Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
  collapse section
   
   
   
ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་བཤད་པ།
   
   
   
   
   
   
   
   
   
   
   
  expand section
  expand section
  expand section
  expand section
  expand section


 
previousཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་བཤད་པ།next

ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་བཤད་པ།


GLG013_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་བཤད་པ། གཉིས་པ་ལམ་ཤེས་ཀྱི་རང་བཞིན་ལ། ཉན་ཐོས་དང་། རང་རྒྱལ་དང་། བྱང་སེམས་ཀྱི་ལམ་གྱི་རང་བཞིན་ཤེས་པ་གསུམ་ལས། དང་པོ་ལ། ལམ་ཤེས་ཀྱི་ངོ་བོ་དང་། རྒྱུ་ངེས་འབྱེད་ཆ་མཐུན་གཉིས། དང་པོ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། དེ་ལྟར་ལམ་ཤེས་ཀྱི་རྟེན་ལ་སོགས་པ་བརྗོད་ནས་ལམ་ཤེས་པ་ཉིད་ཀྱི་སྐབས་སུ་ཉན་ཐོས་ཀྱི་ལམ་ཤེས་པའི་ཚུལ་བརྗོད་པར་རིགས་ཏེ། རྣམ་མཁྱེན་ཐོབ་པར་བྱེད་པ་ལ་ཐེག་པ་གསུམ་གྱི་ལམ་ཐམས་ཅད་རྫོགས་པར་བསྒོམ་པར་བྱ་དགོས་པས་དེ་ལྟར་བཤད་པའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ལམ་ཤེས་པ་ཉིད་རྫོགས་པར་སྒོམ་པ་ཉིད་ཀྱི་ཚུལ་ལ་ནི་ཉན་ཐོས་ཀྱི་ལམ་འདི་ཆོས་ཅན། ཁྱོད་ཇི་ལྟར་བསྒོམ་པ་ཡང་ཤེས་པར་བྱ་སྟེ། ཁྱོད་འཕགས་པའི་བདེན་པ་བཞི་པོ་དག་གི་རྣམ་པ་མི་རྟག་སོགས་བཅུ་དྲུག་སེམས་བསྐྱེད་དང་བསྔོ་བ་དང་བདེན་པར་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་ནི་སྒོམ་པར་བྱེད་དགོས་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག །ཁྱད་ཆོས་གསུམ་གྱིས་ཟིན་པའི་སྒོ་ནས་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་གང་ཞིག །གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་རྗེས་སུ་གཟུང་བའི་ཕྱིར་དུ་ཤེས་པར་བྱ་བའི་མངོན་རྟོགས་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད་ཟེར་ན། བྱང་འཕགས་ཀྱི་རྒྱུད་ཀྱི་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་མཁྱེན་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པར་ཐལ། འདོད་


GLG013_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། འདོད་ན། ཉན་ཐོས་མཐོང་ལམ་པའི་རྒྱུད་ཀྱི་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་མཁྱེན་པ་དེས་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཉན་ཐོས་མཐོང་ལམ་བར་ཆད་མེད་ལམ་དེས། དེ་མངོན་སུམ་དུ་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། མི་རྟག་སོགས་བཅུ་དྲུག་ཁྱོད་ཀྱི་དངོས་ཡུལ་ཡིན་པར་ཐལ། ཁྱོད་ཀྱིས་དེ་མངོན་སུམ་དུ་རྟོགས་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་བར་ཆད་མེད་ལམ་ཡིན་པའི་ཕྱིར། གཞན་ཡང་། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཉན་ཐོས་དགྲ་བཅོམ་གྱི་རྟོགས་པ་སྔོན་དུ་སོང་བའི་བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཐེག་ཆེན་འཕགས་པའི་མཁྱེན་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། རོང་ཊཱིཀ་པ་ན་རེ། ཉན་ཐོས་ཀྱི་ལམ་བདེན་སྟོང་དུ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད་ཟེར་ན། མི་འཐད་པར་ཐལ། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཡིན་ན་ཉན་ཐོས་ཀྱི་རྟོགས་རིགས་སུ་གནས་པས་ཁྱབ་པའི་ཕྱིར། དེར་ཐལ། གཟུགས་ནི་མི་རྟག་པ་ཉིད་དུ་ཡིད་ལ་བྱའོ་ཞེས་སོགས་ཀྱི་མདོ་དེ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་འཛིན་སྟངས་འཆད་བྱེད་ཀྱི་མདོ་ཡིན་པའི་ཕྱིར། མ་ཁྱབ་ན། མི་རྟག་སོགས་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་མཐོང་ལམ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཡིན་པ་ཐལ། མ་ཁྱབ་པ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཉན་ཐོས་ཀྱི་ལམ་བདེན་སྟོང་དུ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སློབ་ལམ་ན་མཉམ་རྗེས་ངོ་བོ་གཅིག་ཏུ་ཡོད་པར་ཐལ་ལོ། །གཞན་ཡང་


GLG013_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་དེ་མི་འཐད་པར་ཐལ། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཡིན་ན། རྣལ་འབྱོར་མངོན་སུམ་ཡིན་པས་མ་ཁྱབ་པའི་ཕྱིར། དེར་ཐལ། གང་ཟག་གི་བདག་མེད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ཐེག་ཆེན་གྱི་སྒོམ་ལམ་ཡོད་པའི་ཕྱིར། དེར་ཐལ། གཟུང་འཛིན་རྫས་གཞན་གྱིས་སྟོང་པ་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ཐེག་ཆེན་གྱི་སྒོམ་ལམ་ཡོད་པའི་ཕྱིར། དེར་ཐལ། འགྲེལ་པར། དེ་དག་གི་ཤེས་བྱའི་སྒྲིབ་པའི་གཉེན་པོ་ཉིད་དུ་སྒོམ་པའི་ལམ་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་གཉིས་ཡིན་པས་ལམ་རྣམ་པ་གསུམ་མོ་ཞེས་གསུངས་པའི་ཕྱིར། ཁ་ཅིག །ཉན་ཐོས་ཀྱི་ལམ་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད་ཟེར་ན། དེ་མི་འཐད་པར་ཐལ། དེ་འདྲའི་ཐེག་ཆེན་འཕགས་པའི་མཁྱེན་པ་མེད་པའི་ཕྱིར། དེར་ཐལ། ཉན་ཐོས་ཀྱི་ལམ་རང་བཞིན་གྱིས་གྲུབ་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རང་བཞིན་གྱིས་གྲུབ་པར་ཐལ། གཞི་གྲུབ་པའི་ཕྱིར། ཁ་ཅིག །སེམས་བསྐྱེད་བསྔོ་བ་སྟོང་ཉིད་རྟོགས་པའི་ཤེས་རབ་གསུམ་གྱིས་ཟིན་པའི་སྒོ་ནས་གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་རྗེས་སུ་གཟུང་བའི་ཕྱིར་དུ་ཤེས་པར་བྱ་བའི་མངོན་རྟོགས་ཀྱི་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་དེ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད་ཟེར་ན། གང་ཟག་གི་བདག་འཛིན་སྤངས་པའི་སྤངས་པ་དོན་གཉེར་གྱི་ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་དེ་མཚན་ཉིད་དེ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཉན་ཐོས་ཀྱི་ཤེས་རབ་ཀྱི་རྟོགས་རིགས་སུ་གནས་པར་ཐལ། འདོད་པའི་ཕྱིར། འདོད་


GLG013_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ན། མ་ཡིན་པར་ཐལ། ཉན་ཐོས་ཀྱི་ཐབས་ཀྱི་རྟོགས་རིགས་སུ་གནས་པའི་ཕྱིར། དེར་ཐལ། གང་ཟག་གི་བདག་འཛིན་སྤངས་པའི་སྤངས་པ་དོན་གཉེར་གྱི་ཉན་ཐོས་ཀྱི་མཐོང་ལམ་དེ་ཉན་ཐོས་ཀྱི་ཐབས་ཡིན་པའི་ཕྱིར། དེར་ཐལ། ཉན་ཐོས་ཀྱི་སེམས་བསྐྱེད་དེ་ཉན་ཐོས་ཀྱི་ཐབས་ཡིན་པའི་ཕྱིར་ཁ་ཅིག །ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་དང་། རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་གཉིས་མི་འགལ་བར་ཐལ། བྱང་འཕགས་ཀྱི་རྒྱུད་ཀྱི་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་མཁྱེན་པ་དེ་གཉིས་ཀ་ཡིན་པའི་ཕྱིར། དེར་ཐལ། དེ་རང་རྒྱལ་གྱི་རྟོགས་རིགས་སུ་གནས་པའི་ཕྱིར། དེར་ཐལ། གང་ཟག་གི་བདག་མེད་དེ་རང་རྒྱལ་སློབ་པ་འཕགས་པའི་བསྒོམ་བྱའི་གཙོ་བོ་ཡིན་པའི་ཕྱིར། དེར་ཐལ། གང་ཟག་གི་བདག་འཛིན་དེ་དེའི་སྤང་བྱའི་གཙོ་བོ་ཡིན་པའི་ཕྱིར། དེར་ཐལ། འཁོར་བའི་རྩ་བ་དེའི་སྤང་བྱའི་གཙོ་བོ་ཡིན་པའི་ཕྱིར། དེར་ཐལ། འཁོར་བ་དེའི་སྤང་བྱའི་གཙོ་བོ་ཡིན་པའི་ཕྱིར། དེར་ཐལ། ཐར་པ་དེའི་ཐོབ་བྱའི་གཙོ་བོ་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། གང་ཟག་གི་བདག་འཛིན་རང་རྒྱལ་གྱི་ཐར་པ་འཐོབ་པ་ལ་སྒྲིབ་པའི་གཙོ་བོ་ཡིན་པར་ཐལ། རང་རྒྱལ་སློབ་པ་འཕགས་པས་དེ་སྤང་བྱའི་གཙོ་བོར་བྱས་ནས་སྤོང་བའི་ཕྱིར། འདོད་ན། དེ་གཟུང་འཛིན་རྫས་གཞན་དུ་འཛིན་པའི་འཛིན་པ་སྤངས་པའི་སྤངས་པ་འཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པའི་གཙོ་བོ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། གང་ཟག་གི་བདག་འཛིན་སྤངས་པའི་གང་ཟག་ཡིན་ན། གཟུང་འཛིན་རྫས་གཞན་དུ་འཛིན་པའི་འཛིན་པ་སྤངས་པའི་གང་ཟག་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁ་ཅིག །མི་རྟག་སོགས་བཅུ་དྲུག་གོམས་པ་ལྷུར་ལེན་གྱི་ཚུལ་གྱིས་སྒོམ་པའི་བྱང་སེམས་ཀྱི་མཐོང་ལམ་ཡོད་ཟེར་ན། དེ་


GLG013_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་བྱའི་གཙོ་བོར་བྱེད་པའི་བྱང་སེམས་ཀྱི་མཐོང་ལམ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཉོན་སྒྲིབ་སྤང་བྱའི་གཙོ་བོར་བྱེད་པའི་བྱང་འཕགས་ཡོད་པར་ཐལ། འདོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་གོམས་པ་ལྷུར་ལེན་གྱི་ཚུལ་གྱིས་སྒོམ་པའི་བྱང་སེམས་ཀྱི་མཐོང་ལམ་ཡོད་པར་ཐལ། རྣམ་བཤད་ལས། ལམ་འདི་ཡང་མཐོང་ལམ་གྱི་སྐབས་ཉིད་དུ་སྒོམ་པར་བྱེད་ཀྱི། སྒོམ་ལམ་གྱི་གནས་སྐབས་སུ་གོམས་པ་ལྷུར་ལེན་བྱེད་པ་ནི་མ་ཡིན་ནོ། །ཞེས་སྒོམ་ལམ་ལ་མི་བྱེད་པར་དངོས་སུ་བསྟན་པའི་ཤུགས་ལ་ཅིག་ཤོས་བསྟན་པའི་ཕྱིར་ན། དེ་འདྲའི་དངོས་ཤུགས་མི་འཐད་པར་ཐལ། སྒོམ་ལམ་པས་ཉོན་སྒྲིབ་སྤང་བྱའི་གཙོ་བོར་མི་བྱེད་པ་ཤུགས་ལ་བསྟན་ན་ཅིག་ཤོས་བྱེད་པ་དངོས་སུ་བསྟན་དགོས་པ་ཧ་ཅང་ཐལ་བའི་ཉེས་པ་ཡོད་པའི་ཕྱིར། ཁ་ཅིག །ཉན་ཐོས་ལམ་འདི་ཤེས་པར་བྱ། །ཞེས་པའི་ཤེས་བྱ་ཉན་ཐོས་ཀྱི་ལམ་དེ་ཉན་ཐོས་རང་རྒྱུད་ཀྱིས་བསྡུས་པའི་ལམ་ཡིན་ཟེར་ན། མི་འཐད་པར་ཐལ། དེ་བྱང་ཆུབ་སེམས་དཔའི་ཐུགས་རྒྱུད་ལ་བསྐྱེད་ནས་ཤེས་དགོས་པའི་ཕྱིར། དེར་ཐལ། བྱང་འཕགས་ཀྱིས་ཉན་ཐོས་ཀྱི་ལམ་ཤེས་ཚུལ་མིག་གིས་གཟུགས་ལ་བལྟ་བ་ལྟར་བྱེད་པ་མི་འཐད་པའི་ཕྱིར། ཁ་ཅིག །དེ་བྱང་སེམས་རང་རྒྱུད་ཀྱིས་བསྡུས་པའི་ལམ་ཡིན་ཟེར་ན། མི་འཐད་པར་ཐལ། དེ་རྣམ་གཞག་གི་རྟེན་ཉན་ཐོས་ལ་བཞག་ཅིང་། ཉན་ཐོས་དང་བྱང་སེམས་གཉིས་ཀའི་རྒྱུད་ལ་སྐྱེ་བ་ཞིག་དགོས་པའི་ཕྱིར། གཉིས་པ་རང་ལུགས་ནི། སེམས་བསྐྱེད། བསྔོ་བ། སྟོང་ཉིད་རྟོགས་པའི་ཤེས་རབ་གསུམ་གྱིས་ཟིན་པའི་སྒོ་ནས། གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་རྗེས་སུ་གཟུང་བའི་ཆེད་དུ་ཤེས་པར་བྱ་བའི་ཤེས་རབ་ཀྱི་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད། མི་རྟག་སོགས་བཅུ་དྲུག་


GLG013_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་ཡེ་ཤེས་འདིར་བསྟན་ཤེས་བྱ་ཉན་ཐོས་ཀྱི་ལམ་ཡིན། དབྱེ་ན་བྱང་འཕགས་ཀྱི་རྒྱུད་ཀྱི་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་དང་། སངས་འཕགས་ཀྱི་རྒྱུད་ཀྱི་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་གཉིས་ཡོད། གསུམ་པ་རྩོད་པ་སྤོང་བ་ལ་ཁ་ཅིག །ཉན་ཐོས་ཀྱི་ཐབས་ཡིན་ན། ཉན་ཐོས་ཀྱི་ཤེས་རབ་མ་ཡིན་དགོས་པར་ཐལ། ཉན་ཐོས་ཀྱི་ཐབས་ཀྱི་རྟོགས་རིགས་སུ་གནས་ན། ཉན་ཐོས་ཀྱི་ཤེས་རབ་ཀྱི་རྟོགས་རིགས་སུ་མི་གནས་དགོས་པའི་ཕྱིར། འདོད་ན། ཐེག་ཆེན་གྱི་ཐབས་ཡིན་ན་དེའི་ཤེས་རབ་མ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཐེག་ཆེན་སེམས་བསྐྱེད་གྱི་འཁོར་དུ་བྱུང་བའི་ཤེས་རབ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཐེག་ཆེན་སེམས་བསྐྱེད་དང་མཚུངས་ལྡན་རྣམ་པ་ལྔ་མཚུངས་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། སངས་རྒྱས་འཕགས་པའི་ཐེག་ཆེན་སེམས་བསྐྱེད་ཀྱི་འཁོར་དུ་བྱུང་བའི་ཤེས་རབ་ཆོས་ཅན། ཐེག་ཆེན་གྱི་ཐབས་ཡིན་པར་ཐལ། སངས་འཕགས་ཀྱི་རྒྱུད་ཀྱི་ཐེག་ཆེན་ཀུན་རྫོབ་སེམས་བསྐྱེད་དང་མཚུངས་ལྡན་རྣམ་པ་ལྔ་མཚུངས་ཡིན་པའི་ཕྱིར། ཁྱབ་པ་འགྲིག །འདོད་ན། དེའི་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཐེག་ཆེན་གྱི་ཐབས་ཡིན་པར་ཐལ། འདོད་པ་གང་ཞིག་དེའི་རྒྱུད་ཀྱི་ཐེག་ཆེན་སེམས་བསྐྱེད་ཀྱི་འཁོར་དུ་བྱུང་བའི་ཤེས་རབ་དེ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཡིན་པའི་ཕྱིར། འདོད་ན། བྱང་འཕགས་ཀྱི་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་དེ་ཐབས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། གཞན་ཡང་། བྱང་སེམས་ཀྱི་ཐབས་དང་ཤེས་རབ་འགལ་བར་ཐལ། བྱང་འཕགས་ཀྱི་རྒྱུད་ཀྱི་དེ་གཉིས་འགལ་བའི་ཕྱིར། དེར་ཐལ། དེའི་རྒྱུད་ཀྱི་གཙོ་བོར་ཆོས་སྐུ་ཐོབ་ཕྱིར་དུ་སྒོམ་པའི་ཤེས་རབ་དང་། དེའི་རྒྱུད་ཀྱི་གཙོ་བོར་གཞན་དོན་གཟུགས་སྐུ་ཐོབ་ཕྱིར་དུ་སྒོམ་པའི་ཉམས་ལེན་འགལ་བའི་ཕྱིར། དེར་ཐལ། སངས་


GLG013_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་སར་རང་དོན་ཆོས་སྐུ་དང་གཞན་དོན་གཟུགས་སྐུ་འགལ་བའི་ཕྱིར། གཞན་ཡང་། དེ་མི་འཐད་པར་ཐལ། དེ་གཉིས་ཀྱི་གཞི་མཐུན་མེད་པའི་ཕྱིར། མ་གྲུབ་ན། དེའི་རྒྱུད་ཀྱི་ཐེག་ཆེན་སེམས་བསྐྱེད་ཀྱི་འཁོར་དུ་བྱུང་བའི་ཤེས་རབ་དེ། དེ་གཉིས་ཀྱི་གཞི་མཐུན་ཡིན་པར་ཐལ། མ་གྲུབ་པ་གང་ཞིག །དེ་འདྲའི་ཤེས་རབ་དེ་ཐབས་ཤེས་གཉིས་ཀ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་འདྲའི་ཤེས་རབ་ཀྱང་ཡིན། སྟོང་ཉིད་རྟོགས་པའི་བློ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེའི་རྒྱུད་ཀྱི་ཐེག་ཆེན་སེམས་བསྐྱེད་ཀྱི་འཁོར་དུ་བྱུང་བའི་བློ་ཡིན་ན་མ་རྟོགས་པའི་བློ་ཡིན་དགོས། དེའི་རྒྱུད་ཀྱི་ཐེག་ཆེན་སེམས་བསྐྱེད་ཡིན་ན་མ་རྟོགས་པའི་བློ་ཡིན་དགོས་པའི་ཕྱིར། གསུམ་པ་འགྲེལ་པ་ལ། ཤེས་བྱའི་ལམ་དང་། དེ་ཇི་ལྟར་ཤེས་པའི་ཚུལ་ལོ། །དང་པོ་ནི། མདོ་བར་མ་ལས། འདི་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་མི་དམིགས་པའི་ཚུལ་གྱིས་གཟུགས་མི་རྟག་པར་ཡིད་ལ་བྱའོ་ཞེས་སོགས་རྣམ་པ་བཅུ་དྲུག་གི་ངོ་བོ་དང་རྣམ་གྲངས་ཅི་རིགས་པའི་སྒོ་ནས་བསྟན་པ་འདིར་འགྲེལ་པས་འཆད་པ་ལ་གསུམ། སྡུག་ཀུན་གྱི་རྣམ་པ་དང་། འགོག་བདེན་གྱི་རྣམ་པ་དང་། ལམ་བདེན་གྱི་རྣམ་པའོ། །དང་པོ་ལ། སོ་སོའི་རྣམ་པ་དང་། ཐུན་མོང་གི་རྣམ་པ་གཉིས། དང་པོ་ལ། སྡུག་བསྔལ་བདེན་པའི་རྣམ་པ་དང་། ཀུན་འབྱུང་བདེན་པའི་རྣམ་པའོ། །དང་པོ་ནི། བདེན་བཞིའི་རྣམ་པ་བཅུ་དྲུག་ཡོད་པ་དེ་ལས། སྡུག་བསྔལ་གྱི་བདེན་པའི་རྣམ་པ་བཞི་གོ་རིམ་བཞིན་དུ་འཆད་དོ། །ཞེས་དམ་བཅས་ནས། སྡུག་བསྔལ་བདེན་པ་ཆོས་ཅན། མི་རྟག་པའི་རྣམ་པ་ཡིན་ཏེ། རྐྱེན་ལས་སྐྱེས་པའི་ཕྱིར། དེ་ཆོས་ཅན། སྡུག་བསྔལ་གྱི་རྣམ་པ་ཡིན་ཏེ། ལས་ཉོན་གྱི་གཞན་དབང་དུ་གྱུར་པའི་ཕྱིར། དེ་ཆོས་ཅན།


GLG013_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པའི་རྣམ་པ་ཡིན་ཏེ། དོན་གཞན་གྱི་བདག་གིས་སྟོང་པའི་ཆོས་ཡིན་པའི་ཕྱིར། དེ་ཆོས་ཅན། བདག་མེད་པའི་རྣམ་པ་ཡིན་ཏེ། རང་གི་ངོ་བོ་བདག་ཏུ་མ་གྲུབ་པའི་ཆོས་ཡིན་པའི་ཕྱིར། བདག་མེད་པ་དེ་དག་གི་མཚན་ཉིད་དེ་ངོ་བོ་རྣམ་པ་བཞི་པོ་དག་ནི་ཆོས་ཅན། ཞི་བའི་རྣམ་པ་ཡིན་ཏེ། རང་གི་ངོ་བོ་བདག་ཏུ་མ་གྲུབ་པའི་ཆོས་ཡིན་པའི་ཕྱིར། གཉིས་པ་ནི། ཀུན་འབྱུང་བའི་བདེན་པའི་རྣམ་པ་མདོ་ལས་འབྱུང་བ་ལྟར་འཆད་དོ། །སྲེད་པ་ཆོས་ཅན། ནད་དང་འདྲ་བར་རྒྱུའི་རྣམ་པ་ཡིན་ཏེ། སྡུག་བསྔལ་གྱི་རྩ་བར་གྱུར་པ་ཡིན་པའི་ཕྱིར། དེ་ཆོས་ཅན། འབྲས་དང་འདྲ་བར་ཀུན་འབྱུང་བའི་རྣམ་པ་ཡིན་ཏེ། སྡུག་བསྔལ་ཡང་དང་ཡང་དུ་སྐྱེད་བྱེད་ཡིན་པའི་ཕྱིར། དེ་ཆོས་ཅན། ཟུག་རྔུ་དང་འདྲ་བར་རབ་ཏུ་སྐྱེ་བའི་རྣམ་པ་ཡིན་ཏེ། རང་འབྲས་སྡུག་བསྔལ་ཤུགས་དྲག་སྐྱེད་པའི་ཕྱིར། དེ་ཆོས་ཅན། སྡིག་པའི་རྣམ་པ་དང་འདྲ་བར་རྐྱེན་གྱི་རྣམ་པ་ཡིན་ཏེ། ཡང་སྲིད་ཕྱི་མའི་ལྷན་ཅིག་བྱེད་རྐྱེན་ཡིན་པའི་ཕྱིར། གཉིས་པ་ཐུན་མོང་གི་རྣམ་པ་ནི། སྡུག་བསྔལ་དང་ཀུན་འབྱུང་བའི་བདེན་པ་དེ་དག་ཉིད་ཆོས་ཅན། སྡུག་ཀུན་སོ་སོའི་ཡིད་འབྱུང་བ་དག་གི་མཚན་ཉིད་ཕྱིར་རྒོལ་བས་ཕ་རོལ་དགྲ་ལྟ་བུ་དང་། གནོད་བྱེད་ཀྱིས་འཇིག་པའི་ཆོས་ཅན་གྱི་རྣམ་པའི་ངོ་བོ་ཉིད་དག་དམིགས་པར་བྱ་བ་ཡིན་ཏེ། སྡུག་ཀུན་གཉིས་ལས་ཡིད་འགྱུར་བའི་ཕྱིར་དུ་སྦྱོར་ལམ་དུ་ཞུགས་པ་ཡིན་ནོ་ཞེས་འབྱུང་བའི་ཕྱིར། དེ་ཆོས་ཅན། འདོད་ཆགས་དང་བྲལ་བར་བྱ་བ་དག་གི་ངོ་བོ་དུས་གཉིས་པར་མི་སྡོད་པས་གཡོ་བ་དང་། ཕྱིས་འབྱུང་བའི་རྐྱེན་རྒྱུ་ལ་མི་ལྟོས་པར་རབ་ཏུ་འཇིག་པའི་རྣམ་པ་དག་ཏུ་དམིགས་པར་བྱ་བ་ཡིན་ཏེ། སྡུག་ཀུན་ལ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་དུ་ཞུགས་པ་ཡིན་ནོ། །ཞེས་འབྱུང་བའི་ཕྱིར། དེ་ཆོས་ཅན། འགོག་པའི་རང་གི་ངོ་བོ་གནོད་པའི་གནས་སུ་གྱུར་པས་འཇིགས་པ་དང་། སྲིན་


GLG013_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སོགས་ཀྱིས་གླགས་ཐོད་པས་ནད་འགོ་བ་དང་། ཐོག་འབབ་པ་སོགས་ཀྱི་འཚེ་བའི་རྣམ་པར་དམིགས་པ་ཡིན་ཏེ། སྡུག་ཀུན་འགོག་པའི་ཕྱིར་ཞུགས་པ་ཡིན་ནོ་ཞེས་རྣམ་གྲངས་བསྡུ་བ་ལས་འབྱུང་བའི་ཕྱིར། གཉིས་པ་འགོག་བདེན་གྱི་རྣམ་པ་ནི། ཉོན་མོངས་པའི་སྒྲིབ་པ་སྤངས་པའི་འགོག་པའི་བདེན་པའི་འགོག་པའི་རང་གི་ངོ་བོའི་རྣམ་པ་ནི་ཆོས་ཅན། བདག་མེད་པའི་རྣམ་པ་ཡིན་ཏེ། ཉོན་མོངས་སྤངས་པའི་བྲལ་བ་ཡིན་པའི་ཕྱིར། དེ་ཆོས་ཅན་ཞི་བའི་རྣམ་པ་ཡིན་ཏེ། སྡུག་བསྔལ་ཞི་བའི་བྲལ་བ་ཡིན་པའི་ཕྱིར། གྱ་ནོམ་པའི་རྣམ་པའི་བདག་ཉིད་ནི་ཆོས་ཅན། དབེན་པའི་རྣམ་པ་ཡིན་ཏེ། གཙང་བདེའི་ངོ་བོར་གྱུར་པའི་བྲལ་བ་ཡིན་པའི་ཕྱིར། ངེས་པར་འབྱུང་བའི་མཚན་ཉིད་ཀྱི་བྲལ་བ་ནི་ཆོས་ཅན། སྟོང་པ་ཉིད་ཀྱི་རྣམ་པ་ཡིན་ཏེ། ཇི་ལྟར་ངེས་པར་འབྱུང་བའི་ངོ་བོ་བདེན་པས་སྟོང་པ་བདེན་གྲུབ་དང་བྲལ་བའི་སྤངས་པ་ཡིན་པའི་ཕྱིར། དེ་ཆོས་ཅན། མཚན་མ་མེད་པའ་རྣམ་པ་ཡིན་ཏེ། ཇི་ལྟར་ངེས་པར་འབྱུང་བའི་རྒྱུ་བདེན་པས་སྟོང་པ་བདེན་གྲུབ་དང་བྲལ་བའི་སྤངས་པ་ཡིན་པའི་ཕྱིར། དེ་ཆོས་ཅན། སྨོན་པ་མེད་པའི་རྣམ་པ་ཡིན་ཏེ། ཇི་ལྟར་ངེས་འབྱུང་འབྲས་བུ་བདེན་སྟོང་བདེན་གྲུབ་དང་བྲལ་བའི་སྤངས་པ་ཡིན་པའི་ཕྱིར། དེ་ཆོས་ཅན། མངོན་པར་འདུ་བྱེད་པ་མེད་པའི་རྣམ་པ་ཡིན་ཏེ། གང་ངེས་པར་འབྱུང་བའི་འབད་རྩོལ་གྱིས་མངོན་པར་འདུ་བྱེད་པ་བདེན་གྲུབ་དང་བྲལ་བའི་སྤངས་པ་ཡིན་པའི་ཕྱིར། གསུམ་པ་ལམ་བདེན་གྱི་རྣམ་པ་ནི། ལམ་གྱི་བདེན་པའི་རྣམ་པ་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཆོས་ཅན། ལམ་གྱི་རྣམ་པ་ཡིན་ཏེ། མྱང་འདས་སུ་དངོས་སུ་བགྲོད་པའི་ལམ་ཡིན་པའི་ཕྱིར། དེ་ཆོས་ཅན། རིག་པའི་རྣམ་པ་ཡིན་ཏེ། ཉོན་མོངས་ཀྱི་ས་བོན་གྱི་དངོས་གཉེན་གྱི་རིགས་སུ་གནས་པའི་ལམ་ཡིན་པའི་ཕྱིར། དེ་ཆོས་ཅན། སྒྲུབ་པའི་རྣམ་པ་ཡིན་ཏེ། སེམས་
ཀྱི་གནས་ལུགས་མངོན་སུམ་དུ་རྟོགས་པའི་ལམ་ཡིན་པའི་ཕྱིར། དེ་ཆོས་ཅན། ངེས་པར་འབྱིན་པའི་རྣམ་པ་ཡིན་ཏེ། སྡུག་བསྔལ་གཏན་ཟད་དུ་བྱེད་པའི་ལམ་ཡིན་པའི་ཕྱིར། གཉིས་པ་དེ་ཇི་ལྟར་ཤེས་པའི་ཚུལ་ནི། སྔར་བཤད་པའི་ལམ་དེ་རྣམས་ཆོས་ཅན། ཁྱོད་ཉན་ཐོས་རྣམས་ཀྱི་ལམ་ཡིན་པར་བྱང་ཆུབ་སེམས་དཔས་དེ་ལྟར་ཡོངས་སུ་ཤེས་པར་བྱ་བ་ཡིན་ཏེ། སེམས་བསྐྱེད་དང་དགེ་རྩ་རྫོགས་བྱང་དུ་བསྔོ་བའི་བསྔོ་བ་དང་། བདེན་གྲུབ་ཀྱི་ངོ་བོ་ཉིད་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་ཤེས་པར་བྱ་བ་ཡིན་པའི་ཕྱིར། ཤེས་ཚུལ་ཡོད་དེ། རྣམ་མཁྱེན་གྱི་རྒྱུ་ཚོགས་སྟོན་པ་ལམ་ཤེས་པ་ཉིད་ཀྱི་སྐབས་སུ་ཡིན་པའི་ཕྱིར། །སྨྲས་པ། དུཿཁའི་རྦ་ཀློང་འཁྲུགས་པའི་འཁོར་བའི་མཚོར། །ལྟུང་བྱེད་འདོད་པའི་མི་མཐུན་རླུང་ཤུགས་ཀྱིས། །སྐྱོད་མིན་ལམ་གྱི་ཐབས་མཁས་བྱེད་པོ་ཡིས། །མྱང་འདས་བདེ་བའི་རིན་ཆེན་གླིང་དུ་འཁྲིད། །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །


previousཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་བཤད་པ།next