Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། མ༽


   
  collapse section
  collapse section
   
   
   
   
   
   
   
  collapse section
   
   
  collapse section
  collapse section
  collapse section
   
   
   
  collapse section
   
   
   
  collapse section
   
   
   
  collapse section
   
   
   
  collapse section
  collapse section
   
   
   
   
   
  collapse section
སྨིན་པ་གྲོལ་བར་བྱེད་པའི་གདམས་པ།
   
  collapse section
  collapse section
   
   
   
  collapse section
   
   
   
  collapse section
   
   
   
  collapse section
   
   
   
   
  collapse section
   
   
   
  collapse section
   
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
   
  collapse section
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
  collapse section
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
   
   
   
   
   


 
previousསྨིན་པ་གྲོལ་བར་བྱེད་པའི་གདམས་པ།next

སྨིན་པ་གྲོལ་བར་བྱེད་པའི་གདམས་པ།

ཡིད་ཆེས་ཤིང་ཁུངས་བཙུན་པའི་ཡན་ལག་ཏུ་བརྒྱུད་པའི་ལོ་རྒྱུས་བསྟན་པ།

དོན་གཉིས་པ་སྨིན་པ་གྲོལ་བར་བྱེད་པའི་གདམས་པ་ལ། ཡིད་ཆེས་ཤིང་ཁུངས་བཙུན་པའི་ཡན་ལག་ཏུ་བརྒྱུད་པའི་ལོ་རྒྱུས་དང་། དེ་ལས་བྱུང་བའི་གདམས་པ་དངོས་གཉིས་ལས། དང་པོ་ཀློང་གསལ་ལས། སྐལ་ལྡན་ངེས་ཤེས་བསྐྱེད་པའི་ཕྱིར། །བརྒྱུད་པའི་ལོ་རྒྱུས་བཤད་པར་བྱ། །ཞེས་པས། འདི་ལ་མ་བཤད་པའི་སྐྱོན། བཤད་པའི་ཡོན་ཏན། བརྒྱུད་པ་དངོས་ཇི་ལྟར་བཤད་པ་གསུམ་ལས། དང་པོ་ཉི་ཟླ་ཁ་སྦྱོར་ལས། ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །ཞེས་སོ། །

གཉིས་པ་ནི་སྔ་མ་ལས། བརྒྱུད་པ་ཁྱད་པར་འཕགས་པ་དང་། །གདམས་པ་ཟབ་ཕྱིར་ངེས་ཤེས་སྐྱེ། །ཞེས་སོ། །

གསུམ་པ་ཀློང་གསལ་ལས། བརྒྱུད་པ་ཉེ་ཟབ་ཁུངས་བཙུན་ཕྱིར། །ཀུན་ཏུ་བཟང་ནས་རིམ་པས་བཤད། །ཅེས་པ་དང་། འདི་ཉིད་ཀྱི་བཏགས་གྲོལ་སྙིང་པོ་ལས། སྟོན་པ་ཀུན་བཟང་ཡབ་ཡུམ་གྱིས། །ཉིད་ལས་མི་གཞན་སེམས་དཔའི་སྣོད། །བྱིན་གྱིས་བརླབས་ཀྱིས་བདག་ཉིད་ལ། །བཏགས་པས་གཅིག་ཤེས་ཆོས་ཀུན་གྲོལ། །བཅིངས་དང་གྲོལ་བའི་མཐའ་ལས་འདས། །རྡོ་རྗེ་སེམས་དཔའི་བྱིན་རླབས་ཀྱིས། །རང་བྱུང་དགའ་རབ་ཐུགས་ལ་ཤར། །སིང་ཧ་ཉིད་ལ་རྒྱུད་གཏད་པ། །འབྲས་བུ་ཡོངས་རྫོགས་བཏགས་གྲོལ་རྒྱུད། །ཨོ་རྒྱན་པདྨ་ཉིད་ལ་གཏད། །ལྔ་ལྡན་བུ་ལ་འདི་སྟོན་ཅིག །ཅེས་གསུངས་པས། དེ་ནས་མཁའ་ཀློང་རྣམ་པར་དག་པའི་གནས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་ཆོས་སྐུ་དྲི་མ་དང་བྲལ་བ་ཅིའི་ངོ་བོར་ཡང་མ་གྲུབ་པ་ལས། ལོངས་སྐུ་མཚན་རྫོགས་རྡོ་རྗེ་འཆང་གི་རྣམ་པར་བཞེངས་ནས། ཆོས་སྐུ་སྤྲོས་པ་དང་བྲལ་བའི་ངང་ནས་འོག་མིན་གྱི་གནས་སུ་དཔལ་རྡོ་རྗེ་སེམས་དཔའ་ལ་རང་བཞིན་གྱིས་བྱིན་གྱིས་བརླབས་ཀྱིས་བཤད། དེ་ཉིད་ཀྱི་སྣང་ཆ་ལས་ལོངས་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་དཔལ་རྡོ་རྗེ་སེམས་དཔའ་བྱོན་ཏེ། སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་དུར་ཁྲོད་མེ་རི་འབར་བའི་གཞལ་ཡས་ཁང་ཆེན་པོར་ཚིག་སྡེབ་སྦྱོར་ལེགས་པའི་སྒོ་ནས་བཤད། དེས་སློབ་དཔོན་ཆེན་པོ་ཤྲཱི་སིང་ཧ་ལ་རྩུབ་འགྱུར་ཚལ་གྱི་དུར་ཁྲོད་ཆེན་པོར་མངོན་སུམ་རང་ཐོག་ཏུ་ཕབ་ནས་བསྟན། (༡༦༦)དེས་རིག་འཛིན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་ཞེས་བྱ་བ་རྡོ་རྗེ་ལྟ་བུའི་སྐུ་སྐྱེ་ཤི་འདས་གྲོངས་དང་བྲལ་བ་དེ་ལ་དུར་ཁྲོད་ཆེན་པོ་སོ་སའི་གླིང་དུ་གནས་ལུགས་ཡིད་དཔྱོད་དང་ཕྲལ་ནས་བསྟན། དེས་མཁའ་འགྲོ་མ་ཐམས་ཅད་ཀྱིས་ལུང་བསྟན་ཞིང་གནང་བ་ཐོབ་པས་ཡུམ་མཁར་ཆེན་བཟའ་མཚོ་རྒྱལ་ལ། གཞོ་སྟོད་ཏི་སྒྲོ་བྲག་གི་ཚོགས་ཁང་ཆེན་པོར་གླེན་སྒོམ་ཡིད་དཔྱོད་དང་ཕྲལ་ནས། ལྔ་ལྡན་ཡེ་ཤེས་ཀྱི་སྙིང་པོ་རང་གསལ་མངོན་སུམ་དུ་གཏན་ལ་ཕབ་ནས་གསུངས། དེས་མཁའ་འགྲོ་དུ་མས་ལུང་བསྟན་ཞིང་བླ་མ་ཡབ་ཡུམ་གྱིས་དངོས་སུ་བྱིན་གྱིས་བརླབས་པའི་རྣལ་འབྱོར་པ་པདྨ་ལས་འབྲེལ་རྩལ་ལ། མཆིམས་ཕུ་རིག་འཛིན་ཞི་བ་སྒྲུབ་པའི་ནགས་ཁྲོད་མཁའ་འགྲོ་རང་བཞིན་གྱིས་འདུ་བའི་གནས་མཆོག་དམ་པར་མངོན་སུམ་འོད་གསལ་གྱི་དགོངས་པ་དབང་གི་ཆུ་བོ་མ་ཉམས་པའི་ངོ་སྤྲོད་གཞི་སྣང་འཆར་ཚུལ་དང་བཅས་པ་གནད་འཕྱུགས་པ་མེད་པར་གསུངས་སོ། །

དེ་ལས་བྱུང་བའི་གདམས་པ་དངོས་བསྟན་པ།

བརྩོན་འགྲུས་རབ་ཚེ་འདིར་སངས་རྒྱས་པའི་གདམས་ངག

སྔོན་འགྲོའི་རིམ་པ་ཇི་ལྟར་བསྟན་པའི་ཚུལ།

གཉིས་པ་དེ་ལས་བྱུང་བའི་གདམས་པ་ལ། བརྩོན་འགྲུས་རབ་ཚེ་འདིར་སངས་རྒྱས་པའི་གདམས་ངག །འབྲིང་བར་དོར་འཚང་རྒྱ་བའི་གདམས་ངག །ཐ་མ་རང་བཞིན་སྤྲུལ་པ་སྐུའི་ཞིང་དུ་འཚང་རྒྱ་བའི་གདམས་ངག་དང་གསུམ་ལས། དང་པོ་ལ་སྔོན་འགྲོའི་རིམ་པ་ཇི་ལྟར་བསྟན་པའི་ཚུལ་དང་། དངོས་གཞི་ཟག་པ་མེད་པའི་ཡེ་ཤེས་རྒྱུད་ལ་སྐྱེད་པའི་ཚུལ་དང་། རྗེས་སྣང་བ་བཞི་ཇི་ལྟར་འཆར་བའི་ཚུལ་དང་། མཐའ་རྟེན་གྱི་མན་ངག་བཤད་པའི་ཚུལ་དང་བཞི་ལས། དང་པོ་ལ་ཐུན་མོང་ཆོས་སྤྱིའི་སྔོན་འགྲོ། ཐུན་མོང་མ་ཡིན་པ་རང་གི་སྔོན་འགྲོ། གནས་ལུགས་ཀྱི་ངོ་བོ་ཁྲེགས་ཆོད་གདབ་ཚུལ་དང་གསུམ་ལས། དང་པོ་ཀློང་གསལ་ལས། བྱམས་དང་སྙིང་རྗེ་ཆོས་སྤྱིའི་ལམ། །ཐེག་པ་ཆེན་པོ་འཇུག་ཕྱིར་དུ། །ཞེས་པ་དང་། འདས་རྗེས་ལས། མི་རྟག་སྙིང་རྗེ་བྱང་སེམས་སྦྱང་། །ཞེས་པས། ཕྱི་ནང་གི་སྔོན་དུ་འགྲོ་བའི་ཐོག་མར་མི་རྟག་པ་དང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་སྦྱོང་ཚུལ་བསྟན་པ་ལ་གསུམ་ལས། དང་པོ་ནི་ཕྱི་དུས་བཞིའི་འགྱུར་བ་ལ་བརྟེན་ནས་རང་གི་ཚེ་མི་རྟག །ནང་འབྱུང་བཞི་འགྱུར་བ་ལ་བརྟེན་ནས་རང་གི་ཚེ་མི་རྟག །གསང་བ་སྐད་ཅིག་ཡུད་ཙམ་ཐང་ཅིག་འགྱུར་བ་ལ་བརྟེན་ནས་རང་གི་ཚེ་མི་རྟག །སྐྱེ་འགྲོ་དུ་མ་རིམ་གྱིས་སོང་བ་ལ་བརྟེན་ནས་རང་གི་ཚེ་མི་རྟག །འབྱུང་བཞི་ཐིམ་ཚུལ་བསམས་པ་ལ་བརྟེན་ནས་རང་གི་ཚེ་མི་རྟག་པ་རྣམས་བསམ་པར་བྱ་སྟེ། རྒྱ་ཆེ་རོལ་(༡༦༧)པ་ལས། སྲིད་པ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །ཉེ་བར་ལེན་པའི་ལུས་འདི་འཇིག་ཅིང་འབྲལ། །དུས་བཞི་མི་རྟག་འགྱུར་ཞིང་སྙིང་པོ་མེད། །རྒས་ཤིང་རྒུད་པ་འཆི་བའི་ཆོས་ཅན་ཏེ། །ཐང་ཅིག་ཡུལ་ཙམ་སྐད་ཅིག་གནས་པ་མེད། །སྐྱེས་བུའི་ཚེ་འགྲོ་རི་གཟར་འབབས་ཆུ་འདྲ། །ཞེས་སོ། །

གཉིས་པ་བྱམས་པ་བསྒོམ་ཚུལ་ནི། འདི་ལྟར་འཁོར་བའི་སེམས་ཅན་ཐམས་ཅད་ཐོག་མ་མེད་པའི་འཁོར་བ་ན་འཁྱམས་པའི་ཚེ། ཕ་མ་དྲིན་ཅན་ཤ་སྟག་ཡིན་པས་འདི་ཐམས་ཅད་བདེ་བ་ཕུན་སུམ་ཚོགས་པ་དང་འཕྲད་པར་གྱུར་ཅིག་སྙམ་པ་སྟེ། སྙིང་རྗེ་མཆོག་གི་མདོ་ལས། བྱམས་པའི་རང་བཞིན་སྲིད་པའི་སེམས་ཅན་ལ། །བདེ་བའི་སྨིན་ཞིང་གཅིག་པུ་བླ་མེད་པས། །ཁྱབ་པར་གྱུར་ཅེས་ཐུགས་རྗེའི་སྤྲིན་ཚོགས་ཅན། །གཉིས་མེད་ཡེ་ཤེས་མཆོག་གིས་གནས་པ་ལགས། །ཞེས་སོ། །

གསུམ་པ་སྙིང་རྗེ་ནི། ངན་སོང་གསུམ་པ་ལ་སོགས་པའི་སེམས་ཅན་སྡུག་བསྔལ་བ་རྣམས་སྡུག་བསྔལ་ཐམས་ཅད་དང་བྲལ་བར་གྱུར་ཅིག་སྙམ་པ་སྟེ། བུ་མོ་ཟླ་མཆོག་གིས་ཞུས་པའི་མདོ་ལས་ཀྱང་། འགྲོ་བ་སྡུག་བསྔལ་གྱུར་པའི་ཚོགས་མཐོང་ནས། །ཐུགས་རྗེས་མི་བཟོད་སྡུག་བསྔལ་བྲལ་གྱུར་ཅེས། །རྟག་ཏུ་ཕན་པ་འབའ་ཞིག་སྦྱོར་མཛད་པ། །སྙིང་རྗེའི་ལྗོན་ཤིང་དེ་ལ་ཕྱག་འཚལ་ལོ། །ཞེས་སོ། །

བཞི་པ་བྱང་ཆུབ་ཀྱི་སེམས་ནི། དེ་ལྟར་འཁོར་བའི་སེམས་ཅན་འདི་དག །བདག་གིས་སྐྱེ་རྒ་ན་འཆི་བཞིའི་ཆུ་བོ་བཞི་དང་ཕྲལ་ནས་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིིག་སྙམ་པ་སྟེ། སྡོང་པོ་བཀོད་པ་ལས། ཀྱེ་རིགས་ཀྱི་བུ་འཁོར་བ་ན་རྒྱུ་བའི་སེམས་ཅན་འདི་དག་སངས་རྒྱས་ཀྱི་བྱང་ཆུབ་ལ་གནས་པར་གྱུར་ཅིག་སྙམ་དུ། བྱང་ཆུབ་ཀྱི་སེམས་བླ་ན་མེད་ཅིང་གཞལ་དུ་མེད་པ་དེའི་བསོད་ནམས་ཀྱི་ཕུང་པོ་ནི་དེ་ལྟར་དཔག་ཏུ་མེད་དོ་ཞེས་སོ། །དེ་ལྟར་བསྒོམས་པའི་དགོས་པ་ནི། ཚེ་མི་རྟག་པས་འཇིག་རྟེན་གྱི་བྱ་བ་ལས་བློ་ལོག་སྟེ་ཅི་བྱས་ཆོས་སུ་འགྲོ་བ་དང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་གྱིས་ཐེག་པ་དམན་པ་ལས་བློ་ལོག་སྟེ་ཅི་བྱས་གཞན་དོན་དུ་འགྱུར་བའི་དགོས་པ་ཡོད་དོ། །ཀློང་གསལ་ལས། མི་རྟག་སྙིང་རྗེ་བྱང་སེམས་ཀྱིས། །ཆོས་འཇུག་ཐེག་ཆེན་ལམ་དུ་འགྲོ། །ཞེས་སོ། །དེ་ལྟར་མ་བསྒོམས་ན་དེ་ལས་ལོག་པའི་སྐྱོན་ཡོད་དོ། །

གཉིས་པ་ཐུན་མོང་མ་ཡིན་པ། རང་གི་སྔོན་འགྲོ་ལ་ཕྱི་ལུས་ངག་ཡིད་གསུམ་རུ་ཤན་དབྱེ་ཞིང་སྔོན་དུ་འགྲོ་བ། ནང་ལུས་ངག་ཡིད་གསུམ་(༡༦༨)རུ་ཤན་དབྱེ་ཞིང་སྒྲིབ་པ་སྦྱང་བ། གསང་བ་ལུས་ངག་ཡིད་གསུམ་རྣལ་དུ་དབབ་ཅིང་སོར་གཞུག་པ་གསུམ་ལས། དང་པོ་ལུས་ངག་ཡིད་གསུམ་ལས། ལུས་ལའང་རུ་ཤན་དབྱེ་བ་དང་། སྔོན་འགྲོ་གཉིས་ལས། དང་པོ་ཐལ་འགྱུར་ལས། འཁོར་འདས་རུ་ཤན་མ་ཕྱེད་ན། །ཁམས་གསུམ་ལུས་ངག་ཡིད་ཀྱིས་ཀྱང་། །འབྲེལ་པ་ཆོད་པར་མི་འགྱུར་བས། །འཁོར་འདས་རུ་ཤན་དབྱེ་བར་བཤད། །ཅེས་པས། དང་པོ་ལུས་འདི་རྒྱུ་མ་རིག་པ་ལས་བསྐྱེད་པས་དུས་རྒྱུན་དུ་འཁོར་བར་འཁྱམས་ཏེ། ད་ཕན་ཆད་འཁོར་བར་མི་འཁྱམས་པར་བྱ་བའི་ཕྱིར། ལུས་དང་འཁོར་བ་གཉིས་རུ་ཤན་དབྱེ་བ་ནི། འདས་རྗེས་ལས། ལུས་ཀྱི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྤྱོད་པ་སྣ་ཚོགས་སྤྱད། །དཀོན་མཆོག་གསུམ་གྱི་སྤྱོད་པ་བྱ། །ཞེས་པས། མི་མེད་པའི་རི་ལ་ཕྱིན་ཏེ། ད་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ། ལུས་དང་འཁོར་བ་རུ་ཤན་ཕྱེ་ལ། ལུས་འདི་ཕྱིས་འཁོར་བར་མི་ལྡོག་པར་བྱ་སྙམ་དུ་སེམས་བསྐྱེད་ནས། དེ་ནས་དམྱལ་བ་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་བཀོལ་སྤྱོད། མི་སྐྱེ་ཤི། ལྷ་མ་ཡིན་འཐབ་རྩོད། ལྷ་འཆི་འཕོ་ལྟུང་བའི་སྡུག་བསྔལ་རྣམས་ཡིད་ཀྱིས་རང་གི་རྒྱུད་ཐོག་ཏུ་བསམས་ལ། དེ་དག་གི་བདེ་སྡུག་གི་སྤྱོད་པ་དང་། སྒྲ་སྐད་སྣ་ཚོགས་དྲན་ཚད་བྱའོ། །དེ་ནས་ལུས་ལ་ཆགས་ཞེན་དགག་སྒྲུབ་བཀྲེས་སྐོམ་མེད་པའི་ཉམས་འདུག་ན་ཕྱེད་པའི་རྟགས་ཡིན་ཏེ་དེ་མ་བྱུང་གི་བར་དུ་བསྐྱར་རོ། །

གཉིས་པ་སྔོན་འགྲོ་དངོས་ནི། ཐལ་འགྱུར་ལས། རྡོ་རྗེ་སྐྱིལ་ཀྲུང་དང་བཅས་ཏེ། །ལུས་སྦྱངས་སེམས་ལ་ཕན་པའོ། །ཞེས་པས། དེ་ནས་རྡོ་རྗེ་སྐྱིལ་ཀྲུང་ནི་རྐང་མཐིལ་གཉིས་སྤྲད་དེ་ལུས་དྲང་པོར་བསྲང་། ལག་པ་གཉིས་སྤྱི་བོར་མ་རེག་པར་ཐལ་མོ་སྦྱར་ཏེ་ཡར་རྩེ་མར་རྩེ་གཉིས་རྡོ་རྗེ་རྭ་གསུམ་པ་འདྲ་བ་ལ་ཉིན་མཚན་དུ་འབད་དོ། །རྟགས་ནི་ལུས་ཁོལ་བུར་ན་བ་དང་། ཁང་རུལ་ཞིག་པ་ལྟར་ཚུགས་མི་ཐུབ་ཅིང་དྲོད་སྐྱེ་བ་དང་རྣམ་རྟོག་མེད་པ་འབྱུང་ངོ་། །དེ་ཡང་ཡར་རྩེ་གསུམ་ནི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་མཚོན་ལ། མར་རྩེ་གསུམ་ནི་སྐུ་གསུམ་མཚོན་ཞིང་། སྐེད་པ་གཅིག་ཏུ་འདྲིལ་བ་ནི་ཉམས་ལེན་ཁྲེགས་ཆོད་ཐོད་རྒལ་གཉིས་ངོ་བོ་གཅིག་པ་ལམ་དུ་བྱེད་པ་མཚོན་པའོ། །

དེ་ལྟར་ལུས་ཀྱི་སྔོན་འགྲོ་བྱས་པ་ལ་དགོས་པ་གསུམ་སྟེ། ཐུན་མོང་། ཁྱད་པར། མཐར་ཐུག་གོ། །དང་པོ་ལུས་ཀྱི་སྡིག་པ་མ་ལུས་པར་འདག་པ་དང་། ལུས་རྡོ་རྗེ་མེ་འབར་བ་ལྟར་མཐོང་བས་ལུས་ཀྱི་གདོན་བགེགས་དང་བར་ཆད་ཞི་བ་དང་། ལུས་ཀྱི་ཞེན་པ་ལྡོག་པའི་དགོས་པ་ཡོད་དོ། །(༡༦༩)གཉིས་པ་དེ་ལྟར་ཞེན་པ་ལོག་པས་ཕྱིན་ཆད་འཁོར་བར་མི་འཇུག་ཅིང་ལུས་སྤྲུལ་པའི་སྐུར་གྲོལ་བའི་དགོས་པ་ཡོད་དོ། །གསུམ་པ་ལུས་དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་དང་གཉིས་སུ་མེད་པར་གདོད་མའི་གནས་སུ་མྱ་ངན་ལས་འདའ་བའི་དགོས་པ་ཡོད་དོ། །

གཉིས་པ་ངག་ལ་གཉིས་ལས། དང་པོ་རུ་ཤན་དབྱེ་བ་ནི། འདས་རྗེས་ལས། ངག་གི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྒྲ་སྐད་སྣ་ཚོགས་བརྗོད། །ཞི་ཁྲོའི་སྒྲ་དང་འབྱུང་བའི་སྒྲ། །རྣམ་པ་སྣ་ཚོགས་གཉིས་ལ་སྤྱད། །ཅེས་པས། དེའང་མ་རིག་པ་ལས་གྲུབ་པའི་ལུས་ལ་ངག་ཅེས་བྱ་བའི་སྒྲ་འདི་བརྟེན་པས་འཁོར་བར་འཁྱམས་པས། ད་ཕྱིན་ཆད་འཁོར་བར་མི་འཇུག་པར་བྱ་བའི་ཕྱིར། ངག་དང་འཁོར་བ་གཉིས་རུ་ཤན་ཕྱེ་བ་གལ་ཆེ་བས། མི་མེད་པའི་སར་ཕྱིན་ཏེ་ད་ནི་སེམས་ཅན་གྱི་དོན་དུ་ངག་དང་འཁོར་བ་གཉིས་རུ་ཤན་དབྱེ་ལ། ཕྱིས་མི་ལྡོག་པར་བྱ་སྙམ་དུ་སེམས་བསྐྱེད་ནས། རིགས་དྲུག་གི་སྒྲ་སྐད་སྣ་ཚོགས་དང་། ཞི་བའི་གསུང་དབྱངས་དང་། ཁྲོ་བོའི་གད་མོ་དང་། འབྱུང་བཞིའི་སྒྲ་སྐད་རྣམ་པ་སྣ་ཚོགས་ཡིད་ལ་དྲན་ཚད་ངག་ཏུ་བརྗོད་དོ། །རྟགས་ནི་བླ་མའི་གདམས་ངག་ལ་གོ་བ་སྐྱེས་ནས་ཆེད་དུ་མ་གཟུང་བར་རང་རྡོལ་བ་དང་། ཆོས་ཀྱི་ཚིག་དོན་མང་པོ་རང་རྡོལ་དུ་འབྱུང་ངོ་། །དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ། །

གཉིས་པ་ངག་གི་སྔོན་འགྲོ་དངོས་ནི། ཐལ་འགྱུར་ལས། ངག་ནི་ཧཱུྃ་ཞེས་གནས་པ་ལ། །རྒྱས་གདབ་པ་དང་རྩལ་སྦྱང་ཉིད། །མཉེན་བཙལ་ལམ་དུ་ཞུགས་པ་ཡིས། །དེ་ལྟར་ངག་སྦྱངས་སེམས་ལ་ཕན། །ཞེས་པས། འདི་ལ་རྒྱས་གདབ་པ་དང་རྩལ་སྦྱང་བ། མཉེན་བཙལ་བ། ལམ་དུ་གཞུག་པ་བཞི་ལས། དང་པོ་རྒྱས་གདབ་པ་ལའང་གཉིས་ལས། ཕྱི་སྣང་བ་ལ་རྒྱས་གདབ་པ་ནི། ཧཱུྃ་ཧཱུྃ་ཧཱུྃ་ཞེས་རིང་བར་བརྗོད་པས། ཕྱི་སྣང་བ་ཆེ་ཆུང་ཐམས་ཅད་ཧཱུྃ་ཆེ་ཆུང་དུ་ལམ་ལམ་སོང་བར་བསམ་ཞིང་། སོ་དང་མཆུ་མ་རེག་ཙམ་དུ་བྱ་སྟེ། རླུང་དང་སྣང་བ་ཤེས་པ་གསུམ་གཅིག་ཏུ་གཏད་ལ་མ་ཡེངས་པར་བྱའོ། །དེ་ནས་སྣང་བ་ཐམས་ཅད་བན་བུན་དུ་སོང་ན་རྒྱས་ཐེབས་པའི་རྟགས་སོ། །དེས་ནི་ཕྱི་སྣང་བ་རང་བཞིན་མེད་པར་གྲོལ་བའི་དགོས་པ་ཡོད་དོ། །

གཉིས་པ་ནང་ཕུང་པོ་ལ་རྒྱས་གདབ་པ་ནི། ཡང་སྐྱིལ་མོ་ཀྲུང་བྱས་ཏེ་ཕྱིའི་ཧཱུྃ་རྣམས་གཅིག་བྱུང་གཉིས་བྱུང་ལ་ཐམས་ཅད་ལུས་ཀྱི་ནང་དུ་བྱུང་བར་བསྒོམ་ལ། ཧཱུྃ་ཞེས་རིང་བར་བརྗོད་ཅིང་། ཧཱུྃ་རོང་ངེ་བ་སྙམ་བྱེད་ན་རླུང་བསྡམས་པ་གནད་ཡིན་ནོ། །དེས་ནི་ནང་ཤ་ཁྲག་རྡོས་པའི་ཕུང་པོ་རང་(༡༧༠)བཞིན་མེད་པར་གྲོལ་བའི་དགོས་པ་ཡོད་དོ། །

གཉིས་པ་རྩལ་སྦྱང་བ་ལ་ཡང་གཉིས་ལས། དང་པོ་ཕྱི་སྣང་བ་ལ་རྩལ་སྦྱང་བ་ནི། ཧཱུྃ་མཐིང་ནག་ཆེ་ཆུང་གང་ལ་འབིགས་པའི་ཡུལ་དང་འཚམས་པ། རེག་པ་ཙམ་གྱིས་ཕྱིར་ཐལ་ནང་ཐལ་དུ་འགྲོ་བར་བསམས་ལ་ཧཱུྃ་དྲག་ལ་ཐུང་བར་བརྗོད་ནས་ཕྱི་རོལ་གྱི་སྣང་བ་ཐམས་ཅད་ཁྲལ་ཁྲོལ་དུ་ཁེ་ཁོལ་མེད་པར་དབུག་གོ། །རྟགས་ནི་ཕྱིའི་སྣང་བ་ཐམས་ཅད་སང་སེང་ཁྲལ་ཁྲོལ་སྣང་ལ་རང་བཞིན་མེད་པའི་ཉམས་འབྱུང་ངོ་། །དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ། །གཉིས་པ་དེ་ལྟར་བྱས་པས་ཕྱི་སྣང་བ་ཐམས་ཅད་བདེ་གསལ་རང་གྲོལ་འཇའ་ཚོན་ལྟ་བུར་འགྲོ་བའི་དགོས་པ་ཡོད་དོ། །

གཉིས་པ་ནང་ཕུང་པོ་ལ་རྩལ་སྦྱང་བ་ནི། ཧཱུྃ་མཐིང་ནག་མཐོ་གང་བ་རང་གི་ལུས་ལ་ཕྱིར་ཐལ་ནང་ཐལ་སྐོར་ཚེར་མེད་པར་ཕུག་པས་སེང་སེང་དུ་བསམ་ཞིང་ཧཱུྃ་དྲག་ལ་ཐུང་བར་བརྗོད་པས་འབྱོངས་པའི་རྟགས་ནི་ལུས་ཀྱི་ཤ་ཁོལ་ཚེར་འཕར་བ་དང་ཁྲལ་མ་ཁྲོལ་དུ་སོང་བའི་སྣང་བ་འབྱུང་ངོ་། །མ་བྱུང་གི་བར་དུ་བསྐྱར་རོ། །དེས་ནི་ནང་ཕུང་པོའི་ནད་གདོན་ཞི་བ་དང་། ཕུང་པོ་འོད་གསལ་དུ་གྲོལ་བའི་དགོས་པ་ཡོད་དོ། །

གསུམ་པ་མཉེན་བཙལ་བ་ནི། རང་གི་མདུན་དུ་ཤིང་ལ་སོགས་པའི་མཚན་མ་བཙུགས་ལ། ཧཱུྃ་ཞེས་བརྗོད་པས་ཧཱུྃ་གི་ཐག་པ་དྲུ་བུ་ལྟར་དཀྲིས་ཤིང་འཇིག་པ་མེད་པ་ལ་ཤེས་པ་གཏད་ནས། ཧཱུྃ་བརྗོད་པས་ཤེས་པ་ལྷན་ནེ་བ་འོང་ཞིང་གྲོལ་བ་སྙམ་བྱེད་ན་འབྱོངས་པའོ། །དེས་ནི་དམིགས་པ་གང་དུའང་བསྒྱུར་དུ་བཏུབ་པའི་དགོས་པ་ཡོད་དོ། །གཉེན་བཤེས་མཐུན་པས་ཡིད་བསྒྱུར་ཐུབ་པ་བཞིན་ནོ། །

བཞི་པ་ལམ་དུ་འཇུག་པ་ནི། ཧཱུྃ་མཐིང་ག་ཁྲུ་གང་བ་གཅིག་རི་མོའི་འཁྱོགས་མཚམས་སྲིན་འགྲོས་ལྟ་བུ་ཁྲུ་རེ་ཙམ་ན་ཡོད་པ་ལ་ཞུགས་ཏེ། མཐོང་ཡུལ་གྱི་རི་ལ་སོགས་པའི་བར་ནས། མི་མཐོང་བའི་ས་ཕྱོགས་དང་བཅས་པ་ན་ཕར་མགྲོན་པོ་དོན་གཉེར་འགྲོ་བ་བཞིན་ཞུགས་ནས་སོང་བར་བསམས་ལ། ཧཱུྃ་རིང་བར་བརྗོད་པས་ཤེས་པ་བདེ་ལམ་པ་དང་འབོལ་ཤིག་པ་འབྱུང་ངོ་། །དེས་ནི་རང་གི་ལུས་ངག་གི་ལམ་སྲོལ་དུ་ཚུད་པའི་དགོས་པ་ཡོད་དོ། །དེ་ལྟར་ཧཱུྃ་བརྗོད་པ་ཐམས་ཅད་ཀྱི་རྗེས་ལ་ཤེས་པ་བདེ་གསལ་མི་རྟོག་པའི་ངང་ལ་རང་བབས་སུ་ལྷོད་ལྷོད་གནས་པ་ཡིན་པས། དེ་ཉིད་ཀྱི་ཐོག་ཏུ་དར་རེ་མཉམ་པར་གཞག་ཅིང་། དེ་དག་གི་རྗེས་ཀྱི་ཤེས་པ་ཇི་ལྟར་འདུག་ཀྱང་རང་གི་རྒྱུད་ལ་བཀལ་ལ་བལྟའོ། །དེའང་ཧཱུྃ་བརྗོད་དུས་རླུང་སེམས་རྩེ་གཅིག་ཏུ་ཕྱི་ནང་གར་གཏད་པ་དེར་གཟུང་བ་ཡིན་(༡༧༡)པས། རྣམ་རྟོག་འགགས་ཡུལ་གཞན་ལས་ཆེ་བ་ནི་རྟེན་འབྲེལ་གྱིས་ཆེ་བ་ཡིན་ནོ། །

དེ་ལྟར་ངག་གི་སྔོན་འགྲོའམ་སྤྱོད་པ་བྱས་པའི་དགོས་པ་ཡང་གསུམ་སྟེ། ཐུན་མོང་། ཁྱད་པར། མཐར་ཐུག་གོ། །

དང་པོ་ནི་ངག་གི་སྡིག་པ་མ་ལུས་པར་འདག་པ་དང་། ངག་གི་བྱ་བས་གོང་གི་ཡོན་ཏན་རྣམས་ཐོབ་པ་དང་། ངག་གི་བར་ཆད་ཞི་བ་དང་། ངག་གི་ཞེན་པ་ལྡོག་པའི་དགོས་པ་ཡོད་དོ། །

གཉིས་པ་ནི་ངག་གི་ཞེན་པ་ལོག་པས་ཕྱིན་ཆད་ངག་འཁོར་བར་མི་ལྡོག་ཅིང་ངག་ལོངས་སྤྱོད་རྫོགས་པའི་སྐུར་གྲོལ་བའི་དགོས་པ་ཡོད་དོ། །གསུམ་པ་ནི་ངག་དེ་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེ་དང་གཉིས་སུ་མེད་པར་གདོད་མའི་ངང་དུ་མྱ་ངན་ལས་འདའ་བའི་དགོས་པ་ཡོད་དོ། །དེ་ལྟར་སྔོན་འགྲོ་མ་བྱས་ན། དེ་ཉིད་ལས་ལྡོག་པའི་སྐྱོན་ཡོད་དོ། །

གསུམ་པ་སེམས་ཀྱི་སྔོན་འགྲོ་ལའང་གཉིས་ལས། དང་པོ་རུ་ཤན་དབྱེ་བ་ནི། འདས་རྗེས་ལས། ཡིད་ཀྱི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྡུག་བསྔལ་བློ་ལ་བླང་། །ཞེས་པས། སེམས་ནི་དང་པོ་ཆོས་སྐུ་ཡིན་ཡང་ཡིན་པར་མ་ཤེས་པས་འཁོར་བར་འཁྱམས་པ་ཡིན་ཏེ། ད་ཕྱིན་ཆད་འཁོར་བར་མི་འཁྱམས་པར་བྱ་བའི་ཕྱིར། སེམས་དང་འཁོར་བ་གཉིས་རུ་ཤན་དབྱེའོ། །དེའང་མི་མེད་པའི་ལུང་པ་དབེན་པར་ཕྱིན་ཏེ་ད་ནི་སེམས་ཅན་གྱི་དོན་དུ་སེམས་འཁོར་འདས་རུ་ཤན་ཕྱེ་ལ། ཕྱིར་མི་ལྡོག་པར་བྱའོ་སྙམ་དུ་སེམས་བསྐྱེད་ནས། རིགས་དྲུག་གི་བདེ་སྡུག་ཐམས་ཅད་བདག་གི་རྒྱུད་ལ་བཀལ་ལ་ཉམས་སུ་མྱོང་བའི་ཚུལ་དུ་བསམ། དེ་དག་གི་རྗེས་ཀྱི་ཤེས་པ་ཡང་རང་གི་རྒྱུད་ལ་བཀལ་ལ་བལྟའོ། །འབྱོངས་པའི་རྟགས་སུ་སེམས་གསལ་ལ་དྭངས་པ་དང་། འཁྲུལ་པ་མེད་པ་དང་། བྲོད་པ་སྐྱེ་བ་དང་། སྣང་བ་ཐམས་ཅད་དགའ་བདེའི་ཉམས་འབར་བ་འབྱུང་ངོ་། །མ་བྱུང་གི་བར་ལ་བསྐྱར་རོ། །

གཉིས་པ་སྔོན་འགྲོ་དངོས་ནི། ཐལ་འགྱུར་ལས། སེམས་ནི་ཐོག་མ་བྱུང་ས་དང་། །བར་དུ་གནས་དང་ཐ་མར་འགྲོ། །དེ་ལྟར་གསུམ་ལ་བརྟག་དཔྱད་ན། །སེམས་སྦྱངས་སེམས་ཀྱི་གནས་ལུགས་ཤེས། །ཞེས་པས། དང་པོ་སེམས་ཀྱི་བྱུང་ས་ལ་བརྟག་པ་ནི། སེམས་འདི་ཕྱི་སྣོད་དང་ནང་བཅུད་གང་ནས་བྱུང་། སྟོང་པ་དང་། སྣང་བ་དང་། ཡོད་པ་དང་། མེད་པ་ལ་སོགས་པ་གང་ནས་བྱུང་། སེམས་ཉིད་ལས་སེམས་བྱུང་བ་ཡིན་སྙམ་དུ་བརྟགས་པས། དེའང་ཕྱིའི་རི་ཁང་ཁྱིམ་ལ་སོགས་པ་ནས་བྱུང་སྙམ་ན། དེའང་རྡུལ་ཕྲན་བཞིན་དུ་གཞིག་ལ་བརྟགས་པས། (༡༧༢)ཕྱི་སྣོད་ནས་མ་བྱུང་། ནང་རང་གི་ལུས་ལས་བྱུང་སྙམ་ན། དེའང་ཕྱེད་ཚལ་ནས་རྡུལ་ཕྲན་གྱི་བར་བཙལ་བས་མི་རྙེད། སྟོང་པ་ནས་མ་བྱུང་སྟེ། བྱུང་ས་མ་གྲུབ། སྣང་བ་ལས་མ་བྱུང་སྟེ། རྡུལ་ཕྲན་དུ་བཙལ་ཡང་མི་རྙེད་དེ། ཡོད་མེད་གང་ལས་བྱུང་བ་བཙལ་ཡང་ངོ་བོ་མ་མཐོང་། སེམས་ལས་སེམས་བྱུང་བ་མེད། བྱུང་དང་བྱུང་མཁན་གཉིས་མ་གྲུབ། ཚོལ་མཁན་གྱིས་སེམས་ལ་ཚུར་བལྟས་པས། ངོ་བོ་ངོས་གཟུང་དང་བྲལ་ཏེ། བྱུང་མཁན་གྱི་སེམས་མ་གྲུབ་པས་བྱུང་སའི་ངོས་གཟུང་མ་གྲུབ་པར་ཤེས་ཏེ། བྱུང་ས་དང་རྒྱུ་མཚན་བཙལ་དུ་མ་རྙེད་པ་ནི། སེམས་ཉིད་སྟོང་པ་ངོས་གཟུང་དང་བྲལ་བར་གཏན་ལ་ཕེབས་པ་ཡིན་ནོ། །དེ་ལྟར་སེམས་ལ་བྱུང་ས་མ་རྙེད་ཅིང་བྱུང་མཁན་གྱི་སེམས་མ་གྲུབ་པས། སེམས་དང་པོར་སྐྱེ་བའི་རྒྱུས་སྟོང་པ་ཡིན་ནོ། །དེས་ན་སེམས་གཞི་མེད་རྩ་བ་དང་བྲལ་བ་ཆོས་སྐུ་སྐྱེ་བ་མེད་པ་ངོ་འཕྲོད་པ་ཡིན་ནོ། །

གཉིས་པ་སེམས་ཀྱི་གནས་ས་ལ་བརྟག་པ་ནི། སེམས་འདི་གར་གནས། ཕྱི་ནང་སྣོད་བཅུད། ལུས་མགོ་མཇུག་ལ་སོགས་པར་བརྟགས་པས། དེ་དག་གང་དུའང་མ་མཐོང་བ་དེའི་ཚེ། རྟོག་བྱེད་ཀྱི་ཤེས་པ་ཉིད་ལ་ཚུར་བལྟས་པས། ཤེས་པ་གསལ་ཞིང་སྣང་ཡང་རང་བཞིན་མ་གྲུབ་པས། གཞི་མེད་རྩ་བྲལ་ཡེ་སྟོང་ཆེན་པོར་གཏན་ལ་ཕེབས་སོ། །དེ་ལྟར་ན་སེམས་ལ་གནས་ས་མ་རྙེད་ཅིང་། གནས་མཁན་གྱི་སེམས་ལ་ངོས་གཟུང་མེད་པས་སེམས་བར་དུ་གནས་པའི་རྒྱུས་སྟོང་པ་ཡིན་ནོ། །དེས་ནི་སེམས་གསལ་ལ་རང་བཞིན་མ་གྲུབ་པ་ལོངས་སྐུ་འགགས་པ་མེད་པ་རང་ངོ་འཕྲོད་པ་ཡིན་ནོ། །

གསུམ་པ་སེམས་ཀྱི་འགྲོ་ས་བརྟག་པ་ནི། སེམས་ནི་ཝལ་གྱིས་བྱུང་ནས་ཡལ་གྱིས་སོང་བ་སྙམ་བྱེད་ཅིང་། ཐ་མ་གང་དུ་འགྲོ་བརྟགས་པས། ཕྱི་ནང་སྣོད་བཅུད་སྣང་སྟོང་ཡོད་མེད་ལ་སོགས་པ་གང་དུའང་འགྲོ་ས་མ་རྙེད། འགྲོ་མཁན་གྱི་སེམས་ལ་བརྟགས་པས་ངོ་བོ་ངོས་གཟུང་མ་མཐོང་བ་དེའི་ཚེ། སེམས་སྐྱེ་མེད་བློ་འདས་ཆེན་པོར་གཏན་ལ་ཕེབས་སོ། །དེ་ལྟར་སེམས་ལ་འགྲོ་ས་མ་རྙེད་ཅིང་། འགྲོ་མཁན་གྱི་སེམས་ལ་ངོས་གཟུང་མེད་པས་སེམས་ཐ་མ་འགགས་པའི་རྒྱུས་སྟོང་པ་ཡིན་ནོ། །དེ་ནི་སེམས་རིག་སྟོང་འགྲོ་འོང་དང་བྲལ་བ་སྤྲུལ་པའི་སྐུར་གཏན་ལ་ཕེབས་ཤིང་ངོ་འཕྲོད་པ་ཡིན་ནོ། །

དེ་ལྟར་སེམས་ཀྱི་སྔོན་འགྲོའམ། སྤྱོད་པ་བྱས་པ་ལ་དགོས་པ་གསུམ་སྟེ། ཐུན་མོང་། ཁྱད་པར། མཐར་ཐུག་གོ། །

དང་པོ་སེམས་ཀྱི་སྡིག་པ་མ་ལུས་པར་འདག་པ་དང་། (༡༧༣)སེམས་ཀྱི་བར་ཆད་ཞི་བ་དང་། སེམས་ཀྱི་མངོན་ཞེན་ལྡོག་པའི་དགོས་པ་ཡོད་དོ། །

གཉིས་པ་སེམས་དེ་ཆོས་སྐུར་གྲོལ་བའི་དགོས་པ་ཡོད་དོ། །

གསུམ་པ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་དང་གཉིས་སུ་མེད་པར་གདོད་མའི་གཞི་ཐོག་ཏུ་མྱ་ངན་ལས་འདས་བའི་དགོས་པ་ཡོད་དོ། །དེ་ལྟར་སེམས་རུ་ཤན་མ་ཕྱེད་ན་གོང་གི་ཡོན་ཏན་དེ་ལས་ལྡོག་པའི་སྐྱོན་ཡོད་དོ། །འོ་ན་སྐུ་གསུམ་ཐོབ་པ་དེ་དང་། སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་མྱ་ངན་ལས་འདའ་བ་དེ་གཉིས་གཅིག་མོད། ཁྱད་པར་དང་མཐར་ཐུག་གི་དགོས་པ་ཞེས་ཐ་དད་དུ་བརྗོད་པ་ལ་ཤེས་འདོད་མེད་དོ་ཞེ་ན། ཁྱད་ཡོད་དེ། ལུས་ངག་ཡིད་གསུམ་སྐུ་གསུམ་དུ་ཐོབ་པ་ནི། ཕྱིར་གསལ་འགྲོ་བ་ལ་སྣང་བ་ཡིན་ལ། མྱ་ངན་ལས་འདས་པ་ནི་ནང་གསལ་གདོད་མའི་གཞི་ཐོག་ཏུ་ཕྱིན་པའོ། །དེ་ལྟར་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་མཐར་ཕྱིན་པ་དེས་ནི་ཕྱི་འཁྲུལ་པའི་རྐྱེན་སྣང་ཟད་པར་བྱེད་པ་ཡིན་ནོ། །

གཉིས་པ་ནང་ལུས་ངག་ཡིད་གསུམ་རུ་ཤན་དབྱེ་ཞིང་སྒྲིབ་པ་སྦྱང་བ་ནི། ཀློང་གསལ་ལས། འཁྲུལ་རྒྱུ་ཟད་པར་བྱ་བའི་ཕྱིར། །འཁོར་འདས་རུ་ཤན་ནང་ལྟར་དབྱེ། །ཞེས་པས། དེའང་གོང་གི་སྔོན་འགྲོ་གསུམ་གྱིས་ཕྱི་འཁྲུལ་པའི་རྐྱེན་སྣང་ཟད་ཀྱང་། ནང་ལུས་ངག་ཡིད་གསུམ་གྱི་འཁྲུལ་པའི་རྒྱུ་དང་ས་བོན་མ་ཟད་པས། ད་ཟད་པར་བྱ་བའི་ཕྱིར་ལུས་ངག་ཡིད་གསུམ་ནང་ལྟར་འཁོར་བ་དང་རུ་ཤན་དབྱེ་དགོས་སོ། །དབྱེ་བ་དངོས་ནི་འདས་རྗེས་ལས། ལུས་འདི་མ་རིག་རྒྱུས་བསྐྱེད་ཕྱིར། །རིག་དྲུག་ས་བོན་ཉིད་དུ་གནས། །རིག་པ་སྐུ་གསུམ་དངོས་ཡིན་ཕྱིར། །སྐུ་གསུམ་ཡེ་གེ་གསུམ་དུ་ཤར། །ཡི་གེས་རྩལ་སྦྱོང་རུ་ཤན་དབྱེ། །ཞེས་སོ། །ས་བོན་དྲུག་ཇི་ལྟར་གནས་ན། ཀློང་གསལ་ལས། སྤྱི་བོ་མགྲིན་པ་སྙིང་ག་དང་། །ལྟེ་བ་གསང་བ་རྐང་མཐིལ་དུ། །ཨ་སུ་ནྲ྇་ཏྲི་པྲེ་དུ་གནས། །ཞེས་པས། སྦྱང་གཞི་འགྲོ་བའི་གནས་དྲུག་ཏུ། སྦྱོང་བྱེད་སྐུ་གསུམ་གྱི་ཡི་གེ་སྦྱོང་བ་ནི། རང་གི་ལུས་ཀྱི་སྤྱི་བོར་ཨ་དཀར་པོ་ལ་ལྷའི་བག་ཆགས་དཀར་མོག་སྒྲིབ་པའི་རྣམ་པ་ཅན་དུ་འདུག་པར་བསམ། དེ་བཞིན་དུ་མགྲིན་པར་སུ་ལྗང་སེར་ལ་ལྷ་མ་ཡིན་གྱི་བག་ཆགས། སྙིང་གར་ནྲ྇་སྔོ་སྐྱ་ལ་མིའི་བག་ཆགས། ལྟེ་བར་ཏྲི་དམར་ནག་ལ་དུད་འགྲོའི་བག་ཆགས། གསང་བར་པྲེ་ལྗང་གུ་ལ་ཡི་དྭགས་ཀྱི་བག་ཆགས། རྐང་མཐིལ་དུ་དུ་དུད་ཁ་ལ་དམྱལ་བའི་བག་ཆགས་རྣམས་འདུས་པར་བསྒོམས་པའི་སྤྱི་བོར་སྐུའི་ས་བོན་ཨཱ་དཀར་པོ་ལས་(༡༧༤)འོད་ཟེར་འཕྲོ་བ། མགྲིན་པར་ཨཱཿདམར་པོ་ལས་འོད་ཟེར་འཕྲོ་བ། སྙིང་གར་ཧཱུྃ་མཐིང་ག་ལས་འོད་ཟེར་འཕྲོ་བའི་འོད་ཀྱིས་ས་བོན་དྲུག་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ། མ་རིག་འཁྲུལ་པའི་བག་ཆགས་ཐམས་ཅད་ཐུལ་ཐུལ་ཚིག་པར་བསམས་ཤིང་བཟླས་སོ། །ཨཱ་ཨཱཿཧཱུྃ་འབུམ་ཚོ་བདུན་དབྱངས་སྙན་པོས་གླུ་དང་བཅས་པས་བཟླས་སོ། །དེའི་དུས་སུ་བདག་ཇི་ལྟ་བ་བཞིན་སེམས་ཅན་ཐམས་ཅད་ཀྱི་གནས་གསུམ་གྱི་ཡི་གེ་ལས་མེ་འབར་ཏེ། ས་བོན་དྲུག་ཚིག་པར་བསམས་ཤིང་བཟླས་སོ། །འབྱོངས་པའི་རྟགས་སུ་སྡིག་པ་ཟད་པའི་རྨི་ལམ་དང་། མཚན་མ་སྣ་ཚོགས་པ་དང་། ལུས་ངག་ཡིད་གསུམ་ཐ་མལ་གྱི་ཞེན་པ་འགགས་ཏེ་ཤེལ་སྒོང་དག་པ་ལྟར་སལ་སལ་སོང་བ་སྙམ་བྱེད་པའོ། །དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ། །འདི་ནི་དམིགས་པ་རྣམས་ཀྱི་ནང་ནས་ནོར་བུ་དབང་གི་རྒྱལ་པོ་བསམ་འཕེལ་ལོ། །དེའང་རང་ངོ་མ་ཤེས་པས་འཁོར་བར་འཁྱམས་དུས་ལས་སྣ་ཚོགས་སུ་བསགས་པ་རྣམས་ཡི་གེ་དྲུག་པོ་ལ་བག་ཆགས་ཏེ། ལས་བཟང་ངན་གྱིས་འཁོར་བ་མཐོ་དམན་དུ་བྱེད་པ་ན། གང་དུ་སྐྱེ་བའི་ལས་དེས་ཡི་གེ་དེའི་རྩ་ཁམས་སུ་རླུང་སེམས་འདུས་ནས་འགྲོ་བ་རིགས་དྲུག་གི་སྣང་བ་མི་འདྲ་བ་དྲུག་ཏུ་འཆར་ཞིང་། དེ་ཡང་ལས་བཟང་ངན་སྣ་ཚོགས་སུ་བསགས་པས་ཡི་གེ་དྲུག་ལ་བག་ཆགས་ཏེ་འཁོར་བ་ཕྱི་མ་འདྲེན་པར་བྱེད་དོ། །དེས་ན་ལས་བཟང་ངན་གྱི་བརྟེན་པ་ཡི་གེ་དྲུག །སྐུ་གསུམ་གྱི་ཡི་གེ་གསུམ་གྱིས་ཚིག་པ་ན། འཁོར་བ་བདེ་སྡུག་གི་འཕྲང་ལས་ཐར་ཏེ་མྱ་ངན་ལས་འདའོ། །དེ་ལྟར་འདས་པའི་དུས་ཀྱི་རྗེས་ཤེས་ཀྱི་ཤེས་པ་ཇི་ལྟར་འདུག་ཀྱང་རང་གི་རྒྱུད་ལ་བཀལ་ནས་བལྟའོ། །

དེ་ལྟར་རུ་ཤན་དབྱེ་བའི་ཡོན་ཏན་ནི། ཀློང་གསལ་ལས། རུ་ཤན་ནང་ལྟར་སུས་དབྱེ་བ། །འཁྲུལ་རྒྱུད་འཁོར་བའི་ས་བོན་སྟོངས། །ཁམས་གསུམ་འཁོར་བར་ལྡོག་པ་མེད། །ཅེས་སོ། །མ་ཕྱེ་བའི་སྐྱོན་ནི་དེ་ལས། དེ་ལྟར་ས་བོན་མ་ཟད་ན། །འཁོར་བའི་འབྲེལ་ཐག་ཆོད་མི་འགྱུར། །ཞེས་སོ། །ནང་ལྟར་རུ་ཤན་ཕྱེ་བའི་དགོས་པ་ནི། ཐལ་འགྱུར་ལས། འདི་ལ་དགོས་པ་རྣམ་པ་གཉིས། །ཐུན་མོང་མཆོག་གི་དབྱེ་བས་བརྟགས། །ཞེས་པ་དང་། ཀློང་གསལ་ལས། ལུས་ངག་ཡིད་གསུམ་སྔོན་འགྲོ་ནི། །ཐུན་མོང་ཁྱད་པར་མཐར་ཐུག་གི། །དགོས་པ་གསུམ་དུ་ཤེས་པར་བྱ། །ཞེས་པས། དང་པོ་ཐུན་མོང་གི་དགོས་པ་ནི་ལུས་ངག་ཡིད་གསུམ་གྱི་སྡིག་པའི་ས་བོན་རྩ་བ་ནས་འདག །ལུས་ངག་ཡིད་གསུམ་གྱི་བར་ཆད་འབྱུང་བའི་ས་བོན་རྩ་བ་ནས་ཞི་ལ། ལུས་ངག་ཡིད་གསུམ་གྱི་ཞེན་པའི་ས་བོན་རྩ་བ་ནས་(༡༧༥)ལྡོག་པའོ། །

གཉིས་པ་ཁྱད་པར་གྱི་དགོས་པ་ནི། ལུས་ངག་ཡིད་གསུམ་གྱི་ཞེན་པ་རྩ་བ་ནས་ལྡོག་པ་ལ་བརྟེན་ནས། ད་ཕྱིན་ཆད་ལུས་ངག་ཡིད་གསུམ་འཁོར་བར་ལྡོག་པའི་ས་བོན་མེད་པས་མི་ལྡོག་ངེས་པའི་དགོས་པ་ཡོད་དོ། །ལུས་ངག་ཡིད་གསུམ་སྐུ་གསུམ་དུ་གྲོལ་བའི་དགོས་པ་ཡོད་དོ། །

གསུམ་པ་མཐར་ཐུག་གི་དགོས་པ་ནི། ལུས་ངག་ཡིད་གསུམ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་དང་གཉིས་སུ་མེད་པར་མྱ་ངན་ལས་འདའ་བའི་དགོས་པ་ཡོད་དོ། །དེ་ལྟར་ལུས་ངག་ཡིད་གསུམ་རུ་ཤན་མ་ཕྱེ་ན། འཁོར་བའི་ས་བོན་ཡོད་པས་གོང་གི་ཡོན་ཏན་དེ་ལས་ལྡོག་པའི་སྐྱོན་ཡོད་དོ། །

གསུམ་པ་གསང་བ་ལུས་ངག་ཡིད་གསུམ་རྣལ་དུ་དབབ་ཅིང་སོར་གཞུག་པ་གཉིས་ལས་དང་པོ་རྣལ་དུ་དབབ་པ་ནི། སྒྲོན་མ་འབར་བ་ལས། འཁོར་འདས་རུ་ཤན་ཕྱེ་ནས་ནི། །ལུས་ངག་ཡིད་གསུམ་རྣལ་དུ་དབབ། །ཅེས་པ་དང་། ཐལ་འགྱུར་ལས། འདི་དུས་ལུས་ངག་སེམས་ཀྱི་གནད། །རྣལ་འབྱོར་ལྡན་པས་རྣལ་དབབ་བྱ། །ཞེས་པས། གོང་གི་སྔོན་འགྲོ་རྣམས་བྱས་པས། རྩ་ཁམས་དང་འབྱུང་བ་རྣམས་འཁྲུགས་ཏེ། ལུས་ངག་ཡིད་གསུམ་དེ་ཁོ་ན་ཉིད་ཀྱི་དགེ་སྦྱོར་ལ་མི་འཇུག་པས། འབྱུང་བ་དང་རྩ་ཁམས་མི་འཁྲུགས་པའི་ཕྱིར་རྣལ་དུ་དབབ་པ་ནི། འདས་རྗེས་ལས། དེ་ནས་ལུས་ངག་ཡིད་གསུམ་པོ། །རྣལ་དུ་དབབ་ལ་མཁས་པར་བྱ། །ཞེས་པས། དེའང་ལུས་ངག་ཡིད་གསུམ་བདེ་བའི་མལ་དུ་ཉལ་ནས་བསྒུལ་བསྐྱོད་དང་། སྨྲ་བརྗོད་དང་། དྲན་བསམ་ཐམས་ཅད་བཀག་ལ་ལྷོད་དེར་གནས་པར་བྱའོ། །དེའང་ལུས་རྣལ་དུ་ཕེབས་པས་མི་འགུལ། ངག་རྣལ་དུ་ཕེབས་པས་སྨྲ་མི་འདོད། ཡིད་རྣལ་དུ་ཕེབས་པས་འཕྲོ་འདུའི་རྟོག་པ་ཐམས་ཅད་རང་སར་ཞི་བའོ། །དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ། །དེ་ལྟར་རྣལ་དུ་ཕབ་པའི་ཡོན་ཏན་ནི། ཀློང་གསལ་ལས། འདི་ལྟར་རྣལ་དུ་སུས་ཕབ་པས། །འབྱུང་འཁྲུགས་ནད་རྐྱེན་ཞི་བ་དང་། །འཛིན་པ་རང་གྲོལ་ཉིད་དུ་འགྱུར། །ཞེས་སོ། མ་ཕབ་པའི་སྐྱོན་ནི། དེ་ཉིད་ལས། ཡོན་ཏན་རྣམས་ལས་ལྡོག་སྐྱོན་ཡོད། །ཅེས་སོ། །དགོས་པ་ནི་གཉིས་ལས། གནས་སྐབ་སུ་ལུས་ངག་ཡིད་གསུམ་རྣལ་དུ་ཕེབས་པས་འབྱུང་བ་མི་འཁྲུགས་ཤིང་ནད་རྐྱེན་མི་འབྱུང་བས། རང་བཞིན་གྱི་བསམ་གཏན་ལ་གནས་པའི་དགོས་པ་ཡོད་དོ། །མཐར་ཐུག་ཏུ་ལུས་ངག་ཡིད་གསུམ་གྱི་འཛིན་པ་རང་དག་ཏུ་འགྲོ་བའི་དགོས་པ་ཡོད་དོ། །དེ་ལྟར་རྣལ་དུ་མ་ཕབ་ན་གོང་གི་ཡོན་ཏན་རྣམས་ལས་ལྡོག་པའི་སྐྱོན་ཡོད་དོ། །

གཉིས་པ་སོར་གཞུག་པ་ནི་ཀློང་གསལ་ལས། ཀ་དག་དོན་(༡༧༦)ནི་རྟོགས་བྱའི་ཕྱིར། །རྣལ་དུ་ཕབ་ནས་སོར་ནི་འཇུག །ཅེས་པས། སྔར་གྱི་དེ་ཉིད་ལས་ལྟ་སྟངས་ཀྱི་སོར་འཇུག་པ་ཀ་དག་གི་རྟོགས་པ་རྒྱུད་ལ་སྐྱེ་བའི་ཕྱིར་རོ། །སོར་འཇུག་པ་དངོས་ནི། འདས་རྗེས་ལས། ཉན་ཐོས་བྱང་སེམས་ཁྲོ་བོ་ཡི། །ལྟ་སྟངས་ཉིད་ཀྱིས་སོར་ཡང་གཞུག །དེས་ནི་གསུམ་པོ་སོར་ཆུད་ནས། །ཉམས་ལེན་ཉིད་ལ་བརྩོན་པར་འགྱུར། །ཞེས་པས། དང་པོ་ཉན་ཐོས་ཀྱི་ལྟ་སྟངས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས། རྩེ་གཅིག་ཏུ་མཉམ་པར་གཞག་ཅིང་བསམ་བརྗོད་གང་ཡང་མི་བྱའོ། །དེ་སྐད་དུ་ཀློང་གསལ་ལས། ཉན་ཐོས་ཞི་བའི་ལྟ་སྟངས་ཀྱིས། །ལུས་ངག་ཡིད་གསུམ་རྣལ་དུ་ཕེབས། །ཞེས་སོ། །

གཉིས་པ་བྱང་ཆུབ་སེམས་དཔའི་ལྟ་སྟངས་སྐྱིལ་ཀྲུང་བཅས་པ་མིག་བར་སྣང་ལ་ཧར་པོར་བལྟ་ཞིང་སེམས་གང་དུ་ཡང་མི་གཡོ་བ་སྟེ། དེ་ཉིད་ལས། བོ་དྷི་སཏྭའི་ལྟ་སྟངས་ཀྱིས། །རྣལ་ཕེབས་བདེ་བ་ཉིད་ཐོབ་འགྱུར། །ཞེས་སོ། །

གསུམ་པ་ཁྲོ་བོའི་ལྟ་སྟངས་ནི། རྐང་པ་གྱད་ཀྱི་དོར་སྟབས་སུ་བགྲད། མིག་བར་སྣང་ལ་གྱེན་དུ་བགྲད། ཧ་ཧ་དང་ཧི་ཧི་ལ་སོགས་པ་བརྗོད་ཅིང་སེམས་སྤྲོས་དང་བྲལ་བར་བཞག་གོ། །དེ་སྐད་དུ་ཀློང་གསལ་ལས། ཁྲོ་བོ་ཉིད་ཀྱི་ལྟ་སྟངས་ཀྱིས། །རྣལ་ཕེབས་ཡོན་ཏན་གསུམ་ཡང་འགྲུབ། །ཅེས་སོ། །དེ་ལྟར་ཉན་ཐོས་ཀྱི་ལྟ་སྟངས་ཀྱིས་ལུས་ངག་ཡིད་གསུམ་མི་གནས་པ་གནས་པར་བྱ། བྱང་ཆུབ་སེམས་དཔའི་ལྟ་སྟངས་ཀྱིས་གནས་པ་བརྟན་པར་བྱ། ཁྲོ་བོའི་ལྟ་སྟངས་ཀྱིས་བརྟན་པ་གྲོལ་བར་བྱའོ། །དེ་ལྟར་སོར་ཆུད་པ་ལ་དགོས་པ་གཉིས་ལས། གནས་སྐབས་སུ་ལུས་ངག་ཡིད་གསུམ་ལ་བདེ་གསལ་མི་རྟོག་པའི་ཉམས་བཟང་པོ་སྐྱེ། མཐར་ཐུག་ལྷག་མཐོང་ཀ་དག་གི་དགོངས་པ་རྟོགས་པར་འགྱུར་རོ། །དེ་ལྟར་སོར་མ་ཆུད་ན་གོང་གི་ཡོན་ཏན་དེ་དག་ལས་ལྡོག་པའི་སྐྱོན་ཡོད་དོ། །

གསུམ་པ་གནས་ལུགས་ཀྱི་ངོ་བོ་ཁྲེགས་ཆོད་གདབ་ཚུལ་ནི། འདས་རྗེས་དོན་ཁྲིད་ལས། ཁྲོ་བོའི་ལྟ་སྟངས་ཀྱིས་བརྟན་པ་གྲོལ་བར་བྱ་སྟེ། དང་པོ་རྟོག་པ་བརྩད་བཅད། དེ་ནས་སེམས་ཀྱི་མཚང་བཙལ། དེ་ནས་བྱུང་གནས་འགྲོ་གསུམ་ལ་བརྟགས། དེ་ནས་རྣམ་རྟོག་སེམས་སུ་ངོ་སྤྲད། སེམས་སྟོང་པར་ངོ་སྤྲད། སྟོང་པ་སྣང་བར་ངོ་སྤྲད། སྣང་སྟོང་གཉིས་མེད་དུ་ངོ་སྤྲད། གཉིས་མེད་རང་གྲོལ་དུ་ངོ་སྤྲད། དུག་ལྔ་རང་གྲོལ་དུ་ངོ་སྤྲད། སྒོ་ལྔ་རང་གྲོལ་དུ་ངོ་སྤྲད། ཚོགས་དྲུག་རང་གྲོལ་དུ་ངོ་སྤྲད་དོ། །དེ་ལྟར་རྣལ་དུ་དབབ་སྟེ་ཁྲེགས་ཆོད་ཀྱི་དོན་གཏན་ལ་ཕེབས་ཞེས་གསུངས་པས་འདི་ལ་སྔོན་འགྲོ་གསུམ་(༡༧༧)གྱིས་ཞི་ལྷག་ཟུང་འཇུག་གི་གནས་ལུགས་མ་སྐྱེས་པ་བསྐྱེད་པར་བྱ་བ། དངོས་གཞི་གསུམ་གྱིས་སྐྱེས་པ་ངོ་སྤྲོད་པར་བྱ་བ། རྗེས་རང་གྲོལ་གསུམ་གྱིས་སྐྱེས་པ་བོག་དབྱུང་ཞིང་རྩལ་སྦྱོང་བ་གསུམ་ལས། དང་པོ་རྟོགས་པ་རྩད་བཅད། བར་དུ་སེམས་ཀྱི་མཚང་བཙལ། ཐ་མ་བྱུང་གནས་འགྲོ་གསུམ་ལ་བརྟག་པའོ། །

དང་པོ་ནི་ལུས་ངག་ཡིད་གསུམ་ལས། འཁོར་བར་འཁྱམས་མཁན་གང་དུ་འདུག །དགག་སྒྲུབ་བྱེད་པ་པོ་སུ་ཡིན། སྐྱེ་བ་སྔ་མ་ནས་འདི། འདི་ནས་ཕྱི་མར་འགྲོ་མཁན་སུ་ཡིན། གཙོ་གང་ཆེ་ཞེས་དྲི་ཞིང་བརྟགས་པས། སེམས་གཙོ་ཆེ་ཞེས་དེ་ལྟར་ཤེས་པ་ནི་དང་པོ་རྟོག་པ་བརྩད་བཅད་པའོ། །

གཉིས་པ་དེ་ལྟར་བྱེད་པ་པོའི་སེམས་འདི་ཐམས་ཅད་ལ་བདག་ཏུ་འཛིན་ཅིང་ང་ཞེས་བདེན་པར་ཞེན་ན་ལུས་ངག་ཡིད་གསུམ་པོ་དེ་གཅིག་ཏུ་འདུག་གམ། ཐ་དད་དུ་འདུག །གཅིག་ན་སེམས་བལྟར་མེད་པ་བཞིན་དུ། ལུས་བལྟར་མེད་པར་འགྱུར་ལ། ལུས་རགས་གཟུགས་སུ་གྲུབ་པ་བཞིན་དུ་སེམས་དང་ངག་ཀྱང་རགས་གཟུགས་སུ་ཡོད་དགོས། ངག་སྒྲར་གྲགས་པ་བཞིན་དུ་ལུས་སེམས་གཉིས་ཀྱང་དེ་བཞིན་དུ་འགྱུར་རོ། །ཞེས་པ་ལ་སོགས་བརྟགས་པས། གཅིག་ཐ་དད་ཡིན་མིན་དགག་སྒྲུབ་ཐམས་ཅད་སེམས་ཀྱིས་བཟོས་པ་ལས་ལོགས་སུ་མ་གྲུབ་པར་ཤེས་པ་ནི་བར་དུ་སེམས་ཀྱི་མཚང་བཙལ་བའོ། །

གསུམ་པ་དེ་ལྟར་དོན་མེད་པ་ལ་བདག་ཏུ་འཛིན་མཁན་གྱི་སེམས་འདི། དང་པོ་གང་ནས་བྱུང་བའི་རྣམ་པར་འདུག །ད་ལྟར་གར་གནས། ཐ་མ་གང་དུ་འགྲོ་བ་ཞིག་འདུག་ཅེས་སེམས་དེ་ཉིད་ལ་བརྟགས་པས། བྱུང་གནས་འགྲོ་གསུམ་དུ་མ་གྲུབ་ཅིང་། ངོ་བོ་ངོས་གཟུང་དང་བྲལ་བ། རིག་སྟོང་ཝལ་པོ་རྗེས་མེད་གཟའ་གཏད་དང་བྲལ་བར་རྟོགས་པ་ནི། ཐ་མ་བྱུང་གནས་འགྲོ་གསུམ་ལ་བརྟགས་པ་སྟེ། གནས་ལུགས་ཀྱི་དོན་མ་སྐྱེས་པ་སྐྱེས་པར་བྱེད་པའོ། །འོ་ན་སྔར་ཡང་བྱུང་གནས་འགྲོ་གསུམ་ལ་བརྟག་པ་བཤད་པ་དང་ཟློས་སོ་ཞེ་ན། མི་ཟློས་ཏེ་སྔར་གྱི་དེ་ཡུལ་ལ་བརྟགས་ནས་མ་གྲུབ་པ་ཡིན་ལ། འདི་ཉིད་ཡུལ་ཅན་ལ་བརྟགས་ནས་ངོ་བོའི་སྟེང་དུ་འབེབས་པའོ། །

གཉིས་པ་དངོས་གཞི་གསུམ་གྱིས་སྐྱེས་པ་ངོ་སྤྲད་པ་ལ། གནས་པ་སེམས་ཀྱི་རྒྱན་དུ་ཤར་བ། འཕྲོ་བ་སེམས་ཀྱི་རོལ་པར་ཤར་བ། གཉིས་མེད་མཉམ་པའི་ངང་དུ་གནས་པ་གསུམ་ལས། དང་པོ་ཅོག་བཞག་གསུམ་ལ་བརྟེན་ནས། སེམས་ཇི་བཞིན་དུ་གནས་པ་སྟེ། རིན་ཆེན་སྒྲོན་མ་ལས། ཅོག་བཞག་གསུམ་གྱི་རང་བཞིན་(༡༧༨)ལས། །ཀ་དག་དོན་ཉིད་མངོན་དུ་འགྱུར། །ཞེས་པས། རི་བོ་ཅོག་བཞག་ནི་ལུས་རྡོ་རྗེ་སྐྱིལ་ཀྲུང་གི་མི་གཡོ་བའོ། །རྒྱ་མཚོ་ཅོག་བཞག་ནི་མིག་མདའ་གང་ཙམ་དུ་གཏད་དེ་མི་འགུལ་བའོ། །རིག་པ་ཅོག་བཞག་ནི་རང་བབས་ཆོས་ཉིད་ཀྱི་ངང་དུ་མཉམ་པར་འཇོག་པའོ། །དེའི་ཚེ་དགག་སྒྲུབ་དགེ་སྡིག་བླང་དོར་ལ་སོགས་པའི་སྤྲོས་པ་ཉེ་བར་ཞི་བ་སྟེ། གསལ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གདོད་མའི་ཀ་དག་གི་ངང་ལ་གནས་པ་ཉིད། ཐལ་འགྱུར་ལས། ངོ་བོ་ཀ་དག་ཡེ་ཤེས་ལ། །མ་རིག་པ་ཞེས་སྲིད་མེད་པས། །གཅིག་དང་གཉིས་ཞེས་གྲངས་མེད་དེ། །གང་དུ་མ་ཕྱེ་ཚིག་ཆོད་ལ། །ཡེ་ཤེས་ཙམ་དུ་གྲུབ་པ་མེད། །ཅེས་པ་དང་། རང་ཤར་ལས། རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །མཐའ་བཞིའི་དྲི་མ་རང་སངས་ཉིད། །ཅེས་སོ། །དེའི་ཚེ་སེམས་ཉིད་སྤྲོས་པ་དང་བྲལ་བ་ཆོས་སྐུ། གསལ་ལ་འཛིན་པ་མེད་པ་ལོངས་སྐུ། སྣ་ཚོགས་འཆར་གཞི་མ་འགགས་པ་སྤྲུལ་པའི་སྐུ་སྟེ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མེད་པ་སྟེ། ནོར་བུ་ཕྲ་བཀོད་ལས། རྫོགས་སངས་རྒྱས་ནི་རང་རིག་ཉིད། །ངོ་བོ་དུས་གསུམ་འགྱུར་བ་མེད། །རང་བཞིན་རྟག་ཏུ་འགགས་པ་མེད། །ཐུགས་རྗེ་ཀུན་ལ་རབ་སྣང་ཞིང་། །ཞེས་པ་དང་། ཐལ་འགྱུར་ལས། ཡེ་ཤེས་རང་ངོར་གནས་པ་ལ། །གསུམ་གྱི་ཚུལ་དུ་དབྱེར་མེད་དོ། །ཞེས་པ་དང་། །མུ་ཏིག་ཕྲེང་བ་ལས། ཐོག་མ་ཉིད་ཀྱི་ཀ་དག་ལས། །འཁྲུལ་པ་ཙམ་དུ་བརྗོད་དུ་མེད། །དེ་བཞིན་མ་འཁྲུལ་པ་ཡང་ཅི། །དེ་ཕྱིར་འཁྲུལ་པ་གདོད་ནས་དག །ཅེས་སོ། །མདོར་ན་སེམས་ཉིད་ངང་ལ་མི་གཡོ་བ། རྒྱ་མཚོ་ངང་ལས་མི་གཡོ་བ་ལྟ་བུ་ཇི་བཞིན་གྱི་ངང་ལ་ཡེ་བཞིན་ལྷུན་གྱིས་གྲུབ་པའོ། །

གཉིས་པ་དེ་ཉིད་ཀྱི་ངང་ལ་དགག་སྒྲུབ་ཀྱི་རོལ་པ་ཅི་ཤར་ཡང་། ཤར་དུས་གཉེན་པོ་མེད་པ་རང་གྲོལ་བ་སྦྲུལ་མདུད་ལྟ་བུ་སྟེ། ཐལ་འགྱུར་ལས། ཇི་ལྟར་ཤར་བའི་རིག་པ་ནི། །སྦྲུལ་མདུད་བཞིན་དུ་རང་གྲོལ་ལོ། །གཉེན་པོ་མེད་ཕྱིར་འབད་རྩོལ་ཞིག །ངོ་བོ་ཉིད་ཀྱིས་ཡེ་གྲོལ་ལོ། །ཞེས་པ་དང་། ཕྲ་བཀོད་ལས། འགགས་མེད་རྩལ་ནི་ཅིར་ཡང་འཆར། །ཤར་བ་ཉིད་ནས་རང་སར་གྲོལ། །གྲོལ་ཞེས་ཙམ་དུ་བརྗོད་དུ་མེད། །དེ་བཞིན་མ་གྲོལ་བ་ཡང་ཅི། །ཞེས་པ་སྟེ། རྒྱ་མཚོ་ལ་རླབས་ཇི་ལྟར་ཤར་ཡང་རྒྱ་མཚོའི་ངང་ལས་མ་འདས་པ་བཞིན་དུ། སེམས་ལ་རྣམ་རྟོག་ཇི་ལྟར་ཤར་ཡང་ཆོས་ཉིད་ཀ་དག་གི་ངང་ལས་མ་འདས་པའོ། །དེས་ན་གང་ཤར་གྱི་རྟོག་པ་ལ་སྔ་ཕྱིའི་སྐྱེལ་བསུ་མི་བྱེད་པར་རང་ཤར་གྱི་(༡༧༩)ངང་ལ་ཡན་དུ་འཇུག་པ་ནི་རྟོག་པ་ཆོས་ཉིད་ཀྱི་རོལ་པར་རྟོགས་པས། སྤང་བླང་དགག་སྒྲུབ་ཀྱི་ཡུལ་ལས་འདས་པའོ། །དོ་ཧ་ལས། ཇི་སྲིད་སེམས་ལས་རྣམ་འཕྲོས་པ། །དེ་སྲིད་མགོན་པོའི་བདག་ཉིད་དེ། །ཆུ་དང་རླབས་དག་གཞན་ཡིན་ནམ། །ཞེས་པ་དང་མཐུན་ནོ། །དེ་ལྟར་ན་འཕྲོ་བ་མ་བཀག་པར་ཆོས་ཉིད་དུ་གྲོལ་བ། རྒྱ་མཚོའི་དབའ་རླབས་རྒྱ་མཚོ་ཉིད་དུ་ཞི་བ་ལྟ་བུ་སྟེ། རྨད་བྱུང་རྒྱལ་པོའི་རྒྱུད་ལས། ཇི་ལྟར་རྒྱ་མཚོའི་དབའ་རླབས་ལྟར། །སེམས་ཀྱི་དབའ་རླབས་གཡོ་བ་ཀུན། །གདོད་མ་གཞི་ཡི་རྒྱ་མཚོར་ཐིམ། །ཞེས་སོ། །ཡང་ན་ལན་ཚྭ་ཆུ་ལ་ཐིམ་པ་ལྟ་བུ་སྟེ། ས་ར་ཧའི་ཞལ་ནས། ཇི་ལྟར་ལན་ཚྭ་ཆུ་ལ་ཐིམ་པ་ལྟར། །དེ་བཞིན་སེམས་ནི་རང་ལ་ཐིམ་པ་འམ། །གང་ལྟར་འཕྲོ་བའི་རྟོག་པ་ཡན་དུ་བཅུག་པས། སླར་ཡང་དང་པོའི་བྱུང་སར་ཐིམ་པ་ནི། དོ་ཧ་ལས། ཇི་ལྟར་གཟིངས་ལས་འཕུར་བའི་བྱ་རོག་བཞིན། །བསྐོར་ཞིང་བསྐོར་ཡང་སླར་ཡང་དེ་རུ་འབབ། །ཅེས་པ་དང་ཚུལ་མཐུན་ནོ། །

གསུམ་པ་འཕྲོ་གནས་གཉིས་སུ་མེད་པ་རྒྱ་མཚོ་ལས་རླབས་བུ་ཆུང་ཤར་བ་ལྟ་བུ་སྟེ། གནས་པ་སྣ་ཚོགས་སུ་འཆར་བ། འཕྲོ་བ་གཟུང་འཛིན་དང་བྲལ་བ། མཉམ་ལ་དེར་འཛིན་མེད་པ་སྟེ། ཕྱི་སྣ་ཚོགས་སུ་སྣང་ཡང་སྣང་བས་སེམས་མི་གཡོ་བ་དབང་པོའི་མངོན་སུམ་ལྟ་བུ། ནང་སྣ་ཚོགས་སུ་འཕྲོ་ཡང་དེར་འཛིན་དང་བྲལ་བ་རྨི་ལམ་གྱི་ཤེས་པ་ལྟ་བུ། ཡུལ་དྲུག་སྣ་ཚོགས་སུ་སྤྱོད་ཀྱང་དགག་སྒྲུབ་དང་རེ་དོགས་མེད་པ་བུ་ཆུང་གི་ཤེས་པ་ལྟ་བུ། རྟོག་པ་སྣང་ཡུལ་ལ་ཞི་བ་ལན་ཚྭ་ཆུ་ལ་ཐིམ་པ་ལྟ་བུ། གང་ཤར་དེར་འཛིན་དང་བྲལ་བ་སྨྱོན་པ་རེ་དོགས་མེད་པ་ལྟ་བུ་སྟེ། ཡུལ་སྣང་ལ་དེར་འཛིན་མེད་པའི་ཚེ་ཕྱི་ནང་སྟོང་ཉིད་དུ་རྟོགས་པ་ཞེས་བྱའོ། །དེ་ཉིད་ཀྱི་དོན། བཏགས་གྲོལ་སྙིང་པོའི་རྒྱུད་ལས། ཕྱི་ནང་ཀུན་རྟོགས་ཡེ་སྟོང་གྲོལ། །ཞེས་སོ། །དེ་ལྟར་སེམས་གནས་ན་གདོད་མའི་ངང་དུ་ཕྱིན་ལ། འཕྲོ་ན་ཡེ་ཤེས་ཀྱི་རོལ་པར་འཆར་ཞིང་། མཉམ་ན་གཉིས་མེད་ཀྱི་ར་བར་ཡན་པ་ནི་ཇི་ལྟར་བྱས་ཀྱང་ཆོས་ཉིད་ཀྱི་རོལ་པ་ལས་མ་འདས་པའོ། །དེའི་ཚེ་རྣམ་རྟོག་མ་སྤངས་གཞི་ནས་གྲོལ་བར་བསྐྱར་ནས་གྲོལ་བྱེད་འབད་རྩོལ་ཞིག་པའི་གདེང་ཐོབ། གང་ཤར་རང་སར་གྲོལ་བས་དྲན་འཛིན་གཉེན་པོ་ལ་མི་ལྟོས་པའི་གདེང་ཐོབ། ཡུལ་དྲུག་ཅེར་མཐོང་དུ་གྲོལ་བས་སྔ་ཕྱི་འཛིན་པའི་ཤེས་པ་དང་བྲལ་བའི་གདེང་ཐོབ། བཟང་ངན་ཡོངས་གྲོལ་དུ་ཤེས་པས་བླང་དོར་ཕྱོགས་འཛིན་དང་བྲལ་བའི་(༡༨༠)གདེང་ཐོབ་སྟེ། ཐལ་འགྱུར་ལས། རང་གི་རྟོག་པ་ཀུན་བྲལ་བས། །གྲོལ་ལུགས་ཆེན་པོ་བཞི་དང་བཅས། །ཡེ་ནས་གྲོལ་བས་བསྐྱར་གཞི་མེད། །རང་གི་གྲོལ་བས་གཉེན་པོ་མེད། །ཅེར་གྱིས་གྲོལ་བས་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་འབད་རྩོལ་མེད། །ཅེས་སོ། །དེ་ལྟར་གྲོལ་བའི་ཤེས་པའམ། རྣམ་རྟོག་དེ་རྣམས་གང་ནས་ཀྱང་མ་བྱུང་། གང་དུ་ཡང་མ་སོང་བ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ། ཇི་ལྟར་ཤར་ཡང་དེ་ལྟར་མ་གཟུང་ན་གཞི་ལ་ཕན་གནོད་དང་བྲལ་བ་སྟེ། དེ་ཉིད་ལས། རང་སེམས་གྲོལ་བ་ཞེས་བྱ་བ། །གཅིག་ནས་གཅིག་ཏུ་སོང་བ་མིན། །གང་གིས་བཀྲོལ་བ་མེད་པའི་སེམས། །གཞི་ནས་རྫོགས་པས་འགྲོ་འོང་མེད། །བརྟགས་པས་མ་རྙེད་རྒྱུ་མཚན་མེད། །གཞི་རྩ་མེད་པས་སྟོང་གསལ་གནས། །རང་གསལ་གནས་པའི་སེམས་དེ་ནི། །གནད་ཀྱིས་གྲོལ་བས་ཕྱོགས་རིས་མེད། །དུས་ཀྱིས་གྲོལ་བས་བལྟོས་གཞི་མེད། །འབད་མེད་གྲོལ་བས་བརྩོན་འགྲུས་མེད། །ཅེས་སོ། །མདོར་ན་གང་ཤར་གྱི་རིག་པ་གཟའ་གཏད་དང་བྲལ་བ་འདི་རང་ཤར་དུ་འདུག་པས་རང་གྲོལ་དུ་གྲོལ། ངེས་མེད་དུ་འདུག་པས་འཛིན་མེད་དུ་གྲོལ། ཡེ་གྲོལ་དུ་འདུག་པས་གཞི་བྲལ་དུ་གྲོལ། ཐོག་བབས་སུ་འདུག་པས་ཅར་ཕོག་ཏུ་གྲོལ། ཤར་གྲོལ་དུ་འདུག་པས་སྣང་སྟོང་དུ་གྲོལ་བའོ། །འདིར་ཚིགས་སུ་བཅད་པ། རང་བཞིན་ཡེ་ནས་གྲོལ་བའི་སེམས་ཉིད་འདི། །གར་བྱུང་གང་བདེར་བཞག་པས་གྲོལ་བ་མཚར། །མ་སྐྱེས་གདོད་ནས་དག་པའི་ཆོས་ཉིད་འདི། །མ་བཙལ་ལྷུན་གྱིས་གྲུབ་པ་ཡ་མཚན་ཆེ། །དུས་གསུམ་རྩ་བ་བྲལ་བའི་སེམས་ཉིད་འདི། །མ་བསྒོམ་མངོན་དུ་སྣང་བས་བློ་རེ་བདེ། །ཐོག་མ་ཐ་མ་རང་བཞིན་དག་པའི་ཆོས། །ཡེ་གྲོལ་ཡོངས་གྲོལ་འབད་རྩོལ་ཞིག་པ་མཚར། །རྟོགས་པར་སླ་ལ་མཐོང་བས་བློ་བདེ་བ། །ཐ་མལ་རང་ལུགས་གཟོ་མེད་ལྷུག་པ་འདི། །ཡེ་གྲོལ་སོར་གཞག་རང་བབ་ཆོས་ཉིད་དང་། །རྒྱལ་བའི་དགོངས་པ་མཐའ་གྲོལ་ཀློང་ཡངས་ཡིན། །ཇི་སྲིད་སེམས་ཀྱིས་བསྒོམ་ཞིང་འབད་པའི་བར། །སེམས་ཉིད་གནས་ལུགས་གཉུག་མ་མཐོང་མི་འགྱུར། །མ་བསམ་མ་དཔྱད་ཐ་མལ་ཆོས་ཉིད་ལ། །སྒོམ་དང་མི་བསྒོམ་ཡེངས་དང་མི་ཡེངས་མེད། །འདི་ལྟར་བསྒོམས་པས་རྟོག་པ་མི་འགགས་ཤིང་། །མ་སྒོམ་ལྷུག་པས་མང་དུ་འགྲོ་བ་མིན། །གྲོལ་དང་མ་གྲོལ་དེ་བཞིན་གཉིས་སུ་མེད། །གནས་ལུགས་ཤེས་ན་རྩོལ་མེད་བློ་བདེའོ། །ཞེས་པ་ནི་བར་སྐབས་(༡༨༡)ཀྱི་ཚིགས་སུ་བཅད་པའོ། །

གསུམ་པ་རང་གྲོལ་གསུམ་གྱིས་རྐྱེན་དང་བསྲེས་ཏེ་རྩལ་སྦྱང་བ་ལ་གསུམ་ལས། དུག་གསུམ་རང་གྲོལ་ནི་འདོད་ཆགས་ཞེ་སྡང་གཏི་མུག་གང་སྐྱེས་ཀྱང་དེ་ཉིད་རང་བབས་ཆེན་པོར་བཞག་པས། འཛིན་མེད་ཡེ་གྲོལ་ཆེན་པོར་ཕྱམ་གདལ་ལོ། །

གཉིས་པ་སྒོ་ལྔ་རང་གྲོལ་ནི། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་འཛིན་པ་གང་སྐྱེས་ཀྱང་དེའི་སྟེང་དུ་རང་བབས་ཆེན་པོར་བསྲེས་ལ་བཞག་པས་ཀ་དག་ཏུ་རང་གྲོལ་ལོ། །

གསུམ་པ་ཚོགས་དྲུག་རང་གྲོལ་ནི་སྒོ་ལྔ་ཡིད་དང་བཅས་པའི་ཡུལ་དྲུག་ལ་དགག་སྒྲུབ་ཅི་བྱུང་བ་དེ་ཉིད་ཀྱི་ངང་ལ་རང་བབས་ཆེན་པོར་གློད་པས་གཞི་གྲོལ་དུ་འགྲོའོ། །དུག་གསུམ་སྒོ་ལྔ་ཚོགས་དྲུག་ཡུལ་རྣམས་ལ། །གང་བབས་གཞི་བྲལ་ཡེ་གྲོལ་རང་བབས་བཞག །མ་སྤངས་མི་གནས་ཆོས་ཉིད་ངང་དུ་གྲོལ། །གཏད་མེད་རྒྱལ་པོ་འཛིན་མེད་ཤར་བ་ཡིན། །ཞེས་པའོ། །མདོར་ན། གནས་ན་གདོད་མའི་གཞི་ལ་གནས། །རང་བྱུང་ཀ་དག་ཆེན་པོའོ། །འཕྲོ་ན་ཡེ་ཤེས་རོལ་པ་སྟེ། །རྩིས་མེད་གཟའ་གཏད་ཀུན་དང་བྲལ། །འཕྲོ་གནས་གཉིས་མེད་ཡེ་ཤེས་ནི། །གཞི་རྫོགས་ལྷུན་གྲུབ་རོལ་པ་ཉིད། །སྣང་ན་ཆོས་ཉིད་བརྡལ་བར་སྣང་། །སྟོང་ན་ཁམས་གསུམ་འཁོར་བ་སྟོང་། །ཡོད་ན་སྐུ་དང་ཡེ་ཤེས་ཡོད། །མེད་ན་ལས་དང་བག་ཆགས་མེད། །ཡོད་མེད་ཡིན་མིན་བཏགས་པ་ཙམ། །འཁོར་འདས་བཟང་ངན་རྨི་ལམ་ཙམ། །བླང་དོར་རེ་དོགས་འཛིན་པ་ཙམ། །སྣང་སྟོང་ཆོས་ཉིད་རོལ་པ་ཙམ། །སྣ་ཚོགས་སྣང་བ་གཟུགས་བརྙན་ཙམ། །ཐམས་ཅད་ཡེ་ནས་ཡོད་མེད་མིན། །ཡིན་མིན་ངོས་གཟུང་ཅུང་ཟད་མེད། །འདི་ལྟར་འགྲོ་ཀུན་འཁོར་བའི་གྲོང་ཁྱེར་ན། །བདེ་སྡུག་ལས་ཀྱི་སྣང་བ་སྣ་ཚོགས་ཀུན། །དྲི་ཟའི་གྲོང་ན་སྒྱུ་མའི་སྐྱེ་བོ་ལྟར། །མེད་བཞིན་སྣང་ལ་རང་བཞིན་མ་གྲུབ་བོ། །དེ་ལྟར་མཐོང་ནས་སྣང་སྲིད་གཟུགས་བརྙན་ཙམ། །རང་བཞིན་བདེན་པ་མེད་ཅེས་གོམས་པར་མཛོད། །ཆོས་ཀུན་མ་སྐྱེས་སྟོང་པའི་མེ་ལོང་ལ། །སྣ་ཚོགས་རྐྱེན་གྱིས་གཟུགས་བརྙན་ཅི་ཤར་ཡང་། །དེ་ཉིད་ངོ་བོ་མེད་ཅེས་བདག་གིས་མཐོང་། །རྨི་ལམ་སྒྱུ་མ་འཁྲུལ་ཞེས་རྟོག་པ་ཙམ། །བྱིས་པའི་སྐྱེ་བོ་རྣམས་ཀྱིས་ཀུན་ཏུ་བརྟགས། །འཁྲུལ་དང་འཁྲུལ་གཞི་གཉིས་མེད་གདོད་མའི་ངང་། །རང་བཞིན་གཞི་ནས་དག་པའི་ཆོས་ཉིད་དེ། །པདྨ་ལས་འབྲེལ་རྩལ་གྱིས་དེ་རིང་མཐོང་། །སྣ་ཚོགས་མི་གཉིས་ཕོ་བྲང་ལྷུན་མཐོ་བ། །དྲི་མེད་འོད་ཟེར་བདག་གིས་བསྟན་ནས་(༡༨༢)སོང་། །ཞེས་བྱ་བ་ནི་རང་གིས་རྟོགས་པའི་དུས་ངེས་པ་ཕྱི་རབས་ཀྱི་དོན་དུ་སྨྲས་པའོ། །

དངོས་གཞི་ཟག་པ་མེད་པའི་ཡེ་ཤེས་རྒྱུད་ལ་སྐྱེད་པའི་ཚུལ།

གཉིས་པ་དངོས་གཞི་ཟག་པ་མེད་པའི་ཡེ་ཤེས་རྒྱུད་ལ་བསྐྱེད་པའི་ཚུལ་ལ། སྔོན་འགྲོ་ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་བསྐྱེད་པའི་ཚུལ། དངོས་གཞི་དེ་ཉིད་ངོ་སྤྲད་པའི་ཚུལ། རྗེས་རྣལ་འབྱོར་བཞིས་ཉམས་སུ་བླང་བའི་ཚུལ་དང་གསུམ་ལས། དང་པོ་ལུས་ངག་ཡིད་གསུམ་གྱི་བྱ་བ་བཏང་ཚུལ། སྒོ་གསུམ་གྱི་གནད་གཟིར་ཚུལ། ཡེ་ཤེས་གསུམ་གྱི་གསང་ལམ་མཚོན་ཚུལ་དང་གསུམ་ལས། དང་པོ་འདས་རྗེས་ལས། གནས་བརྟན་གྲོལ་བའི་གདེང་ཐོབ་ནས། །ཕྱི་ནང་བྱ་བ་ཀུན་བཏང་སྟེ། །ཞེས་པ་དང་། ཀློང་གསལ་ལས། མངོན་སུམ་གནད་དུ་དབབ་པའི་ཕྱིར། །ཕྱི་ནང་གསང་བའི་བྱ་བ་ནི། །ལུས་ངག་ཡིད་ཀྱིས་དགུ་ཕྲུགས་གཏོང་། །ཞེས་སོ། །ཇི་ལྟར་རྣམ་པ་དགུ་ཞེ་ན། དེ་ཉིད་ལས། ལུས་ཀྱི་བྱ་བ་བཏང་བའི་ཕྱིར། །ཆོས་དང་འཇིག་རྟེན་བྱ་བ་གཏོང་། །གྲོགས་མེད་གཅིག་པུར་གནས་པར་བྱ། །ངག་ནི་འཁྲུལ་གཏམ་ཆོས་སྤྱོད་སྤང་། །ལྐུགས་པ་ལྟ་བུ་ཉིད་ལ་བསླབ། །སེམས་ནི་ལོ་ཀ་འདས་པ་ཡི། །འགྱུ་བ་བཅད་ལ་གནས་པར་བྱ། །ཞེས་པས། ལུས་ངག་ཡིད་གསུམ་གྱི་བྱ་བ་མ་བཏང་ན། ཉམས་ལེན་ལ་མི་གནས་པས་དགུ་ཕྲུགས་སུ་བཏང་སྟེ། དང་པོ་ལུས་ཀྱི་གསུམ་ལས། ཕྱི་འཇིག་རྟེན་གྱི་བྱ་བ་ཚོང་སོ་ནམ་ལ་སོགས་པ་སྣ་ཚོགས་པ་དང་། ནང་དམན་པའི་དགེ་བ་ཕྱག་དང་བསྐོར་བ་ལ་སོགས་པ་དང་། གསང་བ་རྣམ་གཡེང་དང་འདུ་འཛི་སྤངས་ཏེ་གཅིག་པུར་གནས་པའོ། །ངག་ལ་ཡང་གསུམ་ལས། ཕྱི་འཇིག་རྟེན་གྱི་འཁྲུལ་གཏམ་སྣ་ཚོགས། ནང་བཟླས་བརྗོད་མདོ་འདོན། གསང་བ་སྨྲ་བརྗོད་ཇི་སྙེད་པ་བཀག་ནས་ལྐུགས་པ་ལྟ་བུར་གནས་པའོ། །ཡིད་ལ་གསུམ་ལས། ཕྱི་འཇིག་རྟེན་འཁྲུལ་རྟོག་སྣ་ཚོགས། ནང་ཆོས་སྤྱོད་ཀྱི་བསམ་བློ་སྣ་ཚོགས། གསང་བ་རྣམ་རྟོག་གི་འཕྲོ་འདུ་སྣ་ཚོགས་བཀག་ནས་དྲན་བསམ་རྣམ་རྟོག་དང་བྲལ་བར་གནས་པའོ། །

དེ་ལྟར་བྱ་བ་བཏང་བའི་ཡོན་ཏན་ནི། ཀློང་གསལ་ལས། ལུས་ངག་འཁྲུལ་པ་རྒྱུན་ཆད་ནས། །ཡེ་ཤེས་རྒྱུད་ལ་གནས་པར་འགྱུར། །ཞེས་སོ། །མ་བཏང་བའི་སྐྱོན་ནི། དེ་ཉིད་ལས། བྱར་མེད་རྒྱུད་ལ་མ་གནས་ན། །རིག་པའི་དོན་ལ་རེག་པ་མེད། །ཅེས་སོ། །དེ་ལྟར་བྱ་བ་བཏང་བའི་དགོས་ཆེད་གཉིས་ལས། གནས་སྐབས་སུ་སྒོ་གསུམ་གྱི་བྱ་བ་ཐོངས་པས། ལུས་ངག་ཡིད་གསུམ་འཁྲུལ་ཕྱིར་མི་འབྲང་ལ་མཐར་ཐུག་ཟག་(༡༨༣)མེད་ཀྱི་ཡེ་ཤེས་མྱུར་དུ་འཆར་བའི་དགོས་པ་ཡོད་དོ། །དེ་ལྟར་མ་བཏང་ན་དེ་ཉིད་ལས་ལྡོག་པའི་སྐྱོན་ཡོད་དོ། །ཚད་ནི་སྒོ་གསུམ་གང་ལའང་མི་འཇུག་པའོ། །དེ་མན་ཆད་དུ་ཚེའི་དུས་བྱས་ན་ཁ་ཅིག་ཕྱི་མ་ལ་ཆོས་འདི་དང་འཕྲད་ནས། ལྷག་མེད་དུ་འཚང་རྒྱ་ལ། ཕལ་ཆེར་བར་དོར་ཀ་དག་གི་ངང་ལ་གྲོལ་བ་ལ་ཐེ་ཚོམ་མེད་དོ། །

གཉིས་པ་སྒོ་གསུམ་གྱི་གནད་གཟིར་ཚུལ་ལ། ལུས་ངག་ཡིད་གསུམ་གྱི་གནད་གསུམ་ལས། དང་པོ་བཞུགས་སྟངས་གསུམ་དང་། གཟིགས་སྟངས་གསུམ་ལས་མི་འདའ་བར་བྱེད་པ་སྟེ། ཐལ་འགྱུར་ལས། མངོན་སུམ་གནད་ནི་ལུས་ངག་སེམས། །སོ་སོའི་གནད་ནི་ངེས་པར་བསྟུན། །དེ་ཡང་ལུས་འདི་སྐུ་གསུམ་ལས། །རྒྱུན་དུ་འདའ་བར་མི་བྱའོ། །ཞེས་པ་དང་། ཀློང་གསལ་ལས། རིག་པ་ལུས་ལ་གནས་གྱུར་ཀྱང་། །འཁྲུལ་འཁོར་དག་གིས་མ་གཅུན་ན། ཡེ་ཤེས་དབང་པོར་སྣང་མི་ནུས། །ཞེས་པ་དང་། སྒྲོན་མ་སྣང་བྱེད་ལས། རིག་པའི་རྟེན་ས་ལུས་ཡིན་ཏེ། །ལུས་གཅིག་མེད་ན་མེད་པ་སྟེ། །ཡོད་ན་ཡེ་ཤེས་ཡོད་པར་ངེས། །དེ་ལྟར་ལུས་ལ་ཡོད་པ་དེ། །ཆོས་ཅན་སྤྱི་ཡི་མཚན་ཉིད་ཀྱིས། །སྤྱི་བོའི་གཙུག་ནས་རྐང་མཐིལ་བར། །བརྟག་དཔྱད་རྣམ་པ་སྣ་(༡༨༣)ཚོགས་ཀྱིས། །དཔྱད་པས་དེ་ཉིད་རྙེད་པ་མིན། །མོ་དང་པྲ་ལ་སོགས་པ་ཡི། །རྩིས་ནི་རྣམ་པ་སྣ་ཚོགས་ཀྱིས། །བལྟས་ཤིང་དཔྱད་ཀྱང་རྙེད་པ་མིན། །འོ་ན་གཏན་མེད་ཡིན་ཞེ་ན། །གཏན་དུ་མེད་པ་མ་ཡིན་ཏེ། །ལུས་ངག་གཏེམས་ན་མངོན་དུ་སྣང་། །དཔེར་ན་ལུས་ལ་ཁྲག་ཁྱབ་སྟེ། །སྐྱེས་བུ་གླེན་པ་འགའ་ཞིག་གིས། །གང་གང་ལུས་ལ་ཁྲག་བཙལ་བས། །གཅིག་ཀྱང་བྱུང་བ་མ་ཡིན་ན། །འོ་ན་ལུས་ལ་ཁྲག་མེད་དམ། །ལུས་ལ་མེད་པ་མ་ཡིན་ཏེ། །ཐམས་ཅད་ཁྱབ་ཅིང་ཁྲག་ལ་བརྟེན། །སྐྱེས་བུ་ཐབས་དང་ལྡན་པ་ཡིས། །རྩ་ལ་གཏར་ན་ཁྲག་འབྱུང་ལྟར། །ལུས་གནས་ཡེ་ཤེས་དེ་བཞིན་ནོ། །ཞེས་སོ། །གནད་དངོས་ནི་ཐལ་འགྱུར་ལས། ལུས་ནི་སྐུ་གསུམ་བཞུགས་སྟངས་ལས། །རྒྱུན་དུ་འདའ་བར་མི་བྱའོ། །ཞེས་པ་དང་། འདས་རྗེས་ལས། གླང་ཆེན་དྲང་སྲོང་བཞུགས་སྟངས་བཅའ། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། ལུས་ཀྱི་གནད་ནི་རྣམ་གསུམ་སྟེ། །སེང་གེའི་ཚུལ་དང་གླང་ཆེན་དང་། །དྲང་སྲོང་ལྟ་བུར་གནས་པར་བྱ། །ཞེས་པས། དང་པོ་ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ་ནི། གདན་གྱི་ཐོག་ཏུ་ཁྱི་ཚུགས་མོར་འདུག་ལ་རྐང་མཐིལ་གཉིས་སྤྲད། པུས་མོ་ཕྱིར་བགྲད་ལ་ལག་མཐིལ་(༡༨༤)གཉིས་ས་ལ་བཙུགས་ཏེ་མཐེ་བོང་བཅད་དོ། །རོ་སྟོད་སེང་གེ་ལྟར་སིང་ངེ་བ་ལ་མཇིང་བ་ཡུད་ཙམ་གྱེན་དུ་བསྟོད་ལ། སྨིན་ཕྲག་གི་ནམ་མཁའ་ལ་མིག་མི་འགུལ་བར་བལྟའོ། །ལོངས་སྐུའི་བཞུགས་སྟངས་གླང་ཆེན་ཉལ་བ་ལྟ་བུ་ནི། སྟན་ལ་ཁ་སྦུབས་ཏེ་པུས་བྲང་སྦྱར་ལ། གྲུ་མོ་གཉིས་ས་ལ་བཙུགས་ཏེ་ལག་མཐིལ་གཉིས་ཀྱིས་ཨོལ་ཀོ་བརྟེན་ལ་སོར་མོ་འགྲམ་པ་ལ་སྦྱར། སྒལ་བ་བསྲང་སྟེ། མིག་ནམ་མཁའ་ལ་ཟུར་གྱིས་ཧྲིག་པོར་བལྟའོ། །སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུ་ལྟ་བུ་ནི། སྟན་གྱི་ཐོག་ཏུ་རྐང་པའི་ལོང་བུ་གཤིབས་ཏེ་ཙོག་པུར་འདུག་སྟེ། ལག་པ་གཉིས་མཁལ་ཁུང་ངམ་པུས་མོ་ལ་བསྐོར། སྒལ་ཚིགས་བསྲངས་ཏེ་མིག་ཟིམ་བུར་བར་སྣང་ལ་གཏད་དོ། །དེ་ལྟར་བྱས་པའི་ཡོན་ཏན་ནི། ཐལ་འགྱུར་ལས། ཆོས་སྐུའི་བཞུགས་སྟངས་སེང་གེ་ཡིས། །འཁྲུལ་པའི་འཇིགས་པ་ཀུན་བྲལ་ནས། །རྡོ་རྗེའི་མིག་གིས་མཐོང་བར་འགྱུར། །ལོངས་སྤྱོད་རྫོགས་སྐུའི་བཞུགས་སྟངས་ནི། །གླང་ཆེན་ཉལ་བ་ལ་བརྟེན་ནས། །ཆོས་ཉིད་དོན་ལ་ལོངས་སྤྱོད་དེ། །པདྨའི་སྤྱན་གྱིས་མཐོང་བར་འགྱུར། །སྤྲུལ་པ་སྐུ་ཡི་བཞུགས་སྟངས་ནི། །དྲང་སྲོང་ཙོག་པུ་ལ་བརྟེན་ནས། ཆོས་ཉིད་སྣང་བར་རང་སྤྲུལ་ནས། །ཆོས་ཀྱི་མིག་གིས་མཐོང་བར་འགྱུར། །ཞེས་སོ། །མ་གཟིར་བའི་སྐྱོན་ནི། ཀློང་གསལ་ལས། ལུས་ཀྱི་གནད་ནི་མ་གཟིར་ན། །འབྱུང་ཚད་རླུང་ནི་མི་ཟིན་ཅིང་། །དེ་བཞིན་ལུས་ལ་དྲོད་མི་སྐྱེ། །རིག་པ་དངོས་སུ་སྣང་མི་ནུས། །ཞེས་སོ། །

དེ་ལྟར་བཞུགས་སྟངས་བྱས་པ་ལ་དགོས་པ་གཉིས་ཏེ། གནས་སྐབས་དང་། མཐར་ཐུག་གོ། །དང་པོ་ཆོས་སྐུའི་བཞུགས་སྟངས་ཀྱིས་ནང་གི་འབྱུང་བ་རྣམས་ཟད་པར་འགྱུར་ཞིང་། ལོངས་སྐུས་གཡོ་བྱེད་ཀྱི་རླུང་ཟིན་ལ། སྤྲུལ་སྐུས་ལུས་ལ་དྲོད་སྐྱེ་ཞིང་འབྱུང་བ་སྙོམས་པའི་དགོས་པ་ཡོད་དོ། །གཉིས་པ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུམ་དུ་གྲོལ་ཏེ་མྱ་ངན་ལས་འདའ་བའི་དགོས་པ་ཡོད་དོ། །

གཉིས་པ་ངག་གི་གནད་གཟིར་བ་ནི། ཀློང་གསལ་ལས། ངག་གི་གནད་གཟིར་མཆོག་ཏུ་གཅེས། །ཞེས་སོ། །ཇི་ལྟར་གཟིར་བ་ནི། ཐལ་འགྱུར་ལས། ངག་གི་བསླབ་དང་གནས་པ་དང་། །ལ་བཟླ་བ་ཉིད་བསྟན་པར་བྱ། །ཞེས་པ་དང་། འདས་རྗེས་ལས། ངག་ནི་བསླབ་བྱའི་རིམ་པ་དང་། །གནས་པ་བརྟན་ཞིང་ལ་ཡང་བཟླ། །ཞེས་པས། འཁྲུལ་པའི་གཏམ་འགགས་ཤིང་བརྗོད་མེད་ཀྱི་དོན་རྒྱུད་(༡༨༥)ལ་བསྐྱེད་པའི་ཕྱིར་དང་པོ་སྨྲ་བཅད་ཡུན་ཐུང་བ་ལ་བསླབ། དེ་ནས་རིང་བ་ལ་བསླབ། དེ་ནས་གནས་སྐབས་སུ་ངག་གནས་པའི་རིམ་པ་རང་གི་ཆོས་སྤྱོད་རྣམས་གསལ་བོར་བརྗོད་ཅིང་། གཞན་དང་ཚིག་གཅིག་ཀྱང་མི་སྨྲ་བས་ལུས་ཀྱིས་བརྡ་ཙམ་བྱ། དེ་ནས་བརྗོད་པ་མཐའ་དག་བཀག་ལ་ལྐུགས་པ་ལྟ་བུར་གནས་པར་བྱའོ། །དེའི་ཡོན་ཏན་ནི་ཀློང་གསལ་ལས། དེ་ལྟར་ངག་གནད་སུས་གཟིར་བ། །ངག་གི་རྐྱེན་ཟད་མྱ་ངན་འདའ། །ཞེས་སོ། །དེ་ལྟར་མ་བྱས་པའི་སྐྱོན་ནི་དེ་ཉིད་ལས། ངག་གི་གནད་ནི་མ་གཟིར་ན། །བརྗོད་མེད་དོན་ནི་མི་རྟོགས་ཤིང་། །འཁྲུལ་པའི་གཏམ་གྱིས་དོན་ལ་བསྒྲིབ། །ཅེས་སོ། །དེ་དག་གི་དགོས་པ་ལ་ཡང་གཉིས་ལས། གནས་སྐབས་སུ་འཁྲུལ་གཏམ་དང་ཉོན་མོངས་པ་མི་འཕེལ། མཐར་ཐུག་རིག་པའི་དོན་ལ་མྱུར་དུ་རེག་ཅིང་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ཀློང་དུ་མྱ་ངན་ལས་འདའ་བའི་དགོས་པ་ཡོད་དོ། །

གསུམ་པ་སེམས་ཀྱི་གནད་ནི་རླུང་རིག་གཉིས་ཏེ། རླུང་དལ་བས་དབང་པོ་མདུང་ཚུགས་སུ་མཁའ་ལ་གཏད་པ་ནི། ཀློང་གསལ་ལས། གནད་གཟིར་གཏད་པའི་འབེམ་ཉིད་བཅའ། །ཞེས་ཇི་ལྟར་གཏད་ན་འདས་རྗེས་ལས། སེམས་ནི་སྨིན་ཕྲག་མཁའ་ལ་གཏད། །སྐུ་གསུམ་རིག་པ་སྟོང་པར་འཆར། །ཞེས་པ་དང་། སེམས་ཉིད་ཕྱི་ཡི་མཁའ་ལ་གཏད། །ནང་གི་སྒྲོན་མ་མངོན་དུ་སྣང་། །ཞེས་པ་སྔ་མ་ལས་བཤད་པ་དང་། ཐལ་འགྱུར་ལས། སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །ཅེས་པ་དང་། ཡི་གེ་མེད་པ་ལས། མིག་ནི་ནམ་མཁའི་མཐོངས་སུ་བརྟགས། །ཞེས་པས། ཕྱིའི་དབྱིངས་ནམ་མཁའ་སྟོང་པ་ལ་མིག་དང་སེམས་མ་ཡེངས་པར་བལྟས་པས། ཕྱིའི་དབྱིངས་ནམ་མཁའ་སྟོང་པ་ལ་ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མ་རིག་པ་སྟོང་གསལ་དུ་འཆར་བའོ། །དེའི་ཡོན་ཏན་ནི་ཀློང་གསལ་ལས། དེ་ལྟར་སེམས་ཀྱི་གནད་གཟིར་བས། །སྐུ་གསུམ་རིག་པ་སྟོང་པར་འཆར། །ཞེས་སོ། །མ་གཟིར་བའི་སྐྱོན་ནི་དེ་ཉིད་ལས། སེམས་ཀྱི་གནད་ཉིད་མ་གཟིར་ན། །དབྱིངས་དང་རིག་པ་མི་མཐོང་བས། །ཞེས་པ་དང་། དེ་ལྟར་སེམས་ཀྱི་གནད་མེད་ན། རིག་པའི་ཡུལ་ལ་ལྡོག་པར་འགྱུར། །ཞེས་སོ། །དེ་ལ་དགོས་པ་གཉིས་ལས། གནས་སྐབས་སུ་རིག་པའི་ཡེ་ཤེས་མངོན་སུམ་དུ་གསལ་ནུས་ལ། མཐར་ཐུག་ལྷག་མེད་དུ་འཚང་རྒྱའོ། །དེ་ལྟར་མ་བྱས་ན་ཡོན་ཏན་དེ་དག་ལས་ལྡོག་པའི་སྐྱོན་ཡོད་དོ། །

གསུམ་པ་ཡེ་ཤེས་གསུམ་གྱི་གསང་(༡༨༦)ལམ་མཚོན་ཚུལ་ནི། ཀློང་གསལ་ལས། གནད་གསུམ་སྔོན་དུ་མ་གཟིར་ན། །མངོན་སུམ་རང་ཐོག་མི་ཕེབས་ཏེ། །ཡིད་དཔྱོད་འཛིན་དང་ཁྱད་མེད་པས། །གནད་གསུམ་བཙལ་བ་མཆོག་ཏུ་གཅེས། །ཞེས་པ་དང་། ཐལ་འགྱུར་ལས། གནད་གསུམ་མན་ངག་འབྲལ་མི་བྱ། །དེ་ཡང་སྒོ་དང་ཡུལ་ཉིད་དང་། །རླུང་དང་རིག་པའི་གནད་ཉིད་བསྟུན། །ཞེས་པ་དང་།

འདས་རྗེས་ལས། སྒོ་ཡུལ་རླུང་གི་གནད་བསྟུན་པས། །ཡུལ་ལ་ཡེ་ཤེས་མངོན་དུ་སྣང་། །ཞེས་པས། འདི་ལ་འཆར་བྱེད་སྒོ་ཡི་གནད། འཆར་གཞི་ཡུལ་གྱི་གནད། ཇི་ལྟར་འཆར་བ་རླུང་གི་གནད་དང་གསུམ་ལས། དང་པོ་ཐལ་འགྱུར་ལས། ཡེ་ཤེས་འཆར་བའི་སྒོ་ཉིད་ནི། །ལུས་བཅུད་དྭངས་མ་ཀུན་འདས་པའི། །ཙཀྵུ་ཞེས་པའི་སྒོ་ནས་འདོན། །གཉིས་ཀྱི་ཆ་འཛིན་སྣང་བ་སྟོན། །ཁྱད་པར་སྐྱོན་ཡོན་དྭངས་འབྱེད་པའི། །བ་མེན་རྭ་འདྲ་འཁྱིལ་བ་ལས། །ཨ་འབྲས་ཞེས་པ་དཀར་ནག་ཕྱེད། །རིག་ཅིང་གཟུགས་རྣམས་འཛིན་པ་དང་། །ཤེས་པའི་རང་རྩལ་རྫོགས་པར་སྟོན། །འདི་ལས་དངོས་སུ་འབྱུང་བ་སྟེ། །ཞེས་པ་དང་། སྒྲོན་མ་འབར་བ་ལས། འཆར་བའི་སྒོ་ནི་མིག་གཉིས་དང་། །ཞེས་པས་ཡེ་ཤེས་དངོས་དེ་སྙིང་གི་ནང་ན་བུམ་ནང་གི་མར་མེ་ལྟར་གསལ་བའི་མདངས་རྩ་རྣམས་ཀྱི་ནང་ན་སྒྲོན་མ་བཞིའི་འཆར་གཞིའི་འོད་དང་ཐིག་ལེར་ཡོད་པའི་རང་གདངས། སྙིང་ནས་མིག་ཏུ་རྩ་དར་དཀར་གྱི་སྐུད་པ་ཙམ་གྱི་ནང་ན་ཡར་རྒྱ་སྐར་གྱི་ཉི་ཞུར་ལྟར་འཆར་ཏེ། ཀློང་གསལ་ལས། ཡེ་ཤེས་སྙིང་གི་དཀྱིལ་ན་གནས། །དར་དཀར་སྐུད་པ་ལྟ་བུ་ཡི། །རྩ་ཡི་ལམ་ལ་སྣང་བར་བྱེད། །ཅེས་པ་དང་དེ་ཉིད་ལས། འཁོར་ལོ་ལྔ་ཡི་དབུས་དག་ན། །རོ་མ་རྐྱང་མ་ཀུན་དྷར་མ། །དབང་པོའི་སྒོ་ལ་ཟུག་པར་གནས། །རྩ་ཡི་གཙོ་བོ་གསུམ་ལས་ནི། །ཡལ་ག་གྲངས་ལས་འདས་པར་གྱེས། །ཐད་སོར་དབང་པོའི་སྒོ་རྟེན་བྱེད། །དེ་ཡིས་ཆོས་ཀུན་སྟོན་པར་བྱེད། །ཁྱད་པར་ཙིཏྟ་ནས་འབྲེལ་བའི། །དར་སྐུད་བ་མེན་རྭ་ཡི་ཁ། །དབང་པོའི་མིག་ལ་ཟུག་པ་སྟེ། །དེ་ནི་ཆོས་ཉིད་ཀུན་གྱི་ལམ། །ཞེས་པས། ཡེ་ཤེས་ཀྱི་ལམ་ཤེལ་སྦུག་ཅན་སྙིང་གའི་དབུས་ན་གནས་པའི་ཡལ་ག་གཉིས་མིག་གཉིས་ལ་ཟུག་པ་དེ་ཡིན་ནོ། །ལམ་དེ་ལས་ཐོན་ནས་སྒོ་མིག་གཉིས་ལ་འཆར་ན། མིག་གི་གནད་ཇི་ལྟ་བུ་ཞེ་ན། དེ་ཉིད་ལས། ཡེ་ཤེས་འཆར་བའི་སྒོ་ནི་མིག །འཆར་གནད་ལྡོག་ཕབ་ཟུར་ལ་མནན། །ཞེས་པ་དང་། འདས་རྗེས་ལས། སྒོ་གནད་ལྡོག་ཕབ་(༡༨༧)ཟུར་ལ་བལྟ། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། སྒོ་ཡི་དེ་ཉིད་མ་འགུལ་ན། །རིག་པ་རྟོག་མེད་ལུ་གུ་རྒྱུད། །བདེ་ཆེན་ཚངས་པའི་སྒོ་ནས་སྣང་། །ཞེས་པས། ཆོས་སྐུའི་གཟིགས་སྟངས་དྭངས་མ་འདྲེན་བྱེད་གྱེན་ལ་བལྟ་བའམ། ལོངས་སྐུའི་གཟིགས་སྟངས་གཡས་གཡོན་གྱི་ཟུར་ལ་ཡུད་ཙམ་དལ་ཞིང་སྙོམས་པར་བལྟ་བའམ། སྤྲུལ་སྐུའི་གཟིགས་སྟངས་ཕབ་ལ་ཕྱེད་བཙུམ་རབ་ཏུ་ཟུམ་པས་ཉི་མའི་ངོས་ནས་ཁྲུ་གང་ཙམ་གྱིས་མ་རེག་པའི་སར་བལྟའོ། །དེ་ལྟར་སྒོའི་གནད་འབྱོངས་པའི་རྟགས་སུ། མིག་ཡུལ་ལ་ཇི་ཙམ་གཏད་ཀྱང་ཚུགས་པའོ། །

གཉིས་པ་འཆར་གཞི་ཡུལ་གྱི་གནད་ནི། ཐལ་འགྱུར་ལས། སྒོ་ནི་སྒྲིབ་བྱེད་བྲལ་བ་ལ། །ནམ་མཁའ་རྐྱེན་བྲལ་ཡུལ་དུ་འདུས། །ཞེས་པ་དང་། དབྱིངས་ནི་ཕྱི་དང་ནང་དུ་སྟེ། །ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། །ནང་དབྱིངས་སྒྲོན་མ་ལམ་དུའོ། །ཞེས་པ་དང་། འདས་རྗེས་ལས། སེམས་ནི་སྨིན་ཕྲག་མཁའ་ལ་གཏད། །སྐུ་གསུམ་རིག་པ་སྟོང་པར་འཆར། །ཞེས་པ་དང་། ཀློང་གསལ་ལས། རྐྱེན་བྲལ་གསུམ་ལ་གསལ་བར་འགྱུར། །ཞེས་པ་དང་། ཡི་གེ་མེད་པ་ལས། མིག་ནི་ནམ་ཁའི་ཁམས་སུ་བལྟ། །འོད་ནི་ཕྲ་ལ་འདྲིལ་བ་འབྱུང་། །ཞེས་པ་དང་། སྡུད་པ་ལས། དོན་འདི་གང་ཡིན་ནམ་མཁའ་དག་ལ་བརྟག་པར་གྱིས། ཞེས་པས། ཡུལ་རྐྱེན་དང་བྲལ་བ་ནམ་མཁའ་སྟོང་པ། དབང་པོ་རྐྱེན་དང་བྲལ་བ་ཆུའི་སྒྲོན་མ། གནས་རྐྱེན་དང་བྲལ་བ་དྭངས་ཤིང་མཐོ་ལ་རབ་ཏུ་དབེན་པའི་ཚེ་ན་སྣང་བའོ། །

གསུམ་པ་རླུང་རིག་གི་གནད་ནི་ཐལ་འགྱུར་ལས། རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་པས། འདི་ལ་གཉིས་ལས། རླུང་རིག་གི་གནད་ནི་འདས་རྗེས་ལས། རླུང་གནད་ཤིན་ཏུ་དལ་ལ་བསླབ། །ཅེས་པ་དང་། ཀློང་གསལ་ལས། ཕྱི་ཡི་རླུང་ནི་དལ་ཞིང་སྙོམས། །ཡུད་ཙམ་ཕྱི་རུ་འདུར་བ་ཡིས། །རླུང་གི་འགྲོ་འོང་ཆད་པར་འགྱུར། །ཞེས་པས། མཆུ་སོ་གཉིས་བག་ཙམ་མ་རེག་པར་བྱ་སྟེ། རླུང་སྣ་ལས་མི་བཏང་བར་ཁ་ལས་དལ་བུས་ཕྱི་རྒྱུ་ནང་རྒྱུ་སྙོམས་ཤིང་ཕྱིར་འཛིན་ཅུང་ཟད་བྱའོ། །དེས་ནི་ཇི་ཙམ་ན་རླུང་གི་འགྲོ་འོང་ཆད་ནས་རྟོག་པའི་འཕྲོ་འདུ་ཟད་དེ། དབྱིངས་རིག་མི་འགུལ་བར་སྡོད་པའོ། །

གཉིས་པ་རིག་པའི་གནད་ནི་ཀློང་གསལ་ལས། རིག་གནད་ལུག་རྒྱུད་བཙོན་དུ་བཟུང་། །དངོས་སྣང་དལ་བ་ཉིད་ཀྱིས་བརྟེན། །ཞེས་པ་དང་། འདས་རྗེས་ལས། ལུག་རྒྱུད་རིག་པ་བཙོན་དུ་བཟུང་། །ཞེས་པ་དང་། སྒྲོན་མ་འབར་བ་ལས། (༡༨༨)དབྱིངས་ཀྱི་རིག་པའི་རང་ཡུལ་བྱེད། །རྡོ་རྗེ་ཉིད་ནི་ལུ་གུ་རྒྱུད། །འདི་ཉིད་ནང་དུ་གཞུག་པར་བྱ། །ཞེས་པས། ཕྱིའི་དབྱིངས་ནམ་མཁའ་སྟོང་པ་མེ་ལོང་དང་འདྲ་བར་ནང་གི་དབྱིངས་རྣམ་དག་གི་སྒྲོན་མའི་དཀྱིལ་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་བྱད་དང་འདྲ་བ་ལྷག་གིས་ཤར་བ་ལ་གཡོ་འགུལ་མེད་པར་གཏད་པའོ། །

མདོར་ན་མཁའ་འགྲོ་ལྔའི་རང་བཞིན་འོད་གསལ་བདེ་བ་ཆེན་པོའི་ཞིང་ཁམས་སྔར་མེད་གསར་དུ་ཤར་བ་སྟེ། ཀློང་གསལ་ལས། སངས་རྒྱས་མཁའ་འགྲོའི་ཞིང་ཁམས་སུ། །རྡོ་རྗེ་མཁའ་འགྲོའི་མེ་ལོང་ལ། །རིན་ཆེན་མཁའ་འགྲོས་དེ་སྒོ་ཕྱེ། །སྒོ་ལ་ལས་ཀྱི་ཌཱ་ཀི་བྱོན། །པདྨ་ཌཱ་ཀིས་མངོན་སུམ་བསྟན། །ཞེས་སོ། །ཇི་ལྟར་བསྟན་ན་དེ་ཉིད་ལས། །ཡུལ་ལ་སྣང་བའི་མཚན་ཉིད་ནི། །ནམ་མཁའ་སྔོ་སངས་རྫི་མེད་ལ། །འོད་དང་ཁ་དོག་དབྱིབས་ཉིད་དང་། །ཡེ་ཤེས་ལྔ་ཡི་རང་སྣང་སྟོན། །དག་པ་དབྱིངས་ཀྱི་སྒྲོན་མ་ལ། །ཐིག་ལེ་སྐུ་དང་འཁྲུལ་སྣང་དག །རང་བཞིན་ཉིད་དང་ངོ་བོ་ཉིད། །གཉིས་མེད་འདུ་འབྲལ་མེད་པར་སྣང་། །འདི་དུས་ཟད་པའི་མཚན་ཉིད་ནི། །བྱ་བྲལ་ནམ་མཁའ་ཇི་བཞིན་ནོ། །ཞེས་པ་དང་། རིག་པ་ཡེ་ཤེས་ལུ་གུ་རྒྱུད། །ཡེ་ནས་གཞི་ལ་གནས་མེད་ཀྱང་། །བར་དུ་རྐྱེན་མེད་རྐྱེན་གྱིས་གསལ། །ཞེས་པས། ལུ་གུ་རྒྱུད་དབང་པོའི་མངོན་སུམ་དུ་གསལ་བའོ། །འདིར་ཚེའི་དུས་བྱས་ན་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་དབྱུང་ནས་ལོ་ལྔ་བརྒྱ་ན་བར་དོ་མེད་པར་འཚང་རྒྱའོ། །

དེ་ལྟར་གནད་བསྟུན་པའི་ཡོན་ཏན་ནི། འདས་རྗེས་ལས། སྒོ་ཡུལ་རླུང་གིས་གནད་བསྟུན་པས། །ཡུལ་ལ་ཡེ་ཤེས་མངོན་དུ་སྣང་། །ཞེས་སོ། །མ་བསྟུན་པའི་སྐྱོན་ནི་ཀློང་གསལ་ལས། གནད་གསུམ་བསྟུན་པར་མ་བྱས་ན། །རིག་པའི་དོན་ལ་རེག་མི་འགྱུར། །ཞེས་སོ། །དེ་ལ་དགོས་པ་གཉིས་ལས། གནས་སྐབས་སུ་རིག་པའི་ཡེ་ཤེས་དབང་པོའི་མངོན་སུམ་དུ་གསལ་བས་མ་རིག་པ་དང་བྲལ་ཏེ། ཚེའི་དུས་བྱས་ཀྱང་བདེན་པ་མཐོང་བའི་གནད་ཀྱིས་རང་བཞིན་སྤྲུལ་པ་སྐུའི་ཞིང་དུ་འགྲོ་ལ། མཐར་ཐུག་མངོན་སུམ་གྱི་དོན་ཉམས་སུ་བླངས་པས། སྣང་བ་བཞི་མཐར་ཕྱིན་ནས་ལྷག་མེད་འགྲུབ་པའི་དགོས་པ་ཡོད་དོ། །དེ་ལྟར་མངོན་སུམ་རང་ཐོག་ཏུ་མ་ཕབ་ན་གོང་གི་ཡོན་ཏན་དེ་ལས་ལྡོག་པའི་སྐྱོན་ཡོད་དོ། །

གཉིས་པ་དངོས་གཞི་དེ་ཉིད་ངོ་སྤྲད་པའི་ཚུལ་ནི། ཀློང་གསལ་ལས། ངོ་སྤྲད་བླ་མས་རྒྱས་པར་གདབ། །ཅེས་པས། འདི་(༡༨༩)ལ་སྐུ་གསུམ་དུ་ངོ་སྤྲད་པ། དཀོན་མཆོག་གསུམ་དུ་ངོ་སྤྲད་པ། ལྔ་ཚན་བདུན་དུ་ངོ་སྤྲད་པ་གསུམ་ལས། དང་པོ་ཐལ་འགྱུར་ལས། གཞན་ཡང་ཁམས་གསུམ་སེམས་ཅན་ཀུན་། །ལུས་ངག་ཡིད་ལས་མ་འདས་པས། །སྐུ་གསུམ་གཞན་ནས་བཙལ་མི་དགོས། །ཞེས་པ་སྟེ། ཐོག་མ་ཡེ་ཤེས་ལྔའི་རང་གདངས་ལས་གྲུབ་པས་རང་གི་ལུས་ངག་ཡིད་གསུམ་ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ་གསུམ་དུ་ལྷུན་གྱིས་གྲུབ་པས། ད་ཕྱིན་ཆད་ལུས་སྐུ་གསུམ་གྱི་བཞུགས་སྟངས་གསུམ་དང་། ངག་བརྗོད་དུ་མེད་པ་ཆོས་སྐུའི་ངང་དང་། སེམས་སྐྱེ་མེད་བསམ་ཡུལ་ལས་འདས་པའི་དོན་ལས་མི་འདའ་བར་བྱའོ། །ཞེས་སོ། །

གཉིས་པ་ཀློང་གསལ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཡེ་རྫོགས་རང་གི་ལུས་ལ་གནས། །ཞེས་པས། སེམས་ཉིད་སྤྲོས་པ་དང་བྲལ་བ་མ་འཁྲུལ་པ་གཞིའི་སངས་རྒྱས། བརྗོད་ཚིག་ཡི་གེ་དང་བྲལ་བ་གཉིས་མེད་དོན་གྱི་དམ་ཆོས། རང་ལུས་གཡོ་འགུལ་དང་བྲལ་བ་སྐྱེ་མེད་སྙིང་པོའི་དགེ་འདུན་ཏེ་ཡེ་ནས་ལྷུན་གྲུབ་ཏུ་གནས་སོ། །ཞེས་པའོ། །

གསུམ་པ་ཀློང་གསལ་ལས། སེམས་ཅན་ཀུན་རིག་དྲི་མ་མེད། །ཕུང་པོ་འབྱུང་བ་ཡབ་ཡུམ་ལྔ། །རྩ་ཁམས་སྐྱེ་མཆེད་སེམས་དཔའི་ཚོགས། །སྲིད་གསུམ་དཀྱིལ་འཁོར་རང་ལུས་རྫོགས། ཞེས་པས། སྔར་བསྟན་པའི་གཞི་གནས་ཀྱི་ཡེ་ཤེས་ཞི་ཁྲོའི་གདངས་དང་བཅས་པ་ངོ་སྤྲད་ལ། ཁྱད་པར་དུ་དེ་ཉིད་ལས། རང་བྱུང་རིག་པའི་རང་རྩལ་ལས། །སྐུ་ལྔ་དང་ནི་ཡེ་ཤེས་ལྔ། །རིགས་ལྔ་འོད་ལྔ་རླུང་ནི་ལྔ། །ཤེས་རབ་ལྔ་ལ་སོགས་པར་གནས། །ཞེས་པས། དང་པོ་སྐུ་ལྔ་ནི་ཀློང་གསལ་ལས། རང་གི་རིག་རྩལ་སྐུ་ལྔར་ཤར། །རྣམ་སྣང་མི་བསྐྱོད་རིན་ཆེན་འབྱུང་། །སྣང་མཐའ་དོན་ཡོད་གྲུབ་པར་ཤར། །ཞེས་པས། ཙིཏྟ་རིན་པོ་ཆེའི་སྦུབས་ན་ཐིག་ལེ་ཡེ་ཤེས་ས་བོན་གྱི་ཆ་ཙམ་ལས། ངོ་བོ་ཀ་དག་དྲི་མེད་དེའི་མདངས་སྐུ་དང་ཡེ་ཤེས་དབྱེར་མེད་དུ་བུམ་ནང་གི་མར་མེ་ལྟར་གསལ་ཆའི་འོད་གདངས་ནམ་མཁའི་མཐོངས་སུ། འོད་དང་ཐིག་ལེ་རྡོ་རྗེ་ལུ་གུ་རྒྱུད་གསལ་ལ་ཕྲ་བ་སྣང་བ་འདི་སྐུ་ལྔར་མཚོན་ན། རིག་པའི་ཡེ་ཤེས་རྣམ་པ་ཐམས་ཅད་དུ་འོད་གསལ་ཆེན་པོར་སྣང་བ་འདི་རྣམ་སྣང་གི་སྐུ། དེར་སྣང་གི་འཛིན་པ་མེད་པ་ནི་ལམ། མཐར་ཐུག་གོམས་པས་རྣམ་སྣང་དུ་འགྲུབ་པ་ནི་འབྲས་བུའོ། །འོད་གསལ་འཕོ་འགྱུར་མེད་པ་མི་བསྐྱོད་རྡོ་རྗེའི་སྐུ། དེ་གསལ་ལ་མི་རྟོག་པ་ལམ། དེ་མཐར་ཕྱིན་ནས་དེར་སངས་རྒྱས་པ་འབྲས་(༡༩༠)བུའོ། །འོད་གསལ་འཕེལ་ཆ་དང་བཅས་པ་དེ་རིན་ཆེན་འབྱུང་ལྡན་གྱི་སྐུ། དེར་འཛིན་མེད་པ་ལམ། དེར་གྲུབ་དུས་འབྲས་བུའོ། །སྟོང་གསལ་གྱི་སྣང་བ་ཚད་མེད་པས་སྣང་བ་མཐའ་ཡས་ཀྱི་སྐུ། དེར་འཛིན་བྲལ་བ་ལམ། དེར་གྲུབ་པ་འབྲས་བུའོ། །འོད་ལྔ་ལྷུན་གྲུབ་ཀྱི་སྣང་བ་དོན་ཡོད་གྲུབ་པའི་སྐུ། དེར་འཛིན་མེད་པ་ལམ། དེ་མཐར་ཕྱིན་ནས་དོན་ཡོད་གྲུབ་པའི་སྐུ་ཐོབ་པ་འབྲས་བུའོ། །རིག་པ་ཡེ་ཤེས་ལྔར་གནས་ཏེ། ཐལ་འགྱུར་ལས། མེ་ལོང་མཉམ་ཉིད་སོ་སོར་རྟོགས། །བྱ་གྲུབ་ཆོས་དབྱིངས་ཡེ་ཤེས་སོ། །ཞེས་པས། ཐོག་མ་འཁོར་འདས་གཉིས་གང་དུའང་མ་ཕྱེ་བའི་གོང་རོལ་ན། རིག་པའི་ཡེ་ཤེས་དེའི་ངོ་བོ་ལ་དྲི་མ་མེད་ཅིང་འོད་གསལ་བས་མེ་ལོང་ཡེ་ཤེས། དབང་པོའི་ཡུལ་དུ་འོད་གསལ་གྱི་དོན་ལ་མ་ཡེངས་པར་སལ་ལེ་སིང་ངེ་བསྒོམ་པ་ལམ། དེ་མཐར་ཕྱིན་པ་འབྲས་བུའོ། །དེ་ལྟ་བུའི་ཡེ་ཤེས་འོད་ལྔ་གསལ་བའི་ངོ་བོ་ཉིད་གང་དུའང་དབྱེར་མེད་པ་མཉམ་པ་ཉིད་ཀྱི་ཡེ་ཤེས། དེ་ཉིད་ཀྱི་སྣང་བ་ཕྱོགས་ལྷུང་མེད་པར་བསྒོམས་པ་ལམ། དེ་མཐར་ཕྱིན་པ་འབྲས་བུའོ། །འོད་གསལ་བའི་ངོ་བོ་མཉམ་པ་ཉིད་ལ་བློའི་བྱེ་བྲག་སོ་སོར་འཆར་བས་སོ་སོར་རྟོགས་པའི་ཡེ་ཤེས། དེའི་གསལ་ཆ་སྣ་ཚོགས་སུ་སྣང་བ་འཛིན་མེད་དུ་བསྒོམས་པ་ལམ། དེ་མཐར་ཕྱིན་པ་འབྲས་བུའོ། །དེ་ལྟར་ཤར་བ་ཉིད་མ་བཙལ་ལྷུན་གྱིས་གྲུབ་པ་བྱ་གྲུབ་ཡེ་ཤེས། དེ་ཉིད་ཀྱི་དོན་ལ་བསྐལ་པ་མང་པོར་དཀའ་ཐུབ་མི་དགོས་པས་ཅིག་ཅར་བསྒོམས་པ་ལམ། མཐར་ཕྱིན་པ་འབྲས་བུའོ། །དེ་ཐམས་ཅད་ཡེ་སྟོང་རྩ་བ་དང་བྲལ་བས་ཆོས་དབྱིངས་ཡེ་ཤེས། དེའི་ངང་ལ་བསྒོམས་མི་བསྒོམ་དང་བྲལ་བ་ལམ། མཐར་ཕྱིན་པ་འབྲས་བུའོ། །ཡང་རིགས་ལྔར་གནས་ཏེ། རང་ཤར་ལས། དེ་བཞིན་གཤེགས་པའི་རིགས་དང་ནི། །རྡོ་རྗེ་དང་ནི་རིན་ཆེན་རིགས། །པདྨའི་རིགས་དང་ལས་ཀྱི་རིགས། །ཞེས་པས། འོད་གསལ་སྣང་སྟོང་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་གཤེགས་ཤུལ་ཡིན་པས། དེ་བཞིན་གཤེགས་པའི་རིགས། འཕོ་འགྱུར་མེད་པས་རྡོ་རྗེའི་རིགས། ཡོན་ཏན་འབྱུང་བས་རིན་པོ་ཆེའི་རིགས། སྐྱོན་གྱིས་མ་གོས་པས་པདྨའི་རིགས། དེ་ཉིད་གོམས་ན་ལྷག་མེད་འགྲུབ་པས་ལས་ཀྱི་རིགས་ཏེ་བཞི། དེའི་ངང་ལ་གོམས་པ་ལམ། མཐར་ཕྱིན་པ་འབྲས་བུའོ། །འོད་ལྔར་ཡང་གནས་ཏེ། ཀློང་གསལ་ལས། རིག་པའི་ཡོན་ཏན་འོད་ལྔར་(༡༩༡)གསལ། །ཞེས་པས། འོད་གསལ་དྲི་མ་མེད་པས་དཀར་པོ། ཡོན་ཏན་རྫོགས་པས་སེར་པོ། མ་བཙལ་བཞག་པས་དམར་པོ། བྱ་བཙལ་རྫོགས་པས་ལྗང་གུ། མི་འགྱུར་བརྟན་པས་མཐིང་ག་སྟེ་བཞི། དེའི་ངང་ལ་གནས་པ་ལམ། མཐར་ཕྱིན་པ་འབྲས་བུའོ། །རླུང་ལྔར་ཡང་གནས་ཏེ་རང་ཤར་ལས། རིག་པ་རླུང་ལྔའི་རང་བཞིན་དུ། །སེམས་ཅན་ཀུན་ལ་གནས་པའོ། །ཞེས་པས། འོད་གསལ་གྱི་སྣང་བ་འདི་ཡེ་ཤེས་ཀྱི་དྲོད་དང་མ་བྲལ་བས་མེ་དང་མཉམ་པའི་རླུང་། འཁོར་འདས་ཀྱི་སྲོག་ཡིན་པས་སྲོག་འཛིན་པའི་རླུང་། དྭངས་སྙིགས་འབྱེད་པས་དྭངས་སྙིགས་འབྱེད་པའི་རླུང་། ཀུན་ལ་ཁྱབ་པས་ཁྱབ་བྱེད་ཀྱི་རླུང་། འཁོར་བའི་སྲོག་བཅད་ནས་མྱ་ངན་ལས་འདས་པའི་སར་བསྐྱེལ་བས། སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་སྟེ་གཞི། དེ་ཉིད་གོམས་པས་ལམ། མཐར་ཕྱིན་པས་འབྲས་བུའོ། །འོད་གསལ་འདི་རྟོགས་ན་མྱང་འདས། མ་རྟོགས་ན་འཁོར་བའི་སྲོག་འཛིན་ནོ། །དེ་ཉིད་ལ་ལེགས་པར་གོམས་པས་འཁོར་བ་དང་། དྭངས་སྙིགས་འབྱེད་དོ། །དག་མ་དག་ཐམས་ཅད་ལ་འོད་ལྔས་ཁྱབ་པའོ། །ཤེས་རབ་ལྔར་ཡང་གནས་ཏེ། སྔ་མ་ལས། དེ་ཡང་རིག་པའི་ངོ་བོ་ལ། །ཤེས་རབ་རྣམ་པ་ལྔ་དང་ལྡན། །ཞེས་པས། འོད་གསལ་འདི་རྟོགས་མ་རྟོགས་ལས་འཁོར་འདས་སུ་འབྱེད་པས་འབྱེད་པའི་ཤེས་རབ། ཡེ་ཤེས་སུ་སྡུད་པས་སྡུད་པའི་ཤེས་རབ། ཀུན་ལ་ཁྱབ་པས་ཁྱབ་བྱེད་ཀྱི་ཤེས་རབ། གསལ་ཆ་འགྲོ་འོང་དང་བཅས་པས་བསྐྱོད་པའི་ཤེས་རབ། དེ་ཉིད་རྟོགས་ན་འཁོར་བ་ལས་སྒྲོལ་བས་སྒྲོལ་བའི་ཤེས་རབ་སྟེ་གཞི། དེ་ཉིད་གོམས་པས་ལམ། མཐར་ཕྱིན་པ་འབྲས་བུའོ། །མཁའ་འགྲོ་ལྔར་ཡང་གནས་ཏེ། ཀློང་གསལ་ལས། སྟོང་གསལ་རིག་པའི་ཡེ་ཤེས་ནི། །མཁའ་འགྲོ་རྣམ་པ་ལྔར་གནས་སོ། །ཞེས་པས། འོད་མཐིང་གས་སངས་རྒྱས་མཁའ་འགྲོའི་ཞལ་མཐོང་། ཉོན་མོངས་པ་གཏི་མུག་དག །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་རེག་གོ། །དེ་བཞིན་དུ་དཀར་པོས་རྡོ་རྗེ་མཁའ་འགྲོ། ཞེ་སྡང་དག །མེ་ལོང་ཡེ་ཤེས་ལ་རེག་གོ། །སེར་པོས་རིན་ཆེན་མཁའ་འགྲོ། ང་རྒྱལ་དག །མཉམ་པ་ཉིད་ཡེ་ཤེས་ལ་རེག་གོ། །དམར་པོས་པདྨ་མཁའ་འགྲོ། འདོད་ཆགས་དག །ཀུན་རྟོག་ཡེ་ཤེས་ལ་རེག་གོ། །ལྗང་གུས་བྱ་གྲུབ་ཡེ་ཤེས་ལ་རེག །ལས་ཀྱི་མཁའ་འགྲོ་མཐོང་། ཕྲག་དོག་དག་པ་(༡༩༢)རྣམས་གཞི། དེ་དག་ལ་གོམས་པ་ལམ། མཐར་ཕྱིན་པ་འབྲས་བུའོ། །མདོར་ན་དབྱིངས་སྟོང་གསལ་འདུས་མ་བྱས་པ་ནི་ཤེས་རབ་ཡིན་ལ། ཀ་དག་རྣམ་པར་དག་པས་རིག་པའི་རང་བཞིན་འོད་གསལ་བ་ཐོབ་སྟེ། ལྷུན་གྲུབ་ཀྱི་ངོ་བོར་སྣང་སྟོང་འདུ་འབྲལ་མེད་པ་ཡིན་ཏེ། ནོར་བུ་ཕྲ་བཀོད་ལས། དབྱིངས་ཀྱི་རང་བཞིན་ཤེས་རབ་སྐུ། །རིག་པའི་རང་བཞིན་ཐབས་ཀྱི་སྐུ། །འདུ་འབྲལ་མེད་པའི་ཚུལ་དུ་གནས། །ཞེས་སོ། །དེ་ལྟར་སྣང་བ་དེ་ཡང་ཀུན་རྫོབ་འདུས་བྱས་འཇིག་པའི་ཆོས་སུ་མེད་དེ། ཐལ་འགྱུར་ལས། རིག་པའི་ངོ་བོ་ལུ་གུ་རྒྱུད། །འདས་དང་མ་འོངས་ད་ལྟར་ལ། །སུས་ཀྱང་བྱས་པ་མ་ཡིན་པས། །དེས་ན་འདུས་མ་བྱས་པ་ཉིད། །ལུ་གུ་རྒྱུད་ཀྱི་རང་བཞིན་ནི། །རྣམ་པར་རྟོག་པ་ཀུན་དག་པས། །མ་འཁྲུལ་གཞི་ཡིས་སངས་རྒྱས་སོ། །མངོན་སུམ་བསྟན་པའི་སྐལ་ལྡན་ལ། །ཁམས་གསུམ་འཁོར་བའི་མིང་མེད་པས། །སྲིད་གསུམ་གདར་ཤ་ཆོད་པའོ། །ཞེས་སོ། །དེ་ལྟར་སྣང་བའི་འོད་གསལ་འདི་དག་འཇིག་རྟེན་གྱི་མིག་འཕྲུལ་རྣམ་པར་སྣང་བ་ལྟ་བུ་མ་ཡིན་ཏེ། སྒྲོན་མ་སྣང་བྱེད་ལས། དེ་ལྟར་སྣ་ཚོགས་ཤར་བ་དེ། །བྱས་ཤིང་གོམས་པས་བྱུང་བ་མིན། །ཡེ་ཉིད་ནས་ནི་གཞི་གནས་པའོ། །དེ་ལྟར་གདིང་ཚུད་རྣལ་འབྱོར་དེ། །ཤར་བས་དགའ་བའི་སེམས་མེད་དེ། །འདུག་ཚུལ་དེ་ལྟར་ཡེ་ནས་ཡིན། །རིག་དང་སྒྲོན་མའི་སྣང་བ་ལ། །ས་ཆུ་མེ་རླུང་འབྱུང་བའི་དགྲས། །དེ་ཉིད་བཤིག་པར་ནུས་པ་མིན། །ལུང་དུ་མ་བསྟན་གང་ཟག་གིས། །གསལ་བའི་མེ་ལོང་སྟོང་དག་གམ། །མིག་སྟོང་དག་གིས་བལྟས་གྱུར་ཀྱང་། །དེ་ཉིད་མཐོང་བ་མ་ཡིན་ནོ། །གྲུབ་པའི་མཐའ་དང་ལྟ་སྒོམ་གྱིས། །དེ་ཉིད་དཔྱད་ཀྱང་རྙེད་པ་མིན། །ཕྱྭ་དང་དབང་ཕྱུག་གིས་མ་བྱས། །འཇིག་རྟེན་ལྟར་སྣང་འཁྲུལ་པ་མིན། །འདོད་ཆགས་ཞེ་སྡང་གཏི་མུག་གིས། །དེ་ཉིད་ཡེ་ནས་སྒྲིབ་པ་མིན། །རང་སྣང་རང་ལ་ཤར་བ་དང་། །ཤེས་རབ་ཀྱིས་ཀྱང་དཔྱད་དུ་མེད། །རྒྱུད་ལུང་མན་ངག་རྣམས་ཀྱིས་ནི། །དེ་ཉིད་བརྟགས་ཀྱང་མཐོང་བ་མིན། །དམྱལ་བ་བྱོལ་སོང་ཡི་དྭགས་དང་། །རིགས་དྲུག་སྣང་བ་དེ་རང་ཉིད། །ཆེད་དུ་བསྒྲུབ་པ་མ་ཡིན་ཏེ། །ཡེ་ནས་དེ་ལྟར་ཤར་ནས་ཡོད། །སྐྱེས་བུས་རྩོལ་བས་བྱུང་བ་མིན། །དཀྱིལ་འཁོར་དེ་ཡིན་ལྷ་དེ་རང་། །སྔགས་དང་ཕྱག་རྒྱ་མཆོད་པ་དེ། །བསྐྱེད་དང་རྫོགས་པའི་རིམ་པ་དེ། །སངས་རྒྱས་སེམས་ཅན་འཁོར་འདས་ཡིན། །དབང་དང་སྡོམ་པ་དམ་ཚིག་ཡིན། །རང་གི་བླ་མ་ལྷ་ཡང་ངོ་། །ཞེས་པས། (༡༩༣)ཡེ་ནས་མ་བྱས་ཤིང་རང་ཤར་ཆེན་པོ་སྐུ་གསུམ་འདུ་འབྲལ་མེད་པ་འོད་གསལ་གྱི་དཀྱིལ་འཁོར་ཞལ་མཐོང་བ་ཡིན་པས་སྒོམ་པ་ལ་བརྩོན་པར་མཛོད་ཅིག་ཅེས་བརྗོད་དོ། །

གསུམ་པ་དེ་ཉིད་རྣལ་འབྱོར་བཞིས་ཉམས་སུ་བླང་བ་ནི། དེ་ཉིད་ལས། རི་བོ་ཅོག་བཞག་ལྟ་བའི་ཚད། །རྒྱ་མཚོ་ཅོག་བཞག་སྒོམ་པའི་ཚད། །སྣང་བ་ཅོག་བཞག་སྤྱོད་པའི་ཚད། །རིག་པ་ཅོག་བཞག་འབྲས་བུའི་ཚད། །ཚད་བཞི་ལྡན་པའི་རྣལ་འབྱོར་དེ། །ངེས་པའི་དོན་ལ་བློ་འདྲེས་པའོ། །ཞེས་པས། ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི་ལས། དང་པོ་ལ་དྲུག་ལས། དང་པོ་ནི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་མོ། །དེའང་ངོ་བོ་ནི་ལྟ་སྟངས་ལ་གནས་དུས་སྟོང་ཉིད་སྤྲོས་པ་དང་བྲལ་བའོ། །རང་བཞིན་ནི་སྟོང་པའི་རང་མདངས་མ་འགགས་པར་འོད་དུ་གསལ་བའོ། །ཐུགས་རྗེ་ནི་གང་ཤར་གྱི་རྟོག་པ་རང་སར་གྲོལ་བ་སྟེ། ཐལ་འགྱུར་ལས། ལྟ་བའི་ངོ་བོ་མཐོང་བ་ལ། །ཡིད་དཔྱོད་ཚིག་གིས་འགྱུས་པ་མེད། །ཅེས་སོ། །

གཉིས་པ་རྟོགས་ཚུལ་ནི། ཕྱི་ནང་གསང་བ་གསུམ་ལས། ཕྱི་ཚོགས་དྲུག་གིས་བསྡུས་པའི་ཡུལ་སྣང་ཕྲ་རགས་ལ་བལྟས་པས། སྣང་ལ་རང་བཞིན་མེད་པ་རྒྱ་མཚོའི་ནང་གི་གཟའ་སྐར་ཤར་བ་ལྟར་མཐོང་ཞིང་རྟོགས། ནང་ཆོས་ཉིད་སྟོང་པའི་ངོ་བོ་ལ་བལྟས་པས་ཐམས་ཅད་རང་བཞིན་མེད་པ་ནམ་མཁའ་དྭངས་པའི་དཀྱིལ་འཁོར་ལྟར་མཐོང་ཞིང་རྟོགས། གསང་བ་རིག་པ་ལ་བལྟས་པས་ཡིད་དཔྱོད་ཚིག་ཕྱིར་མ་ལུས་པར་དབང་པོས་མངོན་སུམ་དུ་མཐོང་ཞིང་རྟོགས་པ་སྟེ། ཀློང་གསལ་ལས། ཕྱི་ནང་གསང་བ་ཐམས་ཅད་ཀྱང་། །ངོ་བོ་ཉིད་ནི་མཐོང་ཞིང་རྟོགས། །ཞེས་སོ། །

གསུམ་པ་ངེས་ཚིག་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་དབང་པོས་མངོན་སུམ་དུ་མཐོང་བ་ལ་བལྟས་པས་ལྟ་བ་ཞེས་བྱ་སྟེ། །ཐལ་འགྱུར་ལས། ཆོས་ཉིད་དབང་པོས་མངོན་མཐོང་བས། །ལྟ་བ་ཞེས་ནི་དེ་ལ་བྱ། །ཞེས་པ་དང་། སྒྲོན་མ་སྣང་བྱེད་ལས། ཡུལ་ལ་སྣང་བས་དེ་ཉིད་ཤར། །དེ་ཕྱིར་ལྟ་བ་མིག་དང་འབྲེལ། །ཞེས་སོ། །

བཞི་པ་དབྱེ་བ་ནི། ཆོས་ཅན་སྤྱིའི་ལྟ་བ་དང་། ཆོས་ཉིད་རང་གི་ལྟ་བ་གཉིས་ཏེ། དེ་ཉིད་ལས། ལྟ་བ་རྣམ་པ་གཉིས་ཡིན་ཏེ། ཆོས་ཅན་ལྟ་དང་ཆོས་ཉིད་ལྟ། །ཨ་ནུ་མན་ཆད་རང་འདོད་པས། །ཆོས་ཅན་དོན་ལ་བལྟས་བལྟས་ནས། །ཆོས་ཉིད་དོན་ལ་རྡུལ་རེག་མེད། །ཨ་ཏི་རྣམ་པ་ཁ་ཅིག་གིས། །འདི་ཉིད་ཕྱོགས་ཙམ་མཐོང་བ་མེད། །རྫོགས་པ་ཆེན་པོ་ཐིག་(༡༩༤)ལེའི་སྐོར། །ཕྱི་དང་ནང་དང་གསང་བས་ཀྱང་། །འདི་ཉིད་དོན་ལ་རེག་པ་མེད། །དེ་ཕྱིར་གསང་ཆེན་མན་ངག་འདི། །ལྟ་ཉིད་ཤིན་ཏུ་གསང་བའོ། །བྱས་པ་མེད་པའི་ལྟ་བ་ལ། །ལྟ་བྱེད་མེད་པའི་མིག་གིས་མཐོང་། །ཞེས་པས། སྤྱིའི་ལྟ་བ་ཐེག་པ་རིམ་པ་དགུའི་གྲུབ་མཐའ་མི་འདྲ་བ་རྣམས་ཏེ། ཀློང་གསལ་ལས། རིམ་དགུ་སོ་སོའི་འདོད་པ་ལ། །ཡིད་དཔྱོད་འཛིན་པ་ཉིད་དུ་འདོད། །ཅེས་སོ། །རང་གི་ལྟ་བ་ནི་གོང་དུ་ཕྱི་ནང་གསང་བ་གསུམ་དུ་བསྟན་པ་དེའོ། །

ལྔ་པ་ཉམས་སུ་བླང་ཚུལ་ནི་ཕྱི་ཡུལ་གྱི་སྣང་བ་ལ་བལྟས་པས། ཐམས་ཅད་རྨི་ལམ་སྒྱུ་མར་མཐོང་ནས་འཁྲུལ་པ་མ་སྤངས་གནས་སུ་དག་ནས་ཉོན་མོངས་པ་རང་སར་གྲོལ་བའོ། །ནང་འགྱུ་བྱེད་དྲན་པའི་སེམས་ལ་ཁྲེགས་ཆོད་ལྟར་བལྟས་པས། རྟོག་པ་སྣ་ཚོགས་བར་སྣང་གི་ན་བུན་ལྟར་རང་ཡལ་དུ་སོང་བའོ། །དེ་སྐད་དུ་ཉི་ཟླ་ཁ་སྦྱོར་ལས། དམིགས་པས་སྣང་བའི་ཡུལ་རྣམས་ལས། །རང་བཞིན་མེད་པར་གང་གོམས་པ། །འདི་ལ་སྣང་སྟོང་གཉིས་སུ་མེད། །ཚོགས་དྲུག་མ་འགགས་རང་སར་ཤར། །ཞེས་པ་དང་། ཀློང་གསལ་ལས། འགྱུ་བྱེད་ཉིད་ལ་ཚུར་བལྟས་པས། །མ་སྤངས་རང་གྲོལ་སེར་བུ་འདྲ། །ཞེས་སོ། །གསང་བ་འོད་གསལ་ལ་བལྟས་པས་ཆོས་ཅན་དང་ཆོས་ཉིད་སྐྱེ་མེད་བློ་འདས་ཀྱི་ངང་དུ་འཇོག་པའི་འཛིན་པ་ཙམ་ཡང་མེད་དེ། ཡི་གེ་མེད་པ་ལས། ལྟ་བ་མེད་པས་དེ་ལ་བལྟ་རྒྱུ་མེད། །ལྟ་བ་བྱར་མེད་ངང་དུ་ཤེས་པར་བྱ། །དེ་ལྟར་གཉིས་མེད་ལྟ་བའི་དོན་རྟོགས་ན། །ལྟ་བའི་དོན་ལ་བལྟ་བ་ངང་གིས་མེད། །དེ་ཡོད་མ་ཡིན་མེད་པ་མ་ཡིན་པས། །འོད་གསལ་དེ་ཉིད་ངང་དུ་གནས་པར་བྱ། །ཞེས་པ་དང་རང་ཤར་ལས། གནས་ནི་ཙིཏྟའི་དཀྱིལ་དུ་གནས། །ལམ་ནི་འབྲི་གུ་ཏ་ནས་བྱུང་། །ཡུལ་ནི་ནམ་མཁའ་སྟོང་པའོ། །རྟོག་མེད་གསལ་བའི་ངོ་བོ་ལ། །འཛིན་པའི་རྣམ་རྟོག་ངང་གིས་མེད། །འཛིན་མེད་རང་གསལ་དེ་བཞིན་ནོ། །ཞེས་པ་དང་། སེང་གེ་རྩལ་རྫོགས་ལས། སངས་རྒྱས་ཀུན་གྱི་བལྟ་ཕུགས་ནི། །དབྱིངས་རིག་གཉིས་ལས་མ་འདས་སོ། །ཞེས་སོ། །

དྲུག་པ་ལྟ་བའི་ཚད་ནི། བྱ་བྲལ་ཡོངས་རྫོགས་ཀྱི་ལྟ་བ་ཞེས་བྱ་སྟེ། བརྩོན་འགྲུས་རབ་ཚེ་འདིར་ལྷག་མེད་དུ་སངས་རྒྱའོ། །འབྲིང་བར་དོ། ཐ་མ་སྤྲུལ་སྐུའི་ཞིང་དུ་སངས་རྒྱས་ཏེ། ཉི་ཟླ་ཁ་སྦྱོར་ལས། རབ་ལ་སྐྱེ་གཉིས་མི་དགོས་ཏེ། །འབྲིང་རྣམས་སྐྱེ་གཉིས་མཚམས་སུའོ། །ཐ་མ་རྣམས་ནི་(༡༩༥)དབུགས་ཕྱུང་སྟེ། །སྤྲུལ་པ་པོས་ནི་རང་རྒྱུད་གྲོལ། །ཅེས་སོ། །ཐེག་པ་གཞན་དག་གིས་འདིའི་དོན་མི་མཐོང་ལ། འདིའི་རྣལ་འབྱོར་པས་ཐམས་ཅད་མཐོང་ཞིང་གྲོལ་ཏེ། སྒྲོན་མ་སྣང་བྱེད་ལས། དཔེར་ན་རི་རྒྱལ་རྩེར་ཕྱིན་ན། །དམའ་བའི་ལུང་རྣམས་མཐོང་བ་བཞིན། །འོག་མའི་རྒྱུད་དོན་ཇི་བཞིན་མཐོང་། །འོག་མས་གོང་མ་མཐོང་བ་མེད། །ཅེས་སོ། །

གཉིས་པ་སྒོམ་པ་ལ་རྣལ་འབྱོར་དུ་བྱེད་པ་ལའང་དྲུག་ལས། དང་པོ་ངོ་བོ་ནི་ལྟ་བའི་དོན་དེ་བཞིན་ཉིད་ཆེན་པོ་ལ་རྒྱུན་དུ་གནས་པ་སྟེ། དེ་ཉིད་ལས། རྒྱུན་དུ་གནས་པས་ཤར་བའོ། །དེ་ཕྱིར་སྒོམ་པ་ཉིད་དང་འབྲེལ། །ཞེས་སོ། །དེའང་མཉམ་གཞག་ཏུ་གསལ་སྟོང་འཛིན་པ་མེད་པའི་དོན་ལ་སྒོམ་ཞིང་རྗེས་ཐོབ་ཏུ་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པར་བྱེད་པའོ། །

གཉིས་པ་ངེས་ཚིག་ནི། བསམ་གཏན་ལ་བློ་གནས་པ་སྟེ། ཀློང་གསལ་ལས། ངེས་ཚིག་སྒོམ་ལ་གནས་པའོ། །ཞེས་པའོ། །

གསུམ་པ་མཚན་ཉིད་ནི་ལྟ་བའི་དོན་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པ་སྟེ། སྔ་མ་ལས། ལྟ་བ་དེ་ཉིད་དོན་ལ་སྒོམ་ཞེས་བྱ། །ཞེས་སོ། །

བཞི་པ་དབྱེ་བ་ནི་ཐབས་ཤེས་རབ་ཟུང་འཇུག་གསུམ་ལས། འདིར་ཟུང་འཇུག་སྟེ། ཀློང་གསལ་ལས། ཟུང་འཇུག་སྒོམ་པ་མཆོག་ཏུ་ཟབ། །ཅེས་སོ། །

ལྔ་པ་བསྒོམ་ཚུལ་ནི་དེ་ཉིད་ལས། ལེ་ལོ་སྙོམས་ལས་རབ་སྤངས་ལ། །རྒྱུན་དུ་སྒོམ་ལ་གནས་པར་བྱ། །ཞེས་སོ། །

དྲུག་པ་ཉམས་སུ་བླང་ཚུལ་ལ་གཉིས་ལས། སྤྲོས་པ་ཅན་ལ་ཐུན་བཞིའི་རྣལ་འབྱོར་ཏེ། སྔ་དྲོ་ཕྱི་དྲོ་སྲོད་ཐོ་རེངས་སོ། །དེའང་ནམ་ལངས་ནས་ཉི་མ་རྩེ་ཤར་གྱི་བར་ལ་ཁ་ཏོན་དང་དཔེ་ལྟ་བ་ལ་སོགས་པའོ། །ཉི་མ་ཤར་ནས་གུང་གི་བར་ཐོད་རྒད་བསྒོམ་ཞིང་གུང་ལ་ཕྱག་དང་བསྐོར་བ་ལ་སོགས་པ་བྱ། ཕྱི་དྲོ་ཐོད་རྒལ་བསྒོམ་ཞིང་། དགོངས་མོ་གཏོར་མ་ཆོས་སྤྱོད་ཀྱི་རིམ་པ་རྣམས་བྱ། སྲོད་ཐུན་དང་པོ་ལ་འཆི་བ་མི་རྟག་པ་བསྒོམ། བར་པ་ལ་བསྐྱེད་རིམ་དང་བཟླས་བརྗོད་བྱ། གུང་ཐུན་ལ་གཉིད་ལོག་གོ། །ཐོ་རངས་དང་པོ་ལ་བླ་མ་ལ་གསོལ་བ་གདབ། བར་པ་ལ་ཁྲེགས་ཆོད་བསྒོམ། ཐ་མ་ལ་བདེ་སྟོང་དང་གཏུམ་མོ་བསྒོམ། ཐུན་མགོ་ཐམས་ཅད་ལ་སེམས་བསྐྱེད་དང་། ཐུན་དངོས་མི་དམིགས་པ་དང་། ཐུན་མཇུག་བསྔོ་བ་བྱ་སྟེ། ཀློང་གསལ་ལས། དགེ་སྦྱོར་སྲང་དུ་འཇུག་པའི་ཕྱིར། །ཐུན་བཞིའི་རྣལ་འབྱོར་ཉིད་ལ་བསླབ། །ཅེས་སོ། །

གཉིས་པ་སྤྲོས་པ་མེད་པའི་གང་ཟག་གིས་ཉིན་མཚན་དུ་ཁྲེགས་ཆོད་ཐོད་རྒལ་གཉིས་ལས་(༡༩༦)མི་འདའ་བར་བྱ་སྟེ། སྒྲོན་མ་སྣང་བྱེད་ལས། བསྒོམ་པའི་མན་ངག་རིམ་ལྟ་བུ། །ཉིན་མཚན་ཁ་སྦྱོར་རིམ་ཐེབས་བཞིན། །ཞེས་པས། ཉིན་དུས་འོད་གསལ་གྱི་དོན་ལ་བསླབ་སྟེ། ཐོག་མར་སྤྲུལ་སྐུའི་གཟིགས་སྟངས་ཀྱིས་ཉི་མ་ནས་ཁྲུ་གང་གི་བར་ལ་གཏད་ལ་མིག་མི་འགུལ་བས། དབྱིངས་རྣམ་དག་གི་སྒྲོན་མ་འཇའ་ཚོན་སྣང་བའི་དབུས་སུ་ཐིག་ལེ་སྟོང་པའི་སྒྲོན་མ་ཐིག་ལེ་ཕུབ་སྒོར་ལྟ་བུར་བཞག་པའི་ནང་ན་རྡོ་རྗེ་ལུ་གུ་རྒྱུད་འོང་བར་བྱས་ལ། དར་ཅིག་བལྟས་ནས་ལོངས་སྐུའི་གཟིགས་སྟངས་ཀྱིས་ཟུར་ནས་ཉི་མ་དང་ཁད་ཀྱིས་ཕྲལ་ལ་གཡས་ཕྱོགས་སུ་གཏད་དེ་ལྟའོ། །དེ་ནས་ཆོས་སྐུའི་གཟིགས་སྟངས་ཀྱིས་སྟེང་དང་། གཞན་གཉིས་པོས་མཐུར་དང་ཐད་སོར་གང་མོས་ཀྱིས་གཏད་དེ་བལྟས་པས། དབྱིངས་ཀྱི་སྣང་བ་ཁ་དོག་ལྔ་ལྡན་ཁྲུ་གང་ཙམ་དུ་མཐོང་ཞིང་། སྒྲོན་མའི་སྣང་བ་ཐིག་ལེ་ཟླུམ་ཁྲིགས་སུ་མཐོང་ཞིང་། རིག་པའི་སྣང་བ་ལུ་གུ་རྒྱུད་ཕྲ་ལ་འགྱུ་བར་མཐོང་ངོ་། །དེ་ལྟར་བལྟས་ཀྱང་དབྱིངས་དང་ཐིག་ལེ་མ་མཐོང་ན་མིག་གཉིས་མཉམ་པར་བལྟ་བ་གནད་ཡིན་ནོ། །མཐོང་ནས་ཟུར་ལ་ཁྲིད་པར་བྱའོ། །དེ་ལྟར་ལྟ་ལུགས་གང་བྱེད་ཀྱང་སྟེང་དུ་སེང་གེ་ལྟར་གྱེན་ལ་ལྡོག །ཐད་ཀར་རི་བོང་ལྟར་ཧད་པོར་གཏད། ཟུར་ལ་མདའ་བསྲང་བ་ལྟར་དྲང་པོར་བལྟ། དེ་ལས་ཅུང་ཟད་ཐུར་དུ་གླང་པོ་ལྟར་བལྟ་བ་སྟེ། སྔ་མ་ལས། སེང་གེ་གླང་དང་རི་བོང་དང་། །མདའ་བསྲང་ལྟ་བུའི་ལྟ་སྟངས་བཞི། །ཉིན་དུས་རྣལ་འབྱོར་པ་ཡིས་བལྟ། །ཞེས་སོ། །མཚན་མོའི་སྲོད་ལ་དབང་པོ་གནད་དུ་བསྡུ་བ་ནི། ལྟེ་བར་པདྨ་དམར་པོ་འདབ་མ་བཞི་པའི་སྟེང་དུ་ཨ་ཐུང་དམར་པོ་ཚ་བ་ལས་མེ་འབར་བས་དབུ་མ་ནས་ཡར་སོང་སྟེ། སྤྱི་བོའི་ཧྃ་ལ་ཕོག་པས་ཐིག་ལེ་འཐིགས་པས་མེའི་གསོས་བྱས་ཏེ་འབར་བས་ལས་དང་བག་ཆགས་བསྲེགས། བདེ་བ་རྒྱས་ནས་བདེ་སྟོང་གི་ངང་ལ་བཞག་གོ། །གུང་ལ་ཤེས་བྱ་བུམ་པར་བསྡུ་བ་ནི། སྔ་མ་ལས། མཚན་དུས་ཤེས་བྱ་བུམ་པར་གཞུག །ཤེས་པ་ཉིད་ནི་སྙིང་ལ་བསྡུ། །སྒྲོན་མ་ཙིཏྟའི་དཀྱིལ་དུ་བརྟེན། །ཐིག་ལེ་རྩ་ཡི་ནང་དུ་སྦ། །དེས་ནི་ཡེ་ཤེས་ནང་ན་གསལ། །ཞེས་པས། སྙིང་གི་ནང་དུ་ཨ་དཀར་པོ་འཚེར་བ་ཅིག །ཚངས་པའི་བུ་གར་ཨ་དཀར་པོ་གཅིག །དེ་གཉིས་ཀྱི་བར་ཨ་བ་དྷཱུ་ཏིའི་ནང་ན་ཨ་ཕྲ་མོ་ཕྲེང་བ་བརྒྱུས་པ་ལྟ་བུ་གཅིག་ཐིམ་གཉིས་ཐིམ་ལ། སྙིང་གར་འོད་གསལ་གྱི་ངང་ནས་འོད་ཟེར་རྩའི་ནང་ན་རྒྱ་སྐར་གྱི་ཉི་ཞུར་ལྟར་གསལ་བར་(༡༩༧)བསྒོམ་པ་ནི་གཉིད་འོད་གསལ་གྱི་སྦུབས་སུ་སྦའོ། །ཐོ་རངས་རིག་པ་རང་གསལ་དུ་གཏོད་པ་ནི། ཐོ་རངས་ལངས་ཏེ་ཧ་ཞེས་དབུགས་རིང་བ་གསུམ་བུས་ལ། སེང་གེའི་འདུག་སྟངས་ཀྱིས་སྤྱི་གཙུག་གི་ནམ་མཁའ་གཞུ་གང་ཙམ་ན་སྙིང་གའི་ཨ་ལས་ཨ་དཀར་པོ་གཅིག་མཆེད་དེ་ལིང་ངེ་འདུག་པ་ལ་སེམས་བཟུང་ལ་བསྒོམ་པས། གསལ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་གདོད་མའི་ཀ་དག་གི་གནས་ལུགས་ཤེས་པར་འགྱུར་རོ། །དེའང་སྲོད་ལ་དྲང་སྲོང་། གུང་ལ་སེང་གེ། ཐོ་རངས་ཆོས་སྐུའི་འདུག་སྟངས་གསུམ་བྱའོ། །དེ་ནི་ཉིན་མཚན་ཁ་སྦྱོར་གྱི་སྒོམ་པ་ཞེས་བྱའོ། །དེ་ལྟར་སྟོང་གསལ་ཉིན་མཚན་དུ་བསྒོམས་པ་ནི། སྒོམ་པ་ཀུན་གྱི་མཆོག་ཡིན་པར། ཀློང་གསལ་ལས། སྟོང་གསལ་ཡིད་གཉིས་སྒོམ་དང་བྲལ། །སྒོམ་པ་ཀུན་གྱི་མཆོག་ཡིན་ནོ། །ཞེས་སོ། །

གསུམ་པ་སྤྱོད་པ་ལ་རྣལ་འབྱོར་དུ་བྱེད་པ་ལའང་དྲུག་ལས། ངོ་བོ་ནི་སྔ་མ་ལས། སྤྱོད་པའི་ངོ་བོ་རོ་སྙོམས་ཉིད། །རང་ཤར་རང་གྲོལ་ལམ་དུ་སྤྱད། །ཅེས་པས། བདེ་སྡུག་ཅི་ཤར་ཡང་རང་ཤར་རང་གྲོལ་དུ་ཤེས་པས་ལྟ་སྒོམ་ལ་བོགས་འདོན་པའོ། །ངེས་ཚིག་ནི་རང་ཤར་ལས་རང་བྱུང་བཅོས་བསླད་མེད་ན་སྤྱོད་པ་ཡིན། །ཞེས་པས། སྣང་བ་གང་ཤར་མི་དགག་པར་སྤྱོད་པས་ན་སྤྱོད་པའོ། །མཚན་ཉིད་ནི་སྔ་མ་ལས། སྤྱོད་པ་བརྟུལ་ཞུགས་དབང་བསྒྱུར་ཉིད། །ཅེས་པས། མི་ཕོད་པ་ཐོག་འགེལ་དུ་བརྫི་བའོ། །སྤྱོད་ཚུལ་ནི་ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དོན་སེམས་པ་དང་སྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། །འདྲེན་པ་རྣམས་ཀྱི་གཤེགས་ཤུལ་ཡིན། །ཞེས་པ་ནི་ལས་དང་པོ་པའི་སྤྱོད་ཚུལ་ལོ། །བར་དུ་སྤྱོད་པ་རྣལ་འབྱོར་པའི་སྤྱོད་ཚུལ་ནི། ཉི་ཟླ་ཁ་སྦྱོར་ལས། འཁོར་འདས་རུ་ཤན་དབྱེ་བ་ལུས་ཀྱི་སྤྱོད་པ་དང་། ཞེས་པས། མི་མེད་པའི་རི་ལ་དེ་ལྟར་བྱེད་པའོ། །དེ་ནས་བརྟུལ་ཞུགས་རླུང་འཛིན་ནི་སྔ་མ་ལས། བརྟུལ་ཞུགས་ལམ་དུ་བླང་བར་བྱེད་པ་གྲོགས་ཀྱི་སྤྱོད་པ་དང་། །ཞེས་པས། ངོ་འཕྲོད་པའི་གང་ཟག་གི་བོགས་འདོན་པ་ལ་དུར་ཁྲོད་དམ། ལུང་སྟོང་དུ་རི་དྭགས་སྨས་མའམ། སྤྲང་པོ་ལྟར་རྒྱུ་ཞིང་། དེའི་གྲོགས་སུ་ཆགས་ཅན་ཡིན་ན་ལས་ཀྱི་ཕྱག་རྒྱ་དང་འགྲོགས། ཆགས་བྲལ་ཡིན་ན་ཉམས་མྱོང་གི་(༡༩༨)ཕྱག་རྒྱ་དང་འགྲོགས་པའོ། །དབྱེ་བ་ནི་ཉི་ཟླ་ཁ་སྦྱོར་ལས། བུང་བ་ལྟ་བུའི་སྤྱོད་པ་ཡིས། །ཆོས་རྣམས་ཀུན་གྱིས་རོ་མྱོང་བྱ། །རི་དྭགས་ལྟ་བུའི་སྤྱོད་པ་ཡིས། །འཁྲུལ་པའི་ཡུལ་རྐྱེན་འགྱུར་རྣམས་སྤང་། །ལྐུགས་པ་ལྟ་བུའི་སྤྱོད་པ་ཡིས། །འཁྲུལ་པའི་ངག་ནི་མ་ལུས་སྤང་། །ཐི་བྱ་ལྟ་བུའི་སྤྱོད་པ་ཡིས། །གསང་བ་ཐབས་ཀྱི་ཐེ་ཚོམ་གཅད། །སྨྱོན་པ་ལྟ་བུའི་སྤྱོད་པ་ཡིས། །གཅིག་ཏུ་གནས་པའི་ཡུལ་རྣམས་སྤང་། །སེང་གེ་ལྟ་བུའི་སྤྱོད་པ་ཡིས། །འཇིགས་པའི་སེམས་སྤངས་དུར་ཁྲོད་རྒྱུ། །ཁྱི་ཕག་ལྟ་བུའི་སྤྱོད་པ་ཡིས། །གཙང་དང་དམེ་བའི་རྣམ་རྟོག་སྤང་། །ཞེས་སོ། །ཉམས་སུ་བླང་ཐབས་ནི་རང་གི་རྒྱུད་ཚོད་དང་བསྟུན་ལ་བདུན་པོ་གང་རུང་ནས་སྤྱོད་ཅིང་། རྣལ་འབྱོར་པས་ཤུགས་འབྱུང་འགགས་པ་མེད་པར་རྐྱེན་ཐོག་ཏུ་སྤྱོད་པའོ། །དེ་སྐད་དུ་སྒྲོན་མ་སྣང་བྱེད་ལས། སྤྱོད་པའི་མན་ངག་ཆང་ལྟ་བུ། །སྣང་བ་དབང་བསྒྱུར་ར་རོ་འདྲ། །ཞེས་སོ། །

བཞི་པ་འབྲས་བུའི་རྣལ་འབྱོར་དུ་བྱེད་པ་ལའང་དྲུག་ལས། ངོ་བོ་ནི་ཀློང་གསལ་ལས། འབྲས་བུ་ཞེས་བྱ་བཙན་ས་ཟིན། །རྒྱལ་པོ་གདན་ལ་ཟིན་པ་ལྟར། །མི་འགྱུར་ལྡོག་པ་མེད་པའོ། །ཞེས་པས། འབྲས་བུ་རྒྱུར་མི་ལྡོག་པ་སད་ཀྱིས་ཁྱེར་བའི་འབྲས་བུའམ། བསེ་ཤིང་གི་འབྲས་བུ་ལྟ་བུའོ། །ཚུལ་ལམ་ཐབས་ནི། བརྟན་པ་ཐོབ་ནས་རྐྱེན་གྱིས་མི་གནོད་པས་ཏེ། དེ་ཉིད་ལས། འབྲས་བུ་སྨིན་ཚུལ་བསྟན་པ་སྟེ། །རྐྱེན་གྱིས་མི་འཇིག་ལྡོག་པ་མེད། །ཅེས་སོ། །ངེས་ཚིག་ནི་ལམ་སྨིན་པས་འབྲས་བུ་ཞེས་བྱ་སྟེ་དེ་ཉིད་ལས། སྨིན་པས་འབྲས་བུ་ཞེས་བརྗོད་དོ། །ཞེས་སོ། །དབྱེ་ན་གནས་སྐབས་སུ་ཉམས་སུ་བླངས་པས་ཡོན་ཏན་ཐོབ་ཅིང་། མཐར་ཐུག་ལས་དང་བག་ཆགས་དང་། སྡིག་སྒྲིབ་དང་། རྣམ་རྟོག་བག་ཆགས་ཐམས་ཅད་སྦྲུལ་མདུད་ལྟར་རང་ཤར་རང་གྲོལ་བ་སྟེ། ཀློང་གསལ་ལས། འབྲས་བུ་དབྱེ་བ་གཉིས་སུ་འདུས། །གནས་སྐབས་དང་ནི་མཐར་ཐུག་གོ། །ཞེས་སོ། །ཉམས་སུ་བླང་ཚུལ་ནི་རིག་པ་རང་ཤར་གྱི་སྟེང་དུ་བཞག་པས་བརྟན་པ་ཐོབ་པ་སྟེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། འབྲས་བུའི་ཆོས་ཐམས་ཅད་སྐུ་གསུམ་ལས་ཕྱིར་མི་ལྡོག་པར་ཤེས་པར་གྱིས་ཤིག །ཅེས་སོ། །འབྲས་བུའི་མིང་ནི་རྣམ་དག་ལྷུན་གྲུབ་ཀྱི་འབྲས་བུ་ཞེས་བྱ་སྟེ། ཚེ་གཅིག་གིས་སངས་རྒྱས་ཀྱི་ས་ལ་སྦྱོར་བའི་ཕྱིར། ཐལ་འགྱུར་ལས། འབྲས་བུ་བརྗོད་པར་མི་ནུས་ཀྱང་། །ཆོས་རྣམས་ཟད་སར་ཕྱིན་པ་དང་། །རང་(༡༩༩)གི་གྲུབ་པའི་མཐའ་ཡང་འཇིག །འདི་དུས་བླ་མའི་མན་ངག་ནུབ། །ལྟ་སྒོམ་སྤྱོད་པའི་མཐའ་སྟོངས་པས། །ཆོས་སྐུའི་སྣང་བ་ཡོད་མ་ཡིན། །སྐུ་དང་ཡེ་ཤེས་རྒྱུན་ཆད་པས། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །མདོར་ན་གང་ཡང་གནས་པ་མེད། །སོང་བ་མེད་པས་འོང་བ་མེད་པའོ། །ཞེས་པ་དང་། སྒྲོན་མ་སྣང་བྱེད་ལས། འབྲས་བུ་ཚད་ནི་རིག་པས་གཟུང་། །དེ་ལྟར་འབྲས་བུའི་ཚད་ཟིན་ན། །ཚད་ནད་སངས་པའི་སྐྱེས་བུ་བཞིན། །རིམས་ནད་བྱང་བའི་སྐྱེས་བུ་དང་། །སྙིང་ལ་མདའ་ཕོག་ཤི་བ་དང་། །རྩི་ཡིས་ཤི་བའི་སྐྱེས་བུ་བཞིན། །ཕྱིར་ལ་ལྡོག་པ་མ་ཡིན་ནོ། །ཞེས་སོ། །

རྗེས་སྣང་བ་བཞི་ཇི་ལྟར་འཆར་བའི་ཚུལ།

གསུམ་པ་རྗེས་སྣང་བ་བཞིའི་འཆར་ཚུལ་བསྟན་པ་ནི། ཀློང་གསལ་ལས། སྣང་བཞིའི་འཆར་ཚུལ་མི་ཤེས་ན། །ས་ཟིན་མེད་པའི་སྐྱོན་ཉིད་འབྱུང་། །སྣང་བ་བཞི་རུ་ཤེས་པར་བྱ། །ཞེས་པས། ས་མཚམས་ཤེས་པའི་ཕྱིར་བཞིར་ངེས་པ་ནི། ཐལ་འགྱུར་ལས། དེ་ལས་སྣང་བ་བཞིར་འགྱུར་ཏེ། །ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ཚིག་ལས་འདས། །ཉམས་སྣང་གོང་འཕེལ་སྣང་བ་ཡིས། །འཁྲུལ་པའི་སྣང་བ་ནུབ་པ་དང་། །བར་དོའི་ཡེ་ཤེས་མངོན་དུ་བྱེད། །རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །ཁམས་གསུམ་འཁོར་བ་རྒྱུན་ཐག་གཅད། །ཅེས་པ་དང་འདས་རྗེས་ལས། ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ལྟ་བ་བསྣུབ། །ཉམས་སྣང་གོང་དུ་འཕེལ་བ་ཡིས། །བར་དོའི་ཡེ་ཤེས་མངོན་དུ་བྱེད། །རིག་པ་ཚད་ལ་ཕེབས་པ་ཡིས། །ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །རྫོགས་ཆེན་བྱ་བྲལ་འབྲས་བུ་ཐོབ། །འདི་ལྟར་བཞི་ལ་མཐར་ཕྱིན་ན། །མྱ་འདས་གཞན་ནས་བཙལ་དུ་མེད། །ཅེས་པས་ཆོས་ཉིད་མངོན་སུམ་གྱི་སྣང་བ། ཉམས་སྣང་གོང་འཕེལ་གྱི་སྣང་བ། རིག་པ་ཚད་ཕེབས་ཀྱི་སྣང་བ། ཆོས་ཉིད་ཟད་པའི་སྣང་བ་དང་བཞི་ལས། དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི། ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་སྣང་བ་ནི། །དབང་པོའི་སྒོ་ནས་ངེས་ཐོན་ཏེ། །སྤྲིན་མེད་པ་ཡིས་མཁའ་ལ་གསལ། །ཞེས་པ་དང་། ཀློང་གསལ་ལས། རྐྱེན་བྲལ་མཁའ་ལ་བླ་མ་ཡིས། །གཟིགས་སྟངས་གཅུན་ཞིང་ངོ་སྤྲད་པས། །དབང་པོའི་སྒོ་ལ་སྒྲོན་མ་ནི། །འཇའ་འམ་རྨ་བྱའི་མདོངས་ལྟ་བུ། །ཐིག་ལེ་(༢༠༠)ལུག་རྒྱུད་འབྲེལ་བ་ལས། །འགུལ་འཕྲིགས་འགྱུ་བའི་རྣམ་པར་རྒྱུ། །ཞེས་པས། གོང་གི་གཟིགས་སྟངས་ཀྱིས་གཅུན་ཏེ་བླ་མས་ངོ་སྤྲད་པས། རང་གི་སྨིན་མཚམས་སུ་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཞེས་བྱ་བ། བར་སྣང་གི་འཇའ་འམ་རྨ་བྱའི་མདོངས་ལྟ་བུ་གཅིག་འཆར་རོ། །དེ་དག་གི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་ཞེས་བྱ་བ། ཀོ་མོའི་ནང་དུ་རྡོ་བོར་བའམ་ཕུབ་ཀྱི་སྤ་སྐོར་ལྟ་བུ་ལ་ཉུང་འབྲུའམ་སྲན་འབྲུ་ཙམ་འཆར་རོ། །དེའི་ནང་དུ་རིག་པ་རང་གི་ངོ་བོ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ་ཕྲ་བ་རྟ་རྔ་ལ་མདུད་པ་བྱས་པ་ལྟ་བུའམ། མུ་ཏིག་སྟར་ལ་བརྒྱུས་པ་ལྟ་བུའམ། ལྕགས་ཐག་བརྐྱང་པ་ལྟ་བུའམ། མེ་ཏོག་གི་དྲ་བ་དྲ་ཕྱེད་རླུང་གིས་བསྐྱོད་པ་ལྟ་བུ་གཉིས་སྦྲེལ་ལམ་གསུམ་སྦྲེལ་ལ་སོགས་པ་འཆར་རོ། །དེ་ནི་རང་གི་ངོ་བོ་ཐིག་ལེ་ཉག་གཅིག་ཅེས་བྱའོ། །དེའང་དབྱིངས་དང་རིག་པ་འདུ་འབྲལ་མེད་པ་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་གནས་ཏེ། ཀློང་གསལ་ལས། དེ་ལྟར་གསལ་བའི་དབྱིངས་རིག་ནི། །ཉི་མའི་འོད་ཀྱི་ཚུལ་དུ་གནས། །ཞེས་སོ། །དེའང་དབྱིངས་ཀྱི་རྟགས་སུ་འོད་ཁྱིམ། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ། སྐུའི་རྟགས་སུ་ལུ་གུ་རྒྱུད་དེ། རང་ཤར་ལས། ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། །ལུ་གུ་རྒྱུད་དུ་འོད་དུ་གསལ། །དེའང་འོང་དང་འགྲོ་བ་དང་། །འགུལ་བ་དང་ནི་འཕྲིགས་པ་དང་། །ཞེས་པ་དང་། རྩལ་རྫོགས་ལས། རང་སྣང་རིག་པའི་དངོས་པོ་འདི། །ཡེ་ཤེས་ལུ་གུ་རྒྱུད་དུ་གསལ། །ཞེས་སོ། །དེའི་གནས་ལུགས་ཙིཏྟ་རིན་པོ་ཆེ་ན་ངོ་བོ་ཀ་ནས་དག་པ། རང་བཞིན་སྐུ་དང་འོད་དུ་གསལ་བ། ཐུགས་རྗེ་ཀུན་ལ་ཁྱབ་པར་བཞུགས་ཏེ། ཀློང་གསལ་ལས། དེ་ཡང་ངོ་བོ་ཀ་དག་ལ། །རང་བཞིན་ལྷུན་གྲུབ་ཉིད་དུ་སྟེ། །ཐུགས་རྗེ་ཀུན་ལ་ཁྱབ་པ་ཉིད། །ཙིཏྟ་དག་ནས་རྩ་ལ་འཆར། །ངོ་བོ་མངོན་སུམ་སྒོ་ལ་འཆར། །རིག་པ་མངོན་སུམ་ཞེས་སུ་བརྗོད། །ཡིད་དཔྱོད་རྣམས་དང་བྲལ་བའོ། །ཞེས་པས། དེ་དག་གི་ལམ་སྣང་དབང་པོའི་མངོན་སུམ་ན་མཐོང་བར་ཡོད་པས། ཡིད་དཔྱོད་འཛིན་པའི་ལྟ་བ་དེ་ཚིག་དང་། བློ་དང་ཤེས་རབ་དང་། རྟོག་དཔྱོད་ཀྱིས་ཕོ་ཚོད་བྱེད་པ་བསྣུབས་པས་སོ། །དེ་ལྟར་མིག་ནས་འཆར་བ་ཉིད། ཕྲ་བཀོད་ལས། རྒྱང་ཞགས་ཆུའི་སྒྲོན་མ་ལ་རིག་པ་ལུ་གུ་རྒྱུད་ཀྱི་སྐུར་ཡོངས་སུ་གསལ་ལོ། །ཞེས་སོ། །དེ་དག་གོམས་པ་(༢༠༡)ལས་དབྱིངས་ཁྲུ་གང་བ་དང་། ཐིག་ལེ་ཟླུམ་འཁྲིགས་གསུམ་སྦྲེལ་དང་། རྡོ་རྗེ་ལུ་གུ་རྒྱུད་ཕྲ་ལ་འགུལ་བ་སྟེ། དང་པོར་གོམས་པའི་ཚད་ཡིན་པར། སྒྲོན་མ་རྣམ་བཀོད་ལས། ཉམས་བླངས་ཚད་ནི་རྣམ་གསུམ་སྟེ། །མཐོང་བའི་ཚད་དང་གོམས་པའི་ཚད། །བསྟན་པའི་ཚད་དང་གསུམ་དུ་བསྟན། །མཐོང་བའི་ཚད་ནི་འོད་ཡིན་ཏེ། །མི་འགྱུར་མཐིང་ག་དབྱིངས་ཀྱི་ཚད། །ཟླུམ་འཁྲིགས་གསལ་བ་སྒྲོན་མེའི་ཚད། །ཕྲ་ལ་འགྱུ་བ་རིག་པའི་ཚད། །མཐོང་བའི་དུས་སུ་ཤེས་པར་བྱ། །གོམས་པའི་ཚད་ནི་རྣམ་གསུམ་སྟེ། །མཐིང་ག་ལས་མཆེད་ཁ་དོག་ལྔ། །ཁྲུ་གང་ཙམ་དུ་སྣང་བ་ནི། །དང་པོ་གོམས་པའི་ཚད་ཡིན་ནོ། །ཞེས་པ་དང་། སྒྲོན་མ་ནི་དེ་ཉིད་ལས། ཟླུམ་འཁྲིགས་ལས་ནིི་ཟ་འོག་རིས། །རང་གི་སྣ་རྩེ་ལ་ཤར་ན། །དང་པོ་གོམས་པའི་ཚད་ཡིན་ནོ། །ཞེས་པ་དང་། རིག་པ་འདབ་ཆགས་ལྡིང་བ་ཙམ། །དང་པོ་གོམས་པའི་ཚད་ཡིན་ནོ། །ཞེས་སོ། །ཆོས་ཉིད་མངོན་སུམ་མཐོང་བའི་ཡོན་ཏན་ནི། ཀློང་གསལ་ལས། རིག་པ་མངོན་སུམ་མཐོང་བ་ནི། །བདེན་པ་མཐོང་བའི་གནད་ཀྱིས་སུ། །ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་པ་དང་། འདས་རྗེས་ལས། མངོན་སུམ་གནད་ནི་སུས་མཐོང་བ། །ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་སོ། །མ་མཐོང་བའི་སྐྱོན་ནི་སྔ་མ་ལས། མངོན་སུམ་རིག་པ་མ་མཐོང་ན། །ཡིད་དཔྱོད་རིག་པའི་མཐའ་འཁོར་ནས། །འཁོར་བ་ཉིད་དུ་རྣམ་པར་འཁོར། །ཞེས་སོ། །དེ་ཉིད་མཐོང་བ་ལ་དགོས་པ་གཉིས་ལས། གནས་སྐབས་སུ་ཡིད་དཔྱོད་ཀྱི་ལྟ་བ་དང་བྲལ་ལ། མཐར་ཐུག་དགེ་སྡིག་གིས་མི་གོས་ཤིང་ཁམས་གསུམ་དུ་ཕྱིར་མི་ལྡོག་པའོ། །དེ་ཉིད་མ་མཐོང་ན་ཡོན་ཏན་དེ་དག་ལས་ལྡོག་པའི་སྐྱོན་ཡོད་དོ། །

གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི། ཀློང་གསལ་ལས། གོང་དུ་འཕེལ་བའི་སྣང་བ་ཡིས། །ཉམས་ཀྱི་འཕེལ་ཤན་དབྱེ་བ་གཅེས། །ཞེས་པས། ཤེས་ཉམས་དང་སྣང་ཉམས་གཉིས་ལས། ཤེས་ཉམས་ནི་བློའི་འཛིན་པ་ཡིན་པས་གཏད་པའི་དུས་མེད་དེ། དེ་ཉིད་ལས། བློ་ནི་ཀུན་རྫོབ་འཁྲུལ་པར་བཤད། །ཅེས་པས། ཤེས་ཉམས་སེམས་ཀྱི་མཐོ་དམན་ཡིན་ལ། སེམས་ནི་མི་བདེན་པ་སྣ་ཚོགས་སུ་སྣང་བས་འདིར་སྤང་བྱར་འདོད་པའི་ཕྱིར་མི་སྟོན་ནོ། །སྣང་ཉམས་ཡེ་ཤེས་ཀྱི་འོད་གདངས་མི་འགྱུར་བ་ཕྱིར་འཕེལ་བ་དང་། ནང་རྩ་འོད་དུ་སོང་བ་དང་། གསང་བ་(༢༠༢)ཉོན་མོངས་པ་གྲོལ་བ་གསུམ་མཉམ་པོར་སྟོན་པས་དེའི་ཕྱིར་ཐལ་འགྱུར་ལས། ཉམས་ཀྱི་སྣང་བ་གོང་འཕེལ་ནི། །ཡེ་ཤེས་ཁ་དོག་ཕྱིར་བྱུང་ནས། །གྱེན་འགྲེང་དང་ནི་རྩིབས་ཤར་དང་། །ཐིག་ལེ་སྣ་ཚོགས་སྐུ་ཉིད་དང་། །རགས་པར་སྣང་བའི་ཡུལ་ལས་འདས། །ཞེས་པ་དང་། ཀློང་གསལ་ལས། ཉམས་སྣང་གོང་དུ་འཕེལ་བ་ནི། །འོད་ནི་སྣ་ཚོགས་འགྱུར་འཕེལ་དང་། །ཐིག་ལེ་འཕེལ་ཞིང་རིག་བརྟན་ཚད། །ས་བོན་འབྲས་བུའི་རང་བཞིན་འབྱུང་། །ཞེས་པས། སྔ་མའི་སྣང་བ་ལས་བླ་མའི་གདམས་ངག་བཞིན་ཉམས་སུ་བླངས་པས། དབྱིངས་རིག་རེས་གསལ་རེས་མི་གསལ་བ་དག་འབྱུང་། དེ་ནས་ཡང་ཉམས་སུ་བླངས་པས། དབྱིངས་རིག་སྨིན་མཚམས་ལས་བྲལ་ཏེ་ཐིག་ལེའི་རྣམ་པ་དེ་དག་ཀྱང་སྲན་མ་ཙམ་དུ་སོང་བ་ནི་བར་དུ་གོམས་པའོ། །དེ་བཞིན་དུ་གོམས་པས་དབྱིངས་སྣང་དུམ་བུ་དང་གྱེན་འགྲེང་དུ་མཐོང་བའི་ཚེ་མིག་ཐུར་ལ་བལྟའོ། །དེའང་གྲུ་བཞི་ལ་གཡས་སུ་གཅུན། ཟླུམ་པོ་ལ་གཡོན་དུ་གཅུན། ཟླ་གམ་ལ་སྟེང་དུ་བལྟ། གྲུ་གསུམ་ལ་ཐུར་དུ་དབབ་བོ། །དེ་ནས་རྩིབས་རྒྱུག་དང་། མདུང་རྩེ་ལྟ་བུ་དང་། རེ་ལྡེ་ཙམ་དུ་སྣང་ཞིང་སྒྲོན་མའི་འཕེལ་སྣང་ནི་ཐིག་ལེ་མེ་ལོང་ཙམ་པ་དང་། རིག་པ་འདབ་ཆགས་འཕུར་སྐྱེན་ཙམ་པ་དང་། དེ་ལས་ཅུང་ཟད་བུལ་བར་སྣང་སྟེ། སྒྲོན་མ་སྣང་བྱེད་ལས། དེ་ནས་དེ་ལ་རབ་འདྲིས་ནས། །རེ་ལྡེའི་རྣམ་པ་ཙམ་འཆར་བས། །ཞེས་པ་དང་། དེ་ནས་གོང་དུ་སྨིན་པའི་མཚམས། །མེ་ལོང་ཙམ་དུ་གསལ་གྱུར་ནས། །བར་དུ་གོམས་པའི་ཚད་ཡིན་ནོ། །ཞེས་པ་དང་། དེ་ནས་རབ་ཏུ་ཉམས་བླངས་ན། །རི་དྭགས་བང་དང་ཉམས་པ་ནི། །བར་དུ་གོམས་པའི་ཚད་ཡིན་ནོ། །ཞེས་སོ། །དེ་ནས་ཡང་ཉམས་སུ་བླངས་པས། དབྱིངས་ཀྱི་སྣང་བ་རིན་པོ་ཆེ་འདྲ་བ་དང་། འོད་ཀྱི་དྲྭ་བ་དྲྭ་ཕྱེད་དང་། འོད་ལྔའི་སྣང་བ་པདྨ་འདྲ་བ་དང་། མཆོད་རྟེན་འདྲ་བ་དང་། རྡོ་རྗེ་དང་། འཁོར་ལོ་དང་། རལ་གྲི་དང་། མུ་ཏིག་གི་དྲྭ་བ་ལྟ་བུ་དང་། འོད་ཀྱི་དུམ་བུ་མིག་མངས་རིས་དང་། མིག་ཚགས་དང་། མདའ་ལྟ་བུ་དང་། པདྨ་སྟོང་ལྡན་དང་། ཉི་ཟླ་ལྟ་བུ་དང་། ཡེ་ཤེས་མཁར་ཐབས་དང་། མེ་ལྕེ་དང་། ཉ་མིག་གི་རྣམ་པ་ལྟ་བུ་འཆར་རོ། །ཐིག་ལེའང་ཁམ་ཕོར་ཙམ་དུ་འགྲོའོ། །རིག་པ་ནི་རི་དྭགས་སྤང་རྩིབས་ལ་རྒྱུག་པ་ཙམ་དུ་(༢༠༣)སྣང་ངོ་། །ཡང་ཉམས་སུ་བླངས་པས་འོད་ནི་ཡུལ་ཁམས་ཙམ་དུ་འཆར་ཞིང་། ཐིག་ལེ་བསེ་ཕུབ་ཙམ་དང་རིག་པ་བུང་བ་བཅུད་ལ་འཁོར་བ་ཙམ་སྟེ། སྔ་མ་ལས། དེ་ནས་ཡུལ་གྲུ་ཙམ་དུ་སྟེ། །ཞེས་པ་དང་། མེ་ལོང་ཙམ་དུ་གསལ་གྱུར་ནས། །ཞེས་པ་དང་། དེ་ཉིད་ཡང་དང་ཡང་བལྟས་ན། །བུང་བ་བཅུད་ལ་འཁོར་བ་ཙམ། །ཞེས་སོ། །ཡང་ཉམས་སུ་བླངས་པས་འོད་ནི་སྟོང་གསུམ་གང་དུ་བལྟས་ཚད་ལས་ཁྱབ་ཅིང་། སྒྲོན་མའི་སྣང་བ་ནི་ཐིག་ལེ་དཔག་ཏུ་མེད་པའི་ནང་རྣམས་ན་སྐུ་ཕྲ་མོའི་དབུ་དང་། ཕྱེད་ཞལ་དང་། རྫོགས་པའི་རྣམ་པ་དང་། རིག་པའི་ནང་དུའང་སྐུ་ཕྲ་མོ་རེ་སྣང་ངོ་། །སྐུ་ནི་རྡོ་རྗེ་སེམས་དཔའ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་དང་། རྣམ་པར་སྣང་མཛད་དོ། །སྔ་མ་ལས། དེ་ལ་མཆོག་ཏུ་གོམས་པ་ན། །སྣང་བ་ཐམས་ཅད་འོད་སྣང་དུ། །ཤར་བས་གོམས་པའི་ཚད་ཟིན་པའོ། །ཞེས་པ་དང་། སྣང་བ་ཐམས་ཅད་ཐིག་ལེ་རུ། །ཤར་བས་དཀྲིག་གེར་གནས་པ་ལ། །མཆོག་ཏུ་གོམས་པའི་ཚད་ཡིན་ནོ། །ཞེས་པ་དང་། བལྟས་པས་ས་དེར་སྡོད་གྱུར་ན། །མཆོག་ཏུ་གོམས་པའི་ཚད་ཡིན་ནོ། །ཞེས་སོ། །དེ་ཉིད་ལ་བར་དོའི་སྣང་འབྱུང་གཏན་ལ་ཕེབས་པས་ཕྱིས་བར་དོ་མེད་དོ། །ཉམས་གོང་འཕེལ་གྱི་ཡོན་ཏན་ནི། ཀློང་གསལ་ལས། སྐུ་ཤར་ཉམས་ཀྱི་འཕེལ་རྫོགས་ན། །བར་དོའི་སྣང་འབྱུང་འདིར་ཆོད་པས། །ལོངས་སྤྱོད་ངོས་ཟིན་བར་དོ་སྟོངས། །ཞེས་སོ། །མ་འཕེལ་བའི་སྐྱོན་ནི་དེ་ཉིད་ལས། ཉམས་སྣང་གོང་དུ་མ་འཕེལ་ན། །བར་དོ་ལས་ནི་གྲོལ་མི་འགྱུར། །ཞེས་སོ། །དགོས་པ་ལའང་གཉིས་ལས། གནས་སྐབས་སུ་ཉམས་སྣང་གི་རིམ་པའི་ཡོན་ཏན་རྣམས་ཐོབ་ལ། མཐར་ཐུག་བར་དོའི་སྣང་བ་རང་སར་གྲོལ་བའོ། །དེ་ལྟར་མ་འཕེལ་ན་ཡོན་ཏན་དེ་ལས་ལྡོག་པའི་སྐྱོན་ནོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི། ཀློང་གསལ་ལས། རིག་པ་ཚད་ལ་མ་ཕེབས་ན། །རྣལ་འབྱོར་དྲོད་ཚད་རྙེད་མི་འགྱུར། །ཞེས་པས། རིག་པ་ཚད་ལ་ཕེབས་པ་ནི། ཐལ་འགྱུར་ལས། རིག་པ་ཚད་ཕེབས་སྣང་བ་ནི། །ལོངས་སྐུ་མཚན་དཔེར་གསལ་བ་ནི། །མ་ངེས་ཁ་དོག་འཇའ་ཚོན་ལས། །རིགས་ལྔ་ཡབ་དང་ཡུམ་དུ་སྣང་། །དེ་ལས་ལྔ་ལྔ་ཟུང་དང་བཅས། །རབ་ཏུ་གསལ་བའི་ཐིག་ལེར་འབྲེལ། །ཡབ་ཡུམ་སྐུ་ཡི་རྣམ་པ་ཅན། །འཁྲུལ་སྣང་ཟད་ནས་ཞིང་ཁམས་སོ། །ཞེས་པས། (༢༠༤)དབྱིངས་ཀྱི་སྣང་བས་ས་ཆུ་མེ་རླུང་གང་གི་སྣང་བ་ཡང་མེད་ཅིང་། འོད་གསལ་ཆེན་པོའི་སྣང་བ་རྣམ་པར་དག་པའི་ཞིང་ཁམས་ན། སྒྲོན་མ་ནི་ཐིག་ལེ་རེ་རེའི་ནང་དུ་སྐུ་ཡབ་ཡུམ་དུ་འབྲེལ་བ་དང་། དེ་ནས་སྐུ་ལྔ་ལྔ་ཡབ་ཡུམ་དུ་སྣང་བའོ། །རིག་པའི་མཚམས་སུའང་སྐུ་ལྔ་ལྔ་ཡབ་ཡུམ་དུ་སྣང་བའོ། །འདི་ཡི་དུས་ན་རང་ལུས་རྡོས་བཅས་དག་ནས་འོད་དུ་སྣང་བའི་སྤྱི་བོ་ནས་ཡར་ལ་ཐིག་ལེ་ཁམས་ཕོར་བརྩེགས་མ་ལྟ་བུ་དགུ་སྣང་ཞིང་། རང་ལུས་འོད་ཀྱི་འཁོར་ལོར་འཁྱིལ་བ་སྟེ་སྒྲོན་མ་སྣང་བྱེད་ལས། ཤིན་ཏུ་ཡང་དག་གོམས་པའི་ཚད། །འགུལ་དང་འཕྲིགས་པ་མེད་པ་དང་། །ཉིན་དང་མཚན་མོ་མེད་སྣང་དང་། །རབ་ཏུ་གོམས་པའི་ཚད་ཡིན་ནོ། །རང་སྣང་སྐུར་སྣང་ལུ་གུ་རྒྱུད། །ཚིག་དང་འདྲ་བའི་བར་དག་ཏུ། །ཐིག་ལེ་ཉུང་འབྲུ་ཙམ་ནང་དུ། །སྐུ་ནི་ཤིན་ཏུ་ཕྲར་ཤར་ནས། །སྣང་བ་ཐམས་ཅད་སྐུར་ཤར་ན། །རིག་པ་བརྟན་པའི་ཚད་ཡིན་ནོ། །ས་ཆུ་མེ་རླུང་སྣང་བ་དང་། །འབྱུང་བཞིའི་སྣང་བ་འགགས་གྱུར་ནས། །ཁ་དོག་ལྔ་ཡི་འོད་སྣང་གིས། །གང་དུ་བལྟས་པས་དེར་སྣང་ན། །དབྱིངས་ནི་བརྟན་པའི་ཚད་ཡིན་ནོ། །རང་ལུས་འོད་ཀྱི་སྟེང་དག་ཏུ། །འཁར་གཞོང་བརྩེགས་པ་ལྟ་བུ་ཡི། །ཐིག་ལེ་བརྩེགས་མ་གྱེན་ཤར་ན། །སྒྲོན་མ་བརྟན་པའི་ཚད་ཡིན་ནོ། །ཞེས་པས་དེའི་ཚེ་སྐུ་རྣམས་ཀྱི་ཐུགས་ཀ་དང་རང་གི་སྙིང་གར་འོད་ཀྱི་སྙེ་ཚོན་ཟེར་ཐག་སྦྲེལ་བ་ལྟ་བུས་འབྲེལ་ལོ། །དེ་ནས་མ་བསྒོམས་ཀྱང་ཚད་ལ་ཕེབས་པས་འགྱུར་བ་མེད་དོ། །དེའི་ཚེ་ཕྱི་སྣང་བ་འོད་གསལ་དུ་གྲོལ་བས་ས་རྡོའི་སྣང་བ་རང་ནུབ། ནང་སྒྱུ་ལུས་འོད་གསལ་དུ་གྲོལ་བས་རྡོས་བཅས་ཀྱི་སྣང་བ་རང་ནུབ། གསང་བ་སེམས་ཀྱི་ཟེར་གདངས་སྙིང་གར་ཐིམ་པས་གཟུང་འཛིན་འཁྲུལ་པའི་སྣང་བ་རང་ནུབ། ལས་དང་བག་ཆགས་ཀྱི་འབྲེལ་ཆད་པའོ། །

དེ་ལྟར་རིག་པ་ཚད་ལ་ཕེབས་པའི་ཡོན་ཏན་ནི། ཀློང་གསལ་ལས། རིག་པ་ཚད་ཕེབས་སྣང་བ་ཡིས། །ཕྱི་ནང་གཟུང་འཛིན་རྡོས་བཅས་གྲོལ། །ཅེས་པ་དང་། མ་ཕེབས་པའི་སྐྱོན་ནི། དེ་ལྟར་ཚད་ལ་མ་ཕེབས་ན། །ཕུང་པོའི་སྣང་འཛིན་དག་མི་འགྱུར། །ཞེས་སོ། །དགོས་པའང་གཉིས་ལས། གནས་སྐབས་སུ་མ་བསྒོམས་ཀྱང་ཆོག་ལ། མཐར་ཐུག་ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན་པས། ལོངས་སྐུའི་ཞིང་ན་བདེ་(༢༠༥)ཆེན་འདུ་འབྲལ་མེད་དོ། །དེ་ལྟར་མ་ཡིན་ན་ལྡོག་པའི་སྐྱོན་ཡོད་དོ། །བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི། ཉམས་སྣང་དེ་དག་གི་འཕེལ་ཟད་དེ། སྣང་དང་མི་སྣང་དུ་འཛིན་པའི་ངོ་བོ་མེད་པ་ནི་ཆོས་ཉིད་ཟད་པའི་སྣང་བ་ཞེས་བྱ་སྟེ། ཐལ་འགྱུར་ལས། ཆོས་ཉིད་ཟད་པའི་སྣང་བ་ནི། །ཉམས་ཀྱི་སྣང་བ་སྟོང་ནས་ནི། །ལུས་ཟད་དབང་པོའི་ཡུལ་ཡང་ཟད། །རྟོག་ཚོགས་འཁྲུལ་པ་རང་གྲོལ་ནས། །བརྗོད་གཞིའི་ཚིག་དང་བྲལ་བའོ། །ཞེས་པས། ཉམས་དང་། ལུས་དང་། དབང་པོ་དང་། རྟོག་ཚོགས་དང་། ཚིག་དང་འཁྲུལ་པ་ཐམས་ཅད་ཟད་ནས་འོད་ལུས་སུ་འཚང་རྒྱའོ། །དེའང་སྣང་བ་འདིའི་ཚེ་འོད་ཀྱི་ནང་ན་ལག་སོར་བཀྲམ་པ་ཙམ་ལས་མི་སྣང་སྟེ། འཁོར་འདས་གཉིས་ཀྱི་འདུ་ཤེས་དང་བྲལ། སྣང་བ་ཅིའི་ངོ་བོར་ཡང་མ་གྲུབ་བོ། །དེ་ལྟར་གྱུར་ཀྱང་རིག་པ་དེ་ཐོག་མ་ནས་ཆེར་སོང་བ་དང་ཆུང་དུ་སོང་བ་གང་ཡང་མེད་དེ། བྲི་བ་མེད་ཅིང་འཕེལ་བ་མེད་པའི་ཕྱིར། དེའི་ཚེ་འབྱུང་བའི་དགྲས་མི་ཚུགས། དྲན་པ་ཝལ་པོ་རྗེས་མེད་དུ་འགྲོ། ཉི་ཟླའི་སྣང་བ་མེད། འགྲོ་འདུག་གི་སྣང་བ་མེད། འཁྲུལ་སྣང་ཐམས་ཅད་ནུབ་པ་ནི་རིག་པ་འབྱོངས་པའི་ཚད་དོ། །དེ་ལས་འབྲལ་མི་སྲིད་དོ། །སྣང་བ་རང་ཡུལ་དུ་གྲོལ་ནས་འདི་ལྟར་ཡིན་ནོ་མ་གྲུབ་པ་ནི་ཆོས་སྐུ་རང་དག་ཆོས་ཐམས་ཅད་ཟད་སར་ཐུག་པ་ཞེས་བྱའོ། །རང་གི་རིག་པའི་ངོ་བོ་ལ་ཆེ་ཆུང་བཟང་ངན་གང་དུ་ཡང་མ་གྲུབ་སྟེ། ཐུགས་རྗེའི་ཆ་ལས་གསལ་བ་ཙམ་དུ་གནས་པའོ། །མངོན་ཤེས་ཐོགས་པ་མེད་ཅིང་བསམ་པ་རང་ཡལ་ཏེ། ཕུང་པོའི་ཟག་པ་ཕྱིར་མི་ལྡང་པར་སངས་རྒྱས་སོ། །འདིའི་དུས་སུ་འཕོ་བའི་སྐུས་སེམས་ཅན་གྱི་དོན་བྱེད་ན་སྐབས་སུ་ལག་པའི་སོར་མོ་ལ་བལྟས་པས་སྣང་བ་དེ་ལས་རང་ལོག་སྟེ། སྣང་བྱེད་ཆུའི་ཟླ་བ་ལྟ་བུའི་ལས་སྐྱེ་ཤི་མེད་པ་རྡོ་རྗེའི་སྐུས་སེམས་ཅན་གྱི་དོན་བྱེད་པ་ནི། སློབ་དཔོན་ཆེན་པོ་བི་མ་ལ་དང་། པདྨ་འབྱུང་གནས་ལྟ་བུའོ། །དེའི་ཡོན་ཏན་ནི་ཀློང་གསལ་ལས། དེ་ལྟར་ལུས་འབྱུང་རྒྱུན་ཆད་ནས། །ཟག་བཅས་ཕུང་པོ་མི་སྣང་བར། །འདི་ལ་མངོན་པར་སངས་རྒྱའོ། །ཞེས་པ་དང་། སྐྱོན་ནི། ཆོས་ཉིད་ཟད་པར་མ་གྱུར་ན། །ལྷག་མེད་ཉིད་དུ་འགྱུར་བ་མིན། །ཞེས་སོ། །དགོས་པའང་གཉིས་ལས་གནས་སྐབས་སུ་སྣང་བ་བཞིའི་ཚད་ཟིན་པས་སོ་སོའི་ས་མཚམས་ཕྱེད་ལ། (༢༠༦)མཐར་ཐུག་ཆོས་ཟད་ཀྱི་སྣང་བ་མཐོང་ནས་ལྷག་མེད་དུ་སངས་རྒྱའོ། །དེ་ལྟར་མ་ཡིན་ན་ལྡོག་པའི་སྐྱོན་ཡོད་དོ། །

མཐའ་རྟེན་གྱི་མན་ངག་བཤད་པའི་ཚུལ།

བཞི་པ་མཐའ་རྟེན་གྱི་མན་ངག་ནི། ཀློང་གསལ་ལས། མཐའ་རྟེན་མན་ངག་རྣམ་པ་བཞི། །གོང་མའི་རྒྱབ་ཏུ་མེད་ཐབས་མེད། །ཅེས་པས། དོན་གྱི་ས་ཟིན་མེད་ཀྱང་གོང་མ་བཞིའི་རྒྱབ་ཏུ་དགོས་པས། འདི་ལ་མི་འགུལ་བ་གསུམ་གྱིས་གཞི་བཅའ་བ། སྡོད་པ་གསུམ་གྱིས་ཚད་བཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབ་པ། གདིང་བཞིས་གྲོལ་ཚད་བསྟན་པ་དང་བཞི་ལས། དང་པོ་ཐལ་འགྱུར་ལས། དེ་ལ་མཐའ་རྟེན་ཡིད་ཆེས་བྱ། །མི་འགུལ་གསུམ་ལ་གཞི་བཅས་པས། །རླུང་སེམས་གནད་དུ་ཕེབས་པའོ། །ཞེས་པས། འདུག་སྟངས་གསུམ་ལས་མི་འགུལ་བར་བྱ་སྟེ། ལུས་མི་འགུལ་བས་རྩ་མི་འགུལ། རྩ་མ་འགུལ་བས་མིག་མི་འགུལ། མིག་མ་འགུལ་བས་རླུང་མི་འགུལ། རླུང་མ་འགུལ་བས་སེམས་མི་འགུལ། སེམས་མ་འགུལ་བས་འགྱུ་བྱེད་ཀྱི་རྟོག་པ་རྒྱུན་ཆད་ནས་རིག་པ་གནས་པའི་དགོས་པ་ཡོད་དོ། །མིག་ནི་གཟིགས་སྟངས་གསུམ་ལས་མི་འགུལ་བར་བྱ་སྟེ། རིག་པའི་གནད་རྩ། རྩའི་གནད་སྒོ། སྒོའི་གནད་སྒྲོན་མའོ། །རྩ་མ་འགུལ་བས་མིག་མི་འགུལ། མིག་མ་འགུལ་བས་སྒྲོན་མ་མི་འགུལ། དེས་སེམས་མི་འགུལ་བས་རྣམ་རྟོག་མི་འབྱུང་། དེས་དབྱིངས་རིག་འདུ་འབྲལ་མེད་པའི་དགོས་པ་ཡོད་དོ། །

གཉིས་པ་ནི། སྔ་མ་ལས། སྡོད་པ་གསུམ་གྱིས་ཚད་གཟུང་བ། །རྨི་ལམ་ལྡོག་དང་ལུས་ངག་ཡིད། །རྟགས་དང་ཚད་ནི་ངོས་གཟུང་བའོ། །ཞེས་པས། དབྱིངས་རིག་ལ་རྒྱུན་དུ་གནས་པས་བརྟན་པའི་ཚད་སྡོད་པ་གསུམ་འབྱུང་སྟེ། ཕྱི་སྣང་བ་བསྐྱོད་པའི་རླུང་ཟད་པས་དབྱིངས་རིག་འགྲོ་འོང་མེད་པར་སྡོད། ནང་ཕུང་པོ་སྐྱོད་བྱེད་ཀྱི་རླུང་ཟད་པས་ལུས་འགུལ་བ་མེད་པར་སྡོད། གསང་བ་རྟོག་པ་འགྱུ་བྱེད་ཀྱི་རླུང་ཟད་པས་སེམས་རྣམ་རྟོག་འགྱུ་འཕྲོ་མི་སྲིད་པར་སྡོད་པའོ། །སྐབས་འདིར་ཚད་རྨི་ལམ་གྱིས་གཟུང་བ་དང་། རྟགས་སྒོ་གསུམ་ལ་འཆར་བ་གཉིས་འབྱུང་། དེའང་བརྩོན་འགྲུས་རབ་ལ་རྨི་ལམ་དབྱིངས་སུ་ཐིམ་ནས་མི་རྨི། འབྲིང་ལ་འོད་གསལ་དུ་འཆར། ཐ་མས་རྨི་ལམ་རྨི་ལམ་དུ་ཤེས་པའོ། །རྟགས་ལུས་ངག་ཡིད་གསུམ་ལ་འཆར་བ་ནི། སྣང་བ་བཞི་ལ་རྟགས་བཞི་(༢༠༧)གསུམ་བཅུ་གཉིས་ལས། དང་པོ་ཆོས་ཉིད་མངོན་གྱི་སྣང་བ་མཐོང་བའི་རྟགས་གསུམ་ནི། ལུས་རུས་སྦལ་འཁར་གཞོང་དུ་བཅུག་པ་ལྟར་འགུལ་བ་མེད་པ་ནི། འཁར་གཞོང་འཇམ་པོར་རུས་སྦལ་བཅུག་པས་མི་འགུལ་བ་བཞིན་ནོ། །ངག་ལྐུགས་པ་ལྟར་སྨྲ་སྙིང་མི་འདོད། སེམས་འཁའ་འགྲོ་སྙི་ལ་ཟིན་པ་ལྟ་བུ་སྟེ། བྱ་སྙི་ལ་ཟིན་ནས་འཕུར་བར་འདོད་ཀྱང་འགྲོ་རྒྱུ་མེད་པ་ལྟར། སེམས་འཕྲོ་བ་ལྟར་འདུག་ཀྱང་གར་གཏད་སྡོད་པའོ། །ཉམས་གོང་འཕེལ་གྱི་སྣང་བ་མཐོང་བའི་རྟགས་གསུམ་ནི། ལུས་སྐྱེས་བུ་ནད་ཀྱིས་ཐེབས་པ་ལྟར་རྒྱན་དང་བྱི་དོར་དང་བྲལ། ངག་སྨྱོན་པའི་ཚིག་ལྟར་དོན་མེད་ཅལ་ཅོལ་དུ་འབྱུང་། སེམས་འཆི་ངེས་ཀྱི་དུག་གིས་ཟིན་པ་ལྟར་འཁོར་བར་མི་ལྡོག་པར་ཐག་ཆོད་པའོ། །རིག་པ་ཚད་ཕེབས་ཀྱི་སྣང་བ་མཐོང་བའི་རྟགས་གསུམ་ནི། ལུས་གླང་པོ་ཆེ་འདམ་དུ་ཚུད་པ་ལྟ་བུ་སྟེ། གླང་པོ་ཆེ་འདམ་དུ་ཚུད་ཀྱང་སྟོབས་ཆེ་བས་སྐད་ཅིག་ལ་ཐོན་པ་ལྟར། འབྱུང་བ་ལྔ་ལ་ཐོགས་པ་མེད་པར་འགྲོའོ། །ངག་གྲུལ་བུམ་གྱི་ཕྲུ་གུ་ལྟར་འགྱུར་ཏེ། གྲུལ་བུམ་(༢༠༧)གྱི་ཕྲུ་གུ་ངག་སྙན་པས་གཞན་གྱི་ཡིད་འཕྲོག་པ་ལྟར། ཅི་སྨྲས་ལ་གཞན་དད་ཅིང་ཕན་ཐོགས་པའོ། །སེམས་འབྲུམ་ནད་བྱང་བ་ལྟ་བུ་སྟེ། འབྲུམ་ནད་བྱང་བ་བསྐྱར་ནས་མི་འོང་བ་ལྟར། ཁམས་གསུམ་དུ་མི་ལྡོག་པར་ཡིད་ཆེས་པའོ། །ཆོས་ཉིད་ཟད་པའི་སྣང་བ་མཐོང་བའི་རྟགས་གསུམ་ནི། ལུས་དུར་ཁྲོད་ཀྱི་རོ་ལྟ་བུ་སྟེ། གཤེད་མ་བརྒྱ་བྱུང་ཡང་ཉམ་ང་བ་དང་བག་ཚ་བ་མེད་པའོ། །ངག་བྲག་ཆ་ལྟར་ཟུངས་ཟད་ནས་གཞན་གྱི་ལད་མོ་ཟློས་སོ། །སེམས་བར་སྣང་གི་ན་བུན་ལྟ་བུ་སྟེ། ན་བུན་དེ་དག་སྐད་ཅིག་མ་ལ་ཡལ་ནས་འགྲོ་བ་ལྟར། སྐད་ཅིག་མ་ལ་བག་ཆགས་ཀྱི་ཕུང་པོ་མི་སྣང་བར་འཚང་རྒྱའོ། །

གསུམ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི། ཀློང་གསལ་ལས། ཐོབ་པ་གསུམ་གྱིས་གཟེར་གདབ་པས། །ཟག་བཅས་ཕུང་པོ་མི་སྣང་བའོ། །ཞེས་པས། དང་པོ་སྐྱེ་བ་ལ་རང་དབང་ཐོབ་པ་ནི། ཕུང་པོའི་སྣང་བ་འགགས་ནས་རྡོས་བཅས་སུ་མི་སྣང་བས་སེམས་ཅན་གྱི་དོན་བྱེད་ན་ལག་སོར་ལ་རིག་པ་གཏད་པས་སྣང་བ་དེ་ཀུན་རང་ལོག་སྟེ། སྐབས་སུ་བེམས་པོ་ཀུན་འགུལ་(༢༠༨)ཞིང་སྒྲ་ཐོས་པ་འབྱུང་སྟེ། མི་ལ་སོགས་པའི་སེམས་ཅན་ལ་རིག་པ་བཅུག་ན་དེ་དག་ལ་རིག་པ་རང་བྱུང་གི་ཡེ་ཤེས་གནས་པའི་གནད་ཀྱིས། ལུས་ལ་བཟང་ངན་མེད་པར་མཚམས་མེད་པ་ལྔ་བྱས་པ་ཡིན་ཡང་། འདི་ཉིད་ལ་འབྱུང་བ་རང་དག་ནས་སངས་རྒྱས་པ་ལ་ཐེ་ཚོམ་མེད་དོ། །འདིའི་དུས་སུ་བེམས་པོ་ལ་རིག་པ་བཅུག་ཀྱང་དེ་ཉིད་འགུལ་བ་དང་། སྐད་འབྱིན་ནུས་པར་འོང་ངོ་། །འཇུག་པ་ལ་རང་དབང་ཐོབ་པ་ནི། སོར་མོ་ལ་རིག་པ་གཏད་ནས་རང་ལུགས་སུ་བཞག་པས་དེ་ཉིད་ལ་མི་སྣང་བར་སངས་རྒྱའོ། །རླུང་སེམས་ལ་རང་དབང་ཐོབ་པ་ནི། རླུང་ལས་སུ་རུང་བས་རླུང་སེམས་ཀྱི་ཡོན་ཏན་ཐམས་ཅད་འབྱུང་། སེམས་ཅན་གཞན་ཚེ་འཕོ་བའི་དུས་སུ་དེ་ལ་རིག་པ་བཅུག་པས། དེས་མཚམས་མེད་པ་ལྔ་བྱས་ཀྱང་རང་དང་མཉམ་པོར་འཚང་རྒྱའོ། །དེའང་ལས་ལ་བཟང་ངན་མེད་པའི་གནད་ཀྱིས་སོ། །རི་བྲག་རྣམས་ལ་ཟང་ཐལ་ཞིང་མངོན་པར་ཤེས་པ་ཕྱོགས་མེད་དུ་འཆར་རོ། །

བཞི་པ་གདེང་བཞི་ནི། མུ་ཏིག་ཕྲེང་བ་ལས། ཚད་ནི་གདེང་བཞིའི་རྣལ་འབྱོར་ཉིད། །ཅེས་པ་དང། རིན་པོ་ཆེ་སྤུངས་པ་ལས། མི་འགྱུར་ལྟ་བའི་གདེང་ཆེན་བཞིས། །མི་རྟོགས་ཡེ་ཤེས་ཚད་ཀྱང་གཟུང་། །ཞེས་པས། ཡར་གྱི་གདེང་གཉིས། མར་གྱི་གདེང་གཉིས་ཏེ་བཞིའོ། །དང་པོ་ནི་དེའི་ཚེ་དཀོན་མཆོག་གསུམ་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཐོས་ཀྱང་བྲོད་པ་མི་སྐྱེ་སྟེ། རང་གི་རིག་པ་ལས་གཞན་མེད་པར་རྟོགས་པའི་ཕྱིར་རོ། །དེ་དུས་སངས་རྒྱས་ཐོབ་ཏུ་རེ་བ་དང་། མ་ཐོབ་ཀྱིས་དོགས་པ་གཉིས་མེད་པས་ཡར་གྱི་གདེང་གཉིས་སོ། །གཉིས་པ་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་དང་། ཚེ་ཚད་ཐོས་ཀྱང་འཇིགས་སྐྲག་མེད་དེ། རང་གི་རིག་པ་ཡེ་ནས་འཁྲུལ་པ་མེད་པར་ཤེས་པའི་ཕྱིར་རོ། །དེ་དུས་འཁོར་བ་འཁྱམས་མཁན་མེད་པར་ཐག་ཆོད་པས་འཁོར་བར་ལྟུང་གིས་དོགས་པ་དང་། བདེ་འགྲོ་ཐོབ་ཏུ་རེ་བ་མེད་པས་མར་གྱི་གདེང་གཉིས་སོ། །དེ་ལྟར་མཐའ་རྟེན་གྱི་ཡོན་ཏན་ནི། ཀློང་གསལ་ལས། མཐའ་རྟེན་དག་གི་མན་ངག་གིས། །གོང་མའི་ཡོན་ཏན་མཐའ་རུ་འབྱིན། །ཞེས་སོ། །མེད་པའི་སྐྱོན་ནི་དེ་ཉིད་ལས། མཐའ་རྟེན་གནད་ཀྱི་རྒྱབ་མེད་ན། །རྫོགས་ཆེན་ཉམས་ལེན་མཐར་མི་ཕྱིན། །(༢༠༩)ཅེས་སོ། །དགོས་པ་ལའང་གཉིས་ལས། གནས་སྐབས་སུ་ཐད་སོའི་དོན་འགྲུབ་ལ། མཐར་ཐུག་གོང་མའི་རྟོགས་པ་མཐར་ཕྱིན་པའི་དགོས་པ་ཡོད་དོ། །དེ་ལྟར་རྒྱབ་བརྟེན་བཞི་མེད་ན་དེ་དག་ལས་ལྡོག་པའི་སྐྱོན་ཡོད་དོ། །དེ་དག་གིས་བརྩོན་འགྲུས་རབ་ཀྱི་གྲོལ་ལུགས་བསྟན་ཟིན་ཏོ། །

འབྲིང་བར་དོར་འཚང་རྒྱ་བའི་གདམས་ངག

བར་དོ་སྤྱིའི་རྣམ་པར་གཞག་པ།

གཉིས་པ་འབྲིང་བར་དོར་གྲོལ་བའི་གདམས་ངག་ནི། རྡོ་རྗེ་ལམ་གྱི་མཚན་ཉིད་ལས། དད་ཅན་ལེ་ལོ་དབང་པོ་ཐ་མ་ཡིས། །གོམས་པའི་ཤུགས་ཆུང་གདམས་ངག་ལྡན་པ་ཉིད། །ཆོས་ཉིད་བར་དོའི་གྲོལ་ལུགས་བསྟན་པ་ནི། །བར་དོའི་སྤྱི་གཞག་ཉམས་སུ་བླང་ཐབས་སོ། །ཞེས་པས། འདི་ལ་བར་དོ་སྤྱིའི་རྣམ་པར་གཞག་པ་དང་། བྱེ་བྲག་ཉམས་སུ་བླང་ཐབས་བསྟན་པ་གཉིས་ལས། དང་པོ་ཀློང་གསལ་ལས། བར་དོའི་དབྱེ་བ་ས་མཚམས་དང་། །གནས་ལུགས་སྣང་ལུགས་བཞི་ཉིད་དོ། །ཞེས་པས། དང་པོ་དབྱེ་བ་ནི། སྐྱེ་གནས་ཀྱི་བར་དོ། འཆི་ཁའི་བར་དོ། ཆོས་ཉིད་འོད་གསལ་གྱི་བར་དོ། སྲིད་པའི་བར་དོའོ། །

གཉིས་པ་ས་མཚམས་ནི། སྐྱེ་ནས་འཆི་ནད་ཀྱིས་ཐེབས་པ་ཚུན་ཆད་དང་པོའོ། །འབྱུང་བ་བཞིའི་ཐིམ་ལུགས་ནས་ནང་དབུགས་ཆད་པ་ཚུན་ཆད་གཉིས་པའོ། །ནང་དབུགས་ཆད་ནས་ལྷུན་གྲུབ་ཀྱི་སྣང་བ་ཚུན་ཆད་གསུམ་པའོ། །དེ་ནས་མངལ་དུ་ཚུད་པ་ཚུན་ཆད་བཞི་པའོ། །

གསུམ་པ་གནས་ལུགས་ནི། རྡོས་བཅས་གྲུབ་པས་ཡེ་ཤེས་ཀྱི་སྣང་བ་འགགས་པ་ནི་དང་པོ་སྟེ། ཉི་ཟླ་ཁ་སྦྱོར་ལས། ཁམས་རྣམས་དང་ནི་ཕུང་པོ་དང་། །སྐྱེ་མཆེད་རྣམས་དང་དབང་པོ་དང་། །ཡུལ་དང་ཡུལ་ཅན་ཤེས་པ་རྣམས། །ཞེས་སོ། །གཉིས་པའི་གནས་ལུགས་ནི། ཀློང་གསལ་ལས། འཆི་རྐྱེན་ནད་ཀྱིས་འབྱུང་བ་འཁྲུགས། །ལུས་ངག་ཡིད་གསུམ་སྡུག་བསྔལ་ལོ། །ཞེས་སོ། །གསུམ་པ་དེ་ཉིད་ལས། བདག་འཛིན་ལུས་ཀྱི་རྟེན་བོར་ནས། །ཆོས་ཉིད་དོན་ལ་སྤྱོད་པའོ། །ཞེས་སོ། །བཞི་པ་ཐལ་འགྱུར་ལས། སྔོན་འབྱུང་སྲིད་པའི་ཤ་གཟུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །མི་ལྡོག་དེ་ནི་དྲི་ཟའོ། །ཞེས་སོ། །

བཞི་པ་སྣང་ལུགས་ནི། དེ་ཉིད་ལས། བར་མ་དོ་ཡི་སྣང་བ་ནི། །རང་བཞིན་གནས་པས་ཕུང་པོ་དང་། །ཁམས་དང་ཉོན་མོངས་ཡུལ་དུ་སྣང་། །འཆི་ཁའི་(༢༡༠)ལང་ལིང་བན་བུན་དང་། །ཤེས་པ་གཅིག་ཏུ་མི་གནས་པའོ། །ཆོས་ཉིད་བར་དོའི་སྐུ་དང་ཡང་། །ཡེ་ཤེས་འོད་དང་ཁ་དོག་དང་། །ཐིག་ལེ་འབྱེད་དང་འབྱུང་སྣང་དང་། །ཅིར་སྣང་ཆོས་ཉིད་གཞལ་ཡས་སོ། །སྲིད་པའི་སྣང་བ་ཕྱད་ཕྱོད་དང་། །ཡད་ཡུད་རྨི་ལམ་སྣང་བ་ལྟར། །བདེན་སྣང་རྫུན་པ་ཡིད་ཀྱི་ཡུལ། །དཀར་སེར་ལ་སོགས་རིགས་དྲུག་འོད། །སོ་སོའི་དམིགས་ཡུལ་སྣང་བའོ། །ཞེས་སོ། །

བྱེ་བྲག་ཏུ་ཉམས་སུ་བླང་བ་བསྟན་པ།

གཉིས་པ་བྱེ་བྲག་ཏུ་ཉམས་སུ་བླང་བ་ལ་བཞི་སྟེ། སྐྱེ་གནས་ཀྱི་བར་དོ་ལ། ཐོས་བསམ་གྱི་སྒྲོ་འདོགས་གཅོད་པ་རྒྱ་ཁྲ་ཚང་དུ་འཇུག་པའམ། དེད་དཔོན་གསེར་གླིང་དུ་ཕྱིན་པ་ལྟ་བུའི་གདམས་ངག་དང་གཅིག །འཆི་ཁ་བར་དོ་ལ་གསལ་གདབ་པ་སྒེག་མོས་མེ་ལོང་བལྟ་བའམ་རྒྱལ་པོའི་བཀའ་འཕྲིན་བསྐུར་བ་ལྟ་བུའི་གདམས་ངག་དང་གཉིས། ཆོས་ཉིད་ཀྱི་བར་དོ་ལ་རང་སྣང་ལ་ཡིད་ཆེས་པ་ལམ་ཚོལ་གྲོགས་དང་འཕྲད་པའམ། མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག་དང་གསུམ། སྲིད་པའི་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་ཁ་ཆད་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་དང་བཞིའོ། །

དང་པོ་ནི་རྒྱ་ཁྲ་དེའང་ཚང་ལེགས་པར་བརྟགས་པའམ། དེད་དཔོན་རྒྱ་མཚོ་ལ་ནོར་བུ་ལེན་དུས། བྱ་རོག་དང་དུང་ལ་སོགས་པས་ཆུ་སྲིན་གྱི་སྒྲོ་འདོགས་ལེགས་པར་བཅད་ནས་འགྲོ་བ་བཞིན་དུ། འདིར་ཡང་བླ་མའི་དྲུང་དུ་ཡང་དག་པའི་གདམས་པ་ལ་ཐོས་བསམ་གྱིས་ལམ་མི་འཕྱུགས་པར་བྱེད་པ་སྟེ། དབང་པོ་རབ་འབྲིང་ཐ་མ་གསུམ་ལས། རབ་ཀྱི་རབ་སྦྲུལ་མདུད་ནམ་མཁའ་ལ་བོར་བ་ལྟར་གྲོལ་བ་དང་། རབ་ཀྱི་འབྲིང་མཚོ་ནང་དུ་ཁ་བ་བབས་པ་ལྟར་གྲོལ་བ་དང་། རབ་ཀྱི་ཐ་མ་ཆབ་རོམ་ཆུ་རུ་ཞུ་བ་ལྟར་གྲོལ་བ་སྟེ། དང་པོ་ནི། བླ་མའི་བྱིན་རླབས་དང་ཟབ་མོའི་གདམས་པ་བཏབ་པ་ཙམ་གྱིས་སྣོད་ལྡན་གྱི་སློབ་མ་དེ་ཡེ་ཐོག་དང་པོའི་ཀུན་ཏུ་བཟང་པོའི་གཞི་ཐོག་ཏུ་རྩོལ་མེད་ལྷུག་པར་གྲོལ་བའོ། །གཉིས་པ་ཟབ་མོའི་གདམས་པ་ཉམས་སུ་བླང་པས་ཉོན་མོངས་པ་ཅི་སྐྱེས་ཆོས་ཉིད་ཀྱི་ངང་དུ་རོ་གཅིག་པར་རྟོགས་ནས་རང་གྲོལ་བའོ། །གསུམ་པ་གདམས་ངག་ངོ་སྤྲད་པ་རྣམ་པ་ལྔས་ཉམས་སུ་བླང་པས་རིམ་གྱིས་འཁྲུལ་པ་རང་སྣང་དུ་ངོ་ཤེས་ཏེ་གྲོལ་བའོ། །

གཉིས་པ་འཆི་ཁ་བར་དོ་ནི་གསུམ་སྟེ། གདམས་པའི་མཚོན་ཚུལ། འབྱུང་བའི་(༢༡༡)སྡུད་ཚུལ། ངོ་སྤྲོད་ཀྱི་གདབ་ཚུལ་ལོ། །

དང་པོ་སྒེག་མོས་མེ་ལོང་ལ་བལྟས་པས་རང་གི་བཞིན་གསལ་པོར་མཐོང་བའམ། མི་ཞིག་ལ་རྒྱལ་པོས་འཕྲིན་བསྐུར་ན་ཆད་པ་བྱུང་གིས་དོགས་པས་འཕྲིན་མི་བརྗེད་པ་ལྟར། བར་དོའི་གདམས་པ་གསལ་བཏབ་པས་རང་ཉིད་འཁོར་བར་ལྟུང་གིས་དོགས་ནས་མི་བརྗེད་པ་སྟེ། དེའང་འབྲིང་གི་རབ་སྙིང་སྡུག་མཛའ་བོ་མཐོང་བ་ལྟ་བུ། འབྲིང་གི་འབྲིང་མེ་ལོང་ལ་བྱད་གསལ་བ་ལྟ་བུ། འབྲིང་གི་ཐ་མ་ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟ་བུ་གསུམ་ལས། དང་པོ་འཆི་ལྟས་ཚང་བའི་དུས་སུ་ཚེ་འདིའི་ཞེན་འཛིན་མེད་པར། བླ་མའི་གདམས་ངག་འབའ་ཞིག་ཡིད་ལ་གསལ་དུང་དུང་འདུག་པ་དེས་ཆོག་པའོ། །

གཉིས་པ་འཆི་ཁའི་དུས་དེར་བླ་མའམ་མཆེད་གྲོགས་དམ་ཚིག་དང་ལྡན་པས་ཆོས་ཉིད་བར་དོའི་གདམས་པ་རྣམས་གསལ་བཏབ་པས་གསལ་ལམ་གྱིས་འགྲོ་བ་སྟེ་དེས་ཆོག་པའོ། །

གསུམ་པ་སྐད་ཅིག་ཀྱང་གདམས་པའི་དོན་ལས་མ་ཡེངས་པར་བྱེད་པའོ། །

གཉིས་པ་ཀློང་གསལ་ལས། གང་ཞིག་སྐྱེས་བུ་འཆི་བའི་ཚེ། །རྟགས་ནི་རྣམ་པ་གཉིས་སུ་བཤད། །ཅེས་པས། ཕྱི་ནང་གི་རྟགས་གཉིས་འབྱུང་སྟེ། དེའང་སྔ་མ་ནས་འཆི་ལྟས་བརྟགས་ལ། འཆི་བ་བསླུ་བའི་ཐབས་ལ་འབད། མི་བསླུ་བའི་ཚེ་ཡོ་བྱད་ཅི་བདོག་པ་བླ་མ་དགེ་འདུན་ལ་སྤངས་དག་བྱས་ལ་རབ་གངས་ཁྲོད་དམ་རིའི་རྩེ་ལ་སོགས་པར་ཕྱིན་ནས་འཆི། འབྲིང་སྤྲང་པོ་ལྟར་རྒྱུས་མེད་པའི་ཡུལ་དུ་འཆི། ཐ་མ་རི་ཁྲོད་ལ་སོགས་དབེན་པར་ཆོས་གྲོགས་གཅིག་ཙམ་ཉེ་དྲུང་དུ་བཞག་ལ་དཀོན་མཆོག་ལ་མཆོད་པ་དང་། འབྱུང་པོ་ལ་གཏོར་མ་ཕུལ་ལ། གདམས་པ་གསལ་གདབ་པར་བྱའོ། །དེ་ཡང་ཉི་ཟླ་ཁ་སྦྱོར་ལས། སྐྱེས་བའི་ལུས་ལ་ནད་བཏབ་ནས། །རྟགས་འདི་སུ་ལ་བྱུང་བ་ནི། །འཆི་བའི་དུས་ནི་བཏབ་པ་ཡིན། །ས་ནི་ས་ལ་ཐིམ་པ་དང་། །དེ་བཞིན་མེ་དང་ཆུ་དང་རླུང་། །སོ་སོ་རང་ལ་ཐིམ་པ་ནི། །སྐྱེས་བུའི་ལུས་ལ་འདི་ལྟར་འོང་། །ཞེས་པས། འདི་ལ་འབྱུང་བའི་ཐིམ་ཚུལ། རླུང་གི་འབྲོས་ཚུལ། སྣང་བའི་སྡུད་ཚུལ་གསུམ་ལས། དང་པོ་ནི། དེ་ཉིད་ལས། ས་ནི་ས་ལ་རང་ཐིམ་པས། །ལུས་ནི་ལྕི་ཞིང་ལྡང་མི་ནུས། །ལངས་ནས་འགྲོ་བའི་སྟོབས་ཀུན་ཟད། །ཆུ་ནི་ཆུ་ལ་ཐིམ་པའི་ཚེ། །ཁ་ཆུ་སྣ་ཆུ་འཛག་པར་བྱེད། །(༢༡༢)དེ་བཞིན་མེ་ལ་མེ་ཐིམ་པས། །ཁ་སྣ་དག་ནི་རབ་ཏུ་སྐམ། །ལུས་ཀྱི་མཐའ་ཡི་དྲོད་རྣམས་འཆོར། །ལུས་ཀྱི་བཀྲག་དང་གཟི་མདངས་ཉམས། །དེ་བཞིན་རླུང་ལ་རླུང་ཐིམ་པས། །དབུགས་ནི་ངར་ངར་ཡན་ལག་གཡོབ། །མིག་ཀྱང་གྱེན་ལ་ལྡོག་པར་བྱེད། །རྟགས་འདི་སུ་ལ་བྱུང་བ་དེ། །འདི་ལ་མི་གནས་ཕ་རོལ་འགྲོ། །དེ་ཚེ་བླ་མའི་གདམས་ངག་རྣམས། །རང་གི་རྒྱུད་ལ་འདྲིས་པར་བྱ། ཞེས་སོ། །

གཉིས་པ་ཀློང་གསལ་ལས། འདེགས་བྱེད་དོན་གྱི་རླུང་འབྲོས་པས། །ལུས་ནི་མི་ཐེག་སྒྱིད་པ་སྐྱུར། །ཡན་ལག་མི་འདུས་སྨྲ་བ་དཀའ། །མི་ལྡོག་དབུགས་ནི་ཕྱི་རུ་འཕུལ། །བཀྲག་མདངས་བསྐྱེད་པའི་རླུང་འབྲོས་པས། །ལུས་ཉམས་ཁ་སྣར་བལ་དུད་ཆགས། །ཤ་ཚ་ཁ་སྐམ་གཤིན་དྲི་བསྣམས། །དྭངས་སྙིགས་འབྱེད་པའི་རླུང་འབྲོས་པས། །བཟའ་བཏུང་མི་ལེན་ལུས་སྟོབས་འཆོར། །མེ་དང་མཉམ་པའི་རླུང་བྲོས་པས། །ལུས་ཀྱི་དྲོད་ནི་མཐའ་ནས་འཆོར། །བསྐལ་པ་ལས་ཀྱི་རླུང་བྲོས་པས། །ལུས་ལ་ཟང་ཟིང་ཕྱད་ཕྱོད་ལ། །རྩ་བྲན་ཁྲག་ནི་སྲོག་རྩར་འདུས། །ཞེས་སོ། །

གསུམ་པ་ཀློང་གསལ་ལས། དེ་ཚེ་སྣང་བ་འདི་ལྟར་(༢༡༢)འདུ། །ཕྱི་ཡི་དབང་པོ་དྲན་བྱེད་རྣམས། །མུན་སྲོས་བཞིན་དུ་འུབ་ཀྱིས་འདུས། །རིག་པ་སྙིང་གི་དཀྱིལ་དུ་འདུས། །སྨྲ་ཡང་མི་ཤེས་དྲན་པ་ཉམས། །དེ་ནས་ལུས་ཀྱི་ཁྲག་འདུས་ནས། །སྲོག་རྩའི་ནང་ནས་སྙིང་དུ་བརྒྱབ། །ཁ་དང་མིག་ནི་སྐྱ་ལོག་འགྲོ། །དབུགས་ནི་ཁྲུ་གང་ཙམ་དུ་འཆད། །དེ་ནས་ཁྲག་ཐིགས་གཉིས་བརྒྱབ་པས། །མགོ་དགུག་དབུགས་ནི་མདའ་གང་འཆད། །དེ་ནས་ཁྲག་ཐིགས་གསུམ་བརྒྱབ་པས། །ཨིག་ཅིང་དབུགས་ནི་འདོམ་གང་འཆད། །དེ་ནས་ཕྱི་དབུགས་ཆད་པ་དང། །རིག་པ་སྙིང་དཀྱིལ་བརྒྱལ་ནས་སྡོད། །དེ་ནས་ནང་གི་དབུགས་ཆད་ནས། །ཆོས་ཉིད་བར་དོ་འཆར་བ་ཡིན། །ཞེས་པས་ཁྲག་ཐིགས་རྣམས་བྱུང་དུས་རྒྱལ་པོ་གདན་ལ་བཞུགས་པ་ལ། བློན་པོས་སྒྱོགས་རྡོ་འཕངས་པ་ཞེས་བྱ་སྟེ། དབུགས་རིང་ཕྱིར་མདའ་གང་འདོམ་གང་ཙམ་སོང་བ་ན། རྩ་རྦད་ཀྱིས་ཆད་ནས། ཐ་མ་སྙིང་ནང་དུ་ཁྲག་ཐིགས་གསུམ་གྱིས་འོད་གསལ་གྱི་རྩ་གང་བར་བྱས་དུས་མི་གཅིག་ཟན་ཟ་བའི་རིང་དུ་དྲན་མེད་ལ་བརྒྱལ་བའོ། །དེ་ནས་ཨ་ཧྃ་གཉིས་སྙིང་གར་འཕྲད་ནས་འོད་གསལ་འཆར་རོ། །

གསུམ་(༢༡༣)པ་ཉི་ཟླ་ཁ་སྦྱོར་ལས། བླ་མ་མཆེད་དང་རྡོ་རྗེ་སྤུན། །ཤེས་པའི་གསལ་ཡང་གདབ་པར་བྱ། །ཞེས་པས། དེ་ལྟར་འབྱུང་བ་རྣམས་ཐིམ་པར་མ་གྱུར་ཙམ་ལ། བླ་མའམ་རྡོ་རྗེ་སྤུན་སྲིང་དམ་ཚིག་དང་ལྡན་པས། རྣ་བར་སྨྱུག་མའམ་ཤོག་བུའི་སྦུབས་ལ་མཆུ་བཙུགས་པའི་ནང་ན་ཕར། རིགས་ཀྱི་བུ་ཅི་ལ་ཡང་མ་ཆགས་ཤིག །ཆོས་ཉིད་བར་དོ་ལ་སྐུ་དང་ཡེ་ཤེས་ཀྱི་ཞིང་ཁམས་འཆར་གྱིས་དེ་རང་སྣང་དུ་ཤེས་པར་གྱིས་ཤིག །བདེ་བར་གཤེགས་ཤིག་ཅེས་ལན་གསུམ་བརྗོད་པར་བྱའོ། །

གསུམ་པ་ནི་ལམ་འཕྲང་ལ་དགྲ་བྱུང་ནས་དངངས་པ་ལས། རང་གི་གྲོགས་སུ་ཤེས་པས་སྐད་ཅིག་ལ་འཇིགས་སྐྲག་དང་བྲལ་ནས་བདེ་བའམ། མ་བུ་དང་འཕྲད་པས་ཡིད་ཆེས་ལྟ་བུའི་དབང་པོའི་བྱེ་བྲག་གིས་གསུམ་ལས། ཐ་མའི་རབ་བུམ་པ་ཆག་པ་ལྟ་བུ་ནི། དེ་ནས་རླུང་རྣམ་པར་ཤེས་པ་ལ་ཐིམ་པས་ནང་དབུགས་ཆད། རྣམ་ཤེས་ནམ་མཁའ་ལ་ཐིམ་པས་དབུགས་བར་སྣང་ལ་ཡལ། དེའི་ཚེ་རིག་གདངས་སྙིང་གར་འདུས་པས་ལུས་སེམས་འབྲེལ་ཐག་ཆད། འོད་གསལ་གྱི་སྣང་བ་ཤར་བའི་དུས་དེར་སེམས་དང་ཡེ་ཤེས་རྒྱབ་གྱེས་པས་འཁོར་འདས་རྒྱབ་གྱེས་ཏེ། འཁོར་བ་ཉིད་མྱ་ངན་ལས་འདས་པར་གྲོལ་བ་ཞེས་བྱའོ། །དེའི་ཚེ་ནམ་མཁའ་འོད་གསལ་ལ་ཐིམ་པས་སྐད་ཅིག་དང་པོ་ལ་དབྱར་མ་སྟོན་གྱི་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུ་འབྱུང་སྟེ། དེ་ཉིད་ངོས་ཟིན་ན་ཀ་དག་གི་གཞི་ལ་རང་གྲོལ་བའོ། །དེ་ནས་མདུན་གྱི་ནམ་མཁའ་ལ་ཡེ་ཤེས་ཀྱི་མཐོངས་ཞེས་བྱ་བ་ཚོན་སྣ་ལྔའི་དྲུ་བུ་བརྐྱང་པ་ལྟ་བུ་མིག་ནས་ཟུག་པར་སྣང་སྟེ། མིག་ཐུགས་རྗེ་རྒྱུན་མི་འཆད་ཀྱི་ཐག་པ་རྡོ་རྗེ་སེམས་དཔའི་ཁོང་སེང་གི་ལམ་ལ་གཏད། རིག་པ་སྟོང་གསལ་འདུས་མ་བྱས་པ་ལ་གཏད་དོ། །དེ་ཉིད་ལ་མ་ཡེངས་པས་ཡར་གྱི་ཟང་ཐལ་དུ་སྐད་ཅིག་ལ་རང་གྲོལ་བའོ། །དེའི་ཚེ་དུས་མ་འགྱུར་བར་སྣང་བ་འགྱུར་ནས་ཕྱི་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ཉི་མ་ཟླ་བ་ལ་སོགས་པས་སྣང་བ་རྣམས་ནུབ། ནང་ཆོས་ཉིད་འོད་གསལ་གྱི་ཞིང་ཁམས་རྣམ་པར་དག་པ་ཕྲ་ལ་དྭངས་པ་གསལ་ལ་འཚེར་བ། རང་བཞིན་གྱིས་བཀྲ་ལ་ཉམ་ང་བ། ཕྱིའི་རྒྱ་མཚོ་ཆེན་པོ་མཐོང་བ་བཞིན་མེར་རེ་རེ་ཤར་བས། འཇིག་རྟེན་གྱི་ཁམས་ཐམས་ཅད་བརྡལ་ནས་འཆར་རོ། །དེའང་ཁ་དོག་ལྔ་ལྡན་དུ་སྣང་བ་ལ་མནན་ན་ནེམ་(༢༡༤)ཞེས་བྱེད་ཅིང་། བཏེག་ན་འཕར་ཞེས་བྱེད་པ་སྙམ་པ་སྟེ། ཐལ་འགྱུར་ལས། འདིར་ནི་ཆོས་ཉིད་བར་དོར་བཤད། །འཆི་ཁ་ལས་ནི་ཐལ་བའི་ཚེ། །རྣམ་ཤེས་ནམ་མཁའ་དག་ལ་ཐིམ། །ནམ་མཁའ་འོད་གསལ་ལ་ཐིམ་དུས། །ཕྲ་རགས་སྣང་བ་ཀུན་འགགས་ཏེ། །དབང་པོ་ཀུན་ལྡན་འོད་ཀྱི་ལུས། །ལས་དང་གྲིབ་མ་བཞིན་དུ་འགྱུར། །དེའི་ཚེ་འོད་སྣང་དུམ་བུའི་ཚེ། །མཁས་པས་སྣང་བ་མཆེད་པ་གཟུང་། །གཡོ་བ་རླུང་དག་མཆེད་པ་ཡིས། །ཁ་དོག་ལྔ་ཡི་འོད་ཟེར་རྣམས། །མ་ངེས་འཇའ་ཚོན་རིས་སུ་སྣང་། །ཞེས་པ་དང་། ཉི་ཟླ་ཁ་སྦྱོར་ལས། རང་བཞིན་དག་པའི་སྣང་བ་འདི་ལྟ་སྟེ། སྐྱེས་བུ་རྣམས་ཀྱི་རྣམ་པར་ཤེས་པ་འོད་གསལ་ལ་ཐིམ་པ་ཞེས་བྱ་སྟེ། དབུགས་ཕྱི་ནང་གི་འགྲུལ་ཐག་ཆད་མ་ཐག་ཏུ། རང་གི་དབང་པོ་རྣམས་ཀྱི་ཆ་ལས་དངོས་པོར་སྣང་བ་མེད་དེ། ཡོད་པ་སྙམ་པའི་ཤེས་པ་ནི་འབྱུང་ངོ་། །རྡོས་བཅས་ཀྱི་ལུས་ནི་མིི་སྣང་སྟེ་འོད་ཀྱི་ལུས་སུ་གསལ་ལོ། །དེའི་ཚེ་མཐོང་ཚད་ཙམ་དུ་འོད་ཟེར་ལྔའི་ད་ལར་སྣང་བའོ། །དེ་ཡང་སྣང་བའི་འོད་ཟེར་དེ་དག་ཕྱི་ནས་བལྟས་ན་ནང་གསལ་ཞིང་། ནང་ནས་བལྟས་ན་ཕྱི་གསལ་བ་ལ། སོ་སོར་མ་འདྲེས་པར་བལྟས་ན་ཤིན་ཏུ་ཕྲ་བ། འགྱུ་བ་འགུལ་བ་འཕྲིགས་པ་རབ་ཏུ་འཚེར་བ་ལ་ལྷུན་སྡུག་པའོ། །ཤིན་ཏུ་རྒྱ་ཆེ་བ་དཔག་ཅིང་བསམ་པའི་དམིགས་སུ་མ་ཚུད་པ། དཔངས་མཐོ་ལ་རྩེ་མོ་ཡངས་པ་ཞེས་བྱ་སྟེ། དེ་ཉིད་ཐམས་ཅད་ཀྱི་འབྱུང་གནས་སུ་བཞུགས་སོ། །དེ་དག་ནི་ཁ་དོག་ལྔ་ལྡན་ཏེ་དཀར་པོ་རང་ས་ན་གསལ་ལ་འོད་ཟེར་འཕྲོ་བ་དེ་བཞིན་དུ་སེར་པོ་དང་དམར་པོ་དང་ལྗང་གུ་དང་མཐིང་ག་རྣམས་ཀྱང་རང་ས་ན་གསལ་ལ་འོད་ཟེར་འཕྲོ་བ་སྟེ། དེ་དག་ཀྱང་འབྱར་ལ་མ་རེག་ཅིང་མ་འདྲེས་པར་ཁ་དོག་གསལ་ལ་ཤིན་ཏུ་ལྷུན་སྡུག་པར་གནས་སོ། །ཞེས་སོ། །དེའི་ཚེ་སྣང་བ་མཆེད་པ་རྣམས་རང་སྣང་དུ་བཟུང་སྟེ་རང་ངོ་ཤེས་པས་སྐད་ཅིག་ལ་གྲོལ་བའོ། །དེ་ཡང་བར་དོའི་སྣང་བ་འདི་དག་སྔར་བཤད་པའི་གདོད་མའི་གཞི་དང་། ལྷུན་གྲུབ་ཀྱི་སྣང་བ་རྣམས་འཆར་བ་ཡིན་པས་དེ་ཉིད་རང་ངོ་ཤེས་པ་ཙམ་གྱིས་ནང་གསལ་གདོད་མའི་གཞི་ལ་གྲོལ་བའོ། །དེ་ནས་འོད་གསལ་ཟུང་འཇུག་ལ་ཐིམ་པ་ཞེས་བྱ་བ་ཞི་ཁྲོའི་དཀྱིལ་འཁོར་མངོན་པར་སྣང་(༢༡༥)བ་སྟེ། ཐ་མའི་འབྲིང་སེང་གེའི་གསོབ་མཐོང་བ་ལྟ་བུའི་གྲོལ་ལུགས་འབྱུང་བས། གདངས་ཀྱི་སྐུ་ཐོག་མར་སྣང་བ་ནི། ཀློང་གསལ་ལས། དེ་ཚེ་སྒྲ་འོད་ཟེར་དུ་འཁྲིགས། །སྐུ་ཡི་སྣང་བས་སྐྲག་པར་བྱེད། །ཅེས་པས། སྐད་ཅིག་མ་དེ་ལ་ལུས་བོར་བའི་གནད་ཀྱིས་ལྷུན་གྲུབ་རང་གནས་ཀྱི་ཁྲག་འཐུང་ཁྲོ་བོའི་དཀྱིལ་འཁོར་སྔར་བཤད་པ་དེ་རྣམས་ཤར་སྟེ། ཆེ་བ་རི་རབ་ཙམ་དང་། འབྲིང་རི་བོ་ཙམ། ཆུང་བ་ཉུང་འབྲུ་ཙམ་པ་ཤིན་ཏུ་མང་ཞིང་མགོ་བརྙན་སྣ་ཚོགས་པས་མཚོན་ཆ་སྣ་ཚོགས་པ་ཐོགས་ནས་རང་ཉིད་གང་དུ་འགྲོ་བའི་ཕྱོགས་སུ་རྒྱུག་ཅིང་། བརྡེག་པར་སྣང་བ་དང་། འོད་ཟེར་མཚོན་ཆའི་སྣང་བས་བརྡེག་པ་དང་ཟུག་པར་སྣང་ངོ་། །འོད་ཀྱི་ནང་ནས་ཆོས་ཉིད་ཀྱི་རང་སྒྲ་འབྲུག་སྟོང་ལྡིར་བ་ཙམ་པས་རྒྱོབ་ཅིག་སོད་ཅིག་དང་། ཟུངས་ཤིག་ལ་སོགས་པའི་སྒྲ་སྐད་མི་སྙན་པ་སྣ་ཚོགས་པའི་འོད་ཀྱིས་འཇིགས་སོ། །སྒྲ་དང་ཟེར་གྱིས་སྐྲག་གོ། །དེའང་རང་སྣང་དུ་མ་ཤེས་པ་རྣམས་ལ་བདུད་དང་གཤིན་རྗེའི་སྣང་བ་ཆེན་པོ་འབྱུང་ངོ་། །དེའང་ལྷ་ཚོགས་དེ་རྣམས་གནས་ཀྱང་ཐོག་གི་དུང་ཁང་ན་ཉུང་འབྲུ་ཙམ་ལས་མེད་ཀྱང་བར་དོར་འཇིག་རྟེན་གྱི་ཁམས་ཁྱབ་པར་སྣང་ངོ་། །དེ་ཉིད་རང་སྣང་དུ་ཤེས་པས་སྐད་ཅིག་ལ་ཁྲག་འཐུང་གི་སྐུར་གྲོལ་ནས་སངས་རྒྱས་པ་ནི། བླ་མའི་གདམས་ངག་གིས་རང་སྣང་རིག་པའི་རྩལ་དུ་ངོ་ཤེས་པས་སེང་གེའི་གསོབ་མཐོང་བ་ལྟ་བུར་མཚང་ཕུག་ནས་རིག་སྟེ། སྔར་གོམས་པའི་གདམས་པའི་འོད་གསལ་མ་དང་། ཕྱིས་ཤར་བ་བུ་རང་བྱུང་གི་འོད་གསལ་གཉིས་མ་བུ་འདྲེས་ཏེ། རང་ཤར་རང་གྲོལ་རང་གསལ་དུ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར་རང་རིག་རང་གསལ་དུ་རང་གྲོལ་བའོ། །འདིའི་ངོ་སྤྲོད་མ་ཐོབ་ན་གང་ཟག་བཟང་པོ་རྣམས་ཀྱང་འདི་ནས་ལྡོག་སྟེ། མན་ངག་སྙིང་གི་དགོངས་པ་ལས། ཀྱཻ་གསང་བའི་བདག་པོ་ད་ལྟ་ངོ་མ་འཕྲོད་ན་སྒོམ་སྒྲུབ་ཇི་ཙམ་བྱས་ཀྱང་འཚང་མི་རྒྱའོ། །གདམས་ངག་དང་མ་འཕྲད་པས་འོད་ཀྱིས་འཇིགས་སོ། །སྒྲས་དངངས་སོ། །ཟེར་གྱིས་སྐྲག་གོ། །གདམས་པའི་གནད་མ་ཤེས་ན་སྒྲ་འོད་ཟེར་གསུམ་ངོ་མ་ཤེས་པས་འཁོར་བར་འཁྱམས་སོ། །ཞེས་གསུངས་སོ། །དེ་ནས་ཐ་མའི་ཐ་མ་འབྲས་ཀྱི་ལྗང་བུ་ལྟ་བུ་ནི། རིམ་གྱིས་འཆར་ཚུལ་རྣམས་འབྱུང་བ་ལ་གྲོལ་ཏེ། ཐལ་འགྱུར་ལས། (༢༡༦)འཇུག་ཅིང་སྨིན་པའི་རླུང་ལ་ཡང་། །ཕྱོགས་བཞི་མཚམས་དང་སྟེང་འོག་གྲུབ། །དེ་ལ་ཕྱོགས་ཀྱི་འོད་འདུས་པས། །རིགས་ལྔའི་སྐུ་ཡང་མངོན་པར་སྣང་། །མཐིང་ག་དཀར་སེར་དམར་ལྗང་ནི། །སོ་སོའི་ཡུམ་དང་བཅས་པར་སྣང་། །སོ་སོའི་ཚོམ་བུ་རྫོགས་པ་ལས། །ལྔ་ལྡན་བཅུ་ལྡན་བརྒྱ་ལྡན་ལ། །ཚོམ་བུ་སྟོང་དང་འབུམ་ཕྲག་ནི། །བསམ་ངོ་རང་བཞིན་དག་པ་ཡིས། །བརྗོད་ཀྱིས་མི་ལངས་གྲངས་མེད་འཆར། །ཞེས་པ་དང་། སྔ་མའི་འཕྲོ་ལས། ཡང་སྔ་མ་དེ་དག་སྐུའི་སྣང་བ་རང་འཆར་ཏེ་སྐུ་དེ་དག་ཀྱང་མི་ཆེ་བ། མི་ཆུང་བ། ཆ་མཉམ་པ། རྒྱན་དང་། ཁ་དོག་དང་། བཞུགས་ཚུལ་དང་། གདན་ཁྲི་དང་། རང་རང་གི་ཕྱག་རྒྱ་དང་བཅས་པ་སྟེ། སྐུ་དེ་དག་ཀྱང་ལྔ་ལྔའི་ཟུང་གིས་ཁྱབ་པ། ལྔ་མཚན་རེ་རེ་ལ་འོད་ལྔ་ལྔའི་མུ་ཁྱུད་དང་བཅས་པ། ཡབ་ཀྱི་ཆ་འཛིན་པའི་རིགས་དང་། ཡུམ་གྱི་ཆ་འཛིན་པའི་རིགས་དང་། སེམས་དཔའ་དང་། སེམས་མའི་རིགས་དང་། དཀྱིལ་འཁོར་ཐམས་ཅད་ལ་རྫོགས་པར་གནས་སོ། །ཞེས་པས་ཞག་ལྔར་སྣང་སྲིད་ཐམས་ཅད་འོད་དང་སྐུར་འཆར་ཏེ། དེའང་ཞག་དང་པོར་རྣམ་སྣང་ཡུམ་དང་བཅས་པ། ཤར་མི་བསྐྱོད་པ། ལྷོར་རིན་ཆེན་འབྱུང་ལྡན། ནུབ་ཏུ་འོད་དཔག་མེད། བྱང་དུ་དོན་ཡོད་གྲུབ་པ་ཡུམ་དང་བཅས་པ། སེམས་དཔའ་བརྒྱད། སེམས་མ་བརྒྱད་དང་བཅས་པ། སྒོ་བ་ཡབ་ཡུམ་བཞི་དང་བཅས་པ་འཆར་རོ། །དེ་བཞིན་དུ་ཞག་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ལྔ་པ་རྣམས་སུ་མི་བསྐྱོད་པ་ལ་རིགས་ལྔས་བསྐོར་བ་སྔ་མ་བཞིན་འཆར་རོ། །རིན་ཆེན་འབྱུང་ལྡན་དང་། འོད་དཔག་མེད་དང་། དོན་ཡོད་གྲུབ་པ་རྣམས་ལ་སྔ་མ་བཞིན་བསྐོར་བའི་ཚོམ་བུའི་དཀྱིལ་འཁོར་ལྔ་ལྡན་དང་། བཅུ་ལྡན་དང་། བརྒྱ་ལྡན་དང་། སྟོང་ལྡན་དང་། འབུམ་ལྡན་དང་། གྲངས་མེད་ལྡན་རྣམས་འཆར་ཏེ། ཕྱོགས་བཅུར་རིགས་ལྔའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མཛད་པའི་རྣམ་པར་རོལ་པ་རྣམས་ལ་ལྔ་ལྡན་ནས་གྲངས་མེད་ལྡན་གྱི་བར་སྦྱར་ཏེ། ནམ་མཁས་གར་ཁྱབ་པར་སངས་རྒྱས་ཀྱི་ཞིང་ཁམས་ཆེན་པོས་ཁྱབ་ཅིང། རང་ཉིད་ཀྱང་འོད་ལུས་སུ་སྣང་བའི་སྙིང་ག་དང་དཀྱིལ་འཁོར་དེ་དག་གི་ཐུགས་ཀར་འོད་ཟེར་ལྔའི་ཟེར་ཐག་(༢༡༧)སྦྲེལ་མས་འབྲེལ་པར་སྣང་ངོ་། །

དེ་དག་ཐམས་ཅད་ཀྱང་ཕྱི་ནང་ཀུན་ཏུ་གསལ་ལ་ལྟེམ་མེར་རེ་ཁྱིལ་ལེ་བ་ཁ་དོག་སོ་སོར་གསལ་ཞིང་མ་འདྲེས་པ་ལ། ཕྲ་བ། འགྱུ་བ། འཕྲིགས་པ། རབ་ཏུ་འཚེར་བ། རྒྱ་ཆེ་བ། ལྷུན་བརྗིད་པ། དཔངས་མཐོ་བ། དམིགས་སུ་མི་ཚུད་པ། འོད་ཟེར་མཐའ་ཡས་པ། ཀུན་ཏུ་འཕྲོ་བ་སྟེ། ཀློང་གསལ་ལས། དེ་ལྟར་སྣང་བ་དེ་དག་ལ། །རིགས་ལྔ་ཡབ་ཡུམ་ཚོམ་བུར་གསལ། །དཔག་མེད་གྲངས་ལས་འདས་པ་ལ། །ཁ་དོག་ཕྱག་རྒྱ་རྒྱན་དང་ལྡན། །གདན་ཁྲི་བཞུགས་ཚུལ་ཆ་སྙོམས་པར། །ལྔ་ལྔའི་ཟུང་ལ་འོད་ཀྱིས་བསྐོར། །ཡབ་ཡུམ་སོ་སོའི་ཆ་འཛིན་པ། །སེམས་དཔའ་དང་ནི་སེམས་མར་བཅས། །དཀྱིལ་འཁོར་ཆིག་རྫོགས་ཉིད་དུ་འཆར། །ཞེས་སོ། །

འདིའི་དུས་སུ་དུས་གསུམ་གནད་ཀྱི་གདམས་པ་དྲན་པར་བྱ་བ་ལ་འཇུག་པ་ཤེས་པའི་གནད། གྲོལ་བ་ལུས་ཀྱི་གནད། མཐར་ཕྱིན་པ་ངོ་ཤེས་པའི་གནད་དོ། །

དང་པོ་རིག་པ་འོད་ལ་ཕར་འཇུག་པ་དང་། འོད་རིག་པ་ལ་ཚུར་འཇུག་པ་ལ་གཉིས་ལས། དང་པོ་ཀློང་གསལ་ལས། དེ་ཚེ་རང་གི་སྙིང་ག་ནས། །ཟེར་ཐག་འོད་ཀྱི་ལུ་གུ་རྒྱུད། །ཚོམ་བུའི་ཐུགས་ཀར་འབྲེལ་སྙམ་ལས། །དེ་དག་ཐིག་ལེས་རབ་བརྒྱན་པས། །ཤེས་པ་ཟིན་པས་བསམ་གཏན་སྐྱེ། །ཞེས་པ་དང་། ཉི་ཟླ་ཁ་སྦྱོར་ལས། དེ་ཚེ་རང་གི་སྙིང་ག་ནས་འོད་ཤིན་ཏུ་ཕྲ་བ་གཅིག་འཆར་ཏེ། ཚོམ་བུའི་འོད་ཟེར་དང་རང་གི་སྙིང་གའི་འོད་ཟེར་དེ་གཉིས་འབྲེལ་བའི་ཚེ། སྐུ་དེ་དག་ཐམས་ཅད་ཀྱི་ཐུགས་ཀར་འབྲེལ་ཏེ་འཆར་རོ། །དེ་ལ་རང་གི་ཤེས་པ་ཟིན་ཏེ་ཟེར་ཐག་དེ་ལ་ཡང་ཐིག་ལེ་ཕྲ་མོ་གྲངས་མེད་པ་འཆར་རོ། །ཞེས་སོ། །

གཉིས་པ་དེ་ནས་ཚོམ་བུའི་འོད་སྣང་གི་སྐུ་རྣམས་རང་ལ་ཐིམ་པ་ནི། སྔ་མ་ལས། དེ་ནས་རང་གི་སྙིང་ག་ནས། །འོད་ཟེར་ཚོན་སྐུད་སྒྲིལ་བ་གཅིག །ཚོམ་བུའི་ཐུགས་ཀར་འབྲེལ་བར་སྣང་། །དེ་ནས་ཚོམ་བུའི་སྐུ་དེ་རྣམས། །རང་ལ་ཐིམ་པའི་སྣང་བ་འཆར། །ཞེས་པ་དང་། ཉི་ཟླ་ཁ་སྦྱོར་ལས། དེ་ནས་ཡང་རང་གི་སྙིང་ག་ནས་འོད་ཟེར་གྱི་ཟེར་ཐག་ཚོན་སྐུད་སྒྲིལ་བ་ཙམ་ཞིག་འཆར་ཏེ། དེ་ནས་སྐུ་དེ་དག་ཐམས་ཅད་རང་གི་ལུས་ལ་ཐིམ་པ་སྙམ་བྱེད་པའི་སྣང་བ་འཆར་ཏེ། དེ་ནི་འོད་རང་གི་རིག་པ་ལ་ཚུར་འཇུག་པ་ཞེས་བྱའོ། །དེའི་ཚེ་སྐྱེས་(༢༡༨)བུ་རྣམས་ཀྱིས་ཡིད་ཆེས་པ་ཕ་མ་དང་བུ་ཚ་འཕྲད་པ་ལྟ་བུའི་གདམས་ངག་དྲན་པར་གྱིས་ཤིག །ཅེས་སོ། །

གཉིས་པ་གྲོལ་བ་ལུས་ཀྱི་གནད་ནི། ཀློང་གསལ་ལས། ཕུང་པོ་ལྔ་ཡི་གཟུང་འཛིན་དྭངས། །ལོངས་སྤྱོད་རྫོགས་པའི་སྐུ་རུ་གྲོལ། །འབྱུང་བ་ཉོན་མོངས་རང་གྲོལ་བས། །འོད་གསལ་མ་བུར་རིག་པ་གྲོལ། །ཞེས་པས། དེ་དུས་སུ་ཕུང་པོ་ལྔའི་བདག་ཏུ་འཛིན་པ་རང་སར་དེངས་ཏེ་ལུས་འོད་གསལ་དུ་གྲོལ་ནས། ཆོས་ཉིད་ལ་གནས་ཤིང་འབྱུང་བ་ཕྲ་རགས་ལས་གྲོལ་བས། སྣང་བ་ཐམས་ཅད་འོད་གསལ་བདེ་བ་ཆེན་པོར་གྲོལ་ལ། ཉོན་མོངས་པ་ཕྲ་རགས་ལས་གྲོལ་བས་རིག་པའི་ཡེ་ཤེས་མ་ལ་བུ་ཐིམ་དུ་སོང་བའོ། །དེ་ནས་ཟུང་འཇུག་ཡེ་ཤེས་ལ་ཐིམ་པ་ཞེས་བྱ་སྟེ། འདིའི་དུས་སུ་ཡེ་ཤེས་བཞི་སྦྱོར་རྡོ་རྗེ་སེམས་དཔའ་ཁོང་སེང་གི་ལམ་འཆར་བ་ནི། རང་གི་སྙིང་ག་ནས་འོད་ཁ་དོག་བཞིའི་ཐག་པ་སྟེང་གི་ནམ་མཁའ་ལ་ཟུག་པའི་སྣང་བ་འཆར་ཏེ། ཉི་ཟླ་ཁ་སྦྱོར་ལས། རང་གི་སྙིང་ག་ནས་འོད་ཀྱི་ཟེར་ཐག་ཤིན་ཏུ་ཕྲ་བ་ཞིག་འཆར་རོ། །དེ་ནི་སྟེང་གི་ནམ་མཁའ་ལ་གྱེན་དུ་ཟུག་པར་སྣང་ངོ་། །དེའི་དུས་སུ་རང་གིས་མ་ཡེངས་པར་བལྟས་པས་སྣང་བ་དེ་གཞན་དང་མ་འདྲེས་པར་སྣང་བས་ཤིན་ཏུ་རྒྱ་ཆེ་བར་འཆར་ཏེ། དེ་ཡང་དང་པོ་མཐིང་གའི་སྣམ་བུས་སྟེང་དུ་ཐིག་ལེ་ཟེར་དང་ལྡན་པ་མེ་ལོང་ཁ་སྦུབས་པ་ཙམ། དཔེར་ན་མུ་མེན་གྱི་ཕོར་བ་ཁ་སྦུབ་པ་ལྟ་བུ་ལ་ཡེ་ཤེས་ཀྱི་གཏིང་མདངས་དང་ལྡན་པ་ཤིན་ཏུ་གསལ་ལ་འཚེར་བ། དེ་ཡང་རང་བཞིན་གྱི་ཐིག་ལེ་ལྔ་ལྔས་བརྒྱན་པའོ། །དེའི་མཐའ་དང་དབུས་མེད་པར་ཐིག་ལེ་དང་ཐིག་ཕྲན་གྱིས་བརྒྱན་པ་འཆར་རོ། །ཡང་དེའི་སྟེང་དུ་དཀར་པོ་སྣམ་བུའི་སྟེང་དུ་ཐིག་ལེ་ཤིན་ཏུ་གསལ་བ། དཔེར་ན་ཤེལ་གྱི་ཕོར་བ་ཁ་སྦུབ་པ་ལྟ་བུའི་ཡེ་ཤེས་ཀྱི་གཏིང་མདངས་དང་བཅས་པ་སྔ་མ་ལྟར་འཆར་རོ། །ཡང་སེར་པོའི་སྣམ་བུའི་སྟེང་དུ་དཔེར་ན་གསེར་གྱི་ཕོར་བ་ཁ་སྦུབ་པ་ལྟ་བུ་ལ་གོང་དང་འདྲ་བ་འཆར་རོ། །ཡང་དེའི་སྟེང་དུ་དམར་པོའི་སྣམ་བུའི་སྟེང་དུ་དཔེར་ན་པདྨ་རཱ་གའི་ཕོར་བ་ཁ་སྦུབ་པ་ལྟ་བུ་ལ་གོང་དང་འདྲ་བར་འཆར་རོ། །དེའི་སྟེང་དུ་འོད་ཟླུམ་པོ་ཤིན་ཏུ་གསལ་བ་རྨ་བྱའི་གདུགས་ལྟ་བུར་འཆར་རོ། །དེ་དག་ཀྱང་ཡེ་ཤེས་བཞིའི་སྣང་བ་སྟེ། བྱ་བ་གྲུབ་པའི་ཡེ་(༢༡༩)ཤེས་རྩལ་མ་རྫོགས་པས་མི་སྣང་ངོ་། །དེ་ནི་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཞེས་བྱ་སྟེ། རྡོ་རྗེ་སེམས་དཔའ་ཁོང་སེང་གི་ལམ་ཞེས་བྱའོ། །ཞེས་གསུངས་སོ། །དེའི་ཚེ་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་གདམས་ངག་དྲན་པར་བྱའོ། །

གསུམ་པ་དེ་ནས་མཐར་ཕྱིན་པ་ངོ་ཤེས་པའི་གནད་གསུམ་སྐྱེ་སྟེ། སྔར་གྱི་སྣང་བ་དེ་རྣམས་ལ་ཡིད་ཆེས་པ་མ་བུ་འཕྲད་པ་ལྟ་བུ་དྲན་པས། སྔར་འདྲིས་ཀྱི་མི་ཕྱིས་མཐོང་བས་ངོ་ཤེས་ཏེ་སྒྲོ་འདོགས་ཆོད་པ་ལྟར་རང་སྣང་དུ་ངོ་ཤེས་པས་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུ་སྟེ། དེ་ཡང་སྨན་པ་མཁས་པས་སྙིང་ཆུ་ཞུགས་པ་གསེར་གྱི་ཐུར་མས་ལམ་དུ་འདྲེན་པ་ལྟར། ཆོས་ཉིད་རྣམ་པར་དག་པའི་ལམ་འགྱུར་བ་མེད་པར་ཡིད་ཆེས་པས་རྒྱུན་གྱི་ཏིང་ངེ་འཛིན་སྐྱེའོ། །དེ་ནས་ཕྱིར་མི་ལྡོག་པ་མངལ་ནས་སྐྱེས་པའིི་བུའམ། གྱད་རྩལ་པོ་ཆེས་མདའ་འཕང་བ་ལྟར་རིག་པ་ལྷུན་གྲུབ་རིན་པོ་ཆེའི་སྐུ་ལ་ཐིམ་པའི་ཚེ། ཡེ་ཤེས་ལྷུན་གྲུབ་རིན་པོ་ཆེར་ཐིམ་པ་ཞེས་བྱ་སྟེ། རང་སྣང་ཐམས་ཅད་སྟོན་ཀའི་ནམ་མཁའ་རྣམ་པར་དག་པ་ལྟ་བུའི་ཐ་མ་འོད་ལྔའི་མུ་ཁྱུད་ཟླུམ་པོས་བསྐོར་བ། དཔེར་ན་ཉི་མ་འཇས་འཁྱིལ་བ་ལྟ་བུ་དབང་པོའི་སྤྱོད་ཡུལ་དུ་གྱུར་ཚད་འཆར་རོ། །དེའི་སྟེང་དུ་འོད་ཟླུམ་པོ་ཁ་དོག་ལྔ་ལྡན་ཤིན་ཏུ་གསལ་བ་གཅིག་འཆར་རོ། །དེའི་ཚེ་ཀློང་གསལ་ལས། ལྷུན་གྲུབ་རིག་པའི་འཆར་ཚུལ་ལས། །རྣམ་པ་བརྒྱད་དུ་འཆར་བའོ། །ཞེས་པས། དེའང་རིག་པ་འདི་ཐུགས་རྗེ་ལྟར་ཤར་བས་འཁོར་འདས་རྒྱ་མ་ཆད། འོད་ལྟར་ཤར་བས་སྣང་བ་ཐམས་ཅད་ནང་དུ་གསལ། སྐུ་ལྟར་ཤར་བས་ཤེས་པ་ཁ་ཕྱིར་མ་ཤོར། ཡེ་ཤེས་ལྟར་ཤར་བས་སྣང་བ་ཐམས་ཅད་ཟང་ཐལ། གཉིས་མེད་ལྟར་ཤར་བས་རང་གི་ཤེས་པ་རྩེ་གཅིག་ཏུ་གནས། མཐའ་གྲོལ་ལྟར་ཤར་བས་མཐའ་གང་ལ་ཡང་མི་གནས། མ་དག་པ་སྲིད་པའི་སྒོ་ལྟར་ཤར་བས་སྲིད་པའི་འབྱུང་ཁུངས་མི་འགགས། དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བས་ཆོས་ཉིད་མ་བུ་འབྲེལ་བའོ། །དེའང་སྣང་བ་དེ་ཀུན་གྱི་ནང་ན་ལྷའི་སྐུ་སྣ་ཚོགས་དང་། མར་འགྲོ་བ་རིགས་དྲུག་གི་ཡུལ་སྣ་ཚོགས་པ་སྣང་ཞིང་དེ་དག་གི་སྒྲ་སྐད་སྣ་ཚོགས་སུ་ཤེས་པ། ཡར་ཀ་དག་གི་སྣང་བ་མཐོང་ལ། ཐད་ཀར་སངས་རྒྱས་ཀྱི་ཞིང་ཁམས་ཚད་མེད་པ་མཐོང་བའོ། །དེའང་རིན་པོ་ཆེ་སྤུངས་པ་ལས། (༢༢༠)ཐུགས་རྗེ་ལྟ་བུའི་འཆར་ཚུལ་ལས། །སེམས་ཅན་ཀུན་གྱི་སྐྱབས་པའི་གནས། །སྣང་བ་དྭངས་གསལ་འགག་མེད་ལས། །འོད་ལྔའི་གསལ་བྱེད་ཚུལ་དུ་སྣང་། །མཁྱེན་པའི་སྣང་ཆ་མ་འགགས་པས། །ཡེ་ཤེས་དག་པའི་སྒོ་ཉིད་དུ། །སྣང་བ་འགགས་མེད་ལམ་ལྟར་ཤར། །རང་སྣང་ལུས་ཀུན་མཐའ་རྫོགས་ཕྱིར། །ཆོས་རྣམས་ཀུན་གྱི་སྐུ་ལྟར་སྣང་། །ཤེས་པའི་ངོ་བོ་གཅིག་ཡིན་པས། །གཉིས་སུ་མེད་པ་ལྟར་ཡང་ཤར། །དེ་ཉིད་རང་སར་གནས་མེད་པས། །མཐའ་གྲོལ་ཆེན་པོའི་སྣང་བ་ནི། །ངེས་མེད་ལྷུན་གྲུབ་གཞི་ལ་སྣང་། །རིག་པ་ཟང་ཐལ་ཆིག་རྫོགས་ཕྱིར། །དག་པ་ཡེ་ཤེས་ཉིད་ཀྱི་སྒོ། །ངོ་བོ་ཉིད་དང་འབྲེལ་བའོ། །འབྱུང་ཚུལ་འགགས་པ་མེད་པའི་ཕྱིར། །སེམས་ཅན་ཀུན་གྱི་བྱུང་ཁུངས་སོ། །མ་དག་འཁོར་བའི་སྒོ་ལྟར་ཡང་། །ཁྱབ་བྱེད་སྣང་བའི་ཆ་ལས་ཤར། །ཞེས་སོ། །དེའི་སྐད་ཅིག་མ་མངོན་པར་ཤེས་པ་དྲུག་ཕྲག་དྲུག་ཀྱང་འཆར་ཏེ། ཀློང་གསལ་ལས། དེ་ཚེ་རིགས་ཀྱི་བུ་དེ་ལ། །མངོན་པར་ཤེས་པ་དྲུག་ཕྲག་དྲུག །ཅེས་པས། དབང་པོའི་མངོན་པར་ཤེས་པ་དྲུག །སེམས་ལས་སུ་རུང་བའི་མངོན་པར་ཤེས་པ་དྲུག །ཤེས་རབ་ལ་དབང་ཐོབ་པའི་མངོན་པར་ཤེས་པ་དྲུག །ཡེ་ཤེས་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག །ཆོས་ཉིད་ཕྱིན་ཅི་མ་ལོག་པའི་མངོན་པར་ཤེས་པ་དྲུག །སངས་རྒྱས་ཀྱི་གཟིགས་པ་ཕྱིན་ཅི་མ་ལོག་པའི་མངོན་པར་ཤེས་པ་དྲུག་འཆར་རོ། །ཡང་སྐད་ཅིག་མ་དེ་ལ་མངོན་པར་ཤེས་པ་དགུ་ཡང་འཆར་ཏེ། དེའི་ཚེ་རིགས་ཀྱི་བུ་དེ་ལ། མངོན་པར་ཤེས་པ་དགུ་འཆར་ཏེ། །ཞེས་པས་སྐུའི་གསུམ་ནི་ཡར་ཆོས་ཀྱི་སྐུ་སྐྱེ་བ་མེད་པར་ཤེས། བར་ལོངས་སྐུའི་ཚོམ་བུ་རང་གསལ་དུ་ཤེས། མར་སྤྲུལ་སྐུ་དང་རིགས་དྲུག་གི་སྐྱེ་གནས་ཤེས་པའོ། །གསུང་གི་གསུམ་ནི་ཡར་ཆོས་སྐུའི་གསུང་བརྗོད་མེད་ཆེན་པོར་ཤེས། བར་ལོངས་སྐུའི་གསུང་གསལ་གདངས་ཆེན་པོར་ཤེས། མར་སྤྲུལ་སྐུའི་གསུང་རིགས་དྲུག་གི་སྒྲ་སྐད་ཤེས་པའོ། །ཐུགས་ཀྱི་གསུམ་ནི་ཡར་ཆོས་སྐུའི་ཐུགས་ཀ་དག་ཆེན་པོར་ཤེས། བར་ལོངས་སྐུའི་ཐུགས་ལྷུན་གྲུབ་ཆེན་པོར་ཤེས། མར་སྤྲུལ་སྐུའི་ཐུགས་འཁོར་འདུས་ཀྱི་བསམ་པ་ཤེས་པའོ། །དངོས་པོ་གཤིས་ཀྱི་འདུག་ཚུལ་དེ་ཡང་རྗེས་སུ་དྲན་པ་བདུན་ལས་བྱུང་སྟེ། བླ་མ་རྗེས་སུ་དྲན་(༢༢༡)པས་ཟབ་མོའི་གདམས་པ་ལ་དབང་བསྒྱུར། གདམས་པ་རྗེས་སུ་དྲན་པས་བར་དོར་རང་གི་ཆོས་ཉིད་ལ་དབང་བསྒྱུར། ལྟ་བ་རྗེས་སུ་དྲན་པས་མི་འགྱུར་བའི་གདེང་དུ་ཐག་ཆོད། སྒོམ་པ་རྗེས་སུ་དྲན་པས་རང་བཞིན་གྱི་བསམ་གཏན་ལ་ཞག་ལྔར་གནས། སྤྱོད་པ་རྗེས་སུ་དྲན་པས་སྔར་འདྲིས་ཀྱི་མི་དང་འཕྲད་པ་བཞིན་དག་པའི་ཡེ་ཤེས་ལ་སྤྱོད། ལྷ་རྗེས་སུ་དྲན་པས་རང་སྣང་དཀྱིལ་འཁོར་དུ་རང་གྲོལ། སྐྱེ་གནས་རྗེས་སུ་དྲན་པས་དབང་པོ་ཐ་མ་རྣམས་རང་བཞིན་སྤྲུལ་པའི་སྐུའི་ཞིང་ཁམས་སུ་དབུགས་འབྱིན་པའོ། །དེ་ནས་མི་བརྗེད་པའི་གཟུང་དང་ཏིང་ངེ་འཛིན་ཐོབ་པས་སྔོན་ཐོས་པའི་ཆོས་ཐམས་ཅད་རྒྱུད་ལ་དུས་གཅིག་ཏུ་འཆར་ཞིང་། མ་དག་པའི་སྣང་བ་མི་སྐྱེ་ངེས་སོ། །དེ་བཞིན་དུ་སྔར་མ་ཐོས་པའི་ཆོས་རྣམས་ཀྱང་འཆར་བས་ན་ཆོས་ཉིད་ཀྱི་བར་དོ་ཞེས་བྱའོ། །རྒྱུན་གྱི་ཏིང་ངེ་འཛིན་ནི་རྒྱུད་ལ་རང་བཞིན་གྱིས་འཆར་བས་རྣམ་རྟོག་ངན་པ་ཐམས་ཅད་གཏན་ནས་མི་སྐྱེའོ། །དེ་ནས་སྐད་ཅིག་མ་གསུམ་པ་ལ་ལྷུན་གྲུབ་ཀྱི་ས་ལ་ངེས་པའམ་གདེང་རྙེད་ནས་ཐིམ་ལུགས་བརྒྱད་ཀྱང་དུས་གཅིག་ལ་འབྱུང་སྟེ། རང་ཤར་ལས། ཀྱེ་གྲོགས་པོ་དག་ལྷུན་གྲུབ་ཀྱི་སྣང་བ་རང་ཉིད་ཀྱི་སྟོབས་སུ་གྱུར་ནས། བདེན་པ་མཐོང་བའི་ཚེ་ཐིམ་ལུགས་བརྒྱད་པོ་ངོ་ཤེས་པར་བྱའོ། །དེའང་ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པ་ནི་དཔེར་ན་ཉི་མ་ནུབ་པའི་འོད་ཟེར་ལྟ་བུའོ། །ཡེ་ཤེས་ཡེ་ཤེས་ལ་ཐིམ་པ་ནི་དཔེར་ན་མ་པང་དུ་བུ་ཞུགས་པ་ལྟ་བུའོ། །འོད་འོད་ལ་ཐིམ་པ་ནི་དཔེར་ན་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟ་བུའོ། །སྐུ་སྐུ་ལ་ཐིམ་པ་ནི་དཔེར་ན་བུམ་པའི་སྐུ་ལྟ་བུའོ། །གཉིས་མེད་གཉིས་མེད་ལ་ཐིམ་པ་ནི་དཔེར་ན་ཆུ་བོ་ལ་ཆུ་བོ་ཐིམ་པ་ལྟ་བུའོ། །མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པ་ནི་དཔེར་ན་ནམ་མཁའ་ལ་ནམ་མཁའ་ཐིམ་པ་ལྟ་བུའོ། །མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ཀྱི་སྒོ་ལ་ཐིམ་པ་ནི་དཔེར་ན་སྦྲའི་ཆོན་ཐག་བསྡུས་པ་ལྟ་བུའོ། །དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོའི་སྒོ་ལ་ཐིམ་པ་ནི་དཔེར་ན་སེང་གེས་གངས་ཟིན་པ་ལྟ་བུའོ། །ཞེས་པས། དེའང་ལྷུན་གྲུབ་ཀྱི་ས་ལ་གདེང་རྙེད་པའི་ཚེ་ཕྱིར་གསལ་གྱི་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ནང་གསལ་ལ་ཐིམ་པ་ངོས་འཛིན་པ་སྟེ། དེའང་ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པ་ནི་ཉི་མ་རྒས་པའི་དུས་ན་ཟེར་ཉི་མ་ལ་འདུས་པ་ལྟར། རིགས་དྲུག་གི་སྣང་བ་རང་ལ་འདུས་ནས་མ་དག་པ་འཁྲུལ་པའི་མིང་མེད་དེ་མཐོང་སྣང་ལས་འདས་སོ། །འོད་འོད་ལ་ཐིམ་པ་ནི་ནམ་མཁའ་ལ་འཇའ་ཚོན་ཡལ་བ་ལྟར་འོད་དང་ཁ་དོག་མཚན་མའི་རིས་མེད་དེ། སྟོང་པ་ངོས་གཟུང་དང་བྲལ་བའི་དབྱིངས་སུ་རོ་གཅིག་གོ། །སྐུ་སྐུ་ལ་ཐིམ་པས་བུམ་པའི་སྐུ་ལྟར་ཤེས་བྱ་ནང་དུ་གསལ་བས། མཚན་མ་རིས་ཅན་གྱི་ཞལ་ཕྱག་ཏུ་གྲུབ་པ་མེད་པས་རང་ངོ་རྣམ་པར་དག་གོ། །ཡེ་ཤེས་ཡེ་ཤེས་ལ་ཐིམ་པས་མ་པང་དུ་བུ་ཞུགས་ཏེ་ཆོས་ཉིད་མ་དང་བུ་གཉིས་གཉིས་མེད་དུ་འདྲེས་སོ། །གཉིས་མེད་གཉིས་མེད་ལ་ཐིམ་པས་ཆུ་བོ་ཆུ་བོ་ལ་ཐིམ་པ་ལྟར་དབྱེར་མེད་སྤྲོས་པ་དང་བྲལ་བའོ། །མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པས་ནམ་མཁའ་ལ་ནམ་མཁའ་ཐིམ་པ་ལྟར་སྟོང་པ་ལ་གཏད་པའི་ཡུལ་མེད་དོ། །མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ཀྱི་སྒོ་ལ་ཐིམ་པས་སྦྲའི་ཆོན་ཐག་བསྡུས་པ་ལྟར་ཐིག་ལེ་ཉག་གཅིག་ལ་འདུས་སོ། །དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ཉིད་ལ་ཐིམ་པས་སེང་གེས་གངས་ལ་ཟིན་པ་ལྟར་ཡ་ང་བ་དང་བྲལ་བའོ། །རིན་ཆེན་སྤུངས་པ་ལས། རོལ་པ་ཙམ་དུ་ཐིམ་ལུགས་བརྒྱད། །ཡོན་ཏན་ཚུལ་དུ་འདི་ལྟར་རོ། །ཐུགས་རྗེ་ཉིད་ནི་ཐུགས་རྗེ་ལ། །རང་གི་ངོ་བོ་རང་ཐིམ་པས། །དཔེར་ན་ཉི་མའི་སྙིང་པོ་ལ། །རང་གི་ཟེར་རྣམས་ཐིམ་པ་ལྟར། །གཟིགས་སྣང་ཐ་དད་མྱ་ངན་འདས། །ཞེས་པ་ལ་སོགས་པ་གསུངས་སོ། །དེ་ནས་ཀ་དག་གི་ས་ལ་གྲོལ་ནས་རྣམ་པ་ཐམས་ཅད་མཁྱེན་པར་འཚང་རྒྱའོ། །བར་དོའི་གྲོལ་ཚད་ནི་སེང་གེ་རྩལ་རྫོགས་ལས། ཞག་ལྔ་དག་ཏུ་ཏིང་འཛིན་ནི། །ཞེས་པ་དང་། སྐུ་གདུང་འབར་བ་ལས། བར་མ་དོ་ཡི་ཆོས་ཉིད་ལ། །སྐད་ཅིག་ལྔ་ལ་གྲོལ་བར་འགྱུར། ཞེས་པ་དང་། ཉི་ཟླ་ཁ་སྦྱོར་ལས། དེ་ལྟར་ན་དབང་པོ་ནི་གསུམ་སྟེ། རབ་ཀྱིས་སྐད་ཅིག་མ་གསུམ་ལ་གྲོལ་བར་འགྱུར་རོ། །འབྲིང་ཞག་ལྔ་ན་བརྟན་པ་ཐོབ་པ་ཡང་ཡོད་དོ། །ཐ་མ་ནི་ཞག་ཉི་ཤུ་རྩགཅིག་ན་བརྟན་པ་ཐོབ་པར་ངེས་པ་ཡིན་ནོ། །འདིའི་དབང་པོ་ཡང་མཐའ་ནི་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་ནས་བར་དོ་མེད་པར་འཚང་རྒྱ་བ་ཡིན་ནོ། །ཞེས་དང་། རང་ཤར་ལས། དབང་པོའི་བྱེ་བྲག་གིས་ཆོས་ཉིད་ཀྱི་བར་དོ་ལ་ཞག་ཉི་ཤུ་རྩ་གཅིག་ཏུ་བཤད་དོ། །ཞེས་སོ། །

གསུམ་པ་སྲིད་པའི་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་ཁ་(༢༢༣)ཆད་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་ནི། དཔེར་ན་ཡུར་བ་ཁ་རལ་ལ་ཝ་བཙུགས་པས་ཆུ་བར་མ་ཆད་པར་འདྲོངས་པ་ལྟར། འདིའི་སྒོ་མ་མཐོང་ཡང་ཁྲེགས་ཆོད་ཙམ་མམ་རུ་ཤན་འབྱེད་པའི་སྤྱོད་པས་ལུས་ངག་གི་སྔོན་འགྲོ་བྱེད་དུས་ཚེའི་བར་ཆད་པ་རྣམས་ལས་བཟངས་ཀྱི་འཕྲོ་མཐུད་པས་སྲིད་པའི་བར་དོ་ནས་འཁོར་བའི་རུ་ལྡོག་པའོ། །

དེ་ལ་གསུམ་ལས། ཡང་མཐའི་རབ་མངལ་སྒོ་དགག་སྟེ་བཟློག་པ་ནི། དེ་ཡང་བར་མ་དོ་ཡིད་ཀྱི་ལུས་ལ་དབང་པོ་ཀུན་ཚང་བས་ཐོགས་པ་མེད་པར་འགྲོ་བ་ནི་བྱ་སྒྲོ་རླུང་གིས་ཁྱེར་བ་ལྟ་བུ་ཕྱད་ཕྱོད་བན་བུན་ཡད་ཡུད་ཀུན་ལ་བལྟ་ཞིང་འཇུག་པའི་དུས་སུ་བསམ་བློ་གཅིག་བཏང་བས། ད་ནི་ཤི་བ་ཡིན་པར་འདུག་སྙམ་ནས་སྡུག་བསྔལ་དྲག་པོ་བྱུང་ནས་ཤེས་པའང་སྔར་བས་བདུན་འགྱུར་གྱིས་གསལ་ཞིང་བར་དོའི་སེམས་ཅན་ཐམས་ཅད་ལུས་འཚོལ་དུ་འགྲོ་དུས། ཕོ་མོ་སྦྱོར་བ་བྱེད་པ་མཐོང་བ་ན། བླ་མ་ཡི་དམ་དུ་མོས་པ་བྱས་ཏེ་བདེ་སྟོང་གི་དོན་ལ་མཉམ་པར་གཞག །ཡང་ན་ཞེན་ལོག་བསྒོམས་པས་དེར་མི་འཇུག་གོ། །དེའི་དུས་སུ་ལྷ་མི་གཉིས་འོད་དཀར་པོ། བྱོལ་སོང་། ལྷ་མིན་སེར་པོ། དམྱལ་བ་ཡི་དྭགས་ནག་པོར་སྣང་ཞིང་། ལྷ་མི་གཉིས་མགོ་གྱེན་དུ་བལྟས་ནས་འགྲོ་བ་སྙམ་བྱེད། ལྷ་མིན་བྱོལ་སོང་མགོ་འཕྲེད། དམྱལ་བ་ཡི་དྭགས་མཐུར་དུ་བསྟན་ནས་འགྲོ་བ་སྙམ་བྱེད་དོ། །དེའང་བར་དོར་ཇི་ཙམ་གནས་པའི་ཕྱེད་སྔར་གྱི་རྣམ་པར་སྣང་ཞིང་། ཕྱེད་ཕྱི་མའི་སྣང་བ་འཆར་རོ། །དེ་ཡང་ལྷ་ཁང་དང་སྐྱེད་མོས་ཚལ་གྱི་ནང་ན་འདུག་པ་སྙམ་བྱེད་ན་ལྷར་སྐྱེ། དེ་བཞིན་དུ་འོད་ཀྱི་འཁོར་ལོ་ལྷ་མིན་དང་། ནམ་རྨུགས་པ་ནི་མི་ལུས་ཙམ་པོ་དང་། སྐྱེ་བོ་མང་པོའི་དབུས་ན་འདུག་པ་ནི་མི་ལུས་རིན་པོ་ཆེ་དང་། སྤྱིལ་པོའམ་ས་ཕུག་ནི་བྱོལ་སོང་དང་། གྲོག་པོ་ནི་ཡི་དྭགས་དང་། མུན་ནག་ཆར་འཐིབས་ནི་དམྱལ་བར་སྐྱེ་བས། དེའི་གསེབ་ཏུ་མི་འགྲོ་བར་གཟབས་པར་བྱའོ། །

ཐ་མའི་འབྲིང་གིས་སྒྱུ་མ་ལྟ་བུའི་བསྐྱེད་རིམ་གྱིས་བཟློག་པ་ནི་གོང་གི་སྣང་བ་དེ་རྣམས་ཤར་བའི་དུས་སུ་ཡི་དམ་གྱི་ལྷར་བསྒོམས་ནས་བསྐྱེད་རིམ་གྱི་ངང་ལ་བཞག་པས་ཁ་ཅིག་གྲོལ་བ་ཡང་ཡོད་ཅིང་། དེར་མངལ་ནས་ཡི་དམ་ཡབ་ཡུམ་དུ་གསལ་བཏབ་ནས་བསྐྱེད་རྫོགས་(༢༢༤)བསྒོམས་པའི་བྱིན་རླབས་ཀྱིས་རྟག་ཏུ་ཆོས་ལ་སྤྱོད་པའི་རིགས་སུ་སྐྱེའོ། །

ཐ་མ་སྐྱབས་འགྲོས་བཟློག་པ་ནི། གོང་གི་སྣང་བ་ཤར་བའི་དུས་སུ་བླ་མ་ཡི་དམ་ཕྱོགས་བཅུའི་སངས་རྒྱས་རིགས་ལྔ་བདེ་བར་གཤེགས་པ་ལ་སོགས་པ་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱས་པས་མངལ་སྒོ་ངན་པ་རྣམས་ཁེགས་ཏེ་མི་ལུས་རིན་པོ་ཆེ་དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པའི་ལུས་ཐོབ་ནས་སྐྱེ་བ་དེ་ལ་བླ་མ་དགེ་བའི་བཤེས་གཉེན་དམ་པའི་ཞབས་དྲུང་དུ་སྐྱེས་ཏེ། ཟབ་མོའི་ཆོས་ཐོས་ནས་འཚང་རྒྱའོ། །འདི་ནི་མངོན་སུམ་གྱི་ངོ་སྤྲོད་མ་ཐོབ་པ་རྣམས་ཀྱི་དབང་དུ་བྱས་པའོ། །ཐོབ་པ་རྣམས་ནི་རང་བཞིན་སྤྲུལ་པ་སྐུའི་ཞིང་དུ་གྲོལ་བར་ངེས་སོ། །

བརྩོན་འགྲུས་ཐ་མ་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་ནས་འཚང་རྒྱ་བའི་གདམས་ངག

དོན་གསུམ་པ་བརྩོན་འགྲུས་ཐ་མ་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་ནས་འཚང་རྒྱ་བའི་གདམས་ངག་ནི། རང་ཤར་ལས། བདེན་པ་མཐོང་བའི་གང་ཟག་ནི། །རྟོགས་པ་རྒྱུད་ལ་མ་སྐྱེས་ཀྱང་། །ཕྱོགས་བཅུར་སྤྲུལ་པའི་ཞིང་ཁམས་སུ། །གནས་ནས་མཐར་ཕྱིན་གྲོལ་བར་འགྱུར། །ཞེས་པ་དང་། སྐུ་གདུང་འབར་བ་ལས། འདི་ནི་སྤྲུལ་པའི་ཞིང་ཁམས་སུ། །དབུགས་ཕྱུང་སྐྱེ་བ་གཅིག་གིས་ཐོགས། །ཞེས་པ་དང་། ཉི་ཟླ་ཁ་སྦྱོར་ལས། རང་དགར་འཛིན་པའི་བག་ཆགས་ཟད། །རང་བཞིན་སྤྲུལ་པར་དབུགས་ཕྱུང་ནས། །བར་དོ་མེད་པར་སངས་རྒྱས་རྙེད། །ཅེས་པས། འདིའི་དབང་པོ་ཡང་མཐའ་བརྩོན་འགྲུས་ཅན་ཐ་མ་ནི་མངོན་སུམ་མཐོང་ཡང་ཡུན་དུ་མ་བསྒོམས་པས། ཆོས་ཉིད་བར་དོ་མ་ཟིན་ཏེ་དབང་པོ་ཁ་འཁྱལ་ནས་སྲིད་པའི་བར་དོའི་སྣང་ཆ་ཙམ་དུ་གནས་པ་ལས། རྨི་ལམ་སད་པའི་ཚུལ་ཙམ་དུ་རང་བཞིན་སྤྲུལ་པའི་ཞིང་དུ་སྐྱེའོ། །དེའང་ཤར་ཕྱོགས་མངོན་པར་དགའ་བ་མི་འགྱུར་རྡོ་རྗེའི་ཞིང་ཁམས་རྣམ་པར་དག་པ། རིན་པོ་ཆེ་ཤེལ་ལས་གྲུབ་པའི་ས་གཞི་ལ་གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་ལས་བཀོད་པ། སྒོ་བཞི་གྲུ་བཞི་རྟ་བབས་དང་ལྡན་པ། གདུགས་དང་རྒྱལ་མཚན་དང་འཁོར་ལོ་ལ་སོགས་པས་མཛེས་ཤིང་ཁོད་སྙོམས་ལ་ཡིད་དུ་འོང་བར་ཡན་ལག་བརྒྱད་ལྡན་གྱི་ཆུ་འབབ་པ། མཆོད་པའི་ལྷ་མོ་མང་པོས་བཀྲ་ཤིས་ཀྱི་གླུ་ལེན་ཅིང་འབྱུང་བ་བཞིའི་གནོད་པ་དང་བྲལ་བ། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་གང་ཡང་མེད་ཅིང་། དེར་སྣང་བའི་(༢༢༥)སྟོན་པ་རྡོ་རྗེ་མི་བསྐྱོད་པས་གདུལ་བྱའི་སེམས་རྒྱུད་འདུལ་བའི་ཆོས་ཀྱི་རྔ་སྒྲ་ཆེན་པོ་དུས་བཞིར་སྒྲོགས་པས་མཛེས་པ། རྡོ་རྗེ་རིགས་ཀྱི་འཁོར་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པར་སྣང་བ། རང་ཉིད་ཀྱང་རྡོ་རྗེ་རིགས་ཀྱི་སེམས་དཔའ་གཞོན་ནུའི་གཟུགས་ཅན་མཆོག་ཏུ་དཀར་བའི་ལུས་བླངས་ནས་སྟོན་པའི་ཞལ་མཐོང་སྟེ། ཉོན་མོངས་པ་ཞེ་སྡང་བག་ཆགས་དང་བཅས་པ་གྲོལ་ཏེ། ལོ་བརྒྱ་ཉི་ཤུ་རྩ་ལྔར་གནས་པ་སྙམ་བྱེད་དོ། །འཇིག་རྟེན་གྱི་ཁམས་དེ་ཡང་རང་སྣང་རྣམ་པར་དག་པ་ལྷུན་གྲུབ་ཀྱི་གདངས་ལས་ཤར་བ་སྟེ། ཐེག་པ་ཐུན་མོང་བའི་རིགས་ལྔའི་ཞིང་ལྟར་ཕྱོགས་ག་ཤེད་ན་ཡོད་པ་ནི་མ་ཡིན་ནོ། །དེའང་སྔར་ཆོས་ཉིད་ཀྱི་བདེན་པ་མཐོང་བའི་གནད་ཀྱིས་ལྷུན་གྲུབ་ཀྱི་སྣང་བ་ལས་ཤར་བའི་རང་བཞིན་སྤྲུལ་སྐུའི་ཞིང་དེ་ཉིད་རང་སྣང་ལ་སྣང་བའོ། །ཤར་ལ་སོགས་པའི་ཕྱོགས་སུ་བཤད་པ་ནི་སྙིང་ནས་ཤར་ཏེ་མདུན་གྱི་འོད་གསལ་གྱི་མདངས་ལས་སྣང་བ་ན་སྣང་བ་དེ་ཡོད་པས་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་ཕྱོགས་གཞན་རྣམས་ཀྱང་དེས་མཚོན་ཏེ། སྙིང་གི་དབུས་ན་ཆོས་སྐུ་ཀུན་བཟང་ཡབ་ཡུམ་གྱི་གདངས་ལས། བར་ན་རིགས་ལྔ་འཇའ་ཚོན་ལྟ་བུ་དེའི་གདངས་ལས། ཕྱི་རོལ་སྤྲུལ་པའི་ཞིང་དང་སྐུར་སྣང་བ་སྟེ། རང་བཞིན་སྤྲུལ་པའི་ཞིང་དང་། འགྲོ་བ་འདུལ་བ་སྤྲུལ་པའི་སྐུ་དང་། མ་དག་པ་སྤྲུལ་པའི་སྐུ་མངོན་པར་སྣང་བ་ཡིན་ནོ། །

དེ་ནས་སླར་ཡང་ལྷོ་ཕྱོགས་དཔལ་དང་ལྡན་པ་གསེར་དུ་སྣང་བ་ན། བཀོད་པ་སྔ་མ་ལྟ་བུ་ལས་སྟོན་པ་རིན་ཆེན་འབྱུང་ལྡན་རིན་ཆེན་རིགས་ཀྱི་སེམས་དཔའ་དཔག་ཏུ་མེད་པ་ལ་ཆོས་སྟོན་པར་སྐྱེས་ཏེ། དབང་བསྐུར་བ་ཐོབ་པས་ང་རྒྱལ་དག་ནས་ལོ་བརྒྱ་ཉི་ཤུ་རྩ་ལྔ་ན། ནུབ་པདྨ་བརྩེགས་པའི་ཞིང་ཁམས་མར་གཏྟ་དང་། མུ་ཏིག་དམར་པོ་ལས་གྲུབ་པར་སྟོན་པ་འོད་དཔག་མེད་པདྨ་རིགས་ཀྱི་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བར་སྐྱེས་ཏེ། མངོན་སུམ་དུ་ལུང་བསྟན་ནས་ཉོན་མོངས་པ་འདོད་ཆགས་དག་སྟེ། ལོ་བརྒྱ་ཉི་ཤུ་རྩ་ལྔ་ནས་བྱང་ཕྱོགས་ལས་རབ་གྲུབ་པའི་འཇིག་རྟེན་ཨིནྡྲ་ནཱི་ལའི་རང་བཞིན་ལྗང་གུ་འཚེར་བ་ན་རིན་པོ་ཆེའི་གཞལ་མེད་ཁང་དང་། ཡིད་དུ་འོང་བའི་བྱ་སྐད་སྣ་ཚོགས་སྒྲོགས་པ་ལ་སོགས་པ་སྔ་མ་བཞིན་སྣང་(༢༢༦)བར། སྟོན་པ་དོན་ཡོད་གྲུབ་པ་ལས་ཀྱི་སེམས་དཔའ་དུ་མས་བསྐོར་ནས་བཞུགས་པས་དབུགས་ཕྱུང་སྟེ། ཕྲག་དོག་དང་གཏི་མུག་ལ་སོགས་པ་ལས་དང་བག་ཆགས་མ་ལུས་པར་ཟད་དེ། ལོ་བརྒྱ་ཉི་ཤུ་རྩ་ལྔར་གནས་པ་ལས། མདུན་གྱི་ནམ་མཁའ་མི་མཇེད་བརྩེགས་པ་ན། འཇིགས་པའི་དུར་ཁྲོད་མེ་རི་འབར་བ་ཁྲོ་བོའི་ཞིང་ཁམས་ཨ་ལ་ལ་ཞེས་སྒྲོགས་པ་མཐོང་སྟེ་སྐད་ཅིག་དེ་ཉིད་ལ་གདོད་མའི་གཞི་ཐོག་ཏུ་གྲོལ་བར་འགྱུར་རོ། །དེ་སྐད་དུ་བཀོད་པ་ཆེན་པོ་ལས། དེ་ནས་ཏིང་ངེ་འཛིན་སེང་གེ་རྣམ་པར་རོལ་པ་ཞེས་བྱ་བ་ལས་བཞེངས་ཏེ་ཆེད་དུ་བརྗོད་པ་འདི་དག་བརྗོད་དོ། །

སྙིགས་མ་ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གསང་བའི་སྙིང་པོ་འདི་ནི་མི་ཡུལ་དག་ཏུ་སྣང་། །དེ་རྗེས་འཛིན་པའི་གང་ཟག་སྐལ་བ་ཅན། །སྙིང་པོ་འདི་ནི་སུ་ལ་སྣང་བ་འགྱུར། །དེ་དག་རྣམས་ནི་མི་འགྱུར་ས་ལ་འདའ། །གལ་ཏེ་སྙིགས་མ་ཚེ་ཐུང་ནད་མང་བས། །སྙིང་པོའི་དོན་འདི་གདེང་དུ་མ་གྱུར་ཀྱང་། །འདི་ཉིད་མཐོང་བས་དབུགས་ཆེན་ཉིད་འབྱིན་ཏེ། །བཅུ་གཅིག་ཀུན་ཏུ་འོད་དེ་སྤྲུལ་པའི་ཞིང་། །རྫུས་སྐྱེས་གནས་སུ་དག་པས་མངལ་གྱི་རྒྱ་དང་བྲལ། །ཤར་ཕྱོགས་མངོན་པར་དགའ་བ་མི་འགྱུར་རྡོ་རྗེའི་ཞིང་། །མི་བསྐྱོད་སྟོན་པས་འཁོར་གྱི་ཤེས་རྒྱུད་འགྲོལ། །གདུལ་བྱ་རང་སྣང་ཡོན་ཏན་བསམ་མི་ཁྱབ། །དཔལ་དང་ལྡན་པར་པདྨ་བརྩེགས་པ་དང་། །ལས་རབ་ཉིད་ནི་ཡོངས་སུ་རྫོགས་པའི་ཞིང་། །རིན་ཆེན་འབྱུང་དང་པདྨ་གར་དབང་རྟ། །སྟོན་པའི་བསྟན་པས་ཤེས་བྱའི་སྒྲིབ་པ་སྦྱང་། །དཀར་སེར་དམར་དང་ལྗང་གུའི་ཁ་དོག་ལ། །ཁོད་སྙོམས་ཡིད་འོང་བྱ་སྐད་སྣ་ཚོགས་སྒྲོགས། །དྲི་བསུང་ངད་འཇམ་ལྟ་བས་ཆོག་མི་ཤེས། །དབང་པོ་ཚིམ་བྱེད་ཡོན་ཏན་ཀུན་དང་ལྡན། །ཁ་དོག་ལུས་རྫོགས་ཟས་གོས་དུས་གཅིག་རྫོགས། །ལུས་ཀྱི་རྩོལ་བྲལ་རླུང་བསྐྱོད་འགྲོ་དང་འདུག །རླུང་མཁྲིས་བད་ཀན་འདུས་པའི་ནད་རྣམས་མེད། །ཡན་ལག་བརྒྱད་ལྡན་རོ་བརྒྱ་འདུས་པའི་ཆུ། །འཐུངས་པས་ཚིམ་བྱེད་རེག་ན་ལུས་ཀྱང་འཇམ། །ས་ཆུ་མེ་རླུང་འབྱུང་བས་ཕན་གནོད་བྲལ། །བཀྲེས་དང་སྐོམ་དང་ཚ་གྲང་སྡུག་བསྔལ་མེད། །འདོད་ཆགས་ཞེ་སྡང་གཏི་མུག་ཉོན་མོངས་རྣམས། །སྐྱེ་བའི་རྒྱུ་མེད་ཤེས་པ་བག་ཡངས་སོ། །བལྟས་རྒོད་ལག་བཅངས་གཉིས་འཁྱུད་འདོད་ཆགས་(༢༢༧)མེད། །ཆོག་ཤེས་སྲེད་བྲལ་རྟག་ཏུ་ཆོས་ལ་ཉན། །སྒྲིབ་གཉིས་བྲལ་ནས་སྐྱེ་བ་གཅིག་གིས་ཐོགས། །མཆོད་པའི་ལྷ་མོས་ཡིད་འོང་བཀྲ་ཤིས་བརྗོད། །གཞལ་ཡས་ཁང་མཛེས་སྒོ་བཞི་རྟ་བབས་ལྡན། །ཤེལ་དང་གསེར་དང་མར་གད་ཨིནྡྲ་ནཱིལ། །བཀྲ་ཤིས་གདུགས་དང་འཁོར་ལོ་རྒྱལ་མཚན་མཛེས། །དེ་ལྟར་རང་བཞིན་ཕྱོགས་བཅུ་སྤྲུལ་པའི་ཞིང་། །རང་རང་སྟོན་པས་རང་རང་འཁོར་རྒྱུད་འདུལ། །མདུན་གྱི་ནམ་མཁའ་མི་མཇེད་བརྩེགས་པ་ན། །འཇིགས་པའི་ཁྲོ་གནས་དུར་ཁྲོད་མེ་རི་འབར། །འཇིགས་པའི་སྒྲ་དང་ཁྲོ་གཟུགས་ཨ་ལ་ལ། །འདི་ཉིད་མཐོང་བ་ཙམ་གྱིས་དེར་གྲོལ་འགྱུར། །སྐལ་ལྡན་སྟོབས་མེད་སྙིང་པོའི་དོན་འཛིན་པ། །དེར་ནི་དབུགས་ཕྱུང་སྐྱེ་བ་གཅིག་པ་སྟེ། །ལྔ་བརྒྱ་དག་ན་ངེས་པའི་སར་གྲོལ་ལོ། །ཞེས་རྒྱ་ཆེར་གསུངས་པ་ཡིན་ནོ། །དེ་དག་གིས་དབང་པོ་ཐ་མའི་གྲོལ་ཚུལ་ཏེ། ལམ་ཉམས་སུ་ལེན་པའི་ཚུལ་རྣམས་ལེགས་པར་བསྟན་ཟིན་ཏོ།། །།


previousསྨིན་པ་གྲོལ་བར་བྱེད་པའི་གདམས་པ།next