ས་བདག་ཤེལ་ཚིགས་འབུལ་ཐབས།
ས་བདག་ཤེལ་ཚིགས་འབུལ་ཐབས་བཞུགས་སོ།། ཀྱཻ། ཏི་ཡིག་ཡོངས་སུ་གྱུར་པ་ལས། །ཤེལ་ཚིགས་ཁྲི་དཀར་སྟོང་ནག་འདི། །དཀར་པོ་བརྒྱ་དང་ནག་པོ་སྟོང་། །ཁྲ་བོ་འབུམ་དང་སྨུག་པོ་འབུམ། །དཀའ་བས་མི་ལས་གསེར་བས་ཉོས། །སྲ་བ་རྡོ་རྗེའི་བྲག་ནས་བརྐོས། །འདི་ནི་བཙན་རྟ་དགུ་བས་ཆེ། །གཉན་གྱི་བུ་ནི་བསད་པའི་སྟོང་། །མ་བརྐུས་པས་ནི་འཇལ་ཡིན་པས། །མ་བསད་པས་ནི་སྟོང་ཡིན་པས། །ཤེལ་ཚིགས་ཁྲི་དཀར་སྟོང་ནག་འདི། །སྣང་སྲིད་ལྷ་འདྲེ་རྣམས་ལ་འབུལ། །འབུལ་བ་ང་ཡིས་མ་ནོར་ལ། །བཞེས་པ་ཁྱོད་ཀྱིས་མ་འཁྲུལ་ཞིག ཀྱཻ། སྔོན་གྱི་བསྐལ་པའི་དང་པོ་ལ། །ནས་ནི་སྔོན་མོ་འབྲུ་བདུན་ལ། །མཁའ་ལྡིང་རྒྱལ་པོའི་ཁུངས་ནས་འཁྲུངས། །རྒྱལ་པོའི་སྲས་ཀྱིས་ཞིང་ལ་བཏབ། །བདུད་རྩི་སྤྱི་ཁྱབ་ཆུ་བོས་བྲན། །དྲོད་ཀྱི་གསོ་སྐྱེད་སྨིན་པར་མཛད། །གཡོ་བྱེད་རླུང་གིས་བསུ་བ་བྱས། །དཔྱིད་རྨོས་དབྱར་སྐྱེས་སྟོན་ལ་བརྔས། །དཀར་པོ་འབྲུ་རུ་བྱིན་གྱིས་བརླབས། །འགྲོ་བ་སེམས་ཅན་ཀུན་ལ་ཕན། །འཛམ་གླིང་ཀུན་ལ་ཁྱབ་པར་བྱས། །ཡར་སྐྱེས་ལྷ་ཡང་འདི་ཡིས་
བསམམཆོད་། །མར་སྐྱེས་འདྲེ་ཡང་འདི་ཡིས་བརྔན། །བྱམས་པའི་གཉེན་ཡང་འདི་ཡིས་བསྐྱངས། །ཡབ་ཡུམ་གཉིས་ལ་དཔལ་བས་ཕྱིར། །ཡབ་ཀྱི་ངོ་བོར་སླ་ངར་བླུག །ཡུམ་གྱི་ངོ་བོར་སྣ་མེར་གསོས། །རྟེན་འབྲེལ་བཅུ་གཉིས་ཡོག་མགོས་བརྔོས། །ཁྲི་དཀར་སྟོང་ནག་སྨུག་མོ་ཁྲི། །དཀར་བརྒྱ་ནག་སྟོང་སྨུག་མོ་ཁྲི། །བྷི་བྱུང་རིན་ཆེན་སྣོད་དུ་བླུག །འཕགས་པ་འཇམ་དཔལ་སྨོན་ལམ་བཏབ། །སྤྱན་རས་གཟིགས་ཀྱི་ཐུགས་རྗེས་བཟུང་། །བདེ་བར་གཤེགས་པས་བྱིན་གྱིས་རློབས། །ཕྱག་ན་རྡོ་རྗེས་དབང་ཡང་བསྐུར། །དཀོར་ནོར་རྣམ་པ་སྣ་ཚོགས་དང་། །གཅན་གཟན་རི་དྭགས་དུད་འགྲོ་དང་། །སྲོག་ཆགས་བྱ་རིགས་ལ་སོགས་པའི། །སེམས་ཅན་ཀུན་ལ་བྱིན་གྱིས་བརླབས། །རྭ་བཟང་གནམ་དུ་ཁྲ་ལ་ལ། །བྱ་རིགས་སྤུ་བཟང་ལྷབས་སེ་ལྷབ། །རི་དྭགས་རྒྱུག་དང་སྤྲེངས་སེ་སྤྲེང་། །གཅན་གཟན་རྒྱུག་དང་ཧྲི་ལི་ལི། །དུད་འགྲོ་རྒྱུག་དང་སྒ་ར་ར། །དཀར་མོ་བརྒྱ་ནི་ལུག་བརྒྱ་འབུལ། །ལུག་བརྒྱའི་འབའ་སྐད་དི་རི་རི། །ནག་པོ་སྟོང་ནི་གཡག་སྟོང་ཡིན། །གཡག་སྟོང་ངུར་དང་ཁྲོབས་སེ་ཁྲོབ། །བྲེ་མོ་འབུམ་ནི་གཡུང་ནོར་ཡིན། །
གཡུང་ནོར་རྭ་རྩེ་ཁྲ་ལ་ལ། །སྨུག་པོ་ཁྲི་ནི་རྟ་རྐྱང་ཁྲི། །རྟ་རྐྱང་རྒྱུག་དང་སྤྲེངས་སེ་སྤྲེང་། །དེ་འདྲའི་ཡོན་ཏན་ལྡན་པ་འདི། །འཇིག་རྟེན་ལྷ་འདྲེ་རྣམས་ལ་འབུལ་། །ས་བདག་ཀླུ་གཉན་རྣམས་ལ་འབུལ། །སྡེ་བརྒྱད་འཁོར་དང་བཅས་ལ་འབུལ། །བཙན་ཁྲོམ་འཁོར་དང་བཅས་ལ་འབུལ། །བདུད་ཁམས་འཁོར་དང་བཅས་འབུལ། །དམུ་ཁམས་འཁོར་དང་བཅས་ལ་འབུལ། །གཟའ་ཁམས་འཁོར་དང་བཅས་ལ་འབུལ། །སྒྱེ་ཁམས་འཁོར་དང་བཅས་ལ་འབུལ། །ལོ་རྒན་འཁོར་དང་བཅས་ལ་འབུལ། །གཟའ་སྐར་འཁོར་དང་བཅས་ལ་འབུལ། །མཆོད་པའི་གནས་འདིར་ཆགས་པ་ཡིས། །སྣང་སྲིད་ལྷ་འདྲེ་གཞི་བདག་དང་། །མ་ལུས་འཁོར་དང་བཅས་པ་རྣམས། །འབུལ་བ་ང་ཡིས་མ་ནོར་ལ། །བཞེས་པ་ཁྱོད་ཀྱིས་མ་འཁྲུལ་ཞིག །གཉིས་སུ་མེད་པར་འབུལ་ལགས་ན། །བླང་དོར་མེད་པར་བཞེས་སུ་གསོལ། །ཐམས་ཅད་དགའ་མགུ་ཡི་རངས་ནས། །རྐྱེན་ངན་བར་ཆད་བཟློག་ཏུ་གསོལ། །སྐུ་གསུང་ཐུགས་རྣམས་མཉེས་གྱུར་ཅིག །དངོས་གྲུབ་ཐམས་ཅད་བདག་ལ་སྩོལ། །ས་བདག་གི་རྒྱལ་པོ་ཤྲཱི་
བྷ་དྲས་སློབ་དཔོན་པདྨ་འབྱུང་གནས་ལ་ཞུས། པདྨ་འབྱུང་གནས་རྫུ་འཕྲུལ་གྱིས་རྒྱ་ནག་ལ་བྱོན། འཕགས་པ་འཇམ་དབྱངས་ལ་ཞུས། བཞེངས་ནས་ས་བདག་ཀླུ་གཉན་རྣམས་ལ་ཡོན་ཕུལ་བས་མཉེས་ནས་སློབ་དཔོན་དང་རྒྱལ་པོའི་མངའ་འོག་ཐམས་ཅད་བཀྲ་ཤིས་པར་གྱུར།།