Nitartha Digital Library
Tibetan
རིག་འཛིན་གྲུབ་པའི་དབང་ཕྱུག་སྟོབས་ལྡན་རྟ་ཁྱུང་རོལ་པའི་རྡོ་རྗེའི་གསུང་ཆོས་སྐོར།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
བཀའ་བསྲུང་ཡོངས་རྫོགས་ཀྱི་རྫོགས་ཀྱི་རྦད་བསྐུལ།
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousབཀའ་བསྲུང་ཡོངས་རྫོགས་ཀྱི་རྫོགས་ཀྱི་རྦད་བསྐུལ།next

བཀའ་བསྲུང་ཡོངས་རྫོགས་ཀྱི་རྫོགས་ཀྱི་རྦད་བསྐུལ།

༄༅། བཀའ་བསྲུང་ཡོངས་རྫོགས་ཀྱི་རྫོགས་ཀྱི་རྦད་བསྐུལ་ནི། དམར་གཏོར་ཤ་ཁྲག་གིས་བརྒྱན་ཏེ་འགུག་གཞུག་དྲག་ཏུ་བགྱིས་ལ་དགྲ་བོའི་ཤ་ཁྲག་ཧབ་ཐོབ་ཏུ་རོལ་བར་བསམ་ལ། ཛཿབྷྱོ། རྫོགས་ཆེན་བཀའ་ཡི་བསྲུང་མ་རྣམས། །བསྐུལ་ལོ་མངོན་སྤྱོད་ལས་ལ་བསྐུལ། །བརྒྱུད་གསུམ་བླ་མའི་སྤྱན་སྔ་རུ། །ཁས་བླངས་དམ་བཅས་མི་དྲན་ནམ། །ད་ལྟ་དུས་ངན་སྙིགས་མའི་དུས། །མཐའ་དམག་དམ་སྲི་འགོང་པོ་འཚུབ། །ཁྲེལ་མེད་དགྲ་ཇག་ཆོམ་རྐུན་བྱེད། །སངས་རྒྱས་བསྟན་པ་གཉན་པོ་བཤིགས། །ཆོས་བསྣུབ་དགེ་འདུན་སྡེ་རྣམས་བཅོམ། །ཉེས་མེད་སེམས་ཅན་སྡུག་ལ་སྦྱོར། །རྒྱུ་འབྲས་བསླུ་མེད་ཁྱད་དུ་གསོད། །བཀའ་བསྲུང་དམ་ཅན་ཡིན་ངེས་ན། །སྡང་བའི་དགྲ་ལ་རྟགས་ཕྱུངས་ཤིག །གནོད་པའི་བགེགས་ལ་ལས་མཛོད་ཅིག །དེ་མིན་དམ་ཅན་ཅིའི་ཕྱིར་བརྟེན། །མཐུ་རྩལ་ནུས་པ་མངོན་སུམ་སྟོན། །སྟོང་གསུམ་འཇིག་རྟེན་དམག་གིས་ཁོངས། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །མི་ནོར་ལོངས་སྤྱོད་ཤུལ་མེད་ཐོངས། །བཟློག་བསྒྱུར་མེད་པའི་ཐན་ལྟས་ཐོངས། །མགོ་བོ་ཆོད་ལ་དོན་སྙིང་ཕྱུངས། །སྙིང་རྩ་ཆོད་ལ་སྙིང་ཁྲག་འཐུང་། །མིག་རྩ་ཆོད་ལ་མིག་འབྲས་ཕྱུངས། །ཡན་ལག་ཆོག་ལ་ཤ་རུས་གཏུབ། །དཀོར་རྐུན་མང་པོས་སྒོ་རྡུང་གྱིས། །མལ་ནས་གཅེར་བུར་ཁྲིད་ལ་ཤོག །སྲོག་ཆོད་སྙིང་ཕྱུངས་ཤ་ཁྲག་རོལ། །ཁྱིམ་ཤིགས་ལོ་ཏོག་སེར་བས་ཆོམས། །ངུ་འབོད་བྲང་རྡུང་སྨྱོ་རུ་ཆུག །དགྲ་ཤ་དགྲ་ཁྲག་གློ་མཆིན་རོལ། །མི་ནོར་ལོངས་སྤྱོད་བཅས་པ་ཀུན། །རྗེས་ཤུལ་མིང་མེད་རྡུལ་དུ་རློགས། །དཀོར་རྐུན་དགྲ་རྒྱུད་རྩད་ནས་ཆོད། །གསང་སྔགས་བསྟན་པའི་དབྱར་རྔ་སྒྲོགས། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །དོ་གལ་ཆེ་ན་ཆོས་སྐྱོང་གི་རྦད་སྔགས་དང་ཆོ་འཕྲུལ་སྔགས་ཀྱང་བཟླས་རྗེས་དཀོར་རྐུན་རྒྱུན་གཅོད་རྡུལ་རློགས་ཀྱི་མན་ངག་རྣོ་མྱུར་གནམ་ལྕགས་ཐོག་ཆར་འདི་ཉིད་སྤྲང་སྨྱོན་འཇའ་ལུས་རྡོ་རྗེའི་རྣམ་པར་རོལ་པའི་ཟབ་ཆོས་སོ།། དགེའོ༎ མངྒ་ལཾ།


previousབཀའ་བསྲུང་ཡོངས་རྫོགས་ཀྱི་རྫོགས་ཀྱི་རྦད་བསྐུལ།next