟན་གྱི་ཉོན་མོངས་མ་ཡིན་པའི་ཕྱིར་ན་། རྩ་བར་མ་ཁྱབ་། ལྔ་པ་བྱེད་ལས་ནི་། ལམ་ཤེས་ཀྱི་རང་བཞིན་བཤད་པ་དེའི་འོག་ཏུ་དེ་ལྟ་བུའི་རང་བཞིན་ཅན་གྱི་ལམ་ཤེས་ཀྱི་བྱེད་ལས་ནི་ཆོས་ཅན་། ཁྱོད་ཉན་ཐོས་ཀྱི་ལམ་ལས་བྱེད་པ་ཁྱད་ཞུགས་པ་ཡིན་ཏེ། ཁྱོད་མ་རྫོགས་མ་སྨིན་མ་སྦྱངས་བར་དུ་ཡང་དག་པའི་མཐའ་མངོན་དུ་མི་བྱེད་པ་དང་། སྟོང་པ་ཉིད་ལ་དམིགས་པའི་ཤེས་རབ་དང་སྙིང་རྗེ་ལ་སོགས་པའི་ཐབས་ལ་མཁས་པས་སེམས་ཅན་འཁོར་དུ་ཡོངས་སུ་མ་བསྡུས་པ་རྣམས་ཡོངས་སུ་སྡུད་པ་དང་། ལ་སོགས་པས་བསྡུས་པ་རྣམས་སྨིན་ཅིང་གྲོལ་བ་བྱེད་པ་ཡིན་པའི་ཕྱིར། སྨྲས་པ། སྟོབས་བཅུའི་རྩལ་གྱི་ཆུ་འཛིན་ཕྲེང་བའི་དབུས། །གསུང་རབ་གྲུ་ཆར་འཇོ་བའི་དག་པའི་སྣོད། །ང་རྒྱལ་དྲི་མ་སེལ་ཕྱིར་གློག་འོད་ཕྲེང་། །མ་རིག་མུན་པ་རིང་དུ་བསྐྲད་དམ་སྙམ། །བློ་གྲོས་གཙུག་ན་ཟླ་བའི་རིགས་པའི་མདས། །སྔ་རབས་ལྷ་མིན་སྡེར་བཅས་བཅོམ་པ་ན། །ད་
ལྟའི་རིགས་པ་སྨྲ་བར་རློམ་པ་ཕལ། །མི་སྨྲའི་བརྟུལ་ཞུགས་འཛིན་པའི་གཉིད་ལ་ཡུར། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།


previousལམ་ཤེས་ཀྱི་ཡན་ལག་བཤད་པ།next