Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།

2 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
བཅོམ་ལྡན་འཇམ་དཔལ་ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ལོ་རྒྱུས་ཟིན་བྲིས་མདོར་བསྡུས་རབ་ཏུ་གསལ་བ།
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  


2 occurrences of འབེན་
[Clear Hits]

 
previousབཅོམ་ལྡན་འཇམ་དཔལ་ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ལོ་རྒྱུས་ཟིན་བྲིས་མདོར་བསྡུས་རབ་ཏུ་གསལ་བ།next

བཅོམ་ལྡན་འཇམ་དཔལ་ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ལོ་རྒྱུས་ཟིན་བྲིས་མདོར་བསྡུས་རབ་ཏུ་གསལ་བ།


CMR012_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འཇམ་དཔལ་ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ལོ་རྒྱུས་ཟིན་བྲིས་མདོར་བསྡུས་རབ་ཏུ་གསལ་བ་བཞུགས་སོ།།


CMR012_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཙན་གུ་རྒྱ་ཀཱ་ལ་ཏན་ཨུ་པ་དེ་ཤ་ན་མ། བོད་སྐད་དུ། ཟླ་གསང་ནག་པོའི་རྒྱུད་ཀྱི་མན་ངག་ཅེས་བྱ་བ། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས པའི་བཀའ་འདི་ལ། །ཡི་མི་ཆེས་པའི་སྐྱོན་དུ་འགྱུར། །ཞེས་གསུངས་པས། འདིའི་ལོ་རྒྱུས་ལ་བཞི་སྟེ། ལྷ་དངོས་ཇི་ལྟར་བྱུང་ཚུལ། འཇམ་དཔལ་ཞི་ཁྲོའི་རྒྱུད་གསུངས་ཚུལ། དེའི་བཀའ་བབས་བརྒྱུད་ཚུལ། དགོས་ཆེད་དང་ཕན་ཡོན་བསྟན་པའོ། །དང་པོ་ལ་ཕྱི་ནང་གསང་བ་གསུམ་སྟེ། ཕྱི་ལྟར་ན་སྔོན་འོག་


CMR012_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་འཇིག་རྟེན་གྱི་ཁམས་གཤིན་རྗེ་དམྱལ་བའི་ཡུལ་དམེ་ནག་བྱ་བ་ན། ལས་ཀྱི་གཤིན་རྗེ་ཚེ་བདག་སྲོག་བདག་འཆི་བདག་གསུམ་བསྡོངས་ནས་སྐུ་གཅིག་ཏུ་བརྫུས་ཏེ་སྐྱེས་པ་གཤིན་རྗེ་ཁྲོ་ཆུ་དུག་གདོང་ཞེས་བྱ་བ་བྱུང་སྟེ། འཁོར་ལས་ཀྱི་གཤིན་རྗེ་བྱེ་བ་དུང་ཕྱུར་དང་བཅས་པས། ཁམས་གསུམ་སྲིད་གསུམ་འགྲོ་དྲུག་སྐྱེ་འགྲོ་ཐམས་ཅད་དུས་གཅིག་ཏུ་ཟོས་ནས། གཞན་གང་གིས་ཀྱང་འདུལ་མ་ཐུབ་པའི་དུས་སུ། དཔལ་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་རིགས་ལྔའི་སངས་རྒྱས་སྟོང་རྩ་གཉིས་དང་བཅས་པས། ཁོའི་དབུ་གསུམ་གྱི་ཐོག་ཏུ་མཆོད་རྟེན་གསུམ་བཞག་ནས་སྟོབས་


CMR012_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་མངའ་བ་རྫུ་འཕྲུལ་ཐོགས་མེད་ཀྱིས་དབང་བསྐུར་ནས་དམ་ལ་བཏགས། རང་རྟགས་སྲོག་གི་སྙིང་པོ་མདངས་གསོལ་དུ་ཕུལ། ཕྱི་རབས་ཀྱི་སྔགས་འཆང་རྣམས་ཀྱིས་བསྒྲུབ་ན་འཇིག་རྟེན་གྱི་ཁམས་ཀྱི་ལྷ་འདྲེ་མི་གསུམ་ཐམས་ཅད་དང་ནང་པའི་ཁྱད་མ་ལྷ་སྲུང་དང་བཅས་པ། ཕྱི་པ་མུ་སྟེགས་ལ་སོགས་ཤིན་ཏུ་རྒྱ་ཆེ་བ་འབུམ་ཕྲག་རྣམས་ཀྱང་སྐད་ཅིག་དུས་གཅིག་ལ་ཞག་བདུན་ནས་མ་ལུས་པར་བཅོམ་ནས་བརླག་པར་ཁས་བླངས་དམ་བཅས་ནས། རིགས་ལྔའི་སངས་རྒྱས་སྟོང་གི་མདུན་དུ་ཐ་ཚིག་ས་མ་ཡ་ན་ར་ཀན་སྟོང་རྩ་བརྒྱད་ཀྱིས་དམ་བཅས་སོ། །ནང་ལྟར་ན་རྒྱ་གར་གྱི་ཡུལ་བྷ་ར་དྷ་ཛ་ན། མུ་སྟེགས་ཀྱི་སྟོན་པ་ཕུང་བྱེད་ནག་པོ་དང་། སྐྲ་ཡི་ལ་བ་ཅན་དང་། མིའི་སླག་པ་ཅན་ལ་སོགས་པ་མང་པོ་འདུས་ནས་སངས་རྒྱས་ཀྱི་གཙུག་ལག་ཁང་ཐམས་ཅད་ནི་བཤིགས། གླེགས་བམ་ཐམས་ཅད་ནི་མེར་བསྲེགས། ཆོས་ཀྱི་སྒྲ་ནི་གཅིག་ཀྱང་མེད་པར་བྱས་སོ། །དེར་འཇམ་དཔལ་ཐུགས་ཁྲོས་ནས་རྟ་མགྲིན་ཕྱག་རྡོར་འཇམ་དཔལ་གསུམ་གཅིག་ཏུ་བསྡུས་ནས། ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་སྐུ་འཇིགས་སུ་རུང་བར་བསྟན་པས། མུ་སྟེགས་པ་ཐམས་ཅད་བརྒྱལ་ནས་ཤི། མུ་སྟེགས་


CMR012_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཡིག་སྒྲ་ཐམས་ཅད་ཡེ་ཤེས་ཀྱི་མེས་བསྲེགས་ནས་མུ་སྟེགས་ཀྱི་བསྟན་པ་གཅིག་ཀྱང་མེད་པར་བྱས། སངས་རྒྱས་ཀྱི་བསྟན་པ་ནི་དར་ཞིང་རྒྱས་སོ། །གསང་བ་ལྟར་ན་ཆོས་སྐུ་ཀུན་ཁྱབ་ཀུན་ཏུ་བཟང་པོའི་ཀློང་ན། ལོངས་སྐུ་འཇམ་དཔལ་རིགས་ལྔའི་ངེས་པ་ལྔ་ལྡན་དུ་བཞུགས་པ་ལས། སྤྲུལ་སྐུ་ལས་གཤིན་ཁྲོ་ཆུ་དུག་གདོང་གི་སྐུར་སྤྲུལ་ནས། གདུག་པ་ཅན་ཐམས་ཅད་འདུལ་ཞིང་བསྟན་པ་སྲུང་བ་ཡིན་ནོ། །དེ་ལྟར་ལས་གཤིན་གསུམ་གཅིག་ཏུ་འདུས་པས་དྲག་རྩལ་གཞན་ལས་ཆེ། རིགས་གསུམ་མགོན་པོ་གཅིག་ཏུ་འདུས་པས་གང་ལའང་ཐོགས་རྡུགས་མེད། སྐུ་གསུམ་གཅིག་ཏུ་བསྡུས་པ་ཡིན་པས་རྟགས་མཚན་ཆེ་བ་ཡིན་ནོ། །གཉིས་པ་ནི། བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད་ཉིད་ལ། གནས་རང་བཞིན་རྣམ་དག་གི་དུར་ཁྲོད་ལ་སོགས་པར་ཡུམ་རྡོ་རྗེ་རོ་ལངས་མ་ལ་སོགས་པས་ཞུས་པའི་ངོར། འཇམ་དཔལ་ལེའུ་ཁྲི་དྲུག་སྟོང་པ་དང་། འཇམ་དཔལ་རོལ་པའི་རྩ་རྒྱུད་དང་། ཟླ་གསང་ནག་པོའི་རྒྱུད་དང་། ཟླ་གསང་མེ་ལྕེ་ཕྲེང་བའི་རྒྱུད་དང་། ཟླ་གསང་ཟོར་བ་དམར་ནག་གི་རྒྱུད་དང་། འཇམ་དཔལ་ཁྲོས་པའི་རྒྱུད་ཅེས་བྱ་བ་ཁྲོ་ཆུ་དུག་གདོང་གི་རྒྱུད་ལ་


CMR012_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་མཐའ་ཡས་པ་གསུངས་སོ། །རྒྱུད་དེ་རྣམས་ལྷ་མ་སྲིན་སྡེ་བརྒྱད་དང་མཁའ་འགྲོ་མ་རྣམས་ཀྱིས། རིན་པོ་ཆེ་དང་གནམ་ལྕགས་དང་རུས་པའི་སྒྲོམ་བུར་བཅུག་ནས། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་གྱི་མཆོད་རྟེན་བདེ་བྱེད་བརྩེགས་པ་དང་། ལྷོ་ཕྱོགས་སྐུ་ལ་རྫོགས་པའི་དུར་ཁྲོད་དང་། ཨོ་རྒྱན་མཁའ་འགྲོའི་གནས་དང་། རྒྱ་གར་ལྷོ་ཕྱོགས་མཆོད་རྟེན་དཀར་ཆུང་སོགས་སུ་སྦས་ནས། མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེས་གཏེར་གྱི་སྲུང་མ་བྱེད་ཅིང་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་མཆོད་པ་བྱེད་དོ། །གསུམ་པ་ནི། སེང་ག་ལའི་སློབ་དཔོན་འཇམ་དཔལ་བཤེས་གཉེན་དེ་ཉིད། རྒྱལ་པོ་དྷརྨཱ་ཨ་ཤྭ་ཀའི་བླ་མཆོད་པཎྜི་ཏ་ལྔ་བརྒྱའི་ཐ་ཆུང་ཡིན་ཏེ། ཁོང་གིས་འཇམ་དཔལ་ལ་ཡི་དམ་བྱས་ཤིང་། ༀ་ཝཱ་གི་ཤྭ་རི་ཧཱུྃ། ཞེས་ཡི་གེ་དྲུག་པ་བསྙེན་པས། དུས་ལན་གཅིག་ནས་པཎྜི་ཏ་རྣམས་སྐུ་འཆག་པའི་ལམ་དུ། འཇའ་ཚོན་སྣ་ལྔ་བྱུང་ནས་ཁོང་གི་ཐུགས་ཀར་ཐིམ་པས་སྒྲ་ཆེན་པོ་ཡང་བྱུང་ཞིང་འཇམ་དཔལ་ཞལ་མཐོང་ནས། འཇམ་དཔལ་ཞི་ཁྲོའི་ཆོས་མ་ལུས་པ་ལ་རང་བཞིན་གྱིས་མཁས་པར་གྱུར་ཏེ། དེ་ལྟར་སྒྲ་དང་འོད་བྱུང་བའི་དོན་པཎྜི་ཏ་གཞན་རྣམས་ཀྱིས་མ་ཤེས་པ་ལ། སློབ་དཔོན་


CMR012_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་རབ་རྡོ་རྗེས་མཁྱེན་ནས། འདི་འཇམ་དཔལ་གྱིས་བྱིན་གྱིས་བརླབས་པ་ཡིན་པས་མིང་ཡང་འཇམ་དཔལ་བཤེས་གཉེན་ཞེས་བྱའོ། །ཞེས་གསུངས་སོ། །དེ་ཡང་འཇམ་དཔལ་གྱི་རྒྱུད་ཕལ་ཆེར་མི་ཡུལ་དུ་སྣང་བ་སློབ་དཔོན་འདིའི་སྐུ་དྲིན་ཡིན་ཏེ། སྔོན་ཁྲོ་གྱི་པཎྜི་ཏ་ཞིག་གིས་ཨོ་རྒྱན་ནས་འཇམ་དཔལ་གྱི་རྒྱུད་རྣམས་སྤྱན་འདྲེན་པར་བརྩམས་པ་ན། ཨོ་རྒྱན་གྱི་རྒྱལ་པོ་ལྐོག་མ་སླང་ནས་ན་བ་དང་། མུན་པས་བར་བཅད་པ་སོགས་ཀྱི་ཆོ་འཕྲུལ་བྱུང་ནས་གདན་མ་དྲོངས་སྐད། སློབ་དཔོན་འཇམ་དཔལ་བཤེས་གཉེན་ཞེས་ཀྱང་བྱ་། རྟ་མཆོག་ཛི་ན་ཞེས་ཀྱང་བྱ། དེ་ཉིད་ཨོ་རྒྱན་དུ་བྱོན་ནས། ཌཱཀི་མ་རྣམས་ལ་སྡིགས་མཛུབ་གཏད་པས་ཁོང་རྣམས་བརྒྱལ་ལོ། །བརྒྱལ་སངས་ནས་མིང་པོ་ཅི་འདོད་པ་ཁྱེར་ཅིག་ཟེར་ནས་གནང་བ་བྱིན་པས། རྩ་རྒྱུད་སྒྱུ་འཕྲུལ་དྲ་བ་ཁྲི་དྲུག་སྟོང་པ་དང་། བཤད་རྒྱུད་ཆོ་ག་འདུས་པ། རྒྱུད་ཕྱི་མ་མཚན་བརྗོད། གཤིན་རྗེའི་གཤེད་ལེའུ་ཁྲི་དྲུག་སྟོང་དང་། གཤིན་རྗེའི་གཤེད་ལེའུ་བཅོ་བརྒྱད་པ་སོགས་སྤྱན་དྲངས། རྩ་རྒྱུད་རྒྱས་པ་དེ་ཁ་ཆེའི་གཙུག་ལག་ཁང་དུ་བཞུགས། ཀླུ་བཱ་སུ་དྷ་ར་ཞེས་སྦྲུལ་མགོ་བཅོ་བརྒྱད་མི་མགོ་རྩ་བའི་


CMR012_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་དང་བཅུ་དགུ་ཡོད་པ་གཅིག་གིས་བསྲུངས་ནས། བཤད་པ་དང་བྲི་བ་དང་ཁྱེར་བའི་དབང་མེད། ལྟ་བ་དང་བློ་ལ་བཟུང་རུང་ཙམ་ཡོད་པར་གྲགས་སོ། །དེ་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་དུར་ཁྲོད་བསིལ་བ་ཚལ་དུ་དགོངས་པ་ལ་བཞུགས་ནས། ལྷ་མ་སྲིན་སྡེ་བརྒྱད་དབང་དུ་བསྡུས་ཤིང་དམ་ལ་བཏགས་པས། མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེས་གནང་བ་བྱིན་ནས། མཆོད་རྟེན་བདེ་བྱེད་བརྩེགས་པ་ནས་གནམ་ལྕགས་དང་རུས་པའི་སྒྲོམ་བུ་གཅིག་གཏེར་ནས་བཏོན་པས། ཟླ་གསང་ནག་པོ་ལ་སོགས་པ་འཇམ་དཔལ་ཞི་ཁྲོའི་རྒྱུད་མཐའ་ཡས་པ་བྱུང་ངོ་། །རྒྱུད་དེ་རྣམས་ལ་བརྟེན་ནས་སྒྲུབ་ཐབས་མང་དུ་མཛད་ནས་སློབ་མ་སྒེག་པའི་རྡོ་རྗེ་ཞེས་ཀྱང་བྱ། སྣ་ཚོགས་གཟུགས་དང་ནོར་བུ་གླིང་པ་དང་། བྱང་ཆུབ་སྐལ་ལྡན་ཞེས་སྐུ་གཅིག་ལ་མཚན་བཞིར་གྲགས་པ་དེ་དང་། པདྨ་འབྱུང་གནས་དང་། རམ་བུ་གུ་ཧྱ་དེ་ཝ་ཙནྡྲ་ཞེས་ཀྱང་བྱ། ཕུང་བྱེད་ཤནྟཾ་གནྡྷ་དང་། ཤྲཱི་སེངྷ་སོགས་ལས་ཅན་རྣམས་ལ་བཤད་དོ། །སློབ་དཔོན་པདྨས་ཀྱང་སྐུ་ལ་རྫོགས་པའི་དུར་ཁྲོད་དང་། བསིལ་བ་ཚལ་དང་། མཆོད་རྟེན་དཀར་ཆུང་སོགས་ནས་ཁྲོ་ཆུ་དུག་གདོང་གི་རྒྱུད་ལ་སོགས་པ་དུ་མ་


CMR012_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ནས་བཏོན། དེ་ནས་དུར་ཁྲོད་བསིལ་བ་ཚལ་དུ་སློབ་དཔོན་པདྨ་ཉིད་འཇམ་དཔལ་དམར་པོའི་སྐུར་སྤྲུལ་ནས་ལྷ་ལས་གྱུར་པའི་བགེགས་ཐམས་ཅད་བསྒྲལ་ཏེ་རིག་པ་དབྱིངས་སུ་བསྟིམས་པས། མཚན་ཚེ་བདག་ཆེན་པོར་གྲགས་སོ། །ཧ་ལ་གདོང་དྲུག་ཏུ་སྤྲུལ་ནས་བཙན་འགོང་ཐམས་ཅད་བསྒྲལ་ཏེ་རིག་པ་དབྱིངས་སུ་བསྟིམས་པས། མཚན་སྐུ་མཆོག་དམར་པོར་གྲགས་སོ། །གཤིན་རྗེ་གདོང་དྲུག་ཏུ་སྤྲུལ་ནས་གཤིན་རྗེ་ཐམས་ཅད་བསྒྲལ་ཏེ་རིག་པ་དབྱིངས་སུ་བསྟིམས་པས། འཇིགས་བྱེད་ཆེན་པོར་མཚན་གྲགས་སོ། །དེ་ནས་སློབ་དཔོན་པདྨས་བལ་པོའི་སློབ་དཔོན་བཱ་སུ་དྷ་ར་དང་། གུ་རུ་ཁྲག་འཐུང་ནག་པོ། སངས་རྒྱས་ཡེ་ཤེས་སོགས་ལ་གནང་ཞིང་། སངས་རྒྱས་ཡེ་ཤེས་ཀྱིས་བསྒྲུབས་པས་གྲུབ་པ་ཐོབ་ནས་གྲུབ་རྟགས་བྲག་ལ་ཕུར་པ་བཏབ་བོ། །དེས་ན་ཁྲོ་ཆུ་དུག་གདོང་འདི་སྤྱིར་འཇམ་དཔལ་ཁྲོས་པའི་རྒྱུད་ཐམས་ཅད་ལ་བརྟེན་ཞིང་། ཁྱད་པར་དུ་གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ནས་བཏུས་ཏེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པ་དང་། གསང་བདག་ཕྱག་ན་རྡོ་རྗེ་ཉིད་ཀྱིས་མཛད་པ་དང་། སློབ་དཔོན་བཱ་སུ་དྷ་རིས་མཛད་ནས་མུ་སྟེགས་པ་ལྔ་བཅུ་


CMR012_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲལ་བ་དང་། གནུབས་སངས་རྒྱས་ཡེ་ཤེས་ཀྱིས་མཛད་ནས་ཕོ་ངོ་བརྒྱད་ཅུ་གྱ་བདུན་བསྒྲལ་བ་སོགས་སློབ་དཔོན་མང་པོས་མཛད་པ་སོགས་ཡོད་དོ། །དེ་ཡང་འཇམ་དཔལ་གསང་རྒྱུད་ལས ཟས་ངན་ལྕི་བ་ཟ་བ་དང་༔ ལས་ངན་སྡིག་པ་བྱེད་པ་དང་༔ གོས་ངན་རེ་བ་གྱོན་པ་དང་༔ མཚམས་མེད་ལྔ་ནི་བྱེད་པའི་ཚེ༔ དེ་ཚེ་ང་ཡི་བསྟན་པ་འབྱུང་༔ ཞེས་གསུངས་པ་ལྟར་སྙིགས་མ་ལྔ་བདོ་བའི་དུས་གདུལ་དཀའ་བའི་ཚེ༔ ཞེ་སྡང་ལམ་དུ་ཁྱེར་ཞིང་བསྟན་པ་རིན་པོ་ཆེ་བསྲུང་བའི་ཆེད་དུ་བཱ་སུ་དྷ་ར་དང་སངས་རྒྱས་ཡེ་ཤེས་ཀྱིས་བལ་ཡུལ་བུམ་ཐང་ཀེ་རུ་དང་། གཡུ་ཆུང་གི་རྫ་ལྷུད་མོ་དང་། བུམ་ཐང་ལྷ་ཁང་གི་སྒོ་སྲུང་བཙན་དམར་གྱི་དྲུང་དང་། བྱང་ཕྱོགས་དབང་ཕྱུག་ཆེན་པོའི་མཆོད་རྟེན་གྱི་འཇིམ་པའི་མཚན་མ་ཟངས་ཀྱི་ཆུས་བྱུགས་པ་སོགས་གཏེར་གནས་རྣམས་སུ་ལྕགས་ཀྱི་པར་བུའི་ནང་དུ་རྒྱུད་གཞུང་རྣམས་བཅུག་སྟེ། རྒྱ་རིམ་པ་བདུན་གྱིས་བཏབ་ནས་གཏེར་དུ་སྦས་ཏེ། བདུད་ཕོ་ལྕམ་དྲལ་སོགས་ལ་གཉེར་དུ་གཏད་ནས། ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་འཕྲད་པར་ཤོག །ཅེས་སྨོན་ལམ་བཏབ་བོ། །སློབ་དཔོན་པདྨའི་ལུང་བསྟན་ལས། གཡུ་ཕུག་རྫ་ལྷུད་སྦས་པའི་གཏེར་


CMR012_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་དུམ་རྒྱ་ཞང་ཁྲོམ་ཞེས་བྱ་འབྱུང་༔ ཞེས་གསུངས་པ་ལྟར་གནུབས་སངས་རྒྱས་ཡེ་ཤེས་ཉིད་པ། རྒྱ་ཞང་ཁྲོམ་གྱིས་གཏེར་ནས་བཏོན་ཏེ། བལ་པོ་དང་གཙང་ལ་སྟོད་ཀྱི་བར་དུ་བན་བོན་ལྔ་བཅུ་རྩ་གཅིག་ལ་རྟགས་བསྟན་ནས་བསྒྲལ་ལོ། །ཧ་ཅང་དྲག་སྔགས་ཚན་ཆེ་ཞིང་མྱུར་བ་བྱུང་བས། རྒྱ་ཞང་ཁྲོམ་དུག་གི་སྒྲོ་བ་ཞེས་གྲགས་སོ། །གཞན་ཡང་བལ་ཡུལ་ཨེ་ཡི་གཙུག་ལག་ནས་གཙུག་ལག་དཔལ་དགེས་བཏོན་པ་དང་། རིན་ཆེན་གླིང་པའི་གཏེར་མ་ཡང་ཡོད་པར་སྣང་ཞིང་། ཡང་རྡོ་རྗེ་འཆང་གིས་མཛད་པའི་སྒྲུབ་ཐབས་དུག་གདོང་ཉིད་ལ་གཏད་དེ། དབང་ཕྱུག་ཆེན་པོ་དང་། མུ་སྟེགས་མ་ཁོལ་དང། མུ་སྟེགས་མེའི་སླག་པ་ཅན་ལ་བརྒྱུད།། དེས་དུག་སྦྲུལ་གྱི་པགས་པ་ལ་སྲིན་པོ་དྷ་ཤ་གི་ཝའི་ཨག་ཚོམ་གྱིས་བྲིས་ནས། ཁྲོ་ཆུའི་ཕུར་པ་མཐོ་གང་གི་ནང་དུ་བཅུག་སྟེ། རཱ་ཧུ་ལ་ལ་གཏེར་སྲུང་བཅོལ་ནས། བལ་ཡུལ་མཆོད་རྟེན་ནག་པོ་ལ་སྦས་པ༔ ཕྱིས་ཆུ་སྦྲུལ་གདུག་པའི་ལོ་ལ། གླིང་སྟོན་ཤཱཀྱ་སེང་གེས་གཏེར་ནས་བཏོན་པ་འདི། འཇམ་དཔལ་ཕ་ཁོལ་ལུགས་དང་ཕྱི་པ་ལྟར་སྒྲུབ་པ་


CMR012_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གཤིན་རྗེ་ཁྲག་སོབ་ཅེས་གྲགས་སོ། །དེ་ལྟར་ཞང་ཁྲོམ་ལུགས་དང་ཕ་ཁོལ་ལུགས་ཞེས་ལུགས་གཉིས་སུ་གྲགས་ཆེ་བ་ལས། འདི་གཙོ་ཆེར་ཞང་ཁྲོམ་ལུགས་ལ་རྩོད་པ་མེད་པས་དེའི་རྗེས་སུ་འབྲངས་པའོ། །དེར་ཡང་རྒྱ་ཞང་ཁྲོམ་གྱི་མདུན་དུ་གནུབས་སྟོན་དར་དབང་གིས། རྟ་འབྲུག་གཤོག་བྱ་བ་འབྲི་སུམ་ཅུ་རྩ་གཉིས་བྱིན་པ་གཅིག གསེར་སྲང་གང་། གཡུ་ཕུག་རོན་ཙམ་ཞིག སྦྱང་ཐུལ་གཅིག དར་ཡུག་ལྔ་སོགས་དགུ་ཚན་གཅིག་ཕུལ་ནས་ཞུས། བྱང་སྟོད་དུ་བསྒྲུབས་པས་ཞག་བདུན་ནས་བན་བོན་སུམ་ཅུ་རྩ་གཉིས་བསྒྲལ། དེ་ལ་ཡ་བ་ཤཱཀྱ་རྡོ་རྗེས། གསེར་སྲང་གང་དང་གཡུ་འོད་འབར་བྱ་བ་གཅིག་ཕུལ་ཏེ་ཞུས། རྫོང་ཨ་བྲག་ན་ཟླ་བ་གཅིག་བསྒྲུབས་པས་སྔགས་པ་སུམ་ཅུ་ཕོ་ངོ་དྲུག་ཅུ་རེ་གཅིག་བསྒྲལ། དེ་ལ་སྔགས་པ་ཨ་གྲགས་ཀྱིས་ཞུས་ནས ཞག་བཅུ་བཞིར་བསྒྲུབས་པས། ཕོ་ངོ་བརྒྱད་ཅུ་བསྒྲལ། དེ་ནས་རིམ་པར་བརྒྱུད་དེ། བཞི་པ་ནི་ཕྱི་རབས་ཀྱི་བནེ་ཉམ་ཆུང་ཁས་ཉེན་བརྩོན་འགྲུས་མེད་ཅིང་སྙིང་རུས་ཆུང་བ་དགྲ་མང་བ། ཕྱི་ནང་བན་བོན་མུ་སྟེགས་སོགས་ཚན་ཆེ་ཞིང་། རྫས་མཐུ་ནག་པོས་ཁེངས་པའི་ང་རྒྱལ་གྱིས་བསྟན་པ་ལ་གནོད་ཅིང་། བྱང་ཆུབ་


CMR012_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་ཏུ་མི་སྟེར་བ་རྣམས་འདུལ་བའི་དོན་དུ་མཛད་ཅིང་་། གསང་སྔགས་ནང་པའི་རྒྱུད་གསུམ་གྱི་ནང་ནས། བསྐྱེད་པ་མ་ཧཱ་ཡོ་གའི་ཕྱོགས་སུ་གཏོགས་སོ། །དེ་ལྟར་ལོ་རྒྱུས་ནི་མང་དོགས་ནས་མ་བྲིས་ལུང་འདྲེན་གྱི་སྤྲོས་པ་བསྐྱུངས་ནས་བཤད་པ་ཡིན་ལ། ཕན་ཡོན་ནི་ཡིད་ཆེས་ཕྱིར་ལུང་འདྲེན་པར་བྱ་སྟེ། འཇམ་དཔལ་ཁྲོས་པའི་རྒྱུད་ཅེས་བྱ་བ་ཁྲོ་ཆུའི་རྒྱུད་ལེའུ་སོ་ལྔ་དང་ལྡན་པ་ལས། ཐུགས་རྗེ་དང་ནུས་པ་དྲག་རྩལ་དང་ལྡན་པ་འདི་ལྟ་བུའོ༔ ཕྱི་ལྟར་ན་འཆི་བདག་དང་ཚེ་བདག་སྲོག་བདག་གསུམ་ཡིན་པས༔ རྫུ་འཕྲུལ་དང་དྲག་རྩལ་ཆེ་བ་དེ་ལྟར་ལགས༔ ནང་ལྟར་ན་འཇམ་དབྱངས་རྟ་མགྲིན་ཕྱག་རྡོར་གསུམ་ཡིན་པས༔ མཐུ་སྟོབས་ནུས་པ་ཆེ་བ་དེ་ལྟར་ལགས༔ གསང་བ་ལྟར་ན་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ཡིན་པས་བྱིན་རླབས་རྟགས་མཚན་ཆེ་བ་དེ་ལྟར་ལགས༔ ཞེས་དང་། གཞན་ལས་མྱུར་བ་འདི་ལྟར་ལགས༔ ཕ་རོལ་དགྲ་ལ་མྱུར་བས་དུག་གདོང་ཟེར༔ རང་ཉིད་བསྲུང་བའི་མཆོག་ཏུ་ཁྲོ་ཆུ་ཟེར༔ ལོག་རྡུགས་འཁྱམས་གསུམ་མེད་པས་གཤིན་རྗེ་ཟེར༔ འདི་ལ་ཕ་རོལ་ནུས་པ་ཆེ་ན་ཤིན་ཏུ་མྱུར༔ སྣང་སྲིད་ལྷ་འདྲེའི་གཅུན་ཕུར་ཡིན༔ རིགས་གསུམ་


CMR012_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོའི་སྤྲུལ་པ་ཡིན༔ ཅེས་དང་། དགྲ་བོ་འཆི་ལུགས་འདི་ལྟར་ལགས༔ ཚངས་པའི་ཚེ་དང་ལྡན་ཡང་འཆི༔ ཞག་གསུམ་གྱིས་ནི་གུམ་པར་འགྱུར༔ ཁྲག་སྐྱུགས་མཚོན་གྲིའི་ཁ་རུ་ནི༔ འཆི་བར་འགྱུར་བ་ཐེ་ཚོམ་མེད༔ ཅེས་བཀའ་སྩལ་ཏེ༔ ཡང་རྩ་བའི་སྒྲུབ་ཐབས་ཀྱི་ལོ་རྒྱུས་ལས༔ ཤིན་ཏུ་འཇིགས་པ་ཁྲོ་ཆུ་དུག་གདོང་ཞེས་བྱ་བ་སྟེ་འགྲན་གྱི་དོ་ཟླ་མེད་དོ༔ ཕྱི་ནང་གསང་གསུམ་ཀུན་གྱི་གཤེད་མ་ཡིན་པས༔ ཆུ་སྲིན་གདུག་པའི་ཁ་གདངས་པ་བཞིན་གཞན་གྱིས་དོ་ཟླ་མེད་པ་འདི༔ ལར་དྲིལ་ལ་བསྒྲུབས་པ་ཙམ་གྱིས་ཀྱང་༔ གང་ལ་དམིགས་པ་སྐད་ཅིག་གི༔ བརླག་པར་འགྱུར་བ་ཐེ་ཚོམ་མེད༔ འདི་ལས་གཉན་པ་མི་སྲིད་དོ༔ ཤིན་ཏུ་འཇིགས་པ་རང་གཤེད་རང་ལ་འབེབས༔ མུ་སྟེགས་བྱད་མ་འབུམ་ཙམ་ཡང་༔ སྐད་ཅིག་ཉིད་ལ་བསྒྲལ་བར་བྱེད༔ ཕ་རོལ་ནུས་པ་ཆེ་བ་དང་༔ སྲུང་དང་ཟློག་པ་མང་བ་དང་༔ རུས་ཆེན་ཚོགས་པ་མང་ན་མྱུར༔ ལོག་རྡུག་འཁྱམས་གསུམ་ནི་མི་སྲིད་དོ༔ དང་པོ་བསྒྲུབས་ནས་ཕྱིས་སྒྲུབ་མི་དགོས༔ བསྙེན་པ་ཁ་གསོ་བས་ཆོག༔ བསྐུལ་དང་གཏོར་མ་བཏང་བ་ཙམ་གྱིས་ཆོག དགྲ་ལ་ཁྲོས་ནས་ཐུ་བ་བརྡབ་པ་དང་༔ གཏོར་མ་


CMR012_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་བ་ཙམ་གྱིས་ཆོག༔ ཅེས་འབྱུང་ཞིང་། ཟླ་གསང་ནག་པོའི་རྒྱུད་ལས་བཏུས་ནས་བལ་པོའི་སློབ་དཔོན་བཱ་སུ་དྷ་རས་མཛད་པའི་གཤིན་རྗེ་ཟླ་གསང་ནག་པོ་སྲོག་གི་པར་བུའི་སྒྲུབ་ཐབས་རྩ་བའི་གཞུང་ལས། མ་གཤིན་ཕུར་གསུམ་སྔགས་གསར་རྙིང་༔ སྐད་ཅིག་མ་ལུས་ཐལ་བར་བརླག༔ ཅེས་དང་། དེའི་ཡིག་ཆུང་ལས། མུ་སྟེགས་སྲོག་གི་སྤུ་གྲི་འདི༔ བྱད་མ་འབུམ་གྱི་སྲོག་གཅོད་ཡིན༔ རྔ་ཐོགས་སྟོང་གི་གཉེན་པོ་ཡིན༔ ཞེས་གསུངས་སོ། །ཡང་རྩ་བའི་སྒྲུབ་ཐབས་དེའི་འགྲེལ་བ་སྒྲུབ་ཐབས་རྒྱས་པ་བཱ་སུ་དྷ་ར་ཉིད་ཀྱིས་མཛད་པ་ལས། མནན་སྲེག་འཕང་གསུམ་གསུངས་ནས། དེ་ལྟར་བྱས་ན་ཅི་ལྟ་བུའི་བྱད་མ་རྔ་ཐོགས་འབུམ་ཡང་སྐད་ཅིག་གིས་འཇོམས་པར་འགྱུར་རོ༔ རྫུ་འཕྲུལ་གྱི་མཐུ་ཡིན་པས་རྣོ་ལ་མྱུར༔ རླུང་སྒྲུབ་ཡིན་པས་འདི་ཕ་རོལ་པོ་མཐུ་དང་ནུས་པ་ཆེ་ན་བཟང་༔ རྡུགས་མེད་འཁྱམས་མེད་ལོག་མེད་བརྡལ་མེད་དེ༔ ཕྱི་ནང་གསང་གསུམ་གང་ལའང་ཁྱད་མེད༔ ཕུར་པ༔ གཤིན་རྗེ༔ ཕྱག་རྡོར༔ དབང་ཕྱུག་ཆེན་པོ་ལ་སོགས་གང་ཡང་སྐད་ཅིག་ཉིད་ལ་བརླག་པར་འགྱུར་རོ༔ ཕྱི་པ་ནང་པ་ཁྱད་མེད༔ དགྲ་ལ་མང་ཉུང་མེད༔ བྱད་


CMR012_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

མ་འབུམ་དང་ལྷ་ཚངས་པ་ཡིན་ཀྱང་སྐད་ཅིག་དེ་ཉིད་ལ་བརླག་པར་འགྱུར་རོ༔ ཞེས་གསུངས་སོ། །ལོ་རྒྱུས་ཤོག་དྲིལ་ལས། རྡུགས་མེད་ལོག་མེད་འཁྱམས་མེད༔ ཁྱད་པར་མུ་སྟེགས་དང་བྱད་མ་ལ་མྱུར༔ ཞེས་གསུངས་སོ། །སྔགས་ཀྱི་སྲུང་བའི་ཤོག་དྲིལ་ལས། ཚུལ་འདི་ལ་ནི་མུ་སྟེགས་ནག་པོའི་རྫས་མཐུ་ནག་པོ་ཡང་རྡུགས་ཤིང་གྲོགས་སུ་འགྱུར༔ བན་བོན་མུ་སྟེགས་སུས་ཀྱང་འཇིག་རྟེན་ལས་འདས་པའི་ལྷ་སྔགས་གང་གི་སྒོ་ནས་ཀྱང་ལུས་ངག་ཡིད་གསུམ་བྱད་དུ་བཅུག་པའི་སྦྱོར་བ་ཅིས་ཀྱང་མི་ཚུགས་ཤིང་༔ བལྟ་བར་ཡང་མི་བཟོད་དོ༔ དེ་ཡང་རྫས་མཐུ་ནག་པོ་ཅན་ལ་ནི་ཧེ་རུ་ཀས་ཆད་ཀྱང་ཡེ་ཤེས་པའི་ཆོས་སྐྱོང་ཡང་འགྲོ་ས་མི་རྙེད་ན་འཇིག་རྟེན་པ་ནི་ལྟ་ཅི་སྨོས༔ འདིས་ནི་དེ་ལྟ་བུའི་རྫས་མཐུ་ནག་པོ་ཅན་ཡང་འཇོམས་ཤིང་༔ དུག་བདུད་རྩིར་བསྒྱུར་བ་ལྟ་བུ་ཡིན་པར་གསུངས་སོ༔ ཞེས་དང་། ཐུན་གྱི་ཞལ་གདམས་ཀྱི་ཡིག་ཆུང་ལས༔ དགྲ་ལ་ཁྲོས་ཤིང་གཡབ་མོ་བརྡབ་པ་དང་༔ དམོད་པ་བོར་བ་ཙམ་གྱིས་ཁྲག་ཏུ་སྐྱག་པར་འགྱུར་རོ༔ ཞེས་དང་། བྱད་མ་གདོང་ལེན་གྱི་མན་ངག་ལས་དེ་ལྟར་བྱས་པས་བྱད་མ་འབུམ་གྱིས་བྲུབ་ཀྱང་ཚུར་ལ་གནོད་མི་ནུས༔ ཞེས་


CMR012_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །མདུན་བསྐྱེད་སྒྲུབ་ཐབས་བལ་པོ་བཱ་སུ་དྷ་ར་དང་གནུབས་སངས་རྒྱས་ཡེ་ཤེས་ཀྱི་ཞལ་གདམས་རྒྱ་ཞང་ཁྲོམ་གྱི་གཏེར་མའི་ཡིག་ཆུང་ལས། བྱད་མ་འབུམ་དང་འགྲས་ཀྱང་འདིས་ཐུབ བན་བོན་བརྒྱ་དང་འགྲས་ཀྱང་འདིས་ཐུབ་གཏད་མཁས་སྟོང་དང་འགྲས་ཀྱང་འདིས་ཐུབ སྔགས་པ་འབུམ་དང་ནང་འགྲས་བྱུང་ཡང་འདིས་ཐུབ༔ མ་གཤིན་ཕུར་གསུམ་དང་འགྲས་ཀྱང་འདིས་ཐུབ༔ འདིས་མི་ཐུབ་པ་གང་ཡང་མེད་དོ༔ དགྲ་ཕ་རོལ་གྱི་བྱད་མ་ཐམས་ཅད་མེ་ལྕེའི་ཁ་ལ་སྦྲང་བུ་བཞིན་དུ་འགྲོ༔ དགྲ་བོ་ནུས་པ་ཆེ་ན་ཤིན་ཏུ་མྱུར་རོ༔ མུ་སྟེགས་བོན་པོ་བྱད་མ་གསུམ་ལ་ཁྱད་པར་དུ་མྱུར་རོ༔ ཞེས་གསུངས་སོ། །ཡང་བསྙེན་པ་ཅི་ནུས་རྒྱུན་དུ་བཟླས་ན༔ ཚེ་འདི་ལ་བར་ཆད་སེལ་ཞིང་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ༔ འགྲོ་བ་འདུལ་བའི་ཆེ་བཙན་དྲག་པོ་འབྱུང་༔ ཞེས་འཕགས་པ་འཇམ་དཔལ་ཉིད་ཞལ་གཟིགས་དུས་རྒྱ་ཞང་ཁྲོམ་ལ་གསུངས་སོ༔ གཞན་ཡང་འཇམ་དཔལ་ཕ་ཁོལ་ལུགས་རྡོ་རྗེ་འཆང་ཉིད་ཀྱིས་མཛད་པའི་སྒྲུབ་ཐབས་ལས༔ ལྷ་འདྲེ་སྟོང་དང་བྱད་མར་བཅས༔ བརླགས་ནས་བཟློག་ཅིང་བསད་པར་འགྱུར༔ ཐམས་ཅད་མ་


CMR012_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་འཇོམས་པའོ༔ འདི་ལ་དགྲ་བོ་མང་ན་མྱུར་ནུས་པ་བྱིན་རླབས་ཆེ་ན་མྱུར་བན་བོན་ཤན་པ་མུ་སྟེགས་དང་༔ ཕྱི་ནང་ཐམས་ཅད་དུས་གཅིག་འཇོམས༔ ཞེས་གསུངས་སོ༔ དེའི་འགྲེལ་པ་སྒྲུབ་ཐབས་རྒྱས་པ་རྡོ་རྗེ་འཆང་ཉིད་ཀྱིས་མཛད་པ་ལས༔ སྲུང་ཟློག་གི་མཆོག་སྟེ་ཕྱི་ནང་རྔ་ཐོགས་འབུམ་གྱིས་ཀྱང་ཚུར་ལ་མི་མཐོང་ནས་སྐད་ཅིག་ལ་ཕར་ལོག་ནས་ཁོ་རང་བརླག་པར་ཐེ་ཚོམ་མེད་དོ༔ ལར་འདི་ལས་ཀྱི་གཤིན་རྗེ་སྤྱི་འཇོམས་ནག་པོ་བྱ་བ་ཡིན་པས༔ དགྲ་བོ་ཕ་ཚན་ཆེ་བ་རུས་པ་མང་བ་བྱིན་རླབས་དང་ནུས་པ་ཆེ་ཞིང་༔ སྲུང་ཟློག་མནན་པ་ཅི་ལྟར་མང་བ་ལ་མྱུར༔ ཕྱི་པ་མུ་སྟེགས༔ ནང་པའི་སྔགས་པ༔ ཤན་པ་སྐྱེ་བོ༔ བན་བོན་སྔགས་སྟོན་བུད་མེད་རྒྱ་འཇང་༔ མེ་ཉག་ཧོར་སོག་པོ་གང་ལ་ཡང་ཁྱད་མེད༔ དང་པོ་ཞག་ཉི་ཤུ་རྩ་གཅིག་བསྒྲུབ༔ ཕྱིས་སྒྲུབ་མི་དགོས༔ དགྲ་བགེགས་གང་ལའང་བསྐུལ་བ་གྱེར་བ་དང་༔ གཡབ་མོ་བརྡབ་པ་ཙམ་གྱིས་ཆོག་གོ༔ དེ་ལག་ཏུ་ལོང་དང་གསལ་ལོ༔ ཞེས་གསུངས་སོ༔ བླ་མ་བརྒྱུད་རིམ་ནི་ལོ་རྒྱུས་དང་རྣམ་གྲངས་མང་བས་ལོགས་སུ་བཀོད་དོ༔ ཞེས་པ་འདི་འཇམ་དཔལ་གཤིན་རྗེ་ཉིད་ལ་མོས་པ་ལམ་དུ་བྱེད་པའི་རྣལ་འབྱོར་པ་ཀརྨ་


CMR012_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་རཱ་གས་སྣོན་ཟླ་བའི་ཡར་ཚེས་བདུན་གྱི་ཉིན་མོ་ཁོ་ནར་རྫོགས་པར་སྦྱར་བའོ། །འདི་ལ་འགལ་འཁྲུལ་གང་མཆིས་འཇམ་དཔལ་ཉིད་ལ་བཤགས། །དགེ་བས་བདག་དང་བདག་གི་རྗེས་འཇུག་དང་། །འདི་ཉིད་མཐོང་ཞིང་ཐོས་པའི་འགྲོ་བ་རྣམས། །སྐྱེ་ཀུན་འཇམ་དབྱངས་ཉིད་ཀྱིས་རྗེས་བཟུང་ནས། །བར་ཆད་བདུད་བཞིའི་དཔུང་གིས་མི་ཚུགས་ཤོག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབཅོམ་ལྡན་འཇམ་དཔལ་ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ལོ་རྒྱུས་ཟིན་བྲིས་མདོར་བསྡུས་རབ་ཏུ་གསལ་བ།next