Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཝ༽


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་བཅོ་ལྔ་པའི་རྣམ་པར་བཤད་པ།
   
   
   
   
   
   
   


 
previousལེའུ་བཅོ་ལྔ་པའི་རྣམ་པར་བཤད་པ།next

ལེའུ་བཅོ་ལྔ་པའི་རྣམ་པར་བཤད་པ།

༈ སྤྱི་དོན་གཉིས་པ་ཁྲོ་བོ་མངོན་པར་འབྱུང་བའི་དཀྱིལ་འཁོར་བཤད་པ་ལ་གསུམ་སྟེ། གཞི་ལྷུན་གྱིས་གྲུབ་པའི་རང་བཞིན་ཁྲོ་བོའི་དཀྱིལ་འཁོར་སྣང་བའི་ཚུལ་བསྟན་པ། ལམ་ཇི་ལྟར་བསྒྲུབ་པ་ཐབས་ཀྱི་ཡན་ལག་རྒྱ་ཆེར་བཤད་པ། འབྲས་བུ་སྐུ་དང་ཡེ་ཤེས་ལ་བསྟོད་པའི་ཚུལ་བརྗོད་པའོ། །དང་པོ་ལ་གཉིས་ཏེ། སྤྱིའི་དོན་དང་། (༢༦༢)གཞུང་གི་དོན་ནོ། །དང་པོ་ལ་གསུམ་སྟེ། གཞི་ལྷུན་གྱིས་གྲུབ་པའི་ཁྲོ་བོ་སྤྱིར་བསྟན་པ། དེ་ལས་སྤྲུལ་པའི་ཁྲོ་བོ་བྱེ་བྲག་ཏུ་བཤད་པ། སྐབས་ཀྱི་དོན་ངོས་གཟུང་བའོ། །

དང་པོ་ནི། ཀྲོ་དྷའི་སྒྲ་ལས་ཁྲོ་བོ་སྟེ་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་ཞིང་འགྲོ་བའི་དོན་རྔམས་པའི་འཕྲིན་ལས་དྲག་པོས་མཛད་པའོ། །དབྱེ་ན་གསུམ་སྟེ། གཞི་ཆོས་ཉིད་ཀྱི་ཁྲོ་བོ་དངོས་པོ་དང་མཚན་མར་མེད་པས་ཆོས་སྐུ་སྤྲོས་པའི་མཐའ་དང་བྲལ་བའོ། །དེའི་ངང་ལས་འོག་མིན་དུ་ཧེ་རུ་ཀའི་དཀྱིལ་འཁོར་སྣང་བ་ནི་ལོངས་སྤྱོད་རྫོགས་པའི་རང་བཞིན་དོན་གྱི་གནས་ལུགས་སོ། །དེའི་ཐུགས་རྗེ་ལྷུན་གྱིས་གྲུབ་པས་གང་ལ་གང་འདུལ་གྱི་ཁྲོ་བོར་སྣང་བ་ནི་མཛད་པ་འཕྲིན་ལས་ཀྱི་རང་བཞིན་སྤྲུལ་བའི་སྐུའི་ངོ་བོ་སྟེ། ཐབས་ཞགས་ལས། མཉམ་ཉིད་ངང་གིས་ཁྲོ་ལ་ཕྱག་འཚལ་ལོ། །ཁྲོ་བས་ལོངས་སྤྱོད་མཛད་ལ་ཕྱག་འཚལ་ལོ། །རྡོ་རྗེ་འདུ་འཕྲོ་མཛད་ལ་ཕྱག་འཚལ་ལོ། །ཞེས་སོ། །ཡང་ཆོས་བཞིའི་སྒོ་ནས་ཀྱང་ཁྲོ་བོར་བསྟན་ཏེ། ཆོས་ཉིད་དང་། ཡེ་ཤེས་དང་། མཛད་པ་དང་། ཕྲིན་ལས་སོ། །དང་པོ་ནི། ཆོས་ཉིད་སྤྲོས་པ་དང་བྲལ་བ་ནི་མཚན་མའི་གནས་མེད་པས་ངང་གིས་ཁྲོ་བ་སྟེ། རྡོ་རྗེ་ལས། ཡང་དག་ཤེས་རབ་ཆེན་པོ་ནི། །མཚན་མ་འཇོམས་ཕྱིར་ཁྲོ་བོའི་མཆོག །ཅེས་སོ། །གཉིས་པ་ནི། ཡེ་ཤེས་རྒྱས་པ་ན་མི་ཤེས་པ་དང་ཕྱིན་ཅི་ལོག་གི་གནས་མེད་པས་སྤང་བྱ་ལ་ལྟོས་ནས་ངང་གིས་ཁྲོ་བས་ཏེ། རྒྱས་པ་ལས། རང་རིག་ཡེ་ཤེས་རྒྱལ་པོ་ཡིས། །ཕྱོགས་བཅུ་ཐམས་ཅད་དབང་བསྡུས་ནས། །ཀུན་ཀྱང་མི་དམིགས་དབྱིངས་སུ་ཐིམ། །ཞེས་པ་དང་། གསུམ་པ་ནི། ཐུགས་རྗེས་འགྲོ་བ་སྐྱོབ་པ་ན་འབད་རྩོལ་མེད་པར་མི་མཐུན་ཕྱོགས་འཇོམས་པས་ཤུགས་ཀྱིས་ཁྲོ་བ་སྟེ། ལྷ་རྒྱུད་ལས། འཛིན་པ་མི་རྟོག་ཐུགས་རྗེ་ཞེན་ཆགས་ཁྲོ། །ཞེས་སོ། །བཞི་པ་ནི། གདུལ་བྱའི་དབང་གིས་ཁྲོ་བོར་བཅོས་པ་ལྟར་སྣང་བ་སྟེ། དགོངས་འདུས་ལས། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཅེས་སོ། །དེའང་འགྲོ་བ་ལ་གདུག་པ་ཅན་འབྱུང་བ་དང་། ཆགས་སོགས་ཞི་བའི་རིགས་གཉིས་སུ་འབྱུང་བ་ཅི་ཡིན་ཞེ་ན། སྤྱི་བོ་དང་སྙིང་ག་ན་ཁྲོ་བོ་དང་ཞི་བའི་དཀྱིལ་འཁོར་ལྷུན་གྲུབ་ཏུ་ཡོད་པའི་རྩལ་ཆེ་ཆུང་དང་། མ་རིག་བདག་ཏུ་འཛིན་པས་འཁོར་བར་འཁྲུལ་དུས་ཞེ་སྡང་དང་དེའི་འཁོར་ང་རྒྱལ་ཕྲག་དོག་གཉིས་དང་མཚུངས་ལྡན་གྱི་ལས་ཀྱིས་ཁྲོ་བོའི་གདངས་མ་རུངས་ཤིང་གཏུམ་པར་སྣང་བས་ཕ་རོལ་ལ་གནོད་པའི་གཞིར་གྱུར་ཅིང་། འདོད་ཆགས་ཀྱིས་ཞི་བའི་མདངས་འཕེལ་བས་དགའ་ཞིང་ཆགས་པས་དབང་དུ་བྱེད་པ་དང་། གཏི་མུག་ནི་(༢༦༣)གཉིས་ཀའི་ངོ་བོར་གནས་པ་སྟེ། ཡེ་ཤེས་རོལ་པའི་རྒྱུད་ལས། གཞི་ལ་གྲུབ་པའི་སངས་རྒྱས་ནི། །ཞི་དང་ཁྲོ་བོའི་རང་བཞིན་ལས། །མ་རིག་དུག་གསུམ་རྒྱུ་མཐུན་པས། །དབང་པོའང་ཞི་དྲག་གཉིས་སུ་སྣང་། །ཞེས་སོ། །དེ་ཉིད་འདུལ་བ་ལ་འདུལ་བྱེད་ཀྱང་ཞི་ཁྲོ་གཉིས་ལྷུན་གྲུབ་ཏུ་འབྱུང་སྟེ། དེ་ལས། དེ་ཉིད་འདུལ་ཕྱིར་དཀྱིལ་འཁོར་གཉིས། །ཕྱོགས་དུས་ཀུན་ཏུ་ཞི་ཁྲོར་སྣང་། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ། །ཅེས་སོ། །དེ་དག་ཀྱང་གཞི་ལམ་འབྲས་བུ་གསུམ་དུ་གནས་ཏེ། གཞི་ལ་ཡེ་ནས་དག་པའི་ཁྲོ་བོ་ནི་སེམས་ཅན་ཀུན་དང་སངས་རྒྱས་ཐམས་ཅད་ལ་ཁྲག་འཐུང་གི་དཀྱིལ་འཁོར་ལྷུན་གྲུབ་ཏུ་སྤྱི་བོར་གནས་པ་སྟེ། བྷནྡྷ་སྨུག་ནག་འབར་བའི་གཞལ་ཡས་ན། །མཐུ་ཆེན་བདུད་ཀྱི་རྒྱལ་པོས་མགོ་སྒོ་བཅད་དེ་བརྩིགས། །རྔམས་པའི་ཁྲོ་བོ་རྣམས་ཀྱིས་གཟེར་གྱིས་བཏབ། །ཅེས་པ་དང་། ཕྲ་བཀོད་ལས། རང་རང་མགོ་ལ་ཁྲོ་སྐུར་གནས། །ཞེས་སོ། །ལམ་མངོན་པར་སྒྲུབ་པའི་ཁྲོ་བོ་ནི་དཀྱིལ་འཁོར་དུ་བསྐྱེད་ཅིང་བསྒོམ་པ་སྟེ། གསང་རྒྱུད་ལས། ལམ་གྱི་ཁྲོ་བོའི་དཀྱིལ་འཁོར་ནི། །འབར་བའི་ཚོགས་ཆེན་རབ་ཏུ་བསྒོམ། །ཞེས་སོ། །འབྲས་བུ་ལྷུན་གྱིས་གྲུབ་པའི་ཁྲོ་བོ་ནི་དྲི་མ་དབྱིངས་སུ་དག་སྟེ་རང་སྣང་ལྷུན་སྟུག་པོ་བཀོད་པར་ཁྲོ་བོའི་དཀྱིལ་འཁོར་དུ་སྣང་བ་སྟེ། དེ་ལས། འབྲས་བུ་དེ་བཞིན་ཉིད་དབྱིངས་ཁྲོ། །སྐུ་གསུམ་ལྷུན་སྟུག་རང་སྣང་གསལ། །ཞེས་སོ། །དེའང་གཞི་ལ་ཁྲོ་བོ་མེད་ན་ལམ་དུ་དེ་བསྒྲུབ་པ་ཡང་བླ་མེད་ཀྱི་ཐེག་པའི་ཚུལ་ལ་མི་རིགས་པ་དང་། ལུས་གྲུབ་ཀྱི་དཀྱིལ་འཁོར་གསར་རྙིང་ལ་གྲགས་པ་ཕལ་པོ་ཆེ་འདི་དག་དོན་ལ་མི་གནས་པར་འགྱུར་བ་དང་། བསྒྲུབས་ཀྱང་མི་འགྲུབ་པའི་སྐྱོན་དང་། སྤྲུལ་པའི་འཕྲོ་གཞི་མེད་པས་དེ་ལས་འཕྲོས་པའི་སྤྲུལ་པ་མི་རིགས་པའི་སྐྱོན་ལ་སོགས་པ་དུ་མ་ཡོད་དོ། །དེས་གཞི་ལ་ཡོད་པའི་ཁྲོ་བོ་སངས་རྒྱས་ཀྱིས་མངོན་དུ་གྱུར། སེམས་ཅན་གྱིས་མ་གྱུར། ལམ་པས་རྗེས་སུ་སློབ་པར་བྱེད་པ་བསྟན་པའོ། །

གཉིས་པ་དེ་ལས་སྤྲུལ་པའི་ཁྲོ་བོ་བྱེ་བྲག་ཏུ་བཤད་པ་ནི། རྒྱུད་འདིར་བཅོམ་ལྡན་འདས་ཧེ་རུ་ཀས་འཇིག་རྟེན་གྱི་ཁྲོ་བོ་མ་ལུས་པ་རྣམས་བཏུལ་ནས་དཀྱིལ་འཁོར་གྱི་གདན་དང་མུ་རན་ལ་བཀོད་པར་བསྟན་པ་ནི་འདི་ཉིད་དུ་རྒྱས་པར་འཆད་པས་ཤེས་ལ། ཐུགས་རྗེས་སྤྲུལ་པས་རཱུ་ཏྲ་ཇི་ལྟར་བཏུལ་བའི་ཚུལ་དགོངས་འདུས་ལས་འབྱུང་བ་བཞིན་ཏེ། དེ་ནི་བསྐལ་པ་ཆེན་པོ་སྟོང་ཕྲག་བཅུ་གཉིས་དང་དྲུག་གི་སྔོན་རོལ་ཏུ་བསྐལ་(༢༦༤)པ་ཀུན་བཀོད་ཞེས་བྱ་བ་ལ་ཞིང་ཁམས་མངོན་པར་དགའ་བར་སངས་རྒྱས་མི་བསྐྱོད་པའི་བསྟན་པ་བྱུང་སྟེ། དེའི་ཚེ་གསང་སྔགས་སྤྱོད་པའི་དགེ་སློང་ཐུབ་དཀའ་གཞོན་ནུ་ཞེས་བྱ་བ་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞིག་བྱུང་ངོ་། །དེའི་ཉེ་འཁོར་དུ་ཁྱིམ་བདག་ཀེའུ་ཀ་ཡ་ཞེས་བྱ་བ་ལ་བུ་ཐར་པ་ནག་པོ་ཞེས་པ་དང་། དེའི་གཡོག་དན་ཕག་ཅེས་བྱ་བ་ཡོད་དོ། །དེའི་ཚེ་ཐར་པ་ནག་པོ་གཡོག་དང་བཅས་པ་དགེ་སློང་ཐུབ་དཀའ་གཞོན་ནུའི་དྲུང་དུ་སོང་སྟེ་གསོལ་བ། དགེ་སློང་ཆེན་པོ་དངོས་པོ་ཐམས་ཅད་ལ་ཅི་དགའ་བར་སྤྱད་པས་གྲོལ་བའི་ལམ་ཡོད་ཅེས་ཐོས་ན་དེ་ལྟ་ཉིད་དུ་ངེས་སམ། དགེ་སློང་གིས་སྨྲས་པ་ཡོད་དུ་རུང་ངོ་། །དེ་ནས་ཐར་པ་གཡོག་དང་བཅས་ཏེ་རབ་ཏུ་བྱུང་ནས་འདུན་ཏེ་ཐམས་ཅད་ཇི་ལྟ་བུའི་ལམ་གང་ཡིན་ཞེས་དྲིས་པའི་ལན་དུ། ཇི་བཞིན་ཉིད་དེ་མ་བཅོས་ན། །དངོས་པོ་བཞི་ལ་གནས་སྤྱོད་ཀྱང་། །ནམ་མཁའ་ལ་ནི་སྤྲིན་བཞིན་ཏེ། །འདི་ནི་རྣལ་འབྱོར་དམ་པའི་ལམ། །ཞེས་སྨྲས་པས། དེ་གཉིས་ཡི་རངས་ཏེ་སོང་བ་ལས། ཐར་པ་ནི་ཐབས་ལ་མི་མཁས་ཤིང་བློ་གྲོས་རྟུལ་བས་སྒྲ་ཇི་ལྟ་བ་བཞིན་དངོས་པོ་བཞི་ལ་རང་དགར་སྤྱད་པས་ལུས་དམ་པར་འཆོས་ཀྱང་སེམས་ངན་འགྲོའི་ལམ་དུ་ཞུགས་སོ། །དན་ཕག་ནི་བློ་གྲོས་རྣོ་ཞིང་ཐབས་ལ་མཁས་པས་དོན་ཇི་ལྟ་བ་བཞིན་སྤྱོད་དེ། ལུས་མ་རབས་སུ་བཅུག་སྟེ་བྲན་བྱེད་ཀྱང་སེམས་དམ་པའི་ལམ་དུ་ཞུགས་སོ། །དེ་ནས་དེ་གཉིས་ལྟ་སྤྱོད་མ་མཐུན་ཏེ་རྩོད་པ་ལས། དགེ་སློང་ལ་དྲིས་པས། དན་ཕག་ལྟར་ངེས་སོ་ཞེས་སྨྲས་པ་ན། ཐར་པ་འཁྲུགས་ཏེ་གཉིས་ཀ་ལྟར་རོ་ཞེས་ཀྱང་མ་མཉམ་པར། བདག་གཅིག་པུ་སུན་འབྱིན་སྙམ་ནས། གཡོག་དང་དགེ་སློང་གཉིས་ཀ་སྤྱོས་ཤིང་ཐག་རིང་པོར་སྤྱུགས་སོ། །དེ་ནས་ཐར་པས་སངས་རྒྱས་ཀྱི་གསང་བ་སྒྲ་ཇི་ལྟ་བུར་སྤྱད་ཅིང་ལོག་པར་བསྒྱུར། ལོག་པའི་བརྟུལ་ཞུགས་བཟུང་ནས་དུར་ཁྲོད་ཀྱི་མི་རོ་ཟོས་ཤིང་གཡང་གཞི་གྱོན་ནས་དུར་ཁྲོད་ཀྱི་ཅེ་སྤྱང་ནག་པོ་དང་། འཕར་བ་རྐང་སྡེབས་དང་། སྲིན་པོ་ལག་སྡེབས་དང་། བྱ་གཅན་གསོད་བྱེད་དང་། དུར་བྱ་ཀང་ཀ་དང་། ཟ་བྱེད་དུར་ཕག་ལ་སོགས་པའི་མ་རུངས་པ་རྣམས་བརྟེན་ཏེ་ཐམས་ཅད་ཀྱི་སྲོག་འཕྲོག་ཅིང་། སྨད་འཚོང་མའི་ཚོགས་མང་པོ་བསྡུས་ཏེ་ཆགས་པ་ཆེན་པོ་སྤྱོད་པས་གནས་སོ། །རྒྱུ་དེས་ཤི་བའི་འོག་ཏུ་ངན་འགྲོ་མུ་མཐའ་མེད་པར་བརྒྱུད་དེ་མཐའ་མ་ལ་རཱུ་ཏྲ་ཐར་པ་ནག་པོ་ཞེས་བྱ་བ། གཟུགས་ཀྱི་ཁམས་མན་ཆད་དབང་དུ་བསྡུས་ཤིང་ཤ་དང་ཁྲག་ལ་དད་པས་འགྲོ་བའི་ཚོགས་ལ་གནོད་པའི་བགེགས་སུ་གྱུར་ཏོ། །དེའི་ཚེ་དཔལ་(༢༦༥)ཧ་ཡ་གྷྲཱི་ཝ་ལ་སོགས་པའི་སྐུས་ཀྱང་མ་ཐུལ་བར་གསང་བདག་གིས་དཔལ་ཆེན་པོར་བྱས་ཏེ། ལུས་ཀྱི་ནང་དུ་ཞུགས་ནས་བརྒྱངས་པས་གདོད་བཀའ་ཉན་ཅིང་ལས་ལ་འདུ་བར་གྱུར་ཅིང་། ཞབས་ཀྱི་འོག་ནས་གདུང་བའི་སྨྲེ་བཤགས་ཆེན་པོ་སྔོན་གྱི་སྡིག་པ་བཤགས་ཏེ་ཆུང་མ་དང་བཅས་པ་འབངས་སུ་ཁས་བླངས་ནས་བཏུལ་བའོ། །དེ་ཡང་མངོན་སྤྱོད་ལས་གཞན་གྱིས་མི་ཐུལ་བའི་རིགས་ཅན་བདུད་དང་གཤིན་རྗེ་ལ་སོགས་པ་རྣམས་ལ་དེ་བས་ཀྱང་འཇིགས་པའི་སྐུ་གསུང་ཐུགས་སུ་སྤྲུལ་ནས་ཚར་གཅོད་ཅིང་འདུལ་བར་མཛད་པའོ། །

གསུམ་པ་སྐབས་ཀྱི་དོན་ངོས་བཟུང་ལ་གསུམ་སྟེ། དཀྱིལ་འཁོར་ངོས་གཟུང་བ། རཱུ་ཏྲ་ངོས་གཟུང་བ། དུས་དང་སྟོན་པ་ངོས་གཟུང་བའོ། །

དང་པོ་ལ་གཉིས་ལས། རྩོད་པ་བཀོད་པ་ནི། སྐབས་འདིའི་ཁྲོ་བོའི་དཀྱིལ་འཁོར་རང་བཞིན་ཡིན་ནམ། སྤྲུལ་པ་ཡིན། དང་པོ་ལྟར་ན་གདུལ་བྱའི་དོན་དུ་དཀྱིལ་འཁོར་སྤྲོས་པར་བཤད་པ་དང་འགལ་ཞིང་། གཉིས་པ་ལྟར་ན་ཁྲོ་བོའི་རང་བཞིན་གྱི་དཀྱིལ་འཁོར་གྱི་ལེའུ་སྟེ་ཞེས་འོག་མིན་དུ་རང་སྣང་བར་བཤད་པ་དང་འགལ་ཞེས་པའོ། །

གཉིས་པ་དེའི་ལན་གསལ་བོར་བཤད་པ་ནི། ཀུན་ཏུ་བཟང་པོ་ཁྲོ་བོའི་དཀྱིལ་འཁོར་དུ་ཡེ་ནས་གནས་པའི་རང་སྣང་ལས་དེ་ལྟར་སྣང་བ་ཡིན་ཏེ། རང་བཞིན་གྱི་དཀྱིལ་འཁོར་གྱི་ཞེས་པས་གྲུབ་པོ། །སྤྲུལ་པ་ལྟར་བསྟན་པ་ནི་གདུལ་བྱའི་ངོར་དེ་ལྟར་སྣང་བའི་འཆར་གཞི་བྱེད་པ་ཉིད་ཤེས་པར་བྱ་བ་ལ་བཏགས་ནས་ཆ་མཐུན་པར་བཤད་པ་ལས། སྤྲུལ་པ་རང་མཚན་པའི་དཀྱིལ་འཁོར་གྱིས་གདུལ་བྱ་རང་མཚན་པ་བཏུལ་བ་ནི་མེད་དེ། འོན་ཀྱང་དེ་ལྟར་འཕྲུལ་བ་སྒྱུ་མའི་རྩེད་འཇོ་བསྟན་པ་བཞིན་ནོ། །སྟོན་པའི་འཐད་པ་ཡང་སེམས་ཅན་གྱི་རྒྱུད་ན་དེ་ལྟ་བུའི་རིགས་ཡོད་པ་རྣམས་ཚུལ་དེ་ལྟ་བུས་འདུལ་བའི་དཔེར་མཛད་པ་སྟེ་བཟོ་ལ་སོགས་པའི་སྔོན་དུ་དེའི་དཔེ་འགོད་པ་བཞིན་ནོ། །དེའང་རང་བཞིན་གྱི་དཀྱིལ་འཁོར་དབྱིངས་ནས་རང་སྣང་བ་དེའི་ཚེ་རང་སྣང་ཡེ་ཤེས་ཀྱི་རོལ་པ་དེ་སྣང་བ་ནི་སྤྱི་བོ་ན་ཁྲག་འཐུང་གི་དཀྱིལ་འཁོར་གནས་པའི་རྩལ་ལས་ལྷུན་གྱིས་གྲུབ་པར་རང་སྣང་བ་ཡིན་ནོ། །དེ་ལས་གདུལ་བྱའི་འཇིག་རྟེན་དུ་དེ་ལྟར་སྣང་བ་ནི་དབྱིངས་ཀྱི་ཟླ་བ་ལས་ཆུ་སྣོད་དུ་སྣང་བ་བཞིན་ནོ། །དེའང་ཞི་ཁྲོའི་རང་སྣང་ལས་གཞན་སྣང་ལོངས་སྤྱོད་རྫོགས་པ་དེ་འདྲ་བ་ཆུའི་ཟླ་གཟུགས་བཞིན་སྣང་བ་ནི་སྤྲུལ་པའི་སྐུ་སྟེ། མདོ་སྡེ་རྒྱན་ལས། ཆུ་དང་ནམ་མཁའ་ཟླ་གཟུགས་བཞིན། །ཞེས་ཆོས་སྐུའི་མཁའ་ལ་ལོངས་སྐུའི་ཟླ་བ་གདུལ་བྱའི་ཆུ་ནང་དུ་སྤྲུལ་སྐུར་སྣང་བའི་དཔེས་བསྟན་པ་བཞིན་ནོ། །སྔར་ཞི་བའི་རང་བཞིན་ཕྱིས་ཁྲོ་བོར་བསྒྱུར་བ་མ་ཡིན་ཏེ། ཡེ་ནས་དེ་ལྟར་ལྷུན་གྱིས་གྲུབ་ནས་གནས་ཤིང་དུས་ཐ་དད་པའང་མེད་དེ། (༢༦༦)བརྗོད་བྱའི་དབྱིངས་དེ་ལྟར་གནས་པ་རྗོད་བྱེད་ཀྱི་གཞུང་དགོད་པ་ན་དུས་གཅིག་ཏུ་བསྟན་དུ་མ་བཏུབ་པས་རིམ་གྱིས་གསུངས་ཤིང་སྤྲུལ་པ་སྐད་བརྗོད་པའོ། །

གཉིས་པ་རཱུ་ཏྲ་ངོས་གཟུང་བ་ལ་གཉིས་ལས། རྩོད་པ་དགོད་པ་ནི། འདིར་གསུངས་པའི་རཱུ་ཏྲ་ནི་ཐ་མལ་པ་ཡིན་ནམ། སྤྲུལ་པ་ཡིན། དང་པོ་ལྟར་ན་ཡི་དྭགས་སྲིན་པོ་ཆེན་པོ་ཞེས་ཟེར་བས། གཟུགས་ཁམས་དབང་དུ་སྡུད་པ་དེ་མི་འཐད་དེ། འདོད་ཁམས་པ་ཡིན་པའི་ཕྱིར་དང་། བསམ་གཏན་གྱི་ཏིང་ངེ་འཛིན་མ་ཐོབ་པའི་ཕྱིར་དང་། དཔལ་ཆེན་པོའི་ཞལ་མཐོང་ཞིང་དངོས་ཀྱི་གདུལ་བྱར་གྱུར་པ་ཡང་མི་འཐད་དེ། དཔལ་ཆེན་པོ་དང་སྤྱོད་ཡུལ་གཅིག་ཏུ་མ་སྤྱོད་པའི་ཕྱིར་རོ། །གཉིས་པ་ལྟར་ན་ངན་སོང་གསུམ་གྱི་སྡུག་བསྔལ་མྱོང་བ་མི་རིགས་སོ་ཞེས་པའོ། །

གཉིས་པ་ལན་ལ་གཉིས་ལས། ཕྱོགས་དང་པོའི་ལན་ནི་འདོད་ཁམས་པ་ཡིན་ཡང་གཟུགས་ཁམས་དབང་དུ་སྡུད་པ་ཡང་འགལ་བ་མེད་དེ། འདོད་པའི་རྟེན་ལ་འཕགས་ས་ཐོབ་པས་གཟུགས་ཁམས་པ་སྡུད་པ་དང་། སྔོན་གྱི་ལས་རྨད་དུ་བྱུང་བའི་མཐུ་ནི་བསམ་གྱིས་མི་ཁྱབ་པས་དེས་སྡུད་པའོ། །འདོད་པའི་ཡི་དྭགས་ཆེན་པོར་སྨོས་པས་ཏིང་ངེ་འཛིན་མ་ཐོབ་པར་མི་འབྱུང་ཏེ། རྟེན་འདོད་པ་ཡིན་ཡང་སེམས་གཟུགས་ཀྱི་ཏིང་ངེ་འཛིན་ཐོབ་པ་མི་འགལ་ཏེ། འདོད་པའི་སོ་སོ་སྐྱེ་བོས་བསམ་གཏན་གཟུགས་མེད་ཀྱི་སེམས་ཐོབ་པར་གསུངས་པ་དང་། འདོད་པའི་འཕགས་པ་བཞིན་ནོ། །ཡི་དྭགས་སྲིན་པོ་ཆེན་པོ་ཞེས་པས་ཀྱང་དོན་ལ་ཏིང་ངེ་འཛིན་དང་རྫུ་འཕྲུལ་ཆེ་བར་མཚོན་པའོ། །དཔལ་ཆེན་པོའི་ཞལ་མཐོང་བ་ལ་སྐལ་བ་གཅིག་པའི་སྤྱོད་ཡུལ་སྤྱད་པ་དགོས་ན་ཡང་ཧ་ཅང་ཐལ་ཏེ། ཐུབ་པ་དྲུག་མཐོང་བའི་སེམས་ཅན་གྱིས་ཐུབ་པ་དང་སྤྱོད་ཡུལ་གཅིག་ཏུ་སྤྱད་པར་ཐལ་བ་དང་། ལྷ་མི་དུད་འགྲོ་བེམ་པོ་ལ་སོགས་པ་མཐོང་བའི་ཚེའང་དེ་དག་སྤྱོད་ཡུལ་གཅིག་ཏུ་སྤྱོད་པར་ཐལ་བའི་སྐྱོན་མི་སྤོང་བ་ཡིན་ནོ། །དེ་བས་ན་འདིར་བསྟན་པའི་རཱུ་ཏྲ་འཁོར་དང་བཅས་པ་ནི་ཐ་མལ་པ་སྣང་ཡང་ཐ་མལ་པ་མ་ཡིན་ཏེ། འཕགས་པས་སེམས་ཅན་སྐྱོ་བ་བསྐྱེད་པའི་ཕྱིར་དམྱལ་བ་དང་ཡི་དྭགས་ཀྱི་འཇིག་རྟེན་སྤྲུལ་པ་བཞིན་དུ། རང་སྣང་གི་སྟོན་པ་ཐུགས་རྗེའི་འཆར་ཚུལ་དང་ཡེ་ནས་གནས་པའི་ཁྲོ་བོ་མངོན་པར་འབྱུང་བའི་ཆོ་འཕྲུལ་འོག་མིན་དུ་བཀོད་པ་ཉིད་ལོངས་སྤྱོད་ཆེན་པོ་ཁྲོ་བོའི་རོལ་པར་དེ་ལྟར་སྣང་བ་ཡིན་མོད། ཡི་དྭགས་ལ་སོགས་པ་ཐ་མལ་པའི་གཟུགས་སུ་སྣང་བས་ཐ་མལ་པ་ཡིན་ནའང་ཧ་ཅང་ཐལ་ཏེ། འགྲོ་བ་འདུལ་བའི་ཐུབ་པ་རྣམས་ཀྱང་ཐ་མལ་པའི་གཟུགས་དང་སྐྱེ་རྒ་ན་འཆི་དང་ནད་དང་གཡུལ་འགྱེད་པ་ལ་སོགས་པར་སྤྲུལ་པ་སྣང་བའང་དོན་ལ་ཐ་མལ་པར་འགྱུར་རོ། །ཡང་འོག་(༢༦༧)མིན་ན་ཁྲི་འདེགས་པའི་སེང་གེ་ལ་སོགས་པར་སྣང་བ་དེ་ཡང་ཐ་མལ་པར་འགྱུར་རོ། །འདོད་ན་ཡོན་ཏན་ལྔའི་རོལ་པ་ཉིད་སྟོབས་སོགས་ཀྱི་ཆར་གནས་པའི་བརྡ་དོན་རང་སྣང་བས་རྒྱལ་བའི་རོལ་པར་བཤད་པས་གསལ་ལོ། །

ཕྱོགས་གཉིས་པའི་ལན་ནི་ངན་སོང་གི་སྡུག་བསྔལ་རང་མཚན་པ་མྱོང་བ་མེད་དེ། རཱུ་ཏྲ་དེ་ཉིད་རང་སྣང་ཡེ་ཤེས་ཀྱི་སྤྲུལ་པ་བཀོད་པའི་ཕྱིར་རོ། །དེ་སྔོན་བསྟེན་པའི་སྟོབས་ཀྱིས་ཐམས་ཅད་མཁྱེན་པས་གཟིགས་ནས་ཞེས་པའང་དེ་ལྟར་སྣང་བའི་རཱུ་ཏྲ་ལ་ཡོད་པར་བསྟན་པ་མ་ཡིན་ཏེ། ཕྱིས་འཇིག་རྟེན་དུ་རཱུ་ཏྲ་རང་མཚན་པ་འབྱུང་བ་རྣམས་ལ་རྒྱུ་དེ་ལྟ་བུས་བསྐྱེད་པར་བསྟན་པའོ། །དེའང་ཐུན་མོང་གི་མདོ་སྡེ་ལས་ཀྱང་མི་ཐུང་སོར་ཕྲེང་ཅན་གྱིས་མི་སྟོང་དུ་གཅིག་གིས་མ་ལོངས་པ་བསད་པའི་སོར་མོའི་ཕྲེང་བ་བསྒྲུབས་པ་ལས། སངས་རྒྱས་ཀྱིས་བཏུལ་ནས་དེའི་ཉེས་པ་མེད་པར་བསྟན་པ་ཡང་དེ་བཞིན་གཤེགས་པའི་སྤྲུལ་པས་སྤྲུལ་པའི་མི་བསད་དེ་ཕྲེང་བར་བྱས་པ་ལས་ཕྱི་རབས་གཉེན་པོ་མཆོག་རྣམས་ཉེས་པས་མི་གོས་པར་བསྟན་པ་ལ་དགོངས་པ་ལྟ་བུའོ། །ཡང་སྤྲུལ་པའི་ཉན་ཐོས་ཀྱིས་བསླབ་པའི་མཚམས་ལས་འདས་པ་སྔོན་ཡང་དེ་ལྟར་འདས་ཤིང་། ཕྱིས་ཀྱང་ངན་སོང་དུ་སྐྱེས་པ་འཁོར་གྱིས་མཐོང་བའི་ཆོ་འཕྲུལ་བསྟན་པས་དགེ་སློང་རྣམས་བཏུལ་བའི་ཚེའང་སྤྲུལ་པ་ལ་དེ་ལྟ་བུའི་ལས་བསགས་པ་དང་སྔ་ཕྱི་བརྒྱུད་ནས་སྡུག་བསྔལ་མྱོང་བ་མེད་པ་བཞིན་ནོ། །ཚུལ་འདི་དེ་བས་ཀྱང་ཆེས་འཕགས་ཏེ་གཞན་གྱི་ངོར་དེ་ལྟར་བསྟན་ནས་སྤྲུལ་པའི་རཱུ་ཏྲ་དང་དཀྱིལ་འཁོར་བསྟན་པ་ཡང་མ་ཡིན་ཏེ། རང་བཞིན་གྱིས་ཁྲོ་བོའི་དཀྱིལ་འཁོར་མངོན་དུ་གྱུར་པ་ན་ཡེ་ཤེས་ཀྱི་རོལ་པ་དེ་ལྟ་བུའི་ཏིང་ངེ་འཛིན་ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་དུ་རང་སྣང་བ་སྟེ། དེ་ལས་གདུལ་བྱའི་འཇིག་རྟེན་དུ་དེ་ལྟར་སྣང་བའི་འཕྲོ་གཞི་བྱེད་པའོ། །གལ་ཏེ་འཕྲོ་གཞི་ལ་དེ་ལྟར་མེད་ན་འཕྲོ་བའི་རྣམ་འཕྲུལ་ཡང་དེ་ལྟ་བུ་འབྱུང་བར་མི་རིགས་ཏེ། ནམ་མཁའི་ཟླ་བ་དང་ཆུའི་རྫིང་བུའི་གཟུགས་བརྙན་རྣམ་པ་ཐ་མི་དད་པའི་དབྱིབས་སུ་ཇི་ལྟར་རུང་སྟེ། ནམ་མཁར་ཟླ་བ་ཡོད་ཀྱང་རྫིང་བུར་ལྗོན་ཤིང་ལ་སོགས་པ་རྣམ་པ་གཞན་སྣང་བ་ལ་སོགས་པ་མ་ངེས་པའི་སྐྱོན་དུ་འགྱུར་རོ། །སངས་རྒྱས་རྣམས་ཀྱི་རྣམ་པར་སྤྲུལ་པ་རྒྱ་མཚོ་སྣང་བ་ཡང་ཁ་ཅིག་ཏུ་ནི་གདུལ་བྱའི་དབང་དང་གཞི་ལ་གནས་པའི་དབྱེ་བས་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཐ་དད་པར་སྣང་བ་སྟེ། དོན་གྱི་ངོ་བོ་ལ་འཁོར་འདས་གཉིས་སུ་མེད་པར་རྒྱུ་གཅིག་པ་ལ་སོགས་པའི་ཚུལ་གྱིས་གཞི་འཆར་གཞིའི་ངང་ལས་དེ་དང་དེར་འཆར་བ་ནི་ལྷུན་གྱིས་གྲུབ་པའི་ཡེ་ཤེས་སོ། །འོ་ན་མ་དག་པ་ཡང་འཆར་གཞི་ཡོད་དམ་གདུལ་བྱ་ལ་དེ་ལྟར་སྣང་བའི་ཕྱིར་ཞེ་ན། མ་དག་པ་ཞེས་པ་གང་ལ་ཟེར། འགྲོ་(༢༦༨)དྲུག་ཏུ་སྣང་བ་ལ་བྱེད་ན་དེའི་འཆར་གཞི་ཐུགས་རྗེ་རོལ་པ་ལ་འགྲོ་བ་དྲུག་གི་སྤྱོད་ཡུལ་རྒྱ་མཚོར་སྣང་བའི་རོལ་བ་རང་བཞིན་གྱིས་དག་པར་ཡོད་པར་བཤད་དོ། །རྩ་འཁོར་དྲུག་གི་རང་བཞིན་འགྲོ་བ་དྲུག་གི་འཇིག་རྟེན་སྣང་བ་ཡོད་པའི་ཕྱིར་ཏེ། རྡོ་རྗེ་ལས། འཁོར་ལོ་དྲུག་གི་རང་བཞིན་གྱིས། །འཇིག་རྟེན་དྲུག་གི་སྣང་བ་ནི། །ཡེ་ནས་སྣང་བ་ལྷུན་གྲུབ་པས། །རླུང་སེམས་བྱེད་པས་དེ་ལྟར་སྣང་། །ཞེས་སོ། །དེའང་འཁོར་བའི་ཚེ་མ་རིག་པས་དེ་ལྟར་བདེ་སྡུག་ལ་སོགས་པར་འཁོར་ཡང་། འཁོར་བའི་རང་བཞིན་གཟུགས་བརྙན་དང་འདྲ་བར་རྟོགས་པ་མཐར་ཕྱིན་པའི་ཚེ་དེ་དག་གི་འཆར་གཞི་འགྲོ་དྲུག་སོ་སོའི་འཇིག་རྟེན་དུ་ཐུབ་པ་དྲུག་གི་རོལ་པ་སྟོན་པ་ཡང་དེ་ལས་བྱུང་བའོ། །དེའང་འགྲོ་བ་དྲུག་གི་འཆར་གཞི་སྣང་བས་འགྲོ་དྲུག་རང་མཚན་པའི་འཁོར་བ་ཡོད་པར་མི་འགྱུར་རོ། །རྫུ་འཕྲུལ་སྣ་ཚོགས་སུ་འགྱེད་པའི་ཚེ་ལས་དག་པའི་སེམས་དཔའ་ལ་དེ་མེད་པ་དང་། མེ་ལོང་ཀུན་གྱི་འཆར་གཞིར་གནས་ཀྱང་དེའི་ངོ་བོ་ལ་གོས་པ་མེད་པ་བཞིན་ནོ། །འདི་ལྟར་སངས་རྒྱས་ཕལ་པོ་ཆེ་ལས་ཀྱང་། ཞིང་གི་རང་བཞིན་རྒྱ་མཚོ་རྣམས། །སེམས་ཀྱི་སྤྱོད་ཡུལ་སྣ་ཚོགས་སྣང་། །ཇི་ལྟར་དྭངས་པའི་རྒྱ་མཚོ་ལ། །གཟུགས་བརྙན་རྒྱ་མཚོར་སྣང་བ་བཞིན། །ས་ཆུ་མེ་རླུང་ནམ་མཁའ་དང་། །སེམས་ཀྱི་རང་བཞིན་རྒྱ་མཚོ་ན། །ཞིང་ཁམས་རྒྱ་མཚོའི་རྡུལ་སྙེད་རྣམས། །སུས་ཀྱང་བཀོད་པ་མེད་པར་གནས། །ལ་ལ་རང་བཞིན་དག་པ་དང་། །ཁ་ཅིག་སྤྱོད་ཡུལ་སྣ་ཚོགས་ལ། །འགྲོ་བའི་ཁམས་ཀུན་གསལ་བར་སྣང་། །བ་སྤུའི་ཁུང་བུ་ཉག་རེ་ལའང་། །སངས་རྒྱས་ཞིང་ཁམས་རྒྱ་མཚོ་སྟེ། །སྣ་ཚོགས་བརྗོད་ཀྱིས་མི་ལང་བའོ། །ཞེས་སོ། །དེས་ནས་སངས་རྒྱས་ཀྱི་ཆོས་ནི་བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་ཏེ་བློ་ཞན་པ་དག་གིས་ཇི་ལྟར་དཔག་པར་ནུས། གཞན་ཡང་འགྲོ་དྲུག་ཏུ་སྣང་བས་འཁོར་བར་མི་འགྱུར་ཏེ། ཐུབ་པ་དྲུག་དང་སྒྱུ་མ་དང་མིག་འཕྲུལ་གྱི་འགྲོ་བ་བཞིན། དེའང་འཁོར་བའི་སྡུག་བསྔལ་འབྱུང་བའི་རྒྱུ་བདག་ཏུ་འཛིན་པ་ལོག་པ་ན་སྡུག་བསྔལ་སོ་སོ་ལོག་པ་ཡིན་གྱི། འཆར་གཞི་འཁོར་ལོ་དྲུག་གི་རྩ་འདབ་ཐུགས་རྗེས་འཁོར་བ་ལ་རང་དང་མཐུན་པར་སྣང་བ་སྟོན་པའི་རང་བཞིན་མེ་ལོང་གི་ངོས་ལྟ་བུ་མེད་པར་འགྱུར་བ་ནི་མ་ཡིན་ནོ། །གལ་ཏེ་འདི་ཉིད་མེད་ན་འགྲོ་དྲུག་གི་སྣང་བའང་གློ་བུར་དུ་གང་གིས་བྱས་པ་དང་། སངས་རྒྱས་ཀྱི་ལོངས་སྤྱོད་ཆེན་པོའི་སྐུ་ལ་འཁོར་འདས་ཀྱི་འབྱོར་པ་ཐམས་ཅད་མ་ཚང་བར་འགྱུར་བ་དང་། མ་དག་པ་འཁོར་བ་ལ་སྣང་བའི་སྐུ་དང་ཐུགས་རྗེའི་རོལ་པ་རྒྱུན་ཆད་པར་འགྱུར་རོ། །འདི་ལྟར་རྣལ་འབྱོར་སེམས་ཙམ་པས་ཀྱང་ཀུན་གཞི་ལ་ཐོག་མ་མེད་པའི་དུས་ནས་ཡུལ་དང་དོན་(༢༦༩)དང་ལུས་སུ་སྣང་བའི་ངོ་བོ་གསུམ་ཡོད་པར་བཤད་དེ། དེ་ཉིད་མ་དག་པ་སྦྱངས་པ་ལས་དག་པའི་རང་བཞིན་དུ་གནས་གྱུར་ཡང་དོན་གྱི་ཀུན་གཞི་སྔོན་དང་ཕྱི་མ་ད་ལྟ་གསུམ་དུ་འཕོ་འགྱུར་མེད་པར་ཆོས་ཀྱི་སྐུར་ལྷུན་གྱིས་གྲུབ་པར་འདོད་པས། འཆར་གཞི་འཁོར་འདས་ཀྱི་རོལ་པ་དེ་ཉིད་མེད་པར་མི་འགྱུར་བ་ཇི་ལྟ་བ་བཞིན་ནོ། །ལན་དངོས་མདོར་བསྡུ་ན། འདི་ཡི་རཱུ་ཏྲ་ནི་ཡེ་ཐོག་དང་པོར་ཀུན་ཏུ་བཟང་པོ་སངས་རྒྱས་པའི་ཚེ་རང་སྣང་གི་རྩ་འདབ་འཁོར་ལོ་ན་སྣང་བའི་བདུད་བཏུལ་བར་རང་སྣང་བ་ཡིན་པས་རང་མཚན་པའང་མ་ཡིན་ཏེ། རང་སྣང་ཡིན་པའི་ཕྱིར་རོ། །སྤྲུལ་པའང་མ་ཡིན་ཏེ། སྤྲུལ་པ་ནི་གདུལ་བྱ་གཞན་གྱི་སྣང་ངོ་བོ་ལ་ལྟོས་པ་ཡིན་ལ། འདི་རང་སྣང་ཡིན་པས་གདུལ་བྱ་དང་གདུལ་བྱེད་ཐ་དད་པ་དོན་ལ་མ་གྲུབ་པའི་ཕྱིར་རོ། །དེས་ན་རང་སྣང་བ་ཡེ་ཐོག་དང་པོར་སྣང་བའོ། །མདོ་དང་མིང་འདྲ་བ་ལས་དོན་མི་མཚུངས་ཏེ་དུས་ཐ་དད་པ་དང་། གདུལ་བྱ་དང་འདུལ་བྱེད་རྒྱུད་ཐ་དད་པ་དང་། ངོ་བོ་གཅིག་ལ་ཐ་དད་ལྟར་སྣང་བའི་ཁྱད་ཡོད་དོ། །

གསུམ་པ་དུས་དང་སྟོན་པ་ངོས་བཟུང་བ་ལ་གཉིས་ཏེ། དུས་མཚུངས་མི་མཚུངས་དང་། འདུལ་བྱེད་ཀྱི་སྟོན་པ་གཅིག་མི་གཅིག་ངོས་བཟུང་པའོ། །

དང་པོ་ལ་གཉིས་ལས། རྩོད་པ་དགོད་པ་ནི། འདིར་ཐོག་མ་མེད་པའི་དུས་སུ་བཏུལ་ཞིང་། མདོར་བསྟན་པ་འདི་ལ་བཏུལ་བའི་དུས་ཐ་དད་ཅིང་། མདོར་འཛམ་གླིང་དང་། འདིར་འོག་མིན་དུ་བཤད་པས་གནས་ཀྱང་ཐ་དད་པས་མི་མཚུངས་པའི་ཕྱིར་རོ་ཞེ་ན། ལན་ནི་འདིར་དུས་བཞི་མཉམ་པ་ཉིད་ཀྱི་དབྱིངས་སུ་བསྟན་པས་ཐོག་མ་མེད་པའི་དུས་ཞེས་བརྗོད་དེ། ལོའམ་བསྐལ་པ་ཀུན་གྱི་སྔོན་རོལ་ལྟ་བུ་འབའ་ཞིག་མ་ཡིན་ལ། བསྟན་པ་འདིའང་བསྐལ་པ་བཟང་པོ་ལྟ་བུ་གཅིག་ཁོ་ནར་ངེས་པའང་མ་ཡིན་ཏེ། གདུལ་བའི་ཞིང་དང་དུས་སྐད་ཅིག་མ་གཅིག་བསྐལ་པ་སྔ་ཕྱི་དང་འཇིག་རྟེན་དུ་མར་སྟོན་པའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །དེས་ན་དུས་ཐོག་མ་མེད་པ་ནི་ངོ་བོ་ལ་ལྟོས་ཏེ་མ་ངེས་པའི་དུས་ཡིན་ལ། འགྲོ་བ་ལ་སྣང་བའི་རང་སྣང་དུ་བཀོད་པའི་དུས་ལ་ངོས་གཟུང་བྱས་པ་དང་ཡང་མི་འགལ་བ་དེ་ལྟར་ཡིན་ནོ། །འཛམ་གླིང་དང་འོག་མིན་ཡང་སྟོན་པ་དང་འགྲོ་བ་རང་སྣང་སོ་སོར་སྣང་བ་ཙམ་ལས་འོག་མིན་ཕྱོགས་འདི་ཁོ་ན་ན་ཡོད་ཅེས་ངེས་གཟུང་མི་རུང་སྟེ། དག་པའི་སེམས་དཔའ་དང་སངས་རྒྱས་ཀྱི་སྣང་བ་ཡིན་ལ། དེ་ཉིད་གར་ཁྱབ་ན་འོག་མིན་གྱིས་ཁྱབ་པའི་ཕྱིར་རོ། །གཟུགས་ཀྱི་འོག་མིན་ལྟར་དངོས་པོ་ཐ་དད་པའི་ཞིང་གཞན་ཡོད་པ་མ་ཡིན་ནོ། །

གཉིས་པ་ལའང་གཉིས་ལས། རྩོད་པ་དགོད་པ་ནི། མདོར་བཏུལ་བ་དང་། འདིར་བཏུལ་བ་གཉིས་གཅིག་གམ་ཐ་དད། གཅིག་ན་མདོར་གསང་བདག་(༢༧༠)དང་། འདིར་ཧེ་རུ་ཀའི་བཏུལ་བར་གསུངས་པས་ཐ་དད་དང་། གཉིས་པ་ལྟར་ནའང་དེ་སྔོན་བརྟེན་པའི་ཞེས་པ་ལ་སོགས་པས་མདོ་དང་མཐུན་པར་སྣང་བས་སོ་ཞེ་ན། གཉིས་པ་དེའི་ལན་ནི། སྤྱིར་གྱི་གསང་བདག་དང་ཧེ་རུ་ཀའང་ཐ་དད་པ་མ་ཡིན་ཏེ། གདུལ་བྱའི་ངོར་གསང་བདག་ཏུ་སྣང་བ་དེ་ཉིད་རང་སྣང་དག་པའི་ཞིང་དུ་ཧེ་རུ་ཀར་གནས་པས་ཕྱི་ནང་ལྟར་ཡང་ཡིན་མོད། མདོ་དང་རྣམ་པ་མཚུངས་པས་གཅིག་པའང་མ་ངེས་ཏེ། དེ་ཁོ་ན་འདྲ་བའི་རྒྱུད་གཞན་ཡང་ཡོད་པ་དང་ལྷ་སྦྱིན་དང་མཆོད་སྦྱིན་མིང་མཚུངས་ཀྱང་ཐ་དད་པ་བཞིན་ནོ། །དེས་ན་རང་སྣང་འོག་མིན་དུ་ཏིང་ངེ་འཛིན་གྱི་རོལ་པས་བཏུལ་བ་དེ་བཞིན་དུ་གདུལ་བྱའི་སྣང་ངོར་གསང་བདག་གིས་བཏུལ་བར་སྣང་སྟེ། དུས་དང་སྟོན་པའང་སངས་རྒྱས་ཀྱི་སྤྱོད་ཡུལ་ཡིན་པས་མཚུངས་པ་མི་འགལ་ཏེ། དེ་ལྟར་བྱིན་གྱིས་རློབ་ནུས་པའི་ཕྱིར་རོ། །མདོར་བསྡུ་ན་མི་འཇིགས་པ་བཞི་ཡོད་པའི་བརྡར་སེང་གེའི་ཁྲི་སྣང་བ་ལྟར། བདུད་དང་ཕྱིར་རྒོལ་བ་མཐའ་དག་ལས་རྒྱལ་ཞིང་དྲེགས་པ་ཅན་ཟིལ་གྱིས་གནོན་པའི་མངའ་དབང་རྫོགས་པའི་བརྡར་རཱུ་ཏྲ་བཏུལ་བར་སྣང་བ་ཡིན་ནོ། །དེའང་བྱང་ཆུབ་བརྙེས་པ་དེའི་ཚེ་བདུད་བཏུལ་བར་སྣང་དགོས་པས་རཱུ་ཏྲ་སྟེ་དྲེགས་པ་ཅན་གྱི་བདུད་དཔུང་ཡེ་ཐོག་དང་པོར་བཅོམ་པའི་ཚུལ་བསྟན་པ་ན་རང་སྣང་རྩ་འདབ་ཀྱི་སྣང་བ་ལ་དབང་སྒྱུར་བའོ་། །

གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། ཁྲོ་བོ་མངོན་པར་འབྱུང་བའི་ཚུལ་མདོར་བསྟན་པ་དང་། དེའི་རང་བཞིན་རྒྱས་པར་བཤད་པའོ། །

དང་པོ་ནི། ཞི་བའི་དཀྱིལ་འཁོར་བསྟན་པ་དེ༵་ན༵ས་ཕྱོགས་བཅུ་དུས་བཞིའི་དེ༵་བཞི༵ན་གཤེ༵གས་པ༵་ཐམ༵ས་ཅ༵ད་ཀྱི༵་བད༵ག་ཉིད་ཆེན་པོ༵་དཔལ་ཀུན་ཏུ་བཟང་པོ་སང༵ས་རྒྱས༵་ཐམ༵ས་ཅ༵ད་ཀྱི༵་སྐུ་གསུང་ཐུགས་རྡོ་རྗེའི་ངོ༵་བོ༵་ཉིད༵་ཀྱི༵ས་ཆོས་སྐུ་སྤྲོས་པ་དང་བྲལ་བའི་ངང་ལས་མ་གཡོས་བཞིན་དུ་ལྷུན་སྟུག་པོ་བཀོད་པའི་ཞིང་དུ་རང་སྣང་ཁྲོ༵་བོ༵འི་དཀྱི༵ལ་འཁོ༵ར་དུ་ཡེ་ནས་ལོངས་སྤྱོད་རྫོགས་པའི་སྐུར་མངོན༵་པར༵་འདུ༵་མཛད༵་དེ་སྤྲུལ་པ་སྐུའི་ཁྲོ་བོ་འབྱུང་བའི་འཆར་གཞིར་བཞུགས་སོ། །

གཉིས་པ་ལ་གཉིས་ཏེ། གདུལ་བྱ་ལས་ཀྱི་ཁྲོ་བོའི་བྱུང་ཚུལ་དང་། འདུལ་བྱེད་ཡེ་ཤེས་ཀྱི་ཁྲོ་བོས་བཏུལ་ཚུལ་ལོ། །དང་པོ་ལ་གཉིས་ཏེ། དགོས་ཆེད་དྲི་བ་དང་། དེའི་ལན་བཤད་པའོ། །

དང་པོ་ནི། འཆར་གཞི་ལོངས་སྐུ་དང་དེ་ལས་ཤར་བ་སྤྲུལ་པ་སྐུའི་ཁྲོ་བོའི་དཀྱིལ་འཁོར་བསྟན་པ་དེའི༵་དགོངས་པའམ་རྒྱུ་མཚན་ཅིའི༵་ཕྱིར༵་ཞེ༵་ན༵་ཞེས་སོ། །

གཉིས་པ་ལ་གཉིས་ཏེ། རྒྱུ་གང་གིས་བསྐྱེད་པ་དང་། འབྲས་བུ་གང་དུ་སྨིན་པའོ། །དེའང་སྤྲུལ་སྐུའི་ཁྲོ་བོས་འདུལ་བ་ལ་ལོངས་སྐུའི་ཁྲོ་བོ་དགོས་ལ། ལོངས་སྐུའི་ཁྲོ་བོས་མཛད་པའི་ཆོ་འཕྲུལ་རང་སྣང་དུ་སྟོན་(༢༧༡)པ་ཅི་འདྲ་བ་སྤྲུལ་སྐུའི་ཁྲོ་བོས་གདུལ་བྱའི་འཇིག་རྟེན་དུ་སྟོན་པས་ཆུ་དང་ཟླ་གཟུགས་བཞིན་འབྲེལ་བ་གྲུབ་པ་དེའི་ཕྱིར་མ་དག་པར་སྣང་བ་ཉིད་འདུལ་བར་སྟོན་པའོ། །སྐབས་འདིའི་གདུལ་བྱ་དང་འདུལ་བྱེད་བཟང་ངན་གྱིས་བསྐྱེད་པའི་རྒྱུ་འབྲས་དང་བཟང་ངན་དུ་སྣང་ཡང་དོན་ལ་བཟང་ངན་མེད་དེ། ངོ་བོའི་འཆར་ཚུལ་དེ་ལྟར་སྣང་བའི་ཕྱིར་རོ། །དེས་ན་འདི་དང་མདོ་གཉིས་འཆར་གཞི་དང་འཆར་བྱེད་དུ་འབྲེལ་ལོ། །རྣམ་པ་དེ་འདྲ་བས་དུས་གཅིག་པའང་མི་དགོས་ཏེ། འཆར་བྱེད་འཆར་གཞི་དང་དུས་གཅིག་ཀྱང་། འཆར་གཞི་འཆར་བྱེད་དང་གཅིག་པའི་ངེས་པ་མེད་དེ་ཟླ་བ་དང་ཆུ་ཟླའི་དུས་བཞིན་ནོ། །འོན་ཏེ་གཅིག་པའང་མི་འགལ་བ་རུང་སྟེ། དེ་ལྟར་བྱིན་གྱིས་རློབ་ནུས་པའི་ཕྱིར་རོ། །

དང་པོ་ནི། ང་དང་ང་ཡིར་འཛིན་པས་གང་ཟག་གི་བད༵ག་ཏུ༵་རང་གི་སེམས་རྨོང༵ས་པའི༵་རྣམ་པར་རྟོག༵་པ༵་ལྷན་ཅིག་སྐྱེས་པའི་མ་རིག་པས་འཛིན་པ་ལ་བདག་ཏུ་ཞེན་པ་དང༵་། ཆོས་ཐམས་ཅད་གཟུགས་བརྙན་དང་འདྲ་བ་བརྡ་ཙམ་བློས་བརྟག༵ས་ཙམ་ཡིན་པ་ལ༵་དེ་ལྟར་མ་ཤེས་པར་བདེན་བདེན་གྲུབ་གྲུབ་པོར་མངོན༵་པར༵་ཞེ༵ན་པ༵་ཀུན་བརྟགས་པའི་མ་རིག་པས༷་གཟུང་ཡུལ་ལ་བདག་གིར་ཞེན་པས་འཁོར་བར་འཁྱམས་ཤིང་སྲིད་པའི་རྒྱུ་བྱེད་དེ། སྡུག་བསྔལ་གྱིས་འཁོར་མོར་གདུངས་ལ་ཡང༵་དག༵་པའི༵་ལམ༵་འཁོར་བ་ལས་ངེས་པར་འབྱིན་པའི་ཤེས་རབ་ཟབ་མོ་དང༵་བྲལ༵་བ༵་དག༵་ནི་སྲིད་པའི་འདུ་བྱེད་པ་སྤྱིའི་རྒྱུ་ཡིན་ལ། དེའི་སྟེང་དུ་དོན་ཟབ་མོ་རྒྱུད་ལུང་གི་ཁོང་ན་གབ༵་པའི༵་རང་བཞིན་རྟོགས་པར་ཤིན་ཏུ་དཀའ་བ་རང་བཞིན་གྱི་གསང༵་བ༵་མ༵་རྟོག༵ས་པར༵་སྦྱོར་སྒྲོལ་གྱི་ཐབས་ལ་སོགས་པ་སྦས༵་པའི༵་གསང༵་བ༵་སྤྱོད་པ་བརླང་པོ་རང་ག་བ་ལ༵་མངོན༵་པར༵་འཆེལ༵་ནས༵་སྤྱོད་ཅིང་། རྒྱུ༵་དགེ་སྡིག་དང༵་འབྲས༵་བུ༵་བདེ་སྡུག་གི་འབྲེལ་བ་ལས་འབྲས་བསླུ་བ་མེད་པའི་རྟེན་འབྲེལ་ལ༵་རྨོང༵ས་པས༵་གསང་བ་ཟབ་མོ་རྣམས་ཀྱི་སྒྲ་ཇི་ལྟ་བར་སྤྱོད་ཅིང་ཕྱིན་ཅི་ལོག་གི་ལམ་ལ་ཞུགས་པ་རྣམས་རཱུ་ཏྲ་འབྱུང་བའི་རྒྱུ་སྟེ་ཐར་པ་ནག་པོ་ལྟ་བུའོ། །དེ་སྐད་དུའང་སངས་རྒྱས་མཉམ་སྦྱོར་ལས། འདས་པའི་དུས་ན་སྔོན་བྱུང་བ། །བདག་ཉིད་ཆེན་པོ་རྟག་པ་ཡིས། །དེ་བཞིན་གཤེགས་པའི་གསུང་རབ་ལས། །འགྲོ་བའི་ཚུལ་ནི་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ལོག་པར་ལྟ་ལ་བརྩོན་པར་འགྱུར། །ལྟ་བ་ཤིན་ཏུ་ལོག་པ་ཡིས། །མནར་མེད་དམྱལ་བ་ཆེན་པོར་ལྟུང་། །ཞེས་སོ། །

གཉིས་པ་འབྲས་བུ་གང་དུ་སྨིན་པ་ལ་གཉིས་ཏེ། རྣམ་སྨིན་གྱི་འབྲས་བུ་སྡུག་བསྔལ་མྱོང་བ་དང་། རྒྱུ་མཐུན་གྱི་འབྲས་བུ་གཞན་ལ་འཚེ་བའོ། །

དང་པོ་ལའང་གཉིས་ལས། དམྱལ་བར་སྐྱེས་པའི་ཚུལ་ནི་སྔོན་ཞེ་སྡང་གིས་ཀུན་ནས་བསླངས་(༢༧༢)པའི་ལས་གསོད་པ་ལ་སོགས་པ་དང་། ང་རྒྱལ་དང་ཕྲག་དོག་གི་ལས་བླ་མ་དང་མཆེད་གྲོགས་ལ་ངན་སེམས་དང་ཚིག་རྩུབ་དང་ལོག་པར་ལྟ་བ་ལ་སོགས་པ་དམ་ཚིག་ཉམས་པའི་ཉེས་པ་ནི་སྲིད༵་པ༵འི་ས༵་བོ༵ན་རྩུབ༵་མོ༵་སྟེ་མི་དགེ་རྔམས་པོ་ཆེ་དེས༷་བར་དོ་མེད་པར་རྡོ་རྗེ་དམྱལ་བར་འཕང༵ས་ནས༵་བར་མཚ༵མས་མེད༵་པའི༵་རབ༵་ཏུ༵་ཚ༵་བའི༵་དམྱ༵ལ་བ་མནར་མེད་པར༵་སྐད་ཅིག་ལ་བརྫུས་ཏེ་སྐྱེས༵་སོ༵། །དེ་ཉིད་དུ་བསྐལ་ཆེན་དུ་མར་སྡུག་བསྔལ་ལ་སྤྱོད་དོ། །དམྱལ་བ་པ་དེ༵་དག་རབ༵་ཏུ༵་ཚ༵་བའི༵་སྡུག༵་བསྔལ༵་དྲག༵་པོས༵་གདུང༵་བ༵་དང༵་ལས་ཅུང་ཟད་བསྲབས་ཏེ། དེ་ལས་ཐར་དུ་ཉེ་བ་ན་གྲང་དམྱལ་གྱི་གནས་དག་མཐོང་ནས་འདི༵་བས༵་ཤིན༵་ཏུ༵་གྲང༵་བའི་གནས་ཕ་གིར་སྐྱེས་ཤིང་སྡུག་བསྔལ་མྱོང་ཡང༵་ཅི༵་མ༵་རུ༵ང་སྙམ༵་པའི༵་མོད༵་ལ༵་ཡང་དེར་སྐྱེས་ཏེ། གངས་དང་བུ་ཡུག་ལ་སོགས་པས་རབ༵་ཏུ༵་སྦྲེབ༵ས་པ༵་སྟེ་ཤིན་ཏུ་གྲང་བ་དང༵་ལུས་ཀྱང་པདྨ༵་ལྟར༵་བཞི་ཚལ་ལམ་བརྒྱད་ཚལ་ལ་སོགས་པར་གས༵་པ༵འི་སྡུག༵་བསྔ༵ལ་དྲ༵ག་ཆེ༵་སྟེ། བཟོད་དཀའ་བ་བསྟུད་མར་འབྱུང་བ་དག༵་གི༵ས་རབ༵་ཏུ༵་ཉེན་པ་བསྐལ་པ་དུ་མར་གདུང༵་ངོ༵་། །དེ༵་ལྟ༵་བུའི༵་སྡུག༵་བསྔ༵ལ་མི་བཟད་པའི་དམྱལ་བར་ར༵བ་ཏུ༵་ཚ༵་བ༵་དང་། ལ༵་སོག༵ས་པ་ནི་ཚ་བ་དང་། ངུ་འབོད་ཆེན་པོ་དང་། ངུ་འབོད་དང་། བསྡུས་འཇོམས་དང་། ཐིག་ནག་དང་ཡང་སོས་ཏེ་བརྒྱད༵་དང༵་། ཤིན༵་ཏུ༵་གྲང༵་བ༵་པདྨ་ཆེན་པོ་ལྟར་གས་པ་དང་། ལ༵་སོག༵ས་པ༵་ནི་པདྨ་ལྟར་གས་པ། ཨུཏྤལ་ལྟར་གས་པ། ཀྱི་ཧུད་ཟེར་བ། ཨ་ཆུ་ཟེར་བ། སོ་ཐམ་པ། ཆུ་བུར་རྡོལ་བ་ཅན། ཆུ་བུར་ཅན་ཏེ་བརྒྱད༵་པོ༵་དག༵་ཏུ༵་ཕན་ཚུན་ཟུང་རེ་རེ་ཞིང་སྐྱེས་རེས་བྱེད་དེ། དྲན་པ་ཉེར་བཞག་གི་མདོ་ལས། གང་དག་བར་མཚམས་མེད་པའི་ལས། །བསགས་པ་དེ་དག་མནར་མེད་པར། །སྐྱེས་ནས་དམྱལ་མེས་ཡུན་རིང་བསྲེག །དེ་ནས་པདྨ་ཆེར་སྐྱེས་ཤིང་། །དེ་བཞིན་ཡང་སོས་ཆུ་བུར་ཅན། །ཕན་ཚུན་སྡུག་བསྔལ་རབ་ཏུ་མྱོང་། །ཞེས་སོ། །དེའང་ཐེག་པ་ཐུན་མོང་པ་ལྟར་བསྐལ་པ་གཅིག་ལ་སོགས་པ་ནས་དམྱལ་བའི་གནས་ནས་ཐར་བའི་ལོ་གྲངས་དང་བཅས་པ་ལས་ལྷག་པར་བསྟན་པའི་ཕྱིར། དམྱལ་བའི་གནས་དེ་དག་ཏུ་སྐྱེས་དུས་འཇིག༵་རྟེན༵་གྱི༵་ཁམ༵ས་ལ་ཆགས་འཇིག་འབྱུང་བ་ན་འཇིག་རྟེན་གྱི་ཁམས་གཞན་དུ་བརྒྱུད༵་ཅིང༵་དེར་ཡང་ཆགས་འཇིག་བྱུང་དུས་གཞན་དུ་དམྱལ་བའི་ཚ་གྲང་གི་གནས་ཟུང་བརྒྱད་ཡོད་པར་སྐྱེ་ཞིང་། དེ་དག་གི་ཚེ་ཚད་ནི་བསྐ༵ལ་པ༵་ཆེ༵ན་པོ༵་སྟོང༵་ཕྲ༵ག་བཅུ༵་གཉིས༵་སུ༵་ཚ་གྲང་གི་སྡུག་བསྔལ་མྱང༵་ངོ༵་། །དེའང་བསྐལ་ཆེན་ནི་འཇིག་རྟེན་གྱི་ཁམས་གཅིག་ཆགས་པ། གནས་པ། འཇིག་པ། སྟོངས་པ་བཞི་ལ་བར་བསྐལ་ཉི་ཤུ་ཉི་ཤུ་སྟེ་བརྒྱད་ཅུ་ལ་བསྐལ་པ་ཆེན་པོར་བཤད་པ་ནི། མཛོད་ལས། དེ་ལྟར་འཇིག་རྟེན་ཆགས་པ་འདི། །བསྐལ་པ་ཉི་ཤུར་(༢༧༣)གནས་པ་ཡིན། །ཆགས་པ་དང་ན་འཇིག་པ་དང་། །ཞིག་གནས་འདུག་པ་དག་མཉམ་མོ། །དེ་དག་བརྒྱད་ཅུ་ལ་བསྐལ་ཆེན། །ཞེས་སོ། །དེའང་ཉན་ཐོས་པ་ལྟར་ཕྱི་རོལ་གྱི་སྣོད་དང་དམྱལ་གནས་ཀྱི་ཆགས་འཇིག་བདེན་པར་གྲུབ་པ་མེད་ཅིང་། སེམས་ཅན་དེ་དག་ལས་སྣང་ལ་དེར་སྐྱེ་དུས་འཇིག་རྟེན་ལ་ཆགས་འཇིག་བྱུང་བར་སྣང་ཞིང་། འཇིག་རྟེན་གཞན་གྱི་དམྱལ་ཁམས་སོ་སོར་སྐྱེས་པར་སྣང་བ་རྨི་ལམ་བཞིན་ཏེ་འཁྲུལ་པའི་བག་ཆགས་མཐུ་བརྟས་པ་ལས་བྱུང་བའོ། །

གཉིས་པ་ཡི་དྭགས་སུ་སྐྱེས་པའི་ཚུལ་ནི། དེ༵་ན༵ས་དམྱལ་བའི་རྣམ༵་པ༵ར་སྨིན༵་པ༵་དེ་དག་ཟད༵་པ༵་ད༵ང་ཡི༵་དྭག༵ས་སུ་སྐྱེས་སོ། །དེའང་ཟད་པ་ལ་གཉིས་ཏེ། གཉེན་པོས་བཅོམ་ནས་ཟད་པ་ཚ་རེག་དང་གྲང་རེག་ལྟ་བུ་སྟེ་གཉེན་པོ་དགེ་བས་སྤང་བྱ་མི་དགེ་བ་ཟད་པ་དང་། རང་གི་འབྲས་བུ་རྣམ་སྨིན་གྱིས་ཟད་པ་ས་བོན་ལས་མྱུ་གུ་སྐྱེས་སྟོབས་ཀྱིས་ཟད་པ་ལྟར་དགེ་སྡིག་གི་འབྲས་བུ་མྱོང་བའོ། །འདི་ནི་ཕྱི་མའོ། །དེའང་ཡི་དྭགས་སུ་སྐྱེ་བའི་ལས་ཡོད་བཞིན་དུ་དམྱལ་བར་སྐྱེ་བའི་ལས་མ་ཟད་ཀྱི་བར་མི་སྐྱེ་བ་ཅི་ཡིན་ཞེ་ན། ལས་གཉིས་ཡོད་ན་ཆེན་པོའི་འབྲས་བུ་སྔོན་ལ་མ་བྱུང་གི་བར་དུ་ཆུང་དུ་འབྱིན་མི་ནུས་ཏེ། ཉི་མའི་འོད་ཡོད་དུས་གཟའ་སྐར་གྱི་འོད་མི་སྣང་བ་བཞིན་ནོ། །དེས་ན་དགེ་སྡིག་སྟོབས་གང་ཆེའི་ལས་རེ་རེའང་སྟོབས་གང་ཆེ་སྔོན་ལ་སྨིན་པའོ། །དེའང་མཛོད་ལས། ལས་ཀྱི་འཁོར་བ་ལྕི་གང་དང་། །ཉེ་བ་གང་དང་གོམས་པ་གང་། །སྔར་བྱས་གང་ཡིན་དེ་དག་ལས། །སྔ་མ་སྔ་མ་རྣམ་སྨིན་འགྱུར། །ཞེས་པ་ལས། འདི་ནི་ལྕི་བ་སྔོན་ལ་སྨིན་པའོ། །དེའང་བཀྲེས་སྐོམ་གྱི་མེས་གདུངས་ཤིང་ཟས་སྐོམ་འབའ་ཞིག་ཡིད་ལ་འདོད་པས་ན་ཡི་དྭགས་ཏེ། རབ་ཏུ་ལྟོག༵ས་པ༵་དང༵་སྐོ༵མ་པའི༵་སྡུག༵་བསྔ༵ལ་གྱི༵ས་རབ་ཏུ་ཉེན༵་པ༵་ནི་སྤྱི་མཐུན་གྱི་སྒྲིབ་པ་ཅན་ནོ། །ཀུན་གྱི་ཡིད་དུ་འོང་བ་ཉི་མ་དང་ཟླ་བ་ཡང་གདུངས་ཤིང་མི་དགའ་བས་ཕྱི་རོལ་འདོ༵ད་པ༵འི་དངོ༵ས་པོ༵་རྣམ༵ས་ཡིད༵་དུ༵་མི༵་འོ༵ང་བ༵་ཆུ་གཙང་རྣག་ཁྲག་ལ་སོགས་པར་མཐོང་བ་ནི་ཕྱིའི་སྒྲིབ་པ་ཅན་ནོ། །བཤེས་སྤྲིང་ལས། ཡི་དྭགས་རྣམས་ལ་སོས་ཀའི་དུས་སུ་ནི། །ཟླ་བའང་ཚ་ཞིང་དགུན་ནི་ཉི་མའང་བསིལ། །

ཞེས་པ་ལྟར་རོ། །བཟའ་བཏུང་དང་པོར་མི་རྙེད་ཅིང་རྙེད་ཀྱང་མགྲིན་པར་མི་ཆུད་ཆུད་ནའང་ནང་ཁྲོལ་ལ་མེ་འབར་ཏེ། ལུས་ཀྱི་ཕྱི་ནང་ཀུན་ཏུ་མེ་འབར་བའི་ཕྱིར་ན་ལོངས་སྤྱོད་ཀྱི་དངོས་པོ་རྣམས་གདུ༵ག་ཅིང༵་རྩུབ༵་པའི༵་དངོ༵ས་པོ༵་སྣ༵་ཚོག༵ས་སུ༵་སྐད་ཅིག་ལ་འགྱུར༵་བ༵་ནི་མེ་ལྕེའི་འཁོར་ལོ་ཅན་ནོ། །སྐོམ་པའི་ཚེ་རྒྱ་མཚོ་དང་ཆུ་ཀླུང་ཆེན་པོ་དང་། བཀྲེས་པའི་ཚེ་བཟའ་བའི་བྱེ་བྲག་དང་། གནས་དང་ཡོ་བྱད་ཡིད་དུ་འོང་བ་དག་ལ་ལོངས་སྤྱོད་པར་འདོད་ནས་བལྟས་ཤིང་དེའི་དྲུང་དུ་ཕྱིན་པའི་ཚེ། ཡང་ལྷག་རོལ་ལམ་རྗེས་ཙམ་ཡང་(༢༧༤)མེ༵ད་པ༵ར་འགྱུར༵་ཞི༵ང་སྡུག་བསྔལ་འཕེལ་བ་ནི་ཟས་སྐོམ་གྱི་སྒྲིབ་པ་ཅན་ནོ། །རུས་གཟེབ་ལ་པགས་པས་གཡོགས་པ་ཙམ་ལས་ཤ་ཁྲག་གི་མདངས་མེད་པར་ཤིན༵་ཏུ༵་རིད༵་ཀྱང༵་སྐམ༵་པ༵་དང༵་ལུས༵་དང༵་ཡན༵་ལག༵་མི༵་འཚམ༵་པ༵ར་རི་རབ་དང་འཇག་མ་ཙམ་ལ་དབང་པོ་མ་ཚང་ཞིང་སྐྱོན་ཆགས་པ་མགོ་བོ་རི་རབ་ཙམ་ལ་ཁ་ཁབ་མིག་ཙམ་པ་ལ་སོགས་པ་རྣམ་པར་མི་འཚམ་པའི་རང་བཞིན་དུ་གྱུར་པ་ནི་བསྐ༵ལ་པ༵་ཆེ༵ན་པོ༵་དྲུག༵་ཏུ༵་ཡི་དྭགས་ཀྱི་འཇིག་རྟེན་དེར་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་སྐྱེས༵་སོ༵། །

གཉིས་པ་རྒྱུ་མཐུན་གྱི་འབྲས་བུ་གཞན་ལ་ཇི་ལྟར་འཚེ་བའི་ཚུལ་ནི། དེ༵་ནས༵་ཡི་དྭགས་སུ་སྐྱེ་བའི་ལ༵ས་ཀྱི༵་སྒྲིབ༵་པ༵་རྒྱུ་རྩུབ༵་མོ༵འི་རྣམ༵་པ༵ར་སྨི༵ན་པ༵་དེ༵་ཡ༵ང་ཁད༵་ཀྱིས༵་བསྲབ༵ས་ཏེ་རགས་པ་དེ་ཟད་པ་དང༵་། ཕྲ་བའི་རྒྱུ་དང་སྔོན༵་གྱི༵་སྐྱེ་བ་ལ་ཁྲོ་བོ་མགོ་དང་ཕྱག་དུ་མ་ཡོད་པ་བསྒོམས་ཤིང་རང་མཚན་དུ་ཞེན་ནས་ཕྲ་མེན་ལ་སོགས་པའི་འཁོར་ཡིད་ལ་བྱས་ཏེ་དྲག་སྔགས་རྩུབ་མོ་རྣམས་བཟླས་ཤིང་དངོས་པོ་བཞི་ལ་སྤྱད་པ་ལ་སོགས་པའི་ལས་ཀྱི་སྲི༵ད་པ༵ས་རཱུ་ཏྲའི་རྒྱུད་དུ་མཚམ༵ས་སྦྱོར༵་ན༵ས་སྐྱེས་སོ། །དེ་ཡང་ངོ་བོ་ཡི༵་དྭག༵ས་ཀྱི་འགྲོ་བས་བསྡུས་ཤིང་ཆ་ལུགས་སྲིན༵་པོ༵་ཆེན༵་པོ༵འི་མཚོན་ཆ་དང་མགོ་ཐོད་ཐོགས་པ་སེམས་ར༵བ་ཏུ༵་གདུ༵ག་པ༵་ཅན་ཁྲོ་ཞིང་གཏུམ༵་ཆེ༵་འཇིགས་སུ་རུང་བ་སྟེ། རྫུ་འཕྲུལ་ནི་ལུས༵་གཅི༵ག་ལ༵འང་མགོ༵་བོ༵་བརྒྱ༵་ཡོད་པ༵་དང་དེ་ཡང་སྟག་དང་སེང་གེ་ལ་སོགས་པའི་མགོ༵་བརྙན་མི་འདྲ་བ་སྣ༵་ཚོག༵ས་པ༵་དང༵་། ལྷ་དང་ལྷ་མིན་ལ་སོགས་པའི་ལུས༵་བརྒྱ༵་ལ༵་མ་ཧེ་ལྟ་བུའི་མགོ༵་བོ༵་གཅི༵ག་པ༵་དང༵་། གླང་པོ་ཆེ་དང་ཆུ་སྲིན་ལ་སོགས་པའི་ལུས༵་སྣ༵་ཚོ༵གས་པ༵་ད༵ང་། ལུས་གཅིག་ལ་ཡན༵་ལ༵ག་རབ་ཏུ་མ༵ང་པོ༵་ད༵ང་། ཡན༵་ལ༵ག་དེ་དག་ཀྱང་ཁ་དོག་དང་རྣམ་པ་མི་འདྲ་བ་སྣ༵་ཚོག༵ས་པ༵་ད༵ང་། དེ་དག་གིས་རྡོ་དང་མདུང་ཐུང་ལ་སོགས་པ་གདུ༵ག་པ༵འི་ལ༵ག་ཆ༵་སྣ༵་ཚོ༵གས་ཐོ༵གས་པ༵། མ་མོ་དང་ཤ་ཟ་དང་མཁའ་འགྲོ་ལ་སོགས་པའི་འཁོར་རབ༵་ཏུ༵་མང༵་པོ༵་དང༵་ལྡ༵ན་པ༵། ཡན་ལག་སྦྲུལ་དུ་བྱུང་ཞིང་ལུས་ལ་གཤོག་པ་ཐོགས་པ་ལ་སོགས་པ་འཇི༵གས་པ༵འི་གཟུ༵གས་སྣ༵་ཚོ༵གས་ད༵ང་། ར་ལ་ར་ལ། རུ་ལུ་རུ་ལུ་ལ་སོགས་པ་འཇི༵གས་པ༵འི་ང་རོ་སྣ༵་ཚོ༵གས་སྒྲོག༵ས་པ༵འོ། །དེའི་བྱེད་ལས་ནི་འཇིགས་པའི་གཟུ༵གས་ད༵ང་མི་སྙན་པའི་ང༵་རོ༵་དང༵་མི་ཞིམ་པའི་དྲི༵་དང༵་རིམས་ནད་གཏང་བའི་ཁ༵་རླང༵་གི༵ས་འཚུབ་པས་འགྲོ་བ་ཐ༵མས་ཅ༵ད་སྐྱི༵་བུང༵་ཞེ༵ས་དངངས་པར་བྱེད༵་པ། ཕྱོགས་ཐམས་ཅད་རབ༵་ཏུ༵་འཇི༵གས་པ༵འི་རླུང༵་ན༵ག་གི་མུན་པ་ཁེབས་ཤིང་། གྲང༵་བ༵་དང༵་ཚ༵་བ༵འི་ཁའི་དབུ༵གས་ཀྱིས༵་སྟེང་འོག་ཕྱོག༵ས་བཅུ༵་ཀུན༵་ཏུ༵་སྟོང་ཁམ༵ས་ཐམས་ཅད་འཁྲུ༵གས་པ༵ར་བྱེ༵ད་པ༵། རླུང་མཁྲིས་བད་ཀན་འདུས་པ་ལས་གྱུར་པའི་ན༵ད་བཞི༵་བརྒྱ༵་རྩ༵་བཞི༵ས་འགྲོ་བ་ལ་(༢༧༥)འདེ༵བས་པ༵ར་བྱེད༵་པ༵། སེམས་མྱོས༵་ཤི༵ང་ལུས་དང་དྲན་པ་ཉམ༵ས་པར༵་བྱེ༵ད་པ༵འི་མཐུ༵་སྟོབས་བསམ་གྱི༵ས་མི་ཁྱབ་པ་ཡོད་པའོ། །དེས་མཐུས་དགའ་བོ་དང་འཇོག་པོ་ལ་སོགས་པ་ཀླུའི༵་རི༵ས་དང༵་། ཐགས་བཟང་རིས་ལ་སོགས་པ་ལྷ༵་མ༵་ཡི༵ན་གྱི་རི༵ས་ད༵ང་། དབང་པོ་དང་ཁྱབ་བཇུག་ལ་སོགས་པའི་འདོད་པའི་ལྷའི༵་རི༵ས་ད༵ང་། དེས་མཚོན་པ་གཞན་འཕྲུལ་དབང་བྱེད་མན་ཆད་དོ། །བསམ་གཏན་དང་པོའི་ཚ༵ངས་པའི༵་རི༵ས་དང༵་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། གཉིས་པའི་འོད་ཆུང་ཚད་མེད་འོད་འོད༵་གས༵ལ་དང༵་། གསུམ་པའི་དགེ་ཆུང་ཚད་མེད་དགེ༵་རྒྱས༵་ད༵ང་། བཞི་པའི་སྤྲིན་མེད་བསོད་ནམས་སྐྱེས་འབྲ༵ས་བུ༵་ཆེ༵་བ༵་སྟེ༵་གནས་རིས་བཅུ་གཉིས་མ༵ན་ཆ༵ད་དབ༵ང་དུ༵་བསྡུས༵་སོ༵། །

གཉིས་པ་འདུལ་བྱེད་ཡེ་ཤེས་ཀྱི་ཁྲོ་བོས་བཏུལ་ཚུལ་ལ་གཉིས་ལས། དང་པོ་གདུལ་བྱ་གཟིགས་ཚུལ་ནི་རཱུ་ཏྲ་དེ༵་སྔོན༵་ཐེག་པ་ཆེན་པོར་སེམས་བསྐྱེད་ཅིང་དབང་མནོས་ཏེ། དགེ་བའི་བཤེས་གཉེན་བསྟེ༵ན་པའི༵་བསོད་ནམས་ཀྱི་སྟོབ༵ས་ཀྱི༵ས་ཆེ་བཙན་དང་འདུལ་ཞིང་དུ་གྱུར་པ། དཔལ་ཆེན་པོ་ཧེ་རུ་ཀ་ཐམ༵ས་ཅད༵་མཁྱེ༵ན་པས༵་འདུལ་བའི་དུས་ལ་བབས་པར་གཟི༵གས་ན༵ས་རང་བྱུང་གི་ཐུག༵ས་རྗེ༵་དང་ཐབས་ལ་མཁས་པའི་མཛད་པ༵ས་སྐལ་བ་ཇི་ལྟ་བ་བཞིན་འདུ༵ལ་བའི་ཆོ་འཕྲུལ་སྟོན་པ༵ར་གྱུ༵ར་ཏེ༵་གདུལ་བའི་དུས་ལ་བབ་པོ་སྙམ་དུ་དགོངས་པའོ། །

གཉིས་པ་བཏུལ་བ་དངོས་རྒྱས་པར་བཤད་པ་ལ་གསུམ་སྟེ། ཆོ་འཕྲུལ་བཞིས་དྲེགས་པ་ཅན་ཟིལ་གྱིས་མནན་པ། ཕྲིན་ལས་དྲག་པོས་གདུག་པ་ཅན་ཚར་བཅད་པ། ཐུགས་རྗེས་རྗེས་སུ་བཟུང་ནས་བཀའ་ལ་བཏགས་པའི་ཚུལ་ལོ། །

དང་པོ་ལ་གཉིས་ལས། རྒྱུ་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ནི་གདུལ་བྱ་ལས་ཀྱི་ཁྲོ་བོ་སྣང་བ་དེ༵་ན༵ས་འདུལ་བྱེད་ཡེ་ཤེས་ཀྱི་ཁྲོ་བོ་བསྟན་པའི་ཕྱིར་དེ༵་བཞི༵ན་གཤེ༵གས་པའི་ཆོས་སྐུ་ནི་ཆེ༵་བ༵འི་རྡོ༵་རྗེ༵་གཉིས་སུ་མེད་པའི་རང་བཞིན་རྒྱ་ཆད་ཕྱོགས་ལྷུང་མེད་པར་བཀོ༵ད་པའི༵་སྒྱུ༵་འཕྲུལ༵་དྲྭ༵་བ༵་སྣང་སྟོང་གཉིས་མེད་ནམ་མཁའ་ལྟ་བུའི་ངང་ལས་རང་སྣང་ཁྲོ་བོའི་ལོངས་སྐུ་འབྱུང་སྟེ། དགོས་པ་ནི་འཇི༵ག་རྟེན༵་དྲུག༵་གི༵་ཕྱོག༵ས་བཅུའི༵་ཞིང་ན་སྲི༵ད་པ༵་གསུ༵མ་གྱི༵་བད༵ག་པོ༵་དྲེགས་པ་རཱུ་ཏྲ་འདུལ༵་བའི༵་ང༵་རྒྱལ༵་ཆེ༵ན་པོ༵་ཞེ་སྡང་ལ་སོགས་པའི་སྙེམས་པ་ཐམས་ཅད་ཟིལ་གྱིས་གནོན་པའི༵་གཟི༵་བརྗི༵ད་བསྟན༵་པའི༵་ཕྱིར༵། དེ༵་བཞི༵ན་གཤེ༵གས་པ༵་ཐམ༵ས་ཅ༵ད་ཀྱི༵་སྐུ༵་གསུང༵་ཐུག༵ས་རྡོ༵་རྗེ༵འི་བད༵ག་ཉིད་ཆེན་པོ༵་ཀུན་ཏུ་བཟང་པོ་ནི་བཅོ༵མ་ལྡ༵ན་འད༵ས་གདུལ་བྱ་འདུལ་བའི་ཐབས་ལ་དགྱེ༵ས་པ༵་ཆེ༵ན་པོ༵ས་ཏེ། དེས་ཁྲོ༵་བོ༵འི་རྒྱལ༵་པོ༵་ཧེ་རུ་ཀའི༷་དཀྱི༵ལ་འཁོ༵ར་ཀྱི༵་སྤྲིན༵་ཆེན༵་པོ༵་རྣམ༵་པ༵ར་འཕྲོ༵་བའི༵་སྒྱུ༵་འཕྲུལ༵་དྲྭ་བ༵འི་རྒྱལ༵་པོ༵་ཡེ་ཤེས་རང་སྣང་བའི༷་ཏིང༵་ངེ༵་འཛི༵ན་ལ༵་སྙོམ༵ས་པ༵ར་ཞུག༵ས་ན༵ས་སོ། །

གཉིས་པ་དེ་ལས་ཆོ་འཕྲུལ་ཇི་ལྟར་སྤྲོས་པའི་ཚུལ་ལ་བཞི་ལས། (༢༧༦)དབྱིངས་གང་ལས་སྤྲོས་པ་ནི་ཆོས་ཉིད་དེ༵་བཞི༵ན་ཉིད༵་ཀྱི༵་དབྱིང༵ས་ན༵ས་ཡེ་ཤེས་ཀྱི་ཁྲོ༵་མོ༵་དབ༵ང་ཕྱུག༵་ཆེ༵ན་མོ༵་གདངས་ཀྱི་ཡུལ་བྱ་བ་མོ་ཀུན་ཏུ་བཟང་མོ་རང་སྣང་དུ་མངོ༵ན་དུ༵་བྱུང༵་སྟེ༵། ཧི༵་ཧི༵་ཞེས་ཡབ་ལ་དགྱེས༵་པ༵འི་སྐུའི་གཟི༵་མད༵ངས་ཀྱིས༵་གསང་བའི་པ༵དྨ༵་བདེ་བས་རྒྱས་པར་མཛད་ནས་བསྟན་པས། བྱེད་པ་པོ་ཀུན་ཏུ་བཟང་པོ་ཡང་ཧ་ཧ་ཞེས་རི༵ན་པོ༵་ཆེ༵་རྒྱས༵་པ༵ར་མཛ༵ད་དེ༵་ཡབ་ཡུམ་གཉིས༵་སུ༵་མེད༵་པ༵ར་འཁྲི༵ལ་ཏེ་རོལ་པ༵འི་དགྱེ༵ས་པ༵ས་པདྨར་ནོར་བུ་ཐི༵མ་པར་མཛད་ན༵ས་རོལ་ལོ། །ཚུལ་ཇི་ལྟར་སྤྲོས་པ་ནི་ཡབ་ཀྱི་བྱ༵ང་ཆུབ༵་ཀྱི༵་སེམ༵ས་ཀྱི༵་སྤྲིན༵་ཡུམ་གྱི་མཁར་བབས་པ་ལ༵ས་བྱུང་བ་ནི་རྒྱུའོ། །དེའི་ཚེ་ཧཱུ༵ྃ་ཧཱུ༵ྃ་ཧཱུ༵ྃ་བི༵་ཤྭ༵་བཛྲ༵་ཀྲོ༵་དྷ༵་ཛྭ༵་ལ༵་མ༵ཎྜ༵་ལ༵་ཕ༵ཊ་ཕ༵ཊ་ཕ༵ཊ་ཧ༵་ལ༵་ཧ༵་ལ༵་ཧ༵་ལ༵་ཧཱུ༵ྃ་ཞེས་པ་ནི་རྐྱེན་ཏེ། སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་སྣ་ཚོགས་རྡོ་རྗེ་ཁྲོ་བོ་འབར་བའི་དཀྱིལ་འཁོར་གྱིས་མ་རུངས་པའི་རྣམ་འགྱུར་གསུམ་དང་ལྡན་པས་གདུག་པ་ཅན་གྱི་ལུས་ངག་ཡིད་གསུམ་དུམ་བུར་གྱིས་ཤིག་པའོ། །ངོ་བོ་གང་སྤྲོས་པ་ནི་དེ་སྐད་ཅེ༵ས་བརྗོ༵ད་པ༵ས་ནམ་མཁའི་མཐས་ཀླས་པའི་འཇིག༵་རྟེ༵ན་དྲུག༵་གི༵་ཕྱོག༵ས་བཅུ༵་མཐའ༵་ཡས༵་པ༵་ཐམས་ཅད་གོ་མཚམས་མེད་པར་ཁྱབ༵་པར༵་ཀུན་ཏུ་བཟང་མོ་ཡུམ་གྱི་མཁའ་དབྱིངས་ལས་རིགས་ལྔའི་ཁྲོ༵་བོའི༵་དཀྱིལ༵་འཁོ༵ར་གྱི༵་ཚོག༵ས་ཆེ་ཆུང་སྟོང༵་གསུམ༵་གྱི༵་འཇི༵ག་རྟེན༵་ཙམ༵་པ་ལ་གྲངས་ཕྱོག༵ས་བཅུའི༵་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ༵་ཕྲ༵་མོ༵་སྙེད༵་ཙམ་འཐོ༵ན་པ༵ར་གྱུར༵་པ༵ས་གང་ངོ་། །སྤྲོས་པའི་ལྟས་ནི་དེ་ལྟར་ཁྲོ་བོའི་སྤྲིན་གྱིས་ནམ་མཁའི་ཁམས་ཀུན་གསལ་བས་འཇིག༵་རྟེན༵་དྲུག༵་གི༵་ཕྱོག༵ས་བཅུ༵་ཐམ༵ས་ཅད༵་ཀྱི་ས་དང་རི་དང་གླིང་ཐམས་ཅད་ཆུང་ངུར་གཡོས༵་འབྲིང་དུ་རབ༵་ཏུ༵་གཡོ༵ས་ཆེན་པོར་ཀུན༵་ཏུ༵་རབ་ཏུ་གཡོ༵ས་སོ༵། །འབྲུག་ལ་སོགས་པའི་སྒྲ་སྐད་ཆུང་ངུར་འུར༵་འུར༵་འབྲིང་དུ་རབ༵་ཏུ༵་འུར༵་འུར༵་ཆེན་པོར་ཀུན༵་ཏུ༵་རབ་ཏུ་འུར༵་འུར༵་རོ༵། །ལྷའི་རྔ་བོ་ཆེ་ལ་སོགས་པ་རོལ་མོའི་ཚོགས་རྣམས་མ་བརྡུངས་ཀྱང་རང་སྒྲ་ཆུང་ངུར་ཆེ༵མ་ཆེ༵མ་འབྲིང་དུ་རབ༵་ཏུ༵་ཆེ༵མ་ཆེ༵མ་ཆེན་པོར་ཀུན་ཏུ་རབ་ཏུ་ཆེ༵མ་ཆེ༵མ་མོ༵། །རི་དང་ས་རྡོ་ལ་སོགས་པ་རགས་པའི་དངོས་པོ་འདུས་པ་རྣམས་མ་གྱེས་ཙམ་དུ་ཆུང་ངུར་ཤིག༵་ཤིག༵་འབྲིང་དུ་རབ༵་ཏུ༵་ཤིག༵་ཤིག༵་ཆེན་པོར་ཀུན༵་ཏུ༵་རབ་ཏུ་ཤིག༵་ཤིག༵་གོ༵། །རྒྱ་མཚོ་ལ་སོགས་པའི་རྦ་རླབས་ཆུང་ངུར་འཐོ༵ར་འཐོ༵ར་འབྲིང་དུ་རབ༵་ཏུ༵་འཐོ༵ར་འཐོ༵ར་ཆེན་པོ་ཀུན༵་ཏུ༵་རབ་ཏུ་འཐོ༵ར་འཐོ༵ར་རོ༵། །ཆུང་འབྲིང་ཆེ་གསུམ་ནི་ས་འོག་ས་སྟེང་ས་བླ་གསུམ་དུ་བསྟན་པའོ། །དེ་ལྟར་ལྔ་པོ་ལ་གསུམ་གསུམ་གྱི་ལྟས་ཆེན་པོ་བཅོ་ལྔ་ཞེས་སོ། །དེ་ནི་སྣོད་ལྟར་ཕྱི་ལ་སྦྱར་བ་ཡིན་ཞིང་སྣོད་ཟིལ་གྱིས་གནོན་པའོ། །བཅུད་ལྟར་ནང་དུ་སྦྱར་ན་གཡོ་བ་གསུམ་འགྲོ་བའི་སེམས་གསུམ་མོ། །འུར་བ་གསུམ་སྒོ་གསུམ་མོ། །ཆེམ་པ་གསུམ་གཟུང་བ་དང་འཛིན་པ་དང་གཉིས་བཅས། ཤིག་པ་གསུམ་དུག་གསུམ་མོ། །འཐོར་བ་གསུམ་སྤང་(༢༧༧)གཉེན་འཛིན་པ་དང་བཅས་པ་སྟེ་བཅོ་ལྔ་དག་པར་བྱས་པའོ། །ཡེ་ཤེས་ལྟར་གསང་བར་སྦྱར་ན་རང་སྣང་འོད་ལྔའི་སྣང་བ་གཡོས་པ་གསུམ་མོ། །ཡེ་ཤེས་ཀྱི་གཞལ་ཡས་ཁང་ཕྱོགས་བཅུར་གསལ་བ་ནི་འུར་བ་གསུམ་མོ། །བརྟེན་པ་ལྷའི་དཀྱིལ་འཁོར་ནི་ཆེམ་པ་གསུམ་མོ། །སྣང་བ་མི་འདྲ་བའི་བཀོད་པ་དུ་མར་སྣང་བ་ནི་ཤིག་པ་གསུམ་མོ། །དཀྱིལ་འཁོར་གྱི་འཕྲོ་འདུ་དང་རོལ་པ་ནི་འཐོར་བ་གསུམ་མོ། །ཡང་གསང་བླ་མེད་ལྟར་སྦྱར་ན་སྣང་ཡུལ་བཟང་ངན་བར་མ་གསུམ་ནི་གཡོས་པ་གསུམ་མོ། །ཤེས་པ་དགག་སྒྲུབ་བར་མ་གསུམ་ནི་འུར་བ་གསུམ་མོ། །དེ་ཉིད་རང་གྲོལ་ཀུན་ཏུ་བཟང་པོ་ཐབས་ཤེས་ཟུང་འབྲེལ་གསུམ་དུ་ཤར་བས་ཆེམ་པ་གསུམ་མོ། །དེའི་ཚེ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་བདེ་གསལ་མི་རྟོག་པ་གསུམ་དུ་ཤར་བ་ནི་ཤིག་པ་གསུམ་མོ། །རང་བཞིན་རྟོགས་པས་སྤང་གཉེན་འཛིན་པ་གསུམ་ཞིག་པ་ནི་འཐོར་བ་གསུམ་སྟེ་འཁོར་བ་ཆོས་ཉིད་དུ་གྲོལ་བའི་ལྟས་ཆེན་པོ་བཅོ་ལྔའོ། །དེ་དག་བསྟན་པས་དེའི་ཚེ་འཇི༵ག་རྟེན༵་དྲུག༵་གི༵་ཕྱོག༵ས་བཅུ༵འི་སྟོང༵་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམ༵ས་ཐམ༵ས་ཅ༵ད་ན༵་གན༵ས་པ༵འི་གཙོ་བོ་རང་རང་གི་གནས་རིས་ན་དབ༵ང་ཆེ༵་བ༵་ད༵ང་། འོད་དང་གཟི༵་བརྗིད༵་ཆེ༵་བ༵་དང༵་སྟོབས་དང་ནུས་མཐུ༵་ཆེ༵་བའི༵་ལྷ་དབ༵ང་ཕྱུག༵་ཆེ༵ན་པོ༵་དང་། ཚངས་པ་དང་བརྒྱ་བྱིན་ལ༵་སོ༵གས་པ༵་ཐམ༵ས་ཅ༵ད་ལུས་འགྱེལ་ཅིང་གཟི་བརྗིད་ཆུང་བར་གྱུར་པས་བརྒྱལ༵། ངག་ཅུང་ཟད་སྨྲ་བར་མི་ནུས་པས་རབ༵་ཏུ༵་བརྒྱལ༵། སེམས་སྐྲག་ཅིང་དཔའ་བཀོང་ལ་དྲན་པ་ཉམས་པས་ཀུན༵་ཏུ༵་བརྒྱལ༵་བ༵ར་གྱུར༵་ཏོ༵། །

གཉིས་པ་འཕྲིན་ལས་དྲག་པོས་གདུག་པ་ཅན་ཚར་བཅད་པ་ལ་བཞི་སྟེ། གཙོ་བོ་ཡེ་ཤེས་ཀྱི་དཀྱིལ་འཁོར་བཀོད་པ། དྲེགས་པ་ཕོ་རྒྱུད་དངོས་སུ་བསྒྲལ་བ། མོ་རྒྱུད་སྦྱོར་བས་དགྱེས་པ། འཁོར་གྱི་དཀྱིལ་འཁོར་སྤྲོས་པའོ། །

དང་པོ་ལ་གཉིས་ལས། གཙོ་བོ་ཆེ་མཆོག་ཏུ་བཞུགས་པའི་ཚུལ་ནི་དེ༵་ན༵ས་བཅོམ༵་ལྡན༵་འད༵ས་དགྱེ༵ས་པ༵་ཆེན༵་པོ༵་ཀུན་ཏུ་བཟང་པོ་ཉིད༵་འཇི༵གས་བྱེད༵་ཆེ༵ན་པོ༵་ཤིན༵་ཏུ༵་རྔམ༵ས་པ༵འི་ཆ་ལུགས་སྐྱི༵་བུང༵་ཞེས༵་བྱེད༵་པ༵འི་རྣམ་པ་ཡེ་ཤེས་ཀྱི་གཟི་མདངས་ཉི་མ་འབུམ་ལས་འབ༵ར་བ༵་ཆེ༵ན་པོ༵འི་འོད་འཕྲོ་བ་ཁྲག༵་འཐུང༵་ཆེ་མཆོག་ཧེ་རུ་ཀ་སྐུ༵་མདོག་སྨུག༵་ན༵ག་ལ་རྣམ་འགྱུར་ཅི༵ར་ཡ༵ང་འགྱུར༵་བ༵། དབུ༵་དང༵་ཕྱག༵་ཞབ༵ས་གྲངས་མཐའ་ཡས་པ་སྟོང༵་ཁམ༵ས་ཀྱི༵་རྡུལ༵་སྙེད༵་མངའ་བའི་ཕྱག་ན་རྡོ་རྗེ་དང་འཁོར་ལོ་ལ་སོགས་པའི་མཚོ༵ན་ཆ༵་སྣ༵་ཚོག༵ས་འཛི༵ན་པ༵་དེ། རྣམ་པར་ཐར་བའི་དབུ༵་གསུ༵མ་དང་། ཕ་རོལ་ཏུ་ཕྱིན་པའི་ཕྱག༵་དྲུག༵་དང་། རྫུ་འཕྲུལ་གྱི་རྐང་པའི་ཞབ༵ས་བཞི༵ར་གྱུར༵་ཏེ༵། འཁོར་བ་མ་སྤངས་གནས་སུ་དག་པའི་དུར༵་ཁྲོད༵་ཆེ༵ན་པོ༵ར་དགྱེ༵ས་ན༵ས། འདོད་ཆགས་གནས་(༢༧༨)སུ་དག་པའི་ཕྱིར་ཁྲ༵ག་གི༵་རྒྱ༵་མཚོ༵འི་ཀློང་དཀྱི༵ལ་ན༵་ཞེ་སྡང་མ་སྤངས་གནས་སུ་དག་པའི་བརྡར་ཀེ༵ང་རུས༵་ཀྱི༵་ཚོགས་སྤུངས་ཤིང་བརྩེགས་པའི་རི༵་ར༵བ་ཆེ༵ན་པོ༵འི་སྟེང༵་ན་གཏི་མུག་གནས་སུ་དག་པའི་ཕྱིར་ཡེ་ཤེས་ཀྱི་མེ་རི་མེ་དཔུང་འབ༵ར་བ༵་ཆེ༵ན་པོའི༵་ཀློང༵་གི༵་དབུས་འཁོ༵ར་ལོ༵་རྩིབས་བཞི་པའི༷་དཀྱི༵ལ་ན༵། ལྷ་དབ༵ང་ཕྱུག༵་ཆེ༵ན་པོ༵་སྟེ་མཧཱ་དྷེ་བ་ད༵ང་དུར༵་ཁྲོ༵ད་ཀྱི༵་བད༵ག་པོ༵་དྲེག༵ས་པ༵་ཆེ༵ན་མོ༵་ཨུ་མ་དྷེ་བཱི་སྟེ་ཁྱོ༵་ཤུག༵་གི༵་གད༵ན་ལ༵་གཡོན་བརྐྱང༵ས་གཡས་བསྐུམ༵་དུ༵་བཞུག༵ས་སོ༵། །ཁ་ཅིག་གཡས་བརྐྱངས་གཡོན་བསྐུམ་དུ་འདོད་པ་ནི་ཤེས་རབ་དང་ཐབས་ཀྱི་དག་པ་དང་མི་མཐུན་ནོ། །

གཉིས་པ་འཁོར་རིགས་བཞིར་བཀོད་ཚུལ་ནི། གོང་དུ་སྤྲོས་པའི་ཁྲོ༵་བོ༵འི་དཀྱི༵ལ་འཁོ༵ར་གྱི༵་སྤྲིན༵་ཕུང༵་གི་ཚོགས་དེ༵་ད༵ག་ཀྱ༵ང་རིགས་ལྔའམ་བཞིའི་རང་བཞིན་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རིགས་ལ༵་ལ༵་ནི༵་དཔ༵ལ་ཁྲག༵་འཐུང༵་ཆེ༵ན་ཆེ༵་བཛྲ་ཧེ་རུ་ཀར༷་གྱུར༵་ཏེ༵་འཁོར་ལོའི་རྩིབས་ཤ༵ར་ཕྱོག༵ས་སུ༵་བཞུག༵ས་སོ༵། །ཁ་ཅིག་བུདྡྷ་ཧེ་རུ་ཀར་འདོད་པས་ནི་ཕྱོགས་མ་མཐོང་སྟེ་ཆེ་མཆོག་བུདྡྷ་ཧེ་རུ་ཀར་གསུངས་པའི་ཕྱིར་རོ། །མཉམ་ཉིད་ཡེ་ཤེས་ཀྱི་རིགས་ལ༵་ལ༵་གི༵་དཔ༵ལ་ཁྲ༵ག་འཐུང༵་ཆེན་པོ་རི༵ན་པོ༵་ཆེ༵་སྟེ་རཏྣ་ཧེ་རུ་ཀར༷་གྱུར༵་ཏེ༵་འཁོར་ལོའི་རྩིབས་ལྷོ༵་ཕྱོག༵ས་སུ༵་བཞུག༵ས་སོ༵། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རིགས་ལ༵་ལ༵་གི༵་དཔ༵ལ་ཁྲ༵ག་འཐུ༵ང་ཆེ༵ན་པོ༵་པདྨ༵་མ༵་ཧེ༵་རུ༵་ཀར༷་གྱུར༵་ཏེ༵་རྩིབས་ནུབ༵་ཕྱོག༵ས་སུ༵་བཞུག༵ས་སོ༵། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རིགས་ལ༵་ལ༵་གི༵་དཔ༵ལ་ཁྲག༵་འཐུ༵ང་ཆེ༵ན་པོ༵་ཀུན༵་ཏུ༵་ལས༵་སུ༵་སྟེ་ཀརྨ་ཧེ་རུ་ཀར་གྱུར༵་ཏེ༵་རྩིབས་བྱ༵ང་ཕྱོག༵ས་སུ༵་བཞུག༵ས་སོ༵། །ཁྲོ་བོའི་རིགས་བཞི་པོ་དེ༵་དག༵་ཀུན་ཀྱང༵་འཇི༵གས་བྱེད༵་ཆེ༵ན་པོའི༵་ཆ༵་ལུག༵ས་དུར་ཁྲོད་ཀྱི་ཆས་བརྒྱད་དང༵་ཧཱུྃ་དང་ཕཊ་ལ་སོགས་པ་རྔམ༵ས་པ༵འི་ང༵་རོ༵་ད༵ང་ཡེ་ཤེས་ཀྱི་མེ་དཔུང་འབ༵ར་བ༵འི་ཀློང༵་ན༵་དུག་གསུམ་རྩད་ནས་གཅོད་ཅིང་སྐུ་གསུམ་མཚོན་པའི་དབུ༵་གསུ༵མ་དང་རྒྱུད་དྲུག་དབྱིངས་སུ་སྒྲོལ་བའི་ཕྱག༵་དྲུག༵་དང་འཕྲིན་ལས་བཞིས་འགྲོ་བའི་དོན་མཛད་ཅིང་སྐྱེ་གནས་བཞི་གནས་སུ་སྒྲོལ་བའི་ཕྱིར་ཞ༵བས་བཞི༵ས་ཕྱིན་ཅི་ལོག་བཞི་དང་བདུད་བཞི་གནོན་པའི་བརྡར་ཤར་དུ་དྲི༵་ཟ༵་དང༵་། བྱང་དུ་གནོ༵ད་སྦྱིན༵་དང༵་། ནུབ་ཏུ་སྲིན༵་པོ༵་དང༵་། ལྷོར་གཤི༵ན་རྗེ༵་དང་ལ༵་སོག༵ས་པ༵་ནི་མ་རུངས་པའི་གདུག་པ་ཅན་གྱི་རིགས་ཇི་སྙེད་པ་བསྡུས་ཏེ། དེ་དག་སོ་སོའི་ཁྱོ༵་ཤུག༵་གི༵་གད༵ན་བྱི་ཆིངས་སུ་བྱས༵་པ༵་ལ༵་སྔ་མ་བཞིན་བརྐྱ༵ངས་བསྐུམ༵ས་སུ༵་བཞུག༵ས་སོ། །ཧེ་རུ་ཀ་རིགས་ལྔའི་བཙུན༵་མོ༵་ཁྲག༵་འཐུ༵ང་ཆེན༵་མོ༵འི་ཚོག༵ས་བུདྡྷ་ཀྲོ་ཏཱི་ཤྭ་རཱི་མ་ལ་སོགས་པ་རྣམ༵ས་ཀྱ༵ང་ཁྲོ་བོ་སོ༵་སོ༵འི་སྐུ༵་ལ༵་འཁྱུད་ཅིང་འཁྲི༵ལ་བ༵འི་ཚུལ༵་གྱི༵ས་བཞུ༵གས་སོ༵། །

གཉིས་པ་ཕོ་རྒྱུད་དངོས་སུ་བསྒྲལ་བ་ལ་གཉིས་ལས། དྲེགས་པ་ཅན་གྱི་ང་རྒྱལ་གྱིས་གཏུམ་རྔམས་བསྒྲགས་པ་ནི་དེ༵་ན༵ས་གདན་(༢༧༩)དུ་བསྣོལ་བའི་དྲེག༵ས་པ༵་ཆེ༵ན་པོ༵་རཱུ༵་ཏྲ༵་ལ༵་སོ༵གས་པ༵འི་དབང་ཕྱུག་ཆེན་པོ་ཕོ་རྒྱུད་ཉི་ཤུ་རྩ་བརྒྱད་པོ་རྣམས་ཀྱིས་གདུག་ཅིང་གཏུམ༵་པ༵འི་སེམ༵ས་ཀྱིས༵་ཁྲོས་ཏེ། ལུས་གདན་དུ་བཏིང་ཡང་གདུག༵་པ༵འི་རྫུ༵་འཕྲུལ༵་ཆེ༵ན་པོ༵་སྣ༵་ཚོ༵གས་བསྟན༵་ན༵ས་ཚིག་མཐུན་པར་མགྲི༵ན་གཅི༵ག་ཏུ༵་གདུག༵་པ༵འི་ང༵་རོ༵་དང་མི་སྙན་པའི༷་བརླང༵་པོ༵འི་གཏུམ༵་ཚི༵ག་དྲག་པོ་སྨྲས༵་པ༵། ངེད་རྣམས་རྐང་པའི་འོག་ནས་ཐོ༵ང་ཐོ༵ང་ཁྱེད་ཅག་སྙིང༵་རྗེ༵འི་བད༵ག་པོ༵་འགྲོ་བ་ལ་ཕན་འདོགས་པའི་གཟུགས་བརྙན་མ་ཡིན་ནམ། ཅི༵་དེ༵་ལྟར༵་རང་བྱེ༵ད་ད༵མ་ཞེ༵ས་ཟེ༵ར་ཞི༵ང་ཤི༵ན་ཏུ༵་གདུག༵་པ༵འི་སེམ༵ས་ཀྱི༵ས་ཁྲོས༵་ན༵ས་བརྒལ་བའི་ཕྱིར་རྔམ༵་མོ༵། །

གཉིས་པ་ཐུགས་རྗེའི་མངོན་སྤྱོད་དྲག་པོས་དངོས་སུ་བསྒྲལ་བ་ལ་གཉིས་ལས། དང་པོ་འཇིགས་གཟུགས་རྔམས་པའི་སྤྲིན་སྤྲོས་པ་ནི་དེ༵་ནས༵་བཅོ༵མ་ལྡན༵་འད༵ས་དགྱེས༵་པ༵་ཆེ༵ན་པོ༵་ཆེ་མཆོག་ཉིད་ཕྱིར་ཧེ་རུ་ཀའི་དགུ་ཀློང་རྔམ་པའི་ཞལ་དུ་གསོལ་བ་དང་ནང་དུ་སྙོམས་འཇུག་དགུ་བརྙེས་པའི་རྟགས་སུ་དབུ༵་དགུ༵་དང་། ཕྱིར་སྒྲོལ་གིང་བཅོ་བརྒྱད་ཀྱིས་གདུག་པ་ཅན་སྒྲོལ་བ་དང་ནང་དུ་སྟོང་པ་ཉིད་བཅོ་བརྒྱད་ཀྱི་བརྡར་ཕྱག༵་བཅོ༵་བརྒྱད༵་དང་། ཕྱིར་ཚད་མེད་པ་བཞི་དང་འཕྲིན་ལས་བཞིས་སེམས་ཅན་གྱི་དོན་མཛད་ཅིང་ནང་དུ་རྣམ་པར་ཐར་པ་བརྒྱད་བརྙེས་པའི་རྟགས་སུ་ཞབ༵ས་བརྒྱད༵་དུ༵་གན༵ས་པར་སྤྲུལ་ནས༵། གདུག་པ་ཅན་ལ་རྔམ༵་པ༵འི་སྐད༵་ཀྱིས༵་ཐབས་ལ་མཁས་པའི་ཐུག༵ས་རྗེས༵་འདུལ༵་བ༵འི་ཐབ༵ས་ཀྱིས༵་གདུལ་བྱའི་སྣང་ངོར་ཤི༵ན་ཏུ༵་ཁྲོས༵་པར་བསྟན་ནས༵། ཧཱུ༵ྃ་ཧཱུ༵ྃ་ཧཱུ༵ྃ་གསུམ་ནི་ལུས་ངག་ཡིད་སྡུས་ཤིག་པའོ། །ཧ༵་ཧ༵་ཧ༵་གསུམ་ནི་དགོད་ཅིག་པ་སྟེ་དུག་གསུམ་ཞལ་དུ་གསོལ་བར་རྔམས་པའོ། །ཁཱ༵་ཧི༵་ཁཱ༵་ཧི༵་ཁཱ༵་ཧི༵་གསུམ་ནི་ཟོ་ཤིག་པ་སྟེ་ཤ་ཁྲག་རུས་པ་གསུམ་ལ་རོལ་པའོ། །སྔགས་དེ་སྐད་ཅེས༵་བརྗོད༵་པ༵ས་འདར་ཞིང་དངངས་ཏེ་ལས་སུ་རུང་བར་བྱས་པའོ། །

གཉིས་པ་བསྒྲལ་བ་དངོས་ནི་ཁྲོ་བོའི་ཚོགས་དེ་དག་གིས་དབ༵ང་ཕྱུག༵་ཆེ༵ན་པོ༵་ལ༵་སོག༵ས་པ༵་གདུག༵་པ༵་ཆེ༵ན་པོ༵འི་ཚོག༵ས་དེ༵་ད༵ག་གི༵་དོན་སྙིང༵་ཕྱུང་བ་ནི་རྣམ་ཤེས་ཀྱི་ཚོགས་ལ་བདག་ཏུ་འཛིན་པའི་ངོ་བོ་རྩད་ནས་བཅད་པའོ། །མིག་ལ་སོགས་པའི་དབ༵ང་པོ༵་ཀུན༵་ཕྱུང༵་བ་ནི་ཡུལ་འཛིན་གྱི་སྒོ་བཀག་པའོ། །རྒྱུ་མ་ལ་སོགས་པའི་ནང༵་ཁྲོལ༵་ཀུན༵་དྲང༵ས་པ་ནི་གཟུང་འཛིན་གྱི་རྟེན་ལུས་སུ་ཞེན་པ་སྤངས་པའོ། །མགོ་ལ་སོགས་པའི་ཡན༵་ལ༵ག་ཀུན༵་བཅ༵ད་གཏུབ༵ས་ནས༵་ནི་སྲིད་པར་འདུ་བྱེད་བཤིག་པའོ། །ཤ༵་ཀུན་ཟོས༵་པས་གཏི་མུག་དག་པར་མཛད་པའོ། །ཁྲག༵་ཀུན་འཐུང༵ས་པ་ནི་འདོད་ཆགས་དག་པའོ། །རུས༵་པ༵་ཀུན༵་འཆོ༵ས་པ་ནི་ཞེ་སྡང་དག་པར་བྱས་པ༵འོ༵། །

གསུམ་པ་མོ་རྒྱུད་སྦྱོར་བས་དགྱེས་པ་ལ་གཉིས་ཏེ། འཇིག་རྟེན་བསྡུ་བའི་ཆོ་འཕྲུལ་དང་། སྦྱོར་བ་ཆེན་པོས་རོལ་པའོ། །

དང་པོ་ལའང་གཉིས་ལས། སྣོད་ཀྱི་འཇིག་(༢༨༠)རྟེན་བསྡུ་བ་ནི་དེ༵་ན༵ས་འཇིག་རྟེན་གཅིག་ཏུ་བསྡུ་བའི་སྔགས་བརྗོད་པ་ལས། ཧཱུ༵ྃ་ཧཱུ༵ྃ་ཧཱུ༵ྃ་གསུམ་ནི་དཔལ་ཆེན་པོའི་སྐུ་གསུང་ཐུགས་ཀྱིས་སྡུས་ཤིག་པའོ། །བྷྱོ༵་ནི་མ་མོ་རྣམས་སོ། །ཨེ༵་ནི་འདིར་རོ། །ཨ༵་ར༵་ལི༵་ནི་མཁའ་འགྲོ་མའམ་ཕོ་ཉ་མོའོ། །ཧྲི༵ཾ་ཧྲི༵ཾ་ནི་འདུས་ཤིག་པའོ། །ཛ༵ཿཛ༵ཿཤོག་ཤོག་གམ་ཁུག་ཅིག་པའོ། །དེ་སྐད་ཅེས་བརྗོད་པས་ཕྱོག༵ས་བཅུའི༵་འཇི༵ག་རྟེན༵་གྱི༵་ཁམ༵ས་ནམ༵་མཁ༵འ་དབྱིངས་ཀྱི་མཐས་གཏུགས་པ་དང༵་བཅ༵ས་པ༵་ཐམས་ཅད་ཡུང༵ས་འབྲུ༵་ཙ༵མ་དུ༵་ཆུད༵་པ༵ར་བསྡུས༵་སོ༵། །འདི་ནི་སངས་རྒྱས་ཀྱི་དབང་འབྱོར་པའི་རྫུ་འཕྲུལ་ཏེ་ཕལ་པོ་ཆེ་ལས། ནམ་མཁའི་དབྱིངས་དང་ཆོས་ཀྱི་དབྱིངས་ཉིད་དང་། །འཇིག་རྟེན་དབྱིངས་རྣམས་ཡུངས་འབྲུ་གཅིག་བསྡུས་ཏེ། །དེ་དག་ཚད་ཀྱང་སྔོན་བཞིན་ཉམས་པ་མེད། །འདི་ནི་བདེ་གཤེགས་དབྱིངས་ཀྱི་རྣམ་འཕྲུལ་ལོ། །ཞེས་པ་ལྟར་རོ། །

གཉིས་པ་བཅུད་ཀྱི་སེམས་ཅན་བསྡུ་བ་ནི། དེ༵་ན༵ས་མཐུ་ཆེ་བའི་འབྱུང་པོ་ཕལ་བའི་རིགས་མ༵་ལུས༵་པའི༵་རྒྱལ༵་པོ༵་གནས་འཇོག་དང་སེར་སྐྱ་དང་གནོད་སྦྱིན་ལ་སོགས་པ་ལྷ་དང་ལྷ་མ་ཡིན་གྱི་བློན་པོ་ཆེན་པོ་བཀའ་ཉན་པ་རྣམས་ཡིན་ལ། དེའི་ཡང་རྒྱལ་པོ་ནི་དྲེག༵ས་པ༵་ཆེན༵་པོ༵་དང་ཚངས་པ་ལ་སོ༵གས་པ༵་ཉི་ཤུ་རྩ་བརྒྱད་ཡིན་པས་ན་དེ་དག་སོ་སོའི༷་ཆུང༵་མ༵་ནི་འབྱུང༵་མོ༵་ཕལ་བའི་རིགས་ཐ༵མས་ཅ༵ད་ཀྱི༵་ཡང་རྗེ༵་མོ༵་རྣ་བརྙན་ཆེན་མོ་ལ་སོགས་པ་བློན་པོའི་ཐུགས་གཅེས་མ་ཡིན་ལ། དེའི༷་ཡང༵་རྗེ༵་མོ༵་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དོ། །འདི་དག་ཐུན་མོང་གི་ལུགས་ཀྱིས་འཇིག་རྟེན་པར་བྱེད་ཀྱང་། ཐུན་མོང་མ་ཡིན་པས་འཇིག་རྟེན་ལས་འདས་པར་བསྟན་ཅིང་། ཤིན་ཏུ་ཐུན་མོང་མ་ཡིན་པས་རྩ་གནས་འཁོར་ལོའི་ནང་ན་ཡོད་པ་སངས་རྒྱས་པའི་ཚེ་དེ་ལྟར་སྣང་བར་འདོད་པས་ན་དེའི་རྗེས་སུ་འབྲང་བ་ཡིན། འདིར་འཇིག་རྟེན་པའི་གཏམ་རྒྱུད་ལ་སོགས་པའི་དཔེས་བསྙད་ན་གོ་བར་སླ་བས་དེ་དང་མཐུན་པར་བརྗོད་པར་བྱའོ། །དེའང་ཁྱོའི་མིང་ཆུང་མ་ལ་གྲགས་པར་ཟད་དེ། སྲིན༵་མོ༵་ཆེན༵་པོ་མིའི༵་སྲིན༵་མོ༵་དང༵་ནི་དུར་ཁྲོད་ཀྱི་དྲེགས་པ་དབང་ཕྱུག་ཆེན་པོའི་ཆུང་མ་སྟེ། ཚིལ་དང་ཞག་གི་མཆོད་སྦྱིན་གྱིས་མགུ་བར་བྱེད་པའོ། །ཚ༵ངས་མ༵་དང༵་ནི་ཚངས་པའི་ཆུང་མ་སྟེ། སྔོན་ལྟེ་བ་པདྨའི་གཞལ་ཡས་ནས་སྐྱེས་པ་དེའི་ཚེ་ཡིད་ཀྱི་བུ་མོ་སྤྲུལ་ཏེ་དེ་ལ་བལྟ་བའི་ཕྱིར་ཕྱོགས་བཞིའི་གདོང་བཞི་དང་། སྟེང་གི་གདོང་སྟེ་ལྔ་ཡོད་པ་ལས། ཁྱབ་འཇུག་གིས་ཕྲག་དོག་བྱས་ཏེ་འཁོར་ལོ་འཕངས་པས་སྟེང་གི་མགོ་ཆད་པའོ། །འཁྲུག༵་མོ༵་དང༵་ནི་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་དབང་ཕྱུག་ཆེན་པོའི་ཆུང་མའོ། །དེའང་ལྷ་དང་ལྷ་མ་ཡིན་འཐབ་པའི་ཚེ་ལུས་རྫོང་དུ་བྱིན་གྱིས་བརླབས་ནས་ལྷའི་དམག་བཙུད་དེ་འཐབ་པས་ལྷ་རྒྱལ་བར་བྱེད་པའོ། །དབང༵་མོ༵་དང༵་ནི་བརྒྱ་བྱིན་གྱི་ཆུང་མ་སྟེ། སྔོན་དྲང་སྲོང་གི་(༢༨༡)ཆུང་མ་ལ་ཞུགས་པས། ལན་གཅིག་དྲང་སྲོང་གཞན་ཞིག་གིས་མགྲོན་དུ་བོས་ཏེ་སྟན་གསུམ་བཏིང་ནས་ཁོང་གཉིས་མགྲོན་དུ་བོས་པས། དྲང་སྲོང་དེས་ཅི་བྱེད་དྲིས་པ་ན་དྲང་སྲོང་གཞན་དེས་ཁྱེད་གསུམ་ཡོད་ཅེས་བརྗོད་པས། དེར་བརྒྱ་བྱིན་མོའི་ལྟོ་བར་མིད་པ་དེ་འཐོན་དགོས་པར་བྱུང་དུས་དྲང་སྲོང་ཁྲོས་ཏེ། ཁྱོད་ཀྱི་ལུས་ལ་བུད་མེད་ཀྱི་མཚན་མ་སྟོང་ཤོག་ཅིག་ཅེས་པའི་དམོད་པས་དེ་ལྟར་གྱུར་པ་ལྷ་རྣམས་ཀྱིས་མཐོང་ནས་དྲང་སྲོང་ལ་བཟོད་པར་གསོལ་བས་མིག་སྟོང་དུ་བྱིན་གྱིས་བརླབས་པས་མཚན་སྟོང་དབང་པོ་མིག་སྟོང་ལྡན་ཞེས་གྲགས་སོ། །འཇུག༵་སྲེད༵་མོ༵་དང༵་ནི་ཁྱབ་འཇུག་གི་ཆུང་མ་སྟེ། ས་སྟེང་ས་བླ་ས་འོག་གསུམ་དུ་ཁྱབ་པར་འཇུག་པའོ། །གཞོན༵་ནུ༵་མོ༵་དང༵་ནི་གཞོན་ནུ་སྨིན་དྲུག་གི་ཆུང་མའོ། །ལྷའི་བུ་མོ་ལ་མེ་ལྷའི་ཡིད་ཀྱིས་ཆགས་པ་སྤྱད་པས་གཞོན་ནུ་གདོང་དྲུག་ཡོད་པ་བཙས་ཏེ་ལྷའི་རྒྱལ་པོར་གྱུར་པས་སྨིན་དྲུག་གོ། །དམ༵ར་མོ༵་དང༵་ནི་འཇུག་སྲེད་ཀྱི་ཆུང་མའོ། །དེའང་ལུས་ཟངས་འདྲ་བས་དེ་སྐད་དུ་གྲགས་སོ། །བདུད༵་རྩི༵་མོ༵་དང༵་ནི་ཉི་མའི་ཆུང་མའོ། །དེའང་བསྐལ་པ་རྫོགས་ལྡན་གྱི་དུས་སུ་རྒྱ་མཚོ་བསྲུབས་པ་ལས་ཉི་མ་བྱུང་སྟེ། མཁའ་ལ་སོང་བས་འཇིག་རྟེན་སྣང་བ་ན་འགྲོ་བའི་མིག་གི་བདུད་རྩི་ཞེས་གྲགས་སོ། །ཞི༵་བ༵་མོ༵་དང༵་ནི་ཟླ་བའི་ཆུང་མ་སྟེ། ཡང་རྒྱ་མཚོ་བསྲུབས་པས་ཟླ་བ་བྱུང་བ་མཁའ་ལ་སོང་བས་ཚ་བའི་གདུང་བ་ཞི་བའི་ཕྱིར་ཞི་བ་དང་བསིལ་ཟེར་ཅན་དུ་གྲགས་སོ། །བེ༵་ཅོན༵་མོ༵་དང༵་ནི་བེ་ཅོན་གྱི་ཆུང་མ་སྟེ། སྤེན་པ་ལག་ན་བེ་ཅོན་ཐོགས་འཇོམས་པར་གྲགས་སོ། །སྲིན༵་མོ༵་དང༵་ནི་སྲིན་པོའི་ཆུང་མ་སྟེ། ལངྐ་པུ་རིའི་གྲོང་ན་ལངྐ་མགྲིན་བཅུ་ཞེས་བྱ་བ་གདོང་བཅུ་ཡོད་པ་ལ་གྲགས་སོ། །ཟ༵་བ༵་མོ༵་ད༵ང་ནི་ལྷའི་དམག་དཔོན་མཧཱ་ཀཱ་ལའི་ཆུང་མ་སྟེ། ལྷ་མ་ཡིན་དང་དམ་ཚིགས་ཉམ་པ་རྣམས་ཟ་བར་བྱེད་པའི་ཕྱིར་རོ། །དག༵འ་བ༵་མོ༵་དང༵་ནི་དགའ་བྱེད་དབང་ཕྱུག་གི་ཆུང་མ་སྟེ། ནོར་སྦྱིན་པས་གཞན་དགའ་བར་བྱེད་པ་རྣམ་ཐོས་སྲས་སོ། །ར༵་རོ༵་ཁྲག༵་འཐུང༵་མྱོས༵་མ༵་དང༵་ནི་ལྷ་སྟོབས་བཟང་གི་ཆུང་མ་སྟེ། དབང་པོའི་མཆོད་སྦྱིན་ལ་རིག་བྱེད་ཀྱི་རྡེའུ་བཏང་བས་ཆང་གི་ར་རོ་ནས་མྱོས་པས་དེ་སྐད་དུ་གྲགས་སོ། །གཅི༵ག་པུར༵་སྤྱོད༵་མ༵་དང༵་ནི་དྲི་ཟ་ཏམ་བུ་རའི་ཆུང་མའོ། །དེའང་ལྷའི་རོལ་མོ་མཁན་ཡིན་ཏེ། པི་ཝང་སྒྲེང་བས་མདུན་ན་འགྲོ་བའོ། །བྷྲིཾ་གི་རི་ཏི་ཞེས་ཀྱང་བྱ་སྟེ་དབང་ཕྱུག་གི་བུ་ཡིན་ཞེས་ཟེར་རོ། །ཡིད༵་འཕྲོག༵་མ༵་དང༵་ནི་དཔལ་མོ་སྟེ་འདོད་ལྷ་ཀ་མ་དྷེ་བའི་ཆུང་མའོ། །དེའང་གཟུགས་མཛེས་པས་ཐམས་ཅད་ཀྱིས་མཐོང་ན་དོན་འཆོར་བར་བྱེད་པས་དེ་སྐད་གྲགས་སོ། །གྲུབ༵་མོ༵་དང༵་ནི་ནོར་སྲུང་གི་ཆུང་མའོ། །དེའང་ནོར་གྲུབ་ཅིང་བྱད་གཏོང་བའོ། །རླུང༵་མོ༵་ད༵ང་ནི་རླུང་ལྷའི་ཆུང་མ་སྟེ་རླུང་གི་གཞི་མ་གནས་པའོ། །(༢༨༢)གསོ༵ད་བྱེད༵་མ༵་དང༵་ནི་བདུད་གསོད་བྱེད་ཀྱི་ཆུང་མའོ། །མེ༵་མོ༵་ད༵ང་ནི་མེ་ལྷའི་ཆུང་མའོ། །ཕ༵ག་མོ༵་ད༵ང་ནི་ས་བདག་ཕག་ཆེན་གྱི་ཆུང་མའོ། །དེའང་སའི་འོག་ན་ཕག་གི་གཟུགས་ཀྱིས་འཇིག་རྟེན་འདེགས་སོ་ཞེས་གྲགས་སོ། །རྒན༵་བྱེད༵་མོ༵་དང༵་གཤིན་རྗེའི་ཆུང་མའོ། །སྔར་མཧཱ་དྷེ་ཝའི་ཆུང་མ་ཡིན་པ་ལ། ཨུ་མ་གཅིག་པུ་ལ་བལྟས་པས་མོ་ཁྲོས་ཏེ། རྒན་མོར་སྤྲུལ་པས་དེ་སྐད་ཅེས་སོ། །སྣ༵་ཆེ༵ན་མོ༵་དང༵་ནི་ཚོགས་བདག་གི་ཆུང་མའོ། །དེའང་དབང་ཕྱུག་གི་ཆུང་མ་མེ་ཏོག་མདའ་ཅན་ལ་བུ་བཙས་པ་ན་ཨུ་མས་བུ་ཡོད་དམ་དྲིས་པས་བུ་དང་ཡོད་དེ་མགོ་མེད་ཟེར་བ་དང་། དེ་ལྟར་གྱུར་ཅིག་ཅེས་དམོད་བོར་བ་བཞིན་གྱུར་པས། བྲེད་དེ་བཟོད་པར་གསོལ་ནས་ཞུས་པ་ན། མགོ་སོ་མ་གཅིག་སྦྱོར་ཅིག་དེ་ལྟར་འགྱུར་རོ་ཟེར་རོ། །གླང་པོ་ཆེའི་ཕྲུ་གུའི་མགོ་སྦྱར་བས་གླང་སྣ་ཅན་ཞེས་སོ། །ཆུ༵་ལྷ༵་མོ༵་ད༵ང་ནི་ཆུ་ལྷའི་ཆུང་མའོ། །ནག༵་མོ༵་ཆེ༵ན་མོ༵་ད༵ང་ནི་ནག་པོ་རྣམས་འཇིག་ཆེན་པོའི་ཆུང་མའོ། །དེའང་ཡུལ་ལངྐ་པུ་རར་སྲིན་པོའི་བུ་བཞི་སྟེ། བི་ཤ་ན་རྣམ་འཇིག །དྷ་ཤ་གྲཱི་ཝ་མགྲིན་བཅུ། སུམ་པ་ཀ་ར་བུམ་སྣ། ར་མན་ཏ་འབོད་གྲོགས་བཞིའོ། །ར༵་མགོ༵་དམ༵ར་སེ༵ར་ཆེ༵ན་མོ༵་དང༵་ནི་སྲིན་པོ་དྷ་ཤ་གྲཱི་ཝའི་ཆུང་མའོ། །བུམ༵་སྣ༵་སྔོ༵་ན༵ག་ཆེ༵ན་མོ་དང་ནི་སྲིན་པོ་བུམ་སྣའི་ཆུང་མའོ། །གསུ༵ས་འཛི༵ན་སེ༵ར་ན༵ག་ཆེ༵ན་མོ༵་ནི་འབོད་གྲོགས་ཏེ་གསུས་པོ་ཆེའི་ཆུང་མའོ། །ལ༵་སོག༵ས་པ༵་ནི་དབང་ཆེ་བ་ཇི་སྙེད་པའི་ཆུང་མ་རྣམས་སྡུད་པ་སྟེ། ཕྱིའི་ལས་སྒྲུབ་པའི་བྲན༵་དང༵་དེའི་ཡ༵ང་བྲན༵་ད༵ང་ནང་གི་ལས་སྒྲུབ་པའི་གཡོ༵ག་དང༵་དེའི་ཡ༵ང་གཡོ༵ག་ལ་སོགས་པ་འཇིག་རྟེན་པའི་འཁོ༵ར་ཞིང༵་གི༵་རྡུ༵ལ་སྙེད༵་ཀྱི་གྲངས་ཐམས་ཅད་ཀྱ༵ང་དབང་དུ་བསྡུས༵་སོ༵། །

གཉིས་པ་སྦྱོར་བ་ཆེན་པོའི་རོལ་པ་ལ་གསུམ་ལས། རྒྱུ་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ནི་དབང་དུ་བསྡུས་པ་དེ༵་ན༵ས་བཅོ༵མ་ལྡན༵་འད༵ས་དགྱེས༵་པ༵་ཆེ༵ན་པོ་འགྲོ་བའི་དཔ༵ལ་ཁྲག༵་འཐུང༵་ཆེ༵ན་པོ༵ས་གདུལ་བྱ་འདུལ་བའི༵་ཐབ༵ས་ཀྱི༵ས་ཡ༵ང་རིག༵ས་ལྔ༵འི་འཇི༵གས་བྱེ༵ད་ཆེ༵ན་པོ༵འི་ཚོགས་འབར་བར༵་སྣང༵་བ༵ར་བྱས༵་ནས༵། ཡབ་ཡུམ་དེ༵་ད༵ག་ཀུན༵་ཀྱང༵་དགྱེས༵་པ༵ས་གཉིས་སུ་མེད་པར་རོ༵ལ་པ༵འི་དཀྱི༵ལ་འཁོ༵ར་གྱི༵་སྤྲིན༵་རང་སྣང་ནམ་མཁའི་དབྱིངས་ཀུན་ཏུ་ཁྱབ་པར་འབྱུང༵་བ༵་ཞེ༵ས་བྱ༵་བ༵འི་ཏིང༵་ངེ༵་འཛི༵ན་ལ༵་སྙོམ༵ས་པ༵ར་ཞུག༵ས་ན༵ས་རྐྱེན་རིག་པ་ཆེན་པོའི་གསང་སྔགས་བསྒྲགས་པ་ནི་སྐུ༵་དང༵་གསུ༵ང་ད༵ང་ཐུག༵ས་རྡོ༵་རྗེ༵་ལས༵་འདི༵་སྐད་ཅེས་ཕྱུང༵་ངོ༵་ཨོ༵ཾ་ཧཱུ༵ྃ་ཨཱ༵ཿནི་སྐུ་ཐུགས་གསུང་ངོ་། །བཛྲ༵་པྲ༵་བྷེ༵་ཤ༵་ཡ༵་ནི་རྡོ་རྗེ་གཞུག་པར་བྱའོ། །ཨ༵་ལ༵་ལ༵་ཧོ༵་ནི་ཤིན་ཏུ་ངོ་མཚར་ཆེ་བའོ། །

འབྲས་བུ་གཉིས་སུ་མེད་པར་སྦྱར་བ་ནི་དེ་སྐད་ཅེ༵ས་བརྗོ༵ད་པ༵ས་འབྱུང༵་པོ༵འི་རྒྱལ༵་མོ༵་རྣམ༵ས་ཧེ་རུ་ཀའི་ཚོགས་ལ་ཤི༵ན་ཏུ༵་ཆག༵ས་པ༵འི་ཡི༵ད་གཡོ༵ས་ན༵ས་རང་གི་པ༵དྨའི༵་དཀྱི༵ལ་འཁོ༵ར་སྡུད༵་པ་སྟེ་འཛུམ་ཞི༵ང་རྒྱས༵་པ་སྟེ་(༢༨༣)འབྱེད་པ༵ར་གྱུར༵་ན༵ས་ཧེ་རུ་ཀའི་སྐུ་ལ་སྦྱོར་བ་ནི་དཔེ༵ར་ན༵་རྡོ༵་ཁ༵བ་ལེ༵ན་ལ༵་ལྕག༵ས་འདུ༵་བ༵འི་ཚུལ༵་དུ༵། བཅོ༵མ་ལྡན༵་འད༵ས་དགྱེ༵ས་པ༵་ཆེ༵ན་པོ༵་དཔ༵ལ་ཁྲག༵་འཐུ༵ང་ཆེ༵ན་པོ༵་རྡོ༵་རྗེ༵འི་སྐུ༵་ལ༵་སྲིན༵་མོ༵་ཆེ༵ན་མོ༵་མི༵འི་སྲི༵ན་མོ༵་ད༵ང་། དམ༵ར་མོ༵་ད༵ང་། དག༵འ་བ༵་མོ༵་ད༵ང་། གསོ༵ད་བྱེ༵ད་མོ༵་དང་། ནག༵་མོ༵་ཆེ༵ན་མོ༵་ད༵ང་། དམ༵ར་སེ༵ར་ཆེ༵ན་མོ༵་ད༵ང་། སྔོ༵་ན༵ག་ཆེ༵ན་མོ༵་ད༵ང་། སེ༵ར་ན༵ག་ཆེ༵ན་མོ༵་ལ་སོགས་པ་བརྒྱད་པོ་རྣ༵མས་འཁྲི༵ལ་ལོ༵། །བཅོ༵མ་ལྡན༵་འད༵ས་དཔ༵ལ་ཁྲག༵་འཐུང༵་ཆེ༵ན་པོ༵་ཆེ་མཆོག་འཁོ༵ར་ལོ༵འི་སྐུ༵་ལ༵་ཚང༵ས་མ༵་ད༵ང་། འཁྲུག༵་མོ༵་དང༵་། དབ༵ང་མོ༵་ད༵ང་། འཇུ༵ག་སྲེ༵ད་མོ༵་ད༵ང་། གཞོ༵ན་ནུ༵་མོ༵་ལ་སོགས་པ་ཤར་གྱི་ལྔ་རྣམ༵ས་འཁྲི༵ལ་ལོ༵། །བཅོ༵མ་ལྡན༵་འད༵ས་དཔ༵ལ་ཁྲག༵་འཐུ༵ང་ཆེ༵ན་པོ༵་རི༵ན་པོ༵་ཆེ༵འི་སྐུ༵་ལ༵་བདུད༵་རྩི༵་མོ༵་དང༵་། ཞི༵་བ༵་མོ༵་དང༵་། བེ༵་ཅོ༵ན་མོ༵་ད༵ང་། ཟ༵་བ༵་མོ༵་དང༵་། སྲིན༵་མོ༵་ལ་སོགས་པ་ལྷོའི་ལྔ་རྣམ༵ས་འཁྲི༵ལ་ལོ༵། །བཅོ༵མ་ལྡ༵ན་འད༵ས་དཔ༵ལ་ཁྲ༵ག་འཐུང༵་ཆེ༵ན་པོ༵་པ༵དྨའི༵་སྐུ༵་ལ༵་ཁྲག༵་གི༵ས་མྱོས༵་མ༵་ད༵ང་། གཅི༵ག་པུར༵་སྤྱོད༵་མ༵་ད༵ང་། ཡིད༵་འཕྲོ༵ག་མོ༵་དང༵་། གྲུབ༵་མོ༵་དང༵་། རླུང༵་མོ༵་ལ་སོགས་པ་ནུབ་ཀྱི་ལྔ་རྣམ༵ས་འཁྲི༵ལ་ལོ༵། །བཅོ༵མ་ལྡན༵་འད༵ས་དཔ༵ལ་ཁྲག༵་འཐུང༵་ཆེན༵་པོ༵་ཀུན༵་ཏུ༵་ལ༵ས་ཀྱི༵་སྐུ༵་ལ༵་མི༵་མོ༵་ད༵ང་། ཕ༵ག་མོ༵་དང༵་། རྒ༵ན་བྱེ༵ད་མོ༵་ད༵ང་། སྣ༵་ཆེ༵ན་མོ༵་དང༵་། ཆུ༵་ལྷ༵་མོ༵་ལ་སོགས་པ་བྱང་གི་ལྔ་རྣམ༵ས་འཁྲི༵ལ་ལོ༵། །

བཞི་པ་འཁོར་གྱི་དཀྱིལ་འཁོར་སྤྲོ་བའི་ཚུལ་ལ་ལྔ་ལས། དང་པོ་སྤྲོ་བའི་སྦྱོར་བ་ནི་དེ༵་ན༵ས་བཅོ༵མ་ལྡ༵ན་འད༵ས་དགྱེ༵ས་པ༵་ཆེ༵ན་པོ༵་ཁྲག་འཐུང་རིགས་ལྔའི་ཁྲོ་བོའི་དཀྱིལ་འཁོར་དེ༵་ད༵ག་གིས༵་ཧཱུ༵ྃ་ཞེ༵ས་བརྗོ༵ད་ཅི༵ང་དབང་མོ་རྣམས་ཀྱིས་པ༵དྨའི༵་དཀྱི༵ལ་འཁོ༵ར་གྱི༵་ཚོག༵ས་དེ་དག་ཁྲག་འཐུང་ལྔའི་རྡོ་རྗེ་ལ་བསྡུས༵་ན༵ས་ཕན་ཚུན་ཕྱག་ཞབས་བསྣོལ་ཞིང་སྟོད་སྨད་ཤིན་ཏུ་བཅུམ༵་པ༵ས་བདེ་བ་རྒྱས་པར༷་གྱུར༵་ཏོ༵། །

གཉིས་པ་མ་མོ་སྤྲོས་པ་ནི་དེ༵་ནས༵་རྒྱས༵་ཏེ༵་ཧ༵་ཞེས༵་བརྗོད༵་པ༵ས་རྒྱུ་ཡབ་ཡུམ་གྱི་བྱ༵ང་ཆུབ་ཀྱི་སེ༵མས་ཀྱི༵་སྤྲིན༵་ལ༵ས། ཐུགས་རྣམ་པར་དག་པ་ཞི་བའི་ལས་མཛད་པ་དཀ༵ར་མོ༵འི་སྟེ་དབང་མོ་ཉེར་བརྒྱད་རེ་རེ་ལ་རེ་རེ་བྱུང་བས་ཚོག༵ས་དང༵་ཞེས་སོ། །དེའང་གྲངས་ལྷག་པའི་སྐྱོན་མེད་དེ། གཽ་རཱི་མའི་རིགས་གཅིག་ཏུ་སྡུད་པའོ། །ལྷག་མ་རྣམས་ཀྱང་དེ་བཞིན་ནོ། །འདིར་དབང་མོའི་མཁའ་ནས་འཐོན་ཞིང་། སྒྲུབ་ཐབས་སུ་རིགས་ལྔ་ཡབ་ཡུམ་གྱི་སྦྱོར་བ་ལས་འཐོན་པ་འགལ་ལོ་སྙམ་ན་སྐྱོན་མེད་དེ། སྔོན་བྱུང་དྲེགས་པ་འདུལ་བའི་ཚེ་དགོས་ཆེད་ཀྱིས་དེ་ལྟར་སྣང་ལ། རྗེས་འཇུག་ཉམས་སུ་ལེན་པའི་ཚེ་སྒྲུབ་ཐབས་ལྟར་ཡིན་ནོ། །ཡོན་ཏན་གྱི་ཚོགས་སྡུད་པས་རྐུན༵་མོ༵འི་ཚོག༵ས་དང༵་སྟེ་དབང་གི་ལས་སོ། །སྤང་བླང་གཉིས་སུ་མེད་པས་རྨོང༵ས་མོ༵འི་ཚོ༵གས་ད༵ང་སྟེ་སེམས་ཀྱི་དྲན་པ་ཉམས་པར་བྱེད་པའི་དྲག་པོའོ། །མི་མཐུན་པའི་ཕྱོགས་རྡུལ་དུ་རློག་པས་ཐ༵ལ་བྱེད༵་མོ༵འི་ཚོ༵གས་ད༵ང་སྟེ་དྲག་པོའི་ལས་སོ། །ཡོན་ཏན་གྱིས་གང་བས་སྤོས༵་(༢༨༤)མོའི༵་ཚོ༵གས་ད༵ང་སྟེ་རྒྱས་པའོ། །འཐབ་ཅིང་འཁྲུག་པས་གཏུམ༵་མོ༵འི་ཚོ༵གས་ད༵ང་སྟེ་དྲག་པོའོ། །གང་ཡང་འགྲུབ་པས་སྨེ༵་ཤ༵་ཅ༵ན་གྱི༵་ཚོ༵གས་དང༵་སྟེ་ལས་ཐམས་ཅད་པའོ། །ཚེ་དང་ཡོ་བྱད་འཕེལ་བ་མ༵་ཚོ༵གས་མ༵འམ་མ་མོའི༵་ཚོ༵གས་རྣམ༵ས་ཏེ་རྒྱས་པའི་ལས་སོ། །ཞིང་དབྱུག་དང་མདའ་གཞུ་ལ་སོགས་ར༵ང་རང༵་གི༵་ལ༵ག་ཆ༵་དང༵་ངོ༵་མཚ༵ར་བའི་འོད་ཟེར་དང༵་རྒྱན་དང་བཅ༵ས་ན༵ས་དབང་ཕྱུག་མ་རྣམས་ཀྱི་མཁའ་ལས་ཕྱིར་འཐོ༵ན་པར་གྱུར་ཏོ༵། །འཐོ༵ན་ན༵ས་ཀྱ༵ང་འབ༵ར་བ༵་ཆེ༵ན་པོ༵འི་འཁོ༵ར་ལོའི༵་རྩི༵བས་མཆ༵ན་གྱི་ཤ༵ར་ལྷོའི་ཕྱོག༵ས་ཀྱི་རྩིབས་མཆན་ནས་གཡས་སྐོར་དུ་འཁོ༵ར་བ༵ར་འཇི༵གས་པ༵འི་གཟུག༵ས་དང་རང༵་རང་གི༵་ལག༵་ཆ༵་དང༵་བཅ༵ས་ནས༵་འཁོ༵ད་དོ༵། །དེའང་རྩིབས་མཆན་བཞི་དང་གྲུ་ཆད་བཞི་ལའོ། །

གསུམ་པ་ཕྲ་མེན་མ་སྤྲོས་པ་ནི་དེ༵་ན༵ས་ཤི༵ན་ཏུ༵་དགྱེ༵ས་ཏེ༵་ཧེ༵་ཞེ༵ས་བརྗོ༵ད་པ༵ས། ཟིལ་གྱིས་གནོན་པས་སེ༵ང་གདོ༵ང་ཆེ༵ན་མོ༵འི་ཚོག༵ས་ད༵ང་ནི་རྒྱས་པའོ། །དཔའ་གཏུམ་ཕུན་སུམ་ཚོགས་པ་སྟག༵་གདོ༵ང་ཆེ༵ན་མོ༵འི་ཚོ༵གས་དང༵་ནི་དྲག་པོའོ། །ཕུང་པོའི་བདུད་འཇོམས་ཤིང་ཐབས་ལ་མཁས་པ་ཝ༵་གདོ༵ང་ཆེ༵ན་མོ༵འི་ཚོ༵གས་ད༵ང་ནི་དྲག་པོའོ། །བསླུ་བའི་བདུད་འཇོམས་ཤིང་མེལ་ཚེ་མཁས་པ་ཁྱི༵་གདོ༵ང་ཆེ༵ན་མོ༵འི་ཚོག༵ས་ད༵ང་ནི་ལས་ཐམས་ཅད་པའོ། །མིག་རྣོ་བས་བཞ༵ད་གདོ༵ང་ཆེ༵ན་མོའི༵་ཚོག༵ས་དང༵་སྟེ་ཤེས་བྱ་ཐམས་ཅད་ཐོགས་པ་མེད་པར་རྒྱས་པའོ། །སྲོག་དང་བྲལ་བའི་རོ་ལ་སྤྱོད་པས་ཀང༵་ཀའི༵་གདོ༵ང་ཅ༵ན་མ༵འི་ཚོ༵གས་ད༵ང་ནི་འཆི་བདག་གི་བདུད་འཇོམས་པ་སྟེ་ཞི་བའོ། །ཐམས་ཅད་མི་སྤོང་བ་དུར༵་བྱ༵འི་གདོ༵ང་ཅ༵ན་མ༵འི་ཚོ༵གས་ད༵ང་ནི་འཁོར་བ་མི་སྤོང་བར་ཆོས་ཉིད་དུ་སྒྲོལ་བས་དབང་ངོ་། །མཚན་མོ་མཐོང་བས་འུག༵་གདོང༵་ཆེ༵ན་མོ༵འི་ཚོག༵ས་ད༵ང་བཅ༵ས་པ༵་འཁོར་བ་སྤྱན་གྱིས་གཟིགས་པ་ཞི་བའི་ལས་མཛད་པའོ། །དེ་དག་ཀྱང་ཁར་བསྣོལ་བ་དང་རོ་ལ་བལྟ་བ་ལ་སོགས་པ་ར༵ང་རང༵་གི༵་ལ༵ག་ཆ༵་ད༵ང་ངོ༵་མཚ༵ར་དུ༵་ཆ༵ས་ན༵ས་འཐོ༵ན་པ༵ར་གྱུར༵་ཏོ༵། །འཐོ༵ན་ན༵ས་ཀྱང༵་འབ༵ར་བ༵་ཆེ༵ན་པོ༵འི་འཁོ༵ར་ལོའི༵་ཕྱི༵་རོ༵ལ་ཁྱམས་ནང་མའི་ཕྱོགས་བཞིར་མཆེ་བ་ཅན་བཞི་དང་། མཚམས་བཞིར་གཤོག་པ་ཅན་བཞིར་ཤ༵ར་ཕྱོག༵ས་ན༵ས་འཁོ༵ར་བ༵ར་རྔམ༵ས་པ༵འི་མད༵ངས་ཀྱི༵ས་འཁོ༵ད་དོ༵། །

བཞི་པ་སྒོ་མ་སྤྲོས་པ་ནི་དེ༵་ན༵ས་ཤིན༵་ཏུ༵་རྒྱས༵་པ༵ས་ཡེ་ཤེས་ཀྱི་སྣང་བ་ཆེན་པོས་ཕྱོག༵ས་བཅུའི༵་ཞི༵ང་མ༵་ལུས༵་པ༵ར་ཁྱབ༵་པར་བྱས་ན༵ས་ཕ༵ཊཿཅེ༵ས་བརྗོ༵ད་པ༵ས་ཚད་མེད་པ་བཞིས་འགྲོ་བའི་དོན་མཛད་ཅིང་ཕྱིན་ཅི་ལོག་བཞི་དང་བདུད་བཞི་འཇོམས་པའི་བརྡར་རྡོ༵་རྗེ༵་སྲི༵ང་འགྲོ༵་མ༵་དང༵་སྟེ་རྟ་གདོང་མ་དང་། རྡོ༵་རྗེ༵་གདོ༵ང་མོ༵་མ་ད༵ང་སྟེ་ཕག་གདོང་མ་དང་། རྡོ༵་རྗེ༵་འཇི༵ག་རྟེན༵་མ༵་དང༵་སྟེ་དྲེད་གདོང་མ་དང་། རྡོ༵་རྗེ༵་རོ༵་ལ༵ངས་མ༵་སྟེ་སྤྱང་གདོང་མའི༷་ཚོ༵གས་རྣམ༵ས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོགས་དྲིལ་བུ་སྟེ་ར༵ང་རང༵་གི༵་ལ༵ག་ཆ༵་(༢༨༥)དང༵་ངོ༵་མཚ༵ར་གྱི་རྒྱན་དང༵་བཅ༵ས་ནས༵་འཐོ༵ན་པ༵ར་གྱུར༵་ཏོ༵། །འཐོ༵ན་ན༵ས་ཀྱང༵་འབ༵ར་བ༵་ཆེན་མོའི༷་དཀྱི༵ལ་འཁོ༵ར་གྱི་སྒོ༵་བཞིར༷་གདུག་པ་ཅན་ལ་ཤི༵ན་ཏུ༵་རྔ༵མས་པ༵འི་གཟུ༵གས་ཀྱི༵ས་གན༵ས་སོ༵། །

ལྔ་པ་འཁོར་རྣམས་རང་རང་གི་གནས་སུ་བཏང་བ་ནི་དེ༵་ན༵ས་ཡབ་ཡུམ་འཁོར་དང་བཅས་པ་དགྱེ༵ས་པའི་སྤྲིན༵་ལ༵ས་ཕྱོག༵ས་བཅུ༵་མ་ལུས་པར༷་ཕ༵ཊ་ཅེ༵ས་བསྒྲག༵ས་པས༵་སྙིང་རྗེ་རྔམས་ཤིང་ཐམ༵ས་ཅ༵ད་ཁྲོས༵་ན༵ས་སྐུ་ལ་འཁྲིལ་བ་དང་སླས་སུ་བཀོད་པའི་མ༵་མོ༵་ཐམ༵ས་ཅ༵ད་ཀྱང༵་སྔོན་གང་ནས་འོངས་པ་བཞིན་ར༵ང་ར༵ང་གི༵་གན༵ས་ག༵་ལ༵་བ༵་དེ༵ར་ཡུད༵་ཙ༵མ་གྱིས༵་ཕྱིན༵་པ༵ར་རྫུ་འཕྲུལ་གྱིས་ཕྱིར་བཀྱེ༵འོ༵། །

གསུམ་པ་ཐུགས་རྗེས་རྗེས་སུ་བཟུང་ནས་བཀའ་ལ་བཏགས་པའི་ཚུལ་ལ་བཞི་སྟེ། གནས་སྤར་ཏེ་དཀྱིལ་འཁོར་མཐོང་བའི་ཚུལ་བསྟན་པ། སྟོང་ཁམས་ཐམས་ཅད་མཉམ་དུ་བཏུལ་བ། དྲེགས་པ་ཅན་གྱིས་འབངས་སུ་ཁས་བླང་བ། དབང་བསྐུར་ཏེ་བཀའ་བསྒོ་བའོ། །

དང་པོ་ལ་གསུམ་ལས། རྒྱུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་གསང་སྔགས་བརྗོད་པ་ནི། དེ༵་ན༵ས་བཅོ༵མ་ལྡན༵་འད༵ས་རྗེས་སུ་བཟུང་བའི་ཚུལ་གྱིས་དགྱེ༵ས་པ༵་ཆེ༵ན་པོ༵་འགྲོ་བའི་དཔ༵ལ་ཁྲ༵ག་འཐུ༵ང་ཆེ༵ན་པོ༵་རིགས་ལྔ་པོ་དེ༵་ད༵ག་ཀུན༵་ཀྱང་ཆོས་ཀྱི་དབྱིངས་ལས་རང་བྱུང་གི་ཐུག༵ས་རྗེ༵་ཆེ༵ན་པོ༵་གདུལ་བྱའི་ནད་གསོ་བས་བདུད༵་རྩི༵་འབྱུང༵་བ༵་ཞེ༵ས་བྱ༵་བ༵འི་ཏིང༵་ངེ༵་འཛི༵ན་ལ༵་སྙོམ༵ས་པ༵ར་ཞུགས༵་ན༵ས་དེ་དག་གི་སྐུ༵་དང༵་གསུ༵ང་ད༵ང་ཐུག༵ས་རྡོ༵་རྗེ༵་ལས༵་འདི༵་ད༵ག་ཕྱུང༵་ངོ༵་ཨོ༵ྃ་བཛྲ༵་མ༵ཧཱ༵་ཨ༵་མྲ༵྇་ཏ༵་ནི་རྡོ་རྗེ་བདུད་རྩི་ཆེན་པོའོ། །མ༵ཧཱ༵་ཀྲོ༵་དྷ༵་ནི་ཁྲོ་བོ་ཆེན་པོ། ཨ༵ྃ་ཨ༵ྃ་ཨ༵ྃ་ནི་ལན་གསུམ་དུ་དབང་བསྐུར་བའོ། །དེ་ལས་སླར་ཡང་དྲེགས་པ་ཅན་ཕྱུང་སྟེ་ཁྲུས་བྱས་པ་ནི། དེ་སྐད་ཅེ༵ས་བརྗོ༵ད་པ༵ས་སྔར་ཤ་ཟོས་ཤིང་ཞལ་དུ་བསྟབས་པའི་དབ༵ང་ཕྱུག༵་ཆེ༵ན་པོ༵་ལ༵་སོག༵ས་པ༵་ཐམ༵ས་ཅ༵ད། བཅོ༵མ་ལྡན༵་འད༵ས་ཁྲོ་བོ༵་ཆེ༵ན་པོ༵་རིགས་ལྔ་པོ་དེ༵་ད༵ག་གི༵་འོག་སྒོའི་སྣམ༵་ཁུང༵་ན༵ས་འཐོ༵ན་ཏེ༵་དྲི་ཆེན་ལ་སོགས་པའི་མི༵་གཙ༵ང་བ༵འི་འད༵མ་གྱི༵་རྒྱ༵་མཚོ༵ར་ཆུད༵་པ༵་ལ༵ས་དེ་དག་པར་བྱ་བའི་ཕྱིར། ཁྲོ་བོ་སོ་སོའི་སྣ༵མ་ཁུང་ནས༵་ཁྲོ་བོ་ཨུ༵་ཙུ༵ཥྨ༵་ཀྲོ༵་ཏ༵་ཕྱུང༵་ན༵ས་མི་གཙང་བའི་འད༵མ་ཀུན༵་འཐུང༵ས་ཏེ༵་དྲེགས་པ་ཅན་དེ་དག་དྲན༵་པ༵་སླར༵་རྙེད༵་པར་བྱས་ན༵ས་བཞག་གོ། །ཨུ་ཙུཥྨ་ཀྲོ་ཏ་ཁྲོ་བོ་རྨེ་བ་བརྩེགས་པ་སྟེ། འདམ་ཁུང་ནས་འཐོན་པའི་སྟེང་དུ་འདམ་འཐུངས་པས་དེ་སྐད་ཅེས་བྱའོ། །འབར་བའི་དཀྱིལ་འཁོར་གྱི་ཞལ་བསྟན་པ་ནི། ཁྲོ༵་བོ༵འི་དཀྱི༵ལ་འཁོར༵་གྱི་སྤྲིན་གྱི༵་ཚོ༵གས་རིགས་ལྔ་པོ་ཡུམ་དང་བཅས་པ་དེ༵་ད༵ག་ཐ༵མས་ཅ༵ད་ཀྱ༵ང་ཡེ་ཤེས་ལྔ་དང་ཕྲིན་ལས་བཞིའི་དབྱེ་བས་རེ་རེ་ཞིང་དམ་པ་རིགས་བརྒྱར་མཚོན་པའི་བརྡར༵་དབུ་དགུ༵་བརྒྱ༵་པ་དང་། ཕྱག༵་སྟོང༵་བརྒྱད༵་བརྒྱ༵་པ་དང་། ཞབ༵ས་བརྒྱད༵་བརྒྱ༵་པ་དང་། སྐུ༵་ཡེ་ཤེས་ཀྱི་མེ་དཔུང་འབ༵ར་བ༵་ཆེ༵ན་པོ༵འི་ཀློང་དཀྱི༵ལ་ན༵་བཞུག༵ས་པ༵ར་མཐོ༵ང་ངོ༵་། །དེ་ནི་དང་པོ་སངས་རྒྱས་བསམ་ཡས་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་དུ་བདེན་པ་མཐོང་བར་བྱས་པའོ། །

གཉིས་པ་སྟོང་ཁམས་མཉམ་དུ་བཏུལ་བ་ནི། འོག་མིན་དུ་རང་སྣང་ཡེ་ཤེས་ཀྱི་ཆོ་འཕྲུལ་རང་བཀོད་པ་དེའི༵་དུས༵་སུ༵་གདུལ་བྱའི་འཇི༵ག་རྟེན༵་དྲུག་གི་ཕྱོག༵ས་བཅུའི༵་སྲི༵ད་པ༵་གསུམ་པོ་ཀུན༵་ཏུ༵་གནས་པའི་དྲེག༵ས་པ༵འི་དབ༵ང་ཕྱུག༵་ཐམ༵ས་ཅ༵ད་སོ་སོ་གང་ལ་གང་གིས་ཇི་ལྟར་འདུལ༵་བའི༵་ཐབ༵ས་ཀྱི་རོལ་པ་སྣ༵་ཚོག༵ས་སུ་སྣང་བའི་བྱེ་བྲག་བས༵མ་གྱིས༵་མི༵་ཁྱབ༵་པ༵་སྟེང་འོག་གི་འཇིག་རྟེན་སོ༵་སོར༵་སྣང༵་བ༵ས་གདུལ་བྱ་དེ་དག་སྔ་ཕྱི་མེད་པར་དུས༵་གཅི༵ག་ཏུ༵་བཏུ༵ལ་ལོ༵། །འདིས་ནི་རང་སྣང་ལྷུན་སྟུག་པོ་བཀོད་པར་སྣང་བ་ཅི་འདྲ་བ་གཞན་སྣང་ཕྱོགས་བཅུར་སྣང་བར་བསྟན་ཏོ། །

གསུམ་པ་དྲེགས་པ་ཅན་གྱིས་འབངས་སུ་ཁས་བླངས་པ་ལ་བཞི་ལས། དང་པོ་འབངས་སུ་དམ་བཅས་ཏེ་དཀྱིལ་འཁོར་གྱི་གདན་དུ་ཕུལ་བ་ནི། ཆོ་འཕྲུལ་བཀོད་པ་དེ༵་ན༵ས་དྲེགས་པ་ཅན་དེ༵་དག༵་སྐྲག་ཅིང་ལུས་ཤིན༵་ཏུ༵་འད༵ར་ཞི༵ང་སེམས་བྲེད༵་པ༵ས་ར༵བ་ཏུ༵་དཔའ་ཞུམ༵་པ༵འི་ང༵་རོས༵་བདག་ཅག་གི་ལུས་འབང༵ས་སུ༵་མཆི༵། ངག་འབ༵ངས་སུ༵་མཆི༵། སེམས་འབ༵ངས་སུ༵་ན༵ན་ཏན༵་མ༵་བགྱི༵ས་ན༵་རང་རང་གི་མགོ༵་དང༵་ལུས༵་ནི༵་ཚལ་པ་བརྒྱར་གཤ༵གས་ཤིང༵་སྙིང༵་ཡང༵་ཚལ་པ་བརྒྱ་སྟོང་དུ་འག༵ས་ཤི༵ང་གཏུབ༵་པར་གྱུར༵་ཅི༵ག །ལུས་ཀྱང་རུལ་ཅིང་མྱགས་ལ་དམོད་པའི་མེས་ཚིག༵་ན༵ས་ཚེ་འདིར་བརླ༵ག་པ༵་ད༵ང་ཕྱི་མར་དམྱལ༵་བ༵ར་ལྷུང༵་ན༵ས་འོ་དོད་ཆེན་པོ་འབོ༵ད་པ༵ར་ཤོག༵་ཅིག་ཅེ༵ས་འབང༵ས་སུ༵་མཆི༵་བ༵འི་མན༵འ་ཚིག་བོ༵ར་ན༵ས་རང་རང་གི་ལུས་ཁྲོ་བོ་རིགས་ལྔའི་དཀྱི༵ལ་འཁོ༵ར་གྱི༵་གད༵ན་དུ༵་རང་རང་གིས་བཞ༵ག་གོ༵། །

གཉིས་པ་འཁོར་ཕུལ་ཏེ་གུས་པའི་གཙུག་གིས་མཆོད་པ་ནི། དྲེགས་པ་ཅན་ཐམ༵ས་ཅ༵ད་ཀྱི༵ས་མགྲིན༵་གཅི༵ག་ཏུ༵་ཡ༵ང་སྨྲས༵་པ༵་བདག༵་ཅ༵ག་རྣམ༵ས་ཀྱི༵་མཆི༵ས་བྲང༵་ཆུང་མ་དང་། མ༵་ད༵ང་སྲིང༵་མོ༵་དང་བུ༵་མོ༵་རྣམ༵ས་ཁྲོ་བོའི་ཚོགས་ཀྱིས་ལོངས་སྤྱོད་ཀྱི་དཀྱི༵ལ་འཁོ༵ར་ཆེ༵ན་པོ༵ར་བཞེ༵ས་སུ༵་གསོ༵ལ། གདུག་པ་ཅན་འཇོམས་པའི་དཔ༵འ་བོ་རྗེས་སུ་འཛིན་པའི་ལྷ༵་སྐྱབས་ཀྱི་དམ་པར་གྱུར་པའི་རྗེས༵་ངེས་པར་བཞེ༵ས་སུ༵་གསོ༵ལ། བད༵ག་ཅ༵ག་སོ༵་སོ༵འི་འཁོ༵ར་དང་བཅ༵ས་པ་ཐམས་ཅད་ཀྱིས༵་ཞལ་མཐོང་བའི་ཁྲོ་བའི་ཚོ༵གས་ཀྱི༵་དཀྱིལ༵་འཁོ༵ར་ཆེ༵ན་པོ༵་འདི༵འི་མི༵ང་ཙ༵མ་འཛིན༵་པར༵་བྱེད༵་པའི༵་འགྲོ་བ་ལ་ཡ༵ང་བདག་ཅག་གི་སྤྱི་གཙུ༵ག་གི༵་ཡིད་བཞིན་གྱི་ནོ༵ར་བུ༵་འོད་འབ༵ར་བ༵་བཀུར་བ་ལྟར༵། ཡིད་གཡོ༵་སྒྱུ༵་མེ༵ད་ཅི༵ང་མཆོག་ཏུ་གུས༵་པ་དང་ལྡན༵་པ༵འི་སེམ༵ས་ཀྱིས༵་མཆོད་གནས་སུ་བློས་བླང༵ས་ཏེ༵་རྟག་ཏུ་སྤྱི༵་བོའི༵་གཙུ༵ག་ཏུ༵་བཞ༵ག་སྟེ༵་བཀུར༵་སྟི་དང་རིམ་གྲོ་ཆེ་བ༵ར་བགྱི༵་ཞིང་། དཀྱིལ་འཁོར་གྱི་མཚན་འཆང་བ་དེ༵་ཡི༵་དགོ༵ས་པ༵འི་འདོད་དོན་འཕྲིན་ལས་རྣམ་བཞི་ཅི༵་འགྲུབ་ཡང༵་རུང༵་སྟེ་རེ་བ་མ༵་ལུས༵་པ་རྫོག༵ས་པ༵ར་བད༵ག་ཅ༵ག་གིས་བསྒྲུབ༵་པར་བགྱིའོ། །

གསུམ་པ་དམ་བཅས་ཏེ་(༢༨༧)ལས་ཀྱི་སྟོང་གྲོགས་བྱེད་པ་ནི། གལ༵་ཏེ༵་དཔའ༵་བོ༵འི་སྤྱན༵་སྔ༵་འདི༵ར་བདག་ཅག་རྣམས་ཀྱིས་ཁས་བླངས་དམ་བཅས་པའི་ཚིག་སྨྲས༵་པ༵་བཞི༵ན་དུ༵་བདག་ཅག་གིས་མ༵་བསྒྲུབ༵ས་ན༵་བདག༵་ཅ༵ག་རྣམ༵ས་ཀྱི༵་མགོ༵་དང་ལུས༵་དང་སྙིང༵་རྣམས་ཚལ་བར་འག༵ས་ཤིང་དམོད་པའི་མཚོན་གྱིས་གཏུབ༵ས་ཏེ་དུམ༵་བུ༵ར་གྱུར་ནས་རུལ༵་བ༵ར་མཆི༵འོ་ཞེས༵་སྨྲས༵་སོ༵། །

བཞི་པ་དབང་མོ་རྣམས་འབངས་སུ་འོངས་ནས་བཀའ་ཉན་པའི་འཕྲིན་ལས་ཞུ་བ་ནི། དེ༵་ན༵ས་དྲེགས་པ་ཅན་དེ༵་དག༵་གི༵་ཆུང༵་མ༵འི་ཚོག༵ས་ད༵ང་མ༵་དང༵་སྲི༵ང་མོ༵་དང༵་བུ༵་མོ༵འི་ཚོ༵གས་ཐམ༵ས་ཅ༵ད་སྔར་བཀྱེ་བ་ལས། སླར་ཡང་ཁྲོ་བོའི་དཀྱི༵ལ་འཁོ༵ར་དུ༵་སྐད་ཅིག་ཡི༵ད་ཙམ་གྱིས༵་འོང༵ས་ན༵ས་དེ་དག་ཐམ༵ས་ཅ༵ད་ཀྱི༵ས་མགྲི༵ན་གཅི༵ག་ཏུ༵་སྨྲས༵་པ༵། བད༵ག་ཅ༵ག་འཁོ༵ར་གྱི་ཚོ༵གས་དང་བཅས་པ་ཐམ༵ས་ཅ༵ད་ཀུན༵་བགེགས་དཔུང་འཇོམས་པའི་དཔ༵འ་བོ༵་ཆེ༵ན་པོའི༵་འབ༵ངས་སུ༵་མཆི༵་ན༵་དཔ༵འ་བོ༵་ཆེ༵ན་པོ༵ས་བད༵ག་ཅ༵ག་རྣམ༵ས་ལ་ཞི་བ་དང་རྒྱས་པ་དང་དབང་དང་དྲག་པོ་གང་བྱེད་སྔར་རང་རང་གི་ལས་ལ་སྤྱོད་པ་བཞིན་དུ་འདི་ལྟར་གྱིས་ཤིག་པའི་ལས༵་ཀྱི༵་དངོ༵ས་གྲུབ༵་བཀའ་བསྒོ་བ་སྩལ༵་དུ༵་གསོ༵ལ་ཞེ༵ས་སྨྲས༵་སོ༵། །

བཞི་པ་དབང་བསྐུར་ཏེ་བཀའ་བསྒོ་བ་ནི། དེ༵་ན༵ས་བཅོ༵མ་ལྡ༵ན་འད༵ས་ཆེ་མཆོག་འགྲོ་བ་ལ་དགྱེས༵་པ༵་ཆེ༵ན་པོ༵ས་དེ་དག་གི་ལ༵ག་ཏུ༵་རྡོ༵་རྗེ༵་བྱི༵ན་ན༵ས་རྡོ་རྗེ་མིའི་སྲིན་མོ་ཞེས་པ་ལ་སོགས་པ་རང་རང་གི་མི༵ང་གིས༵་དབ༵ང་བསྐུར༵་ཏེ༵། སོ་སོའི་ལས་ལ་བསྒོ་བའི་འབར་བའི་དཀྱིལ༵་འཁོ༵ར་གྱི༵་ཕྱི༵་རོལ༵་ཁྱམས་ཕྱི་མའི་ནང་དུ༵་རིམ་པར་བཀོ༵ད་དོ༵། །རོལ་པའི་ཡེ་ཤེས་མཆོག་ཏུ་གས༵ང་བ༵འི་སྙིང༵་པོ༵་ལོངས་སྤྱོད་རྫོགས་པ་སྐུའི་དེ༵་ཁོ༵་ན༵་ཉིད༵་ངེ༵ས་པ༵་ལ༵ས། ལྷུན་སྟུག་པོ་བཀོད་པར་ཁྲོ༵་བོ༵་ར༵ང་བཞིན༵་གྱི༵་དཀྱིལ༵་འཁོར༵་རང་སྣང་མཐའ་དབུས་མེད་པར་ཁྱབ་པའི་སྤྲིན༵་ཆེན་པོ་ཡེ་ནས་ལྷུན་གྱིས་གྲུབ་པར་རྣམ༵་པར༵་སྤྲོས༵་པ༵འི་ལེ༵འུ༵་སྟེ༵་བཅོ༵་ལྔ༵་པའི་རྣམ་པར་བཤད་པ༵འོ༵།། །།


previousལེའུ་བཅོ་ལྔ་པའི་རྣམ་པར་བཤད་པ།next