Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

13 occurrences of གཏེར་སྲུང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
  
  
  
  
  
  
  
 
  
  
  
 
  
  
  
  
  
དཔལ་ཆེན་ཡང་དག་ཟབ་ཏིག་ལས། རྒྱུན་གྱི་རྣལ་འབྱོར་སྙིང་པོ།
  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
  
  
  
  
 
  
  
  


13 occurrences of གཏེར་སྲུང་
[Clear Hits]

 
previousདཔལ་ཆེན་ཡང་དག་ཟབ་ཏིག་ལས། རྒྱུན་གྱི་རྣལ་འབྱོར་སྙིང་པོ།next

དཔལ་ཆེན་ཡང་དག་ཟབ་ཏིག་ལས། རྒྱུན་གྱི་རྣལ་འབྱོར་སྙིང་པོ།


JKT015_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་ཡང་དག་ཟབ་ཏིག་ལས། རྒྱུན་གྱི་རྣལ་འབྱོར་སྙིང་པོ་བཞུགས། །


JKT015_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཤྲཱི་བཛྲ་ཧེ་རུ་ཀཱ་ཡ། འདིར་སློབ་དཔོན་ཆེན་པོ་རྡོ་རྗེ་ཧཱུྃ་ཀ་རའི་དགོངས་པ། གུ་རུ་པདྨ་སཾ་བྷ་ཝས་སྙན་བརྒྱུད་དུ་སྩལ་བའི་དཔལ་ཆེན་ཡང་དག་ཟབ་ཏིག་ལས། རྒྱུན་གྱི་རྣལ་འབྱོར་སྙིང་པོར་དྲིལ་ཏེ་ཉམས་སུ་བླང་བའི་ཚུལ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་གསུམ། སྐྱབས་འགྲོ། སེམས་བསྐྱེད། ཚོགས་བསག་གོ། །དང་པོ་ནི། འབྱོར་ན་དམ་ཚིག་གི་རྟེན་དུ་ཧེ་རུ་ཀའི་ཐོད་སྐུ་མཚན་ཉིད་ཚང་བར་འདུ་བྱས་ཏེ། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་དཔལ་ཆེན་པོ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་སྤྲིན་ཕུང་འཕྲོ་བ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་བདག་གཞན་འགྲོ་ཀུན་སྒོ་གསུམ་


JKT015_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བར་མོས་ལ། ཨཿ སྐྱེ་བ་མེད་པའི་ཡེ་ཤེས་ལས༔ འགག་མེད་སྣང་བའི་ཕྱག་རྒྱར་བཞེངས༔ དཔལ་ཆེན་ཡང་དག་ཧེ་རུ་ཀར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ལན་གསུམ། གཉིས་པ་ནི། སྨོན་འཇུག་གི་དོན་ཡིད་ལ་དྲན་བཞིན་པས། ཧཱུྃ༔ དེ་བཞིན་ཉིད་དབྱིངས་མ་རྟོགས་པའི༔ འགྲོ་ལ་སྙིང་རྗེ་ཆེན་པོའི་བློས རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས༔ ཁམས་གསུམ་སྒྲོལ་བར་སེམས་མཆོག་བསྐྱེདཿ ལན་གསུམ། གསུམ་པ་ནི། ཨོཾ་ཨཱཿཧཱུྃ༔ དབྱིངས་ལས་རིག་པ་རང་ཤར་བ༔ བླ་མ་དཔལ་ཆེན་ཞི་ཁྲོའི་ལྷརཿ ཕྱག་འཚལ་མཆོད་སྤྲིན་རྒྱ་མཚོས་མཆོད༔ སྡིག་སྒྲིབ་ཉེས་ལྟུང་སྙིང་ནས་བཤགསཿ དགེ་ལ་ཡི་རང་ཆོས་


JKT015_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བསྐུལ༔ རྟག་པར་བཞུགས་གསོལ་དགེ་རྩ་ཀུན༔ ཡང་དག་བྱང་ཆུབ་སྙིང་པོར་བསྔོ༔ རྡོ་རྗེའི་ཡེ་ཤེས་མྱུར་འགྲུབ་ཤོག༔ ལན་གསུམ། ཛཧཱུྃ་བཾ་ཧོས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་ བསམ། གཉིས་པ་དངོས་གཞི་ལ་གསུམ། སྐུ་བསྐྱེད་རིམ་ཕྱག་རྒྱ། གསུང་བཟླས་པ་སྔགས། ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་རོ། །དང་པོ་ནི། ཧཱུྃ༔ ཡང་དག་གྲུབ་པ་དེ་བཞིན་ཉིད༔ སངས་རྒྱས་ཀུན་གྱི་སྙིང་རྗེའི་སྤྲིན༔ སྐུ་གསུམ་དབྱེར་མེད་རིག་པའི་གཤིས༔ སྙིང་པོ་དྲན་པས་ལྷ་སྐུར་རྫོགས༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷོ་ཧཱུྃ༔ སྣོད་བཅུད་རྣམ་དག་ཡུམ་ལྔའི་ཀློང་༔ ཐར་པ་ཆེན་པོའི་གཞལ་མེད་ཁང་༔ དུར་ཁྲོད་རོལ་པའི་མཚན་ཉིད་རྫོགས༔ དེ་དབུས་པདྨ་ཉི་ཟླ་དང་༔ དྲེགས་པ་ལྷ་ཆེན་ཕོ་མོའི་སྟེང་༔ བདག་ཉིད་མ་བཅོས་རྩ་བའི་ལྷ༔ རྡོ་རྗེ་ཁྲག་འཐུང་ནམ་མཁའི་མདངས༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ ཕྱག་དྲུག་གཡས་ཀྱི་རྣམ་གསུམ་ན༔ རྡོ་རྗེ་ཁ་ཊཾ་རྗེའུ་ཆུང་དང་༔ གཡོན་གསུམ་དྲིལ་བྷན་རྒྱུ་ཞགས་འཕེན༔ ཡུམ་ནི་བཛྲ་ཀྲོ་དྷི་མ༔ རྡོ་རྗེ་དུང་ཁྲག་བསྣམས་པས་འཁྲིལ༔ གར་དགུའི་ཉམས་ལྡན་དཔལ་ཆེན་དང་༔ དུར་ཁྲོད་ཆས་ཀྱིས་ཀུན་ཏུ་བརྒྱན༔ ཚོགས་བརྒྱད་རྣམ་དག་གོ་རཱི་བརྒྱད༔


JKT015_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་གཡོན་ཞལ་དང་ཕྱག་ལ་རྫོགས༔ གཞན་ཡང་ཕུང་ཁམས་སྐྱེ་མཆེད་ཀུན༔ མ་བསྐྱེད་ཡེ་རྫོགས་ལྷ་སྐུར་གསལ༔ ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་མཎྜ་ལ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ ཞེས་གསལ་གདབ། །སྤྲོ་ན་ལས་རིམ་མདོར་བསྡུས་ནི། ཧཱུྃ༔ དབྱིངས་ལས་ཡེ་ཤེས་རང་ཤར་བའི༔ དཔལ་ཆེན་ལྷ་ཚོགས་གཉིས་མེད་གཤེགས༔ དམ་ཡེ་རོ་མཉམ་ངང་དུ་བཞུགས༔ རང་བཞིན་ཡོངས་ཤེས་ཕྱག་གིས་འདུད༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷོ་ཧཱུྃ༔ སརྦ་ས་མ་ཡ་ཛ༔ ཛཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛནུ༔ ཨ་ཏི་པཱུ་ཧོ༔ ན་མ་དྷི༔ ཨོཾ༔ ཡུལ་ལ་དབང་པོས་མཚམས་སྦྱར་བའི༔ ཅིར་སྣང་ཉེར་སྤྱོད་འདོད་ཡོན་སྤྲིན༔ སྨན་རག་གཏོར་ཚོགས་བསམ་མི་ཁྱབ༔ བདེ་སྟོང་རོལ་པའི་རྒྱན་དུ་མཆོདཿ སརྦ་པཱུ་ཛ་ས་མ་ཡ་ཧོ༔ ཧཱུྃ༔ ཆོས་དབྱིངས་སྐྱེ་བ་མེད་པ་ལས༔ རིག་པ་ཡེ་ཤེས་ལོངས་སྤྱོད་རྫོགས༔ གང་འདུལ་སྤྲུལ་པའི་སྐུར་སྟོན་པའི༔ ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད༔ ཅེས་སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་བསྟོད་པ་བཅས་བྱ། གང་ལྟར་ཡང་དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ། ང་རྒྱལ་བརྟན་པོར་བཟུང་། གཞི་འབྲས་སྦྲེལ་བའི་དག་པ་དྲན་པར་བྱ། གཉིས་པ་ནི། ཨ༔ སྙིང་དབུས་ཉི་ཟླའི་གྲྭའུ་རུ༔ ཀུན་བཟང་རྡོ་རྗེ་སེམས་དཔའ་མཐིང་༔ ཡབ་ཡུམ་མཉམ་སྦྱོར་ཐུགས་སྲོག་ལས༔ རུ་ལུ་།


JKT015_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་བརྒྱད་འཕྲོ་ཞིང་འདུ༔ ཕར་འཕྲོས་སྣོད་བཅུད་སྣང་གྲགས་རྟོག༔ ལྷ་སྔགས་ཡེ་ཤེས་འཁོར་ལོར་སད༔ ཚུར་འདུས་དཔལ་ཆེན་ཁྲག་འཐུང་དང་༔ དགོངས་པ་དབྱེར་མེད་གཅིག་ཏུ་རྫོགས༔ ཞེས་དགོངས་པའི་སྲོག་བཟུང་ལ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷོ་ཧཱུྃ༔ ཞེས་རྡོ་རྗེའི་གསང་སྔགས་འབྲུ་བརྒྱད་པ་ཉིད་བཟླས་པའི་སྐྱོན་བཅུ་སྤངས་ཏེ་རྩེ་གཅིག་ཏུ་བཟླ། བསྙེན་པ་བྱེད་ན། འབུམ་ཕྲག་བརྒྱད་བཟླས་པས་ལས་རུང་དུ་འགྱུར་རོ། །གསུམ་པ་ནི། གཞུང་ལས། རྩ་ཁམས་རླུང་ལ་བདེ་ཆེན་སྤར༔ དབྱིངས་རིག་ཐིག་ལེ་གཅིག་གི་ངང་༔ མཆོག་དངོས་གྲུབ་པ་མཐར་ཕྱིན་འགྱུར༔ ཞེས་པའི་དོན་ལྟ་བ་རིག་སྟོང་གཉུག་མའི་གནས་ལུགས་གཏན་ལ་ཕབ་པ་སྔོན་དུ་འགྲོ་བས། སྒོམ་པ་རླུང་དང་གཏུམ་མོའི་རྣལ་འབྱོར་གྱིས་གཞི་བཟུང་། བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་ལམ་དུ་བསླངས་ཏེ་སྤྱོད་པའི་ཉེ་རྒྱུས་མཚམས་སྦྱར་བས་མི་འགྱུར་རྟག་པའི་འབྲས་བུ་མངོན་དུ་བྱེད་པའི་ཚུལ་རྩ་བའི་གཞུང་བརྒྱུད་ལྡན་བླ་མའི་ཞལ་ལུང་ལྟར་ཉམས་སུ་བླང་བར་བྱའོ། །གསུམ་པ་རྗེས་ལ་གསུམ། འོད་གསལ་དུ་བསྡུ་བ། ཟུང་འཇུག་གི་སྐུར་ལྡང་བ། བསྔོ་སྨོན་ཤིས་བརྗོད་ཀྱིས་མཐར་བརྒྱན་པའོ། །དང་པོ་ནི། ཐུན་ལས་ལྡང་བར་བརྩམས་པ་ན། དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བཟླས་པས་སྔགས་ཀྱི་


JKT015_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་ཆད་ཁ་བསྐང་ཞིང་ནུས་པ་བརྟན་པར་བྱས་རྗེས། ཨ་ཨ་ཨ༔ ལྷར་སྣང་རིག་རྩལ་དབྱིངས་སུ་ཐིམ༔ དབྱིངས་རིག་འདུ་འབྲལ་མེད་པའི་ངང་༔ ཞེས་པའི་དགོངས་པ་ལ་མཉམ་པར་། བཞག །གཉིས་པ་ནི། བདེ་སྟོང་ཟུང་འཇུག་རྟགས་ཀྱི་སྐུ༔ ཕྱག་རྒྱ་ཆེན་པོའི་རོལ་པར་ཤར༔ ཕཊ་ཕཊ་ཕཊ༔ ཅེས་བརྗོད་ཅིང་ཟུང་འཇུག་གི་ལྷ་སྐུར་ལྡང་། གསུམ་པ་ནི། འདུན་པ་རྩེ་གཅིག་པས། ཧོ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་ཀྱིས༔ འགྲོ་བའི་སྒྲིབ་གཉིས་ཡང་དག་ནས༔ ཁ་སྦྱོར་བཞི་ལྡན་རྡོ་རྗེ་སེམས༔ ཧེ་རུ་ཀ་དཔལ་མྱུར་འགྲུབ་ཤོག༔ ཅེས་བསྔོ་སྨོན་དང་། ཨོ༔ དབྱིངས་ཀྱི་ངོ་བོ་ཆོས་སྐུ་རྡོ་རྗེ་སེམས༔ རིག་པ་རང་སྣང་དཔལ་ཆེན་ལོངས་སྤྱོད་རྫོགས༔ དབྱིངས་རིག་ཟུང་འཇུག་རྩ་བརྒྱུད་བླ་མ་ཡིས༔ མཆོག་ཐུན་དགེ་ལེགས་འགྲུབ་པའི་བཀྲ་ཤིས་ཤོག ཅེས་མི་ཤིས་པ་བརྗོད་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ། །ཞེས་པའང་སྐྱབས་ཆེ་སྒྲུབ་བརྒྱུད་སྤྲུལ་པའི་སྐུ་མཆོག་དང་། ཚ་སྒང་ལོ་ཙཱ་བ་རཏྣ་བི་ཛ་ཡ་ཟུང་གིས་བསྐུལ་བ་ལྟར་ཆོས་འདིའི་བདག་པོར་བསྔགས་པ་གཞན་དག་གིའང་ཐུགས་དམ་ཉམས་བཞེས་སུ་ལྷག་བསམ་བཟང་པོས་ཀུན་ནས་བསླངས་ཏེ་མཚོ་སྐྱེས་རྡོ་རྗེ་འཆང་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པས་མདོ་གཞུང་སའི་


JKT015_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་གཏེར་དགོན་ཕུན་ཚོགས་གླིང་དུ་རབ་བྱུང་བཅོ་ལྔ་པའི་མེ་ཡོས་ཁྲུམས་ཟླའི་ཤར་ཕྱོགས་ཀྱི་རྒྱལ་བ་དང་པོ་ལ་སྦྱར་བའི་དགེ་བས་འགྲོ་ཀུན་དཔལ་ཆེན་ཧེ་རུ་ཀའི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག། ༈ །།འཕགས་མ་ནོར་རྒྱུན་ཡབ་ཡུམ་གྱི་རྒྱུན་ཁྱེར་སྙིང་པོར་དྲིལ་བ་བཞུགས་སོ། །ཨོཾ་སྭ་སྟི། འཕགས་མ་ནོར་རྒྱུན་མའི་སྒྲུབ་ཐབས་འདོད་རྒུའི་སྤྲིན་གྱི་ཏིང་ངེ་འཛིན་ཆེན་པོའི་སྙིང་པོ་ཡབ་ཡུམ་གཙོ་རྐྱང་གི་རྣལ་འབྱོར་ཉམས་སུ་བླང་བར་འདོད་པས། དབང་ཐོབ་ཅིང་དམ་ཚིག་ལ་གནས་པ། གཞན་དོན་དུ་སྙིང་རྗེ་ཆེན་པོས་ཡིད་རང་དབང་མེད་པར་བསྐྱེད་དེ། ཕན་བདེ་བླ་ན་མེད་པའི་རྒྱུད་སྡེ་བཞིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་ལ་དབང་བསྒྱུར་བར་འདོད་པའི་བསམ་པས། མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་མངོན་སུམ་བཞུགས་པའི་སྤྱན་སྔར། ན་མོ༔ བདག་དང་མཐའ་ཡས་སེམས་ཅན་ཀུན༔ དཀོན་མཆོག་རྩ་གསུམ་ལྷ་ཚོགས་ལ༔ གུས་པས་སྐྱབས་མཆི་སེམས་ཅན་དོན༔ བླ་མེད་བྱང་ཆུབ་བསྒྲུབ་པར་བགྱི༔ ལན་གསུམ་གྱིས་སྐྱབས་སེམས་དང་། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་དག་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་བཞིས་བློ་སྦྱངས། ཛཧཱུྃ་བཾ་ཧོས་ཚོགས་ཞིང་


JKT015_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རང་ལ་ཐིམ་པར་བསམ། དངོས་གཞི་ལྷ་བསྐྱེད་པ་ནི། ཨ༔ འཁོར་འདས་ཆོས་ཀུན་མཉམ་པ་ཉིད༔ ཟུང་འཇུག་འདུས་མ་བྱས་པའི་དབྱིངས༔ རིག་གདངས་བརྩེ་བའི་སྙིང་རྗེའི་རྩལ༔ རིན་ཆེན་སྤྲིན་གྱི་ཏིང་འཛིན་ལས༔ རྒྱུ་ཡི་ས་བོན་བཾ་སེར་པོ༔ གསེར་མདོག་ཉི་མ་ལྟ་བུར་ཤར༔ དེ་ལས་འོད་འཕྲོས་སྣོད་བཅུད་སྦྱངས༔ རིན་ཆེན་བཀོད་པའི་ཞིང་ཁམས་དབུས༔ སྣ་ཚོགས་པད་ཟླའི་གདན་གྱི་སྟེང་༔ བཾ་ཡིག་ཡོངས་གྱུར་སྐད་ཅིག་གིས༔ འཕགས་མ་ནོར་རྒྱུན་ལྷ་མོ་ནི༔ གསེར་མདོག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་ཡིས༔ དགོས་འབྱུང་གང་བའི་འབྲས་བུ་དང་༔ གཡོན་པས་སྐྱབས་སྦྱིན་འབྲས་སྙེ་ནི༔ འདོད་རྒུའི་ཆར་འབེབས་རབ་ཏུ་བསྣམས༔ སྣ་ཚོགས་དར་གྱི་ན་བཟའ་དང་༔ རྣམ་མང་རིན་ཆེན་རྒྱན་གྱིས་བརྒྱན༔ མཆོག་ཏུ་སྒེག་ཅིང་འཛུམ་པའི་ཉམས༔ ཞབས་ཟུང་སེམས་མའི་སྐྱིལ་ཀྲུང་བཞུགས༔ རང་འོད་ཐབས་མཆོག་སཾ་བྷ་ལ༔ སེར་གསལ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་ཡུམ་གྱི་མགུལ་ནས་འཁྱུད༔ བི་ཛ་པཱུ་རའི་འབྲས་བུ་བསྣམས༔ གཡོན་པས་ནོར་བུའི་རྒྱུན་སྩོལ་བའི༔ ནེའུ་ལེ་ཡི་མགྲིན་པར་བཟུང་༔ ཨུཏྤལ་དར་དང་རིན་ཆེན་བརྒྱན༔ སྒེག་ཅིང་རྗེས་ཆགས་གཏུམ་པའི་ཉམས༔ གནས་གསུམ་


JKT015_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་འབྲུ་གསུམ་མཚན༔ སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ༔ བྱང་སེམས་བདུད་རྩིས་དབང་བསྐུར་བས༔ ཡེ་ཤེས་རིགས་ལྔའི་ཕྱག་རྒྱས་བཏབ༔ ཨོཾ་ཨཱཧཱུྃ༔ ཧཱུྃ་ཨོཾ་ཧཱུྃ་ཧཱིཝ ཨོབཅོམ་ལྡན་ལྷ་མོ་ནོར་རྒྱུན་མ༔ ཡབ་ཡུམ་སྤྲུལ་པ་འཁོར་དང་བཅས༔ སྔོན་གྱི་ཐུགས་དམ་རྗེས་དགོངས་ཏེ༔ གནས་འདིར་མྱུར་དུ་གཤེགས་སུ་གསོལ༔ ཨོཾ་ཤྲཱི་སརྦ་བ་སུ་དྷ་རི་ཛཾ་བྷ་ལ་ས་པ་རི་ཝཱ་ར་ཨེ་ཧེ་ཧི༔ མ་ཧཱ་ཀ་རུ་ཎི་ཀ་དྲི་ཤྱ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སིཾ༔ ཛཧཱུྃ་བཾ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱི་ཙྪ་ཧོ༔ ཨོ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་རིན་ཆེན་གཏེར༔ ཉེར་སྤྱོད་འདོད་ཡོན་བསམ་མི་ཁྱབ༔ ཀུན་ཏུ་བཟང་པོའི་སྤྲིན་གྱིས་མཆོད༔ ཨོ་བྲི་བ་སུ་དྷཱ་རི་ཛཾ་བྷ་ལ་ས་པ་རི་ཝཱ་ར་ཨརྒྱུ་ཨ༔ པཱ་དུ་པཾ༔ པུཥྛ་ཏྭཾ༔ དྷ་པེ་ཧཱུྃ༔ ཨཱ་ལོ་ཀེ་ཧཱུྃ༔ གནྡྷེ་ཨཱཿ ནེ་ཝི་དུ་ༀ ཤསྔ་ཧོ༔ རྭ་པ་ཤརྡ་གནྡྷེ་རྭ་ས་སྤརེ་དྷརྨ་དྷཱ་ཏུ་ཧོ༔ སརྦ་པཱུ་ཛ་ག་ག་ན་མེ་གྷ་ས་མ་ཡ་ཧཱུྃ༔ ཧཱུྃ༔ རིན་ཆེན་རྣམ་པར་བལྟ་བ་ཡི༔ ཡེ་ཤེས་གསེརཾ་མདོག་ཡིད་འོང་སྐུ༔ མཚན་དཔེའི་སྒྱུ་འཕྲུལ་རོལ་པས་མཛེསཿ དཀྱིལ་འཁོར་དབང་ཕྱུག་མ་ལ་འདུད༔ བཟླས་པ་བྱ་བ་ནི༔ རང་གི་ཐུགས་ཀའི་དཔལ་བེའུར༔ བརྟན་གཡོའི་དྭང་མ་འོད་ལྔའི་ཀློང་༔ མི་འགྱུར་ཐུགས་སྲོག་ཐཾ་ཡིག་མཐར༔ སྔགས་ཀྱི་ཕྲེང་བས་


JKT015_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བ་ལས༔ འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ འགྲོ་ཀུན་དབུལ་ཕོངས་སྡུག་བསྔལ་བསལ༔ འཁོར་འདས་འདོད་རྒུའི་དགེ་མཚན་ཀུན༔ ཉི་མ་འཆར་ཀའི་མདངས་ལྟར་བསྡུས། ནམ་མཁའི་མཛོད་ལ་དབང་བསྒྱུར་བའི༔ ཡིད་བཞིན་དངོས་གྲུབ་མཆོག་ཏུ་གྱུར༔ ཨོཾ་བ་སུ་དྷཱ་རི་ཎི་སྭཱ་ཧཱ༔ ཞེས་ཅི་ནུས་དང་། ཨོ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཞེས་པའང་ཅུང་ཟད་བཟླ། མཐར་བསྡུ་རིམ་ནི། ཐུགས་ཀའི་ས་བོན་འོད་ཟེར་གྱིས། །འཁོར་འདས་འོད་ཞུ་རང་ལ་འདུས། །ཐུགས་སྲོག་ནཱ་ད་འོད་གསལ་དབྱིངས། །མི་དམིགས་སྟོང་པའི་ངང་དུ་ཐིམ། །ཅེས་བརྗོད་ཅིང་བསམས་ལ་མཉམ་པར་བཞག །སླར་ཡང་རང་ཉིད་ལྷ་ཡི་སྐུ། །ཟུང་འཇུག་སྒྱུ་འཕྲུལ་དྲྭ་བ་ཆེ། །སྣང་གྲགས་རྟོག་པའི་ཆོས་ཇི་སྙེད། །འཕགས་མའི་གསང་གསུམ་རོལ་པར་ཤར། །ཅེས་ཐུན་མཚམས་ཀྱི་ལྷ་སྐུར་ལྡང་ཞིང་། དགེ་བ་འདི་ཡིས་མྱུར་དུ་བདག །ནོར་རྒྱུན་ལྷ་མོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་བསྔོ་སྨོན་དང་། འབད་དང་རྩོལ་བས་མ་གོས་པ། །ཡིད་བཞིན་ནོར་བུ་དཔག་བསམ་བཞིན། །སེམས་ཅན་རེ་བ་སྐོང་མཛད་པ། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་སོགས་ཤིས་པ་བརྗོད་པ་ཇི་ལྟར་རིགས་པས་མཚམས་སྦྱར་ཏེ་སྤྱོད་


JKT015_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ལ་འཇུག་གོ། །ཞེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པས་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག །མངྒ་ལཾ།། ༈ །།རྟ་མཆོག་རོལ་པའི་སྙིང་ཏིག་ལས། དབང་ཆེན་ཚེ་སྒྲུབ་ཟབ་མོའི་རྒྱུན་གྱི་རྣལ་འབྱོར་སྙིང་པོ་བཞུགས་སོ། །ན་མོ་གུ་རུ་ཧ་ཡ་བ་རཾ་ལ་ལི་ཏཱ་ཡ། འདིར་སློབ་དཔོན་ནཱ་ག་རྫུ་ནའི་དགོངས་པ། ཨོ་རྒྱན་གྱི་གུ་རུ་པདྨ་རྒྱལ་པོས་སྙན་བརྒྱུད་ཟབ་མོར་གདམས་པའི་ཆོས་སྡེ། རྟ་མཆོག་རོལ་པའི་སྙིང་ཏིག་གི་དབང་ཆེན་ཚེ་སྒྲུབ་ཟབ་མོའི་རྒྱུན་གྱི་རྣལ་འབྱོར་སྙིང་པོར་དྲིལ་ཏེ་ཉམས་སུ་བླང་བའི་ཚུལ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་གསུམ། སྐྱབས་འགྲོ། སེམས་བསྐྱེད། ཚོགས་བསག་གོ། །དང་པོ་ནི། ཚོགས་ཞིང་བླ་མ་རྟ་མཆོག་རོལ་པའི་དཀྱིལ་འཁོར་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་བདག་གཞན་འགྲོ་ཀུན་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བར་མོས་ལ། ཨ༔ སྐྱེ་བ་མེད་པའི་དབྱིངས་ཉིད་ལས༔ འགགས་མེད་སྣང་བའི་ཕྱག་རྒྱར་བཞེངས༔ དཔལ་ཆེན་རྟ་མཆོག་ཧེ་རུ་ཀར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ལན་གསུམ། གཉིས་པ་ནི། སྨོན་འཇུག་གི་དོན་ཡིད་ལ་དྲན་བཞིན་པས། ཧཱུྃ༔ དེ་བཞིན་ཉིད་དབྱིངས་མ་རྟོགས་པའི༔ འགྲོ་ལ་སྙིང་རྗེ་ཆེན་པོའི་བློས རིམ་


JKT015_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཟབ་མོའི་རྣལ་འབྱོར་གྱིས༔ ཁམས་གསུམ་སྒྲོལ་བར་སེམས་མཆོག་བསྐྱེད༔ ལན་གསུམ། གསུམ་པ་ནི། ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔ དངོས་གྲུབ་ཆུ་བོ་གཅོད་པའི་གེགས༔ ཉེས་བྱས་མ་ལུས་བཤགས་པར་བགྱི༔ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ཡི་རངས༔ དག་པ་མཐའ་བཞིའི་དྲི་མ་མེད༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔ བདེ་གཤེགས་དབང་ཕྱུག་སེམས་ཅན་ལ༔ དགོས་པ་གསུམ་ཕྱིར་ལུས་འབུལ་ལོ༔ ཚེ་རབས་བགྲངས་པའི་ལས་རྣམས་ཀུན༔ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ ལན་གསུམ། ཛཧཱུྃ་གི བོ་ཧོས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། གཉིས་པ་དངོས་གཞི་ལ་གསུམ། ལྷ་བསྒོམ་པ། སྔགས་བཟླ་བ། ཚེ་རྟེན་ལ་སྦ་བའོ། །དང་པོ་ནི། ཨ༔ རྟ་མགྲིན་རྒྱལ་པོ་དེ་བཞིན་ཉིད༔ མ་བཅོས་མ་བསླད་གཉུག་མའི་གཤིས༔ དམིགས་མེད་སྙིང་རྗེ་མཆོག་གི་གདངས འགགས་མེད་ཟང་ཐལ་ཀུན་ཏུ་ཤར༔ རོལ་པ་ཆེན་པོའི་ཆོ་འཕྲུལ་ལས༔ རྒྱུ་ཡི་ས་བོན་ཧཱིདམར་པོ༔ སྔགས་ཀྱི་


JKT015_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་གདངས་དང་བཅས་པ༔ ཁམས་གསུམ་སྟོང་ཞིང་དབྱིངས་སུ་ཐིམ༔ རྒྱུ་ལས་ཨེ་ཡཾ་པོ་ལཾ་སུཾ༔ འཕྲོས་པས་འབྱུང་བ་རིམ་བརྩེགས་སྟེང་༔ རི་རབ་སྟེང་དུ་སྲུང་འཁོར་དབུས༔ དབང་ཆེན་གཞལ་ཡས་མཚན་ཉིད་རྫོགས༔ དེ་དབུས་ཟླ་གམ་འབར་བའི་དཀྱིལ༔ པདྨ་ཉི་ཟླ་ཀླུ་སྲིན་སྟེང་༔ ཧཱུྃལས་དབང་ཆེན་ཚེ་ཡི་བདག༔ ཉི་མ་འཆར་ཁའི་མདངས་འོད་ཅན༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ པདྨ་ལྕགས་ཀྱུ་ཞགས་པ་གཡས༔ ཚེ་བུམ་ལྕགས་སྒྲོག་དྲིལ་བུ་གསིལ༔ གཟི་ལྡན་ལྕགས་ཀྱུ་ཐོད་པ་འཛིན༔ དཔལ་དང་དུར་ཁྲོད་རོལ་པའི་ཆས༔ སྤྱི་གཙུག་རྟ་མགོ་ལྗང་ཞུར་ལསཿ ཧི་ཧིའི་དབྱངས་སུ་རབ་འཚེར་བས༔ འཁོར་འདས་དྭངས་བཅུད་དབང་མེད་སྡུད༔ པད་ཉི་དྲེགས་པ་ལྷ་ཆེན་སྟེང་༔ ཡེ་ཤེས་མེ་དབུས་འགྱིང་ཞིང་རོལ༔ གར་དགུས་བརྗིད་པའི་སྐུ་མཆོག་ལས༔ ཁམ་རྒྱ་དམུས་ལོང་ཁྱི་སྤྱང་སོགས༔ ཕོ་ཉ་དྲེགས་པའི་འཕྲོ་འདུ་ཡིས༔ ཚེ་བཀུག་བྱིན་བསྐྱེད་སྲིད་དང་ཞིའི༔ དངོས་གྲུབ་མ་ལུས་སྩོལ་བར་གྱུར༔ ཅེས་བརྗོད་ཅིང་བསམས་ལ། སྤྲོ་ན། གནས་གསུམ་བྱིན་རླབས་དང་དབང་བསྐུར་སྤྱན་འདྲེན་སོགས་གཞུང་ལྟར་བྱ། གང་ལྟར་ཡང་ལྷར་སྣང་སྒྱུ་མ་ལྟ་བུ་ལ་སེམས་བཟུང་ཞིང་ང་རྒྱལ་བརྟན་པོར་བསྐྱེད། དག་པ་དྲན་པ་རྣམས་ཚུལ་བཞིན་དུ་བྱའོ། །


JKT015_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནི། ཐུགས་ཀར་ཉི་ཟླ་ཁ་སྦྱོར་དབུས༔ ཧཱུྃནཾ་ཨ་ཡི་ཚེ་རྟེན་ལ༔ འཆི་མེད་རྡོ་རྗེའི་སྔགས་ཀྱི་ཕྲེང་༔ ལུ་གུ་རྒྱུད་དུ་བསྐོར་བ་ལས༔ འོད་འཕྲོས་ཕོ་ཉའི་ཐུགས་དམ་བསྐུལ༔ སྤྲུལ་པ་ཡང་སྤྲུལ་བཀའ་ཉན་བཅས༔ ནམ་མཁའི་ཁམས་ནས་གློག་ལྟར་འཁྱུགས༔ བར་སྣང་ཁམས་ནས་སྤྲིན་ལྟར་གཡོས༔ ས་གཞིའི་ཁམས་ནས་རླངས་ལྟར་བརྡོལ༔ ཁམས་གསུམ་ཐམས་ཅད་ཤིག་_ཤིག་གཡོས༔ སྲིད་གསུམ་དྲེགས་པ་འདར་ཞིང་བསྔངས༔ བརྟན་གཡོའི་དྭངས་བཅུད་དབང་མེད་འཕྲོགས༔ འཆི་མེད་ཚེ་ཡི་བདུད་རྩི་ནི༔ ཉི་མ་འཆར་ཁའི་འོད་ལྟ་བུ༔ སྙིང་དབུས་ཚེ་རྟེན་ལ་ཐིམ་པསཿ རྡོ་རྗེ་ཚེ་ཡི་མཆོག་ཐོབ་གྱུར༔ ཅེས་བརྗོད་ཅིང་གསལ་བཏབ་ལ། ཨོཾ་རུ་ལུ་རུ་ལུ་ཨེ་ཨཱ་རལླི་ཧཱིཛཨཱ་ཡུཛྙཱ་ན་སིདྡྷི་ཧཱིཛཧཱུཾ༔ ཞེས་བཟླས་པའི་སྐྱོན་སྤངས་ལ་ཇི་ལྟར་ནུས་པ་བཟླ། གསུམ་པ་ནི། བཟླས་བརྗོད་རྫོགས་ནས་སྤྲོ་ན་ཚེ་འགུགས་བསྐུལ། གང་ལྟར་ཡང་། ཏིང་འཛིན་རོལ་པའི་ཆོ་འཕྲུལ་གྱིས༔ འཁོར་འདིས་ཚེ་བཅུད་སྙིང་དབུས་ཀྱི༔ ཚེ་ཡི་རྟེན་ལ་གཉིས་མེད་ཐིམ། ཡབ་ཡུམ་སྙོམས་ཞུགས་རྗེས་ཆགས་ཀྱི༔ བདེ་བ་མི་ཕྱེད་རྡོ་རྗེའི་སྲོག༔ འོད་དམར་པདྨ་རཱ་གའི་ཕྲེང་༔ ལུ་གུ་རྒྱུད་ཀྱི་ཐག་པ་ཡིས༔ སྐུ་བཅིངས་རླུང་རྣམས་དབུ་མར་བཅུག༔ ཐིག་ལེ་ཚེ་རྟེན་དྲྭ་བར་


JKT015_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

བསྡམ༔ ཅིས་ཀྱང་མི་ཆོད་མི་ཤིགས་པའི༔ རྡོ་རྗེ་གསུམ་གྱི་སྲོག་ལྡན་གྱུར༔ ཅེས་བརྗོད་ཅིང་བསམས་ལ། ཨོཾ་ཨཱཿཧཱུྃ་བཛྲ་ཀཱ་ཝཱ་ཙི་རཀྵ་རཀྟ་ཧཱུྃ༔ ཞེས་བཟླ། སྤྲོ་ཞིང་ནུས་ན་རླུང་རྡོ་རྗེའི་བཟླས་པ་དང་། སྦྱོར་བ་བཞི་ལྡན་གྱི་བུམ་པ་ཅན་གྱི་རྣལ་འབྱོར་ཟབ་མོས་ཀྱང་བརྟན་པར་བྱའོ། །གསུམ་པ་རྗེས་ལ་གསུམ། འོད་གསལ་དུ་བསྡུ་བ། ཟུང་འཇུག་གི་སྐུར་ལྡང་བ། བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན་པའོ། །དང་པོ་ནི། ཨ་ཨ་ཨ༔ ལྷར་སྣང་རིག་རྩལ་དབྱིངས་སུ་ཐིམ༔ དབྱིངས་རིག་འདུ་འབྲལ་མེད་པའི་ངང་༔ བདེ་སྟོང་ཟུང་འཇུག་རྟགས་ཀྱི་སྐུ༔ ཕྱག་རྒྱ་ཆེན་པོའི་རོལ་པར་ཤརཿ ཕཊ་ཕཊ་ཕཊ༔ ཞིང་ཟུང་འཇུག་གི་སྐུར་ལྡང་། ཧོ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་ཀྱིས༔ འགྲོ་རྣམས་སྒྲིབ་གཉིས་ཡོངས་དག་ནས༔ ཁ་སྦྱོར་བཞི་པའི་ལྡན་རྟ་མཆོག་དཔལ༔ པདྨ་ཁྲག་འཐུང་མྱུར་འགྲུབ་ཤོག ཅེས་བསྔོ་སྨོན་དང་། ཨོ༔ དབྱིངས་ཀྱི་ངོ་བོ་ཆོས་སྐུ་སྣང་མཐའ་ཡས༔ རིག་པ་རང་སྣང་དབང་ཆེན་ལོངས་སྤྱོད་རྫོགས༔ དབྱིངས་རིག་ཟུང་འཇུག་རྩ་བརྒྱུད་བླ་མ་ཡིས༔ མཆོག་ཐུན་དགེ་ལེགས་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་ཤིས་པ་བརྗོད་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ། །ཞེས་པའང་སྐྱབས་མགོན་སི་ཏུ་མཆོག་སྤྲུལ་


JKT015_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེའི་ཐུགས་དམ་ཉམས་བཞེས་སུ་ལྷ་རྫས་ཀྱི་མེ་ཏོག་དང་བཅས་ཏེ་བཀའ་སྩལ་རིན་པོ་ཆེའི་ཕྲེང་བ་སྤྱི་བོར་ཕེབས་པ་ལྟར། མཚོ་སྐྱེས་ཀུན་ཏུ་འཆང་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པས་སྒྲུབ་བརྒྱུད་བསྟན་པའི་རིང་ལུགས་འཛིན་པ་སྐྱབས་ཆེ་བླ་བྲང་དུ་རབ་བྱུང་བཅོ་ལྔ་པའི་ཐོག་མ་མེ་ཡོས་ཁྲུམས་སྟོད་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུར་བྲིས་ཏེ་ཕུལ་བ་དགེ་ལེགས་སུ་གྱུར་ཅིག །སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།


previousདཔལ་ཆེན་ཡང་དག་ཟབ་ཏིག་ལས། རྒྱུན་གྱི་རྣལ་འབྱོར་སྙིང་པོ།next