དགོངས་གསོལ།
བསྐང་གསོལ་གྱི་མཇུག་ཏུ་འདི་བརྗོད་དོ།། ཧོ༔ དགོངས་སུ་གསོལ་ལོ། །གསན་དུ་གསོལ་ལོ། །བཀའ་བརྒྱུད་ཀྱི་བླ་མ། ཡི་དམ་གྱི་ལྷ་ཚོགས། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་སྙན་གྱིས་གསོན། ཐུགས་ཀྱིས་དགོངས། སྤྱན་གྱིས་གཟིགས། སྤྱིར་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པ་དང་། སྒོས་སྒྲུབ་བརྒྱུད་ཀྱི་སྐྱེས་བུ་རྣམས་སྐུ་ཚེ་རིང་ཞིང་འགྲོ་དོན་འཕེལ་བ་དང་། ཁྱད་པར་དུ་ལོག་པར་ལྟ་བའི་དགྲ་བགེགས་ལོག་འདྲེན་རྣམས་ཚར་གཅོད་པའི་ཕྱིར་དུ། བཀའ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཐུགས་དམ་གཉན་པོའི་རྒྱུད་བསྐལ་པ་ནས་བསྐལ་པའི་བར་དུ་ཡང་ནས་ཡང་དུ་བསྐང་བར་གྱུར་ཅིག །ཐུགས་དམ་གཉན་པོ་བསྐངས་ནས་དམ་ཚིག་ཉམས་ཆག་སྡིག་སྒྲིབ་ཐམས་ཅད་བྱང་བར་གྱུར་ཅིག །ལྷ་མཉེས་པར་གྱུར་ཅིག །བཞེད་པ་འགྲུབ་པར་གྱུར་ཅིག །རེ་བ་སྐོང་བར་གྱུར་ཅིག །ཁྱད་པར་དུ་ཡང་སྔ་བཅོལ་ལས་ཀྱི་གཏང་རག །ཕྱི་བྱེད་ལས་ཀྱི་ཞུ་སྐྱེམས། ད་བཅོལ་གྱི་གཉེར་གཏད་དུ་འབུལ་ལོ། །རྣལ་འབྱོར་པ་
བདག་གི་བཀའ་དང་དམ་ལས་མ་འདའ་བར། བྱིན་པའི་ཟས་ཟོ། དགོས་པའི་ངག་ལ་ཉོན། བཅོལ་བའི་ལས་སྒྲུབས་ཤིག །རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ཀྱི་སྔོན་གྱི་ལས་ལས་གྱུར་པ་འཕྲལ་གྱི་རྐྱེན་ལས་གྱུར་པའི་འབྱུང་པོ་མི་དང་མི་མ་ཡིན་པ་རྣམས་ཀྱི་ཁ་རླངས་གདུག་རྩུབ་བསམ་སྦྱོར་ངན་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། མཆོག་ཐུན་མོང་གཉིས་ཀྱི་བཀའ་དྲིན་མ་ལུས་པ་བསྩལ་དུ་གསོལ། །ཞེས་རཱ་ག་ཨ་སྱས་སྦྱར་བའོ།། །།