Nitartha Digital Library
Tibetan
 
previousཚེ་མགོན་བླ་མ་ཐར་ལི་ལ་གནང་བ།next

ཚེ་མགོན་བླ་མ་ཐར་ལི་ལ་གནང་བ།

བླ་མ་ལ་ཕྱག་འཚལ་ལོ། །མཆོག་གསུམ་ངོ་བོ་དཔལ་ལྡན་བླ་མ་ལ། །སྒོ་གསུམ་གུས་པའི་ཚུལ་གྱིས་ཕྱག་བགྱིས་ནས། །དུས་གསུམ་གཟིགས་པའི་བླ་མའི་བཀའ་བཞིན་དུ། །བསླབ་གསུམ་འཛིན་པ་ཁྱོད་ལ་འདི་སྐད་ཞུ། །དལ་འབྱོར་མི་ལུས་ལན་གཅིག་ཐོབ་དུས་འདིར། །རྣམ་གཡེང་ལེ་ལོའི་དབང་དུ་མི་གཏང་བར། །རྩེ་གཅིག་དམ་ཆོས་སྒྲུབ་ལ་གཞོལ་བ་ནི། །ཆོས་མཛད་སྐྱེས་བུ་སྔ་མའི་རྣམ་ཐར་ལགས། །རྒྱལ་ཀུན་སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགས། །གྲོགས་མཆོག་ཁྱོད་ཀྱིས་ཡི་དམ་མཛད་ནས་ནི། །དཀའ་སྤྱད་དྲག་པོས་བྱང་ཆུབ་སྒྲུབ་པ་ལ། །བདག་ནི་སྙིང་ནས་རྗེས་སུ་ཡི་རང་ངོ་། །ཕ་མར་གྱུར་པའི་འགྲོ་བ་འདི་རྣམས་ཀྱི། །སྡུག་བསྔལ་ཐམས་ཅད་མྱུར་དུ་ཞི་བའི་ཕྱིར། །བདག་གིས་སྒོ་གསུམ་ཆོས་ལ་སྦྱོར་སྙམ་པའི། །ལྷག་བསམ་བཟང་པོ་རྒྱུན་དུ་བསྐྱེད་པར་མཛོད། །བདག་གིས་ད་ལྟར་ལུས་ངག་ཡིད་གསུམ་གྱི། །དཀའ་སྤྱད་སྤྲོ་བས་དང་དུ་བླངས་པ་འདིས། །གཞན་གྱི་སྡུག་བསྔལ་མཐའ་དག་ཞི་ནས་ནི། །དམ་ཆོས་སྒྲུབ་པའི་སྐལ་བ་ཡོད་པར་སྨོན། །གཞན་གྱི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི། །སྨོན་སེམས་འདི་དང་ནམ་ཡང་མི་འབྲལ་ཞིང་། །དགེ་བ་ཆེ་ཆུང་ཇི་བསགས་ཐམས་ཅད་ཀུན། །གཞན་གྱི་དོན་དུ་བསྔོ་བ་གནད་འགག་ཡིན། །ལུས་སེམས་གཉིས་ལ་སྡུག་བསྔལ་གང་བྱུང་ཡང་། །ཚུལ་འདིས་རིགས་དྲུག་འགྲོ་བ་ཐམས་ཅད་ཀྱི། །སྡུག་བསྔལ་འབྱུང་འགྱུར་ཀུན་གྱི་གོ་བཅད་ནས། །ཀུན་ཀྱང་བདེ་བར་གྱུར་ཞེས་སྨོན་ལམ་བྱ། །མི་དགེའི་རྣམ་རྟོག་མང་པོ་སྐྱེ་བའི་དུས། །དྲན་ཤེས་ལྡན་པས་ལྷོད་པར་སྐྱོང་ཤེས་ན། །འཁྲུལ་རྟོག་ངན་པའི་རྒྱུ་འགྲུལ་ཆད་ནས་ནི། །དམ་ཆོས་སྒྲུབ་ལ་སྤྲོ་བ་ངང་གིས་སྐྱེ། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ལ། །ཁ་ཞེ་མེད་པའི་དད་པའི་གདུང་ཤུགས་ཀྱིས། །ཉིན་མཚན་ཀུན་ཏུ་གསོལ་བ་འདེབས་ནུས་ན། །བསམ་དོན་ཐམས་ཅད་ཡིད་བཞིན་འགྲུབ་པར་འགྱུར། །མདོར་ན་དུས་དང་གནས་སྐབས་ཐམས་ཅད་དུ། །བླ་མ་དྲན་པའི་མོས་གུས་འདི་ཡོད་ན། །བླ་མའི་བྱིན་རླབས་སེམས་ལ་ཞུགས་ནས་ནི། །གནས་ལུགས་རང་ངོ་ཤེས་པའང་འབྱུང་བར་འགྱུར། །ཁྱད་པ་རང་ཉིད་འཆི་བའི་དུས་ཀྱི་ཚེ། །བླ་མ་དྲན་པའི་མོས་གུས་མ་ཤོར་ན། །ཕྱི་མ་དག་པའི་ཞིང་དུ་སྐྱེ་བ་ཡི། །རྒྱུ་ཡི་གཙོ་བོ་ཡིན་པར་གསུང་པའང་ཡོད། །ཀུན་ཏུ་བཟང་པོའི་རྣམ་ཐར་ཇི་བཞིན་དུ། །མཐའ་ཡས་འགྲོ་བའི་དོན་ཆེན་བྱེད་སྙམ་ནས། །བཟང་པོ་སྤྱོད་པའི་མདོ་འདི་ཞལ་འདོན་དུ། །ཡང་ཡང་མཛད་ན་ཚོགས་གཉིས་ཟུང་འཇུག་ཡིན་། །དུས་དང་དུས་སུ་རང་གི་སེམས་རྒྱུད་ལ། །ཡང་ཡང་བརྟགས་ནས་མི་དགེ་ཀུན་སྤངས་ཏེ། །བྱང་ཆུབ་སེམས་ལ་འདྲིས་གོམས་བྱེད་པ་ནི། །གནད་དོན་སྙིང་པོར་དྲིལ་བའི་མན་ངག་ཡིན། །དེ་ལྟར་བྱས་ནས་གྲོགས་མཆོག་ཁྱོད་ཉིད་ཀྱང་། །འཆི་ཚེ་རང་ལ་འགྱོད་པ་མི་འབྱུང་བར། །དག་པའི་ཞིང་དུ་རྒྱལ་བ་སྲས་བཅས་དང་། །མཇལ་ནས་ཆོས་ལ་སྤྱོད་པའི་སྨོན་འདུན་ཞུ། །ཞེས་པའང་སྤྲུལ་མིང་ཨ་འཇམ་པས་བྲིས་པ་དགེའོ།། །།


previousཚེ་མགོན་བླ་མ་ཐར་ལི་ལ་གནང་བ།next