Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
  collapse section
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
ལེའུ་དང་པོའི་མཇུག་བསྡུ་བ།
  collapse section
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   


 
previousལེའུ་དང་པོའི་མཇུག་བསྡུ་བ།next

ལེའུ་དང་པོའི་མཇུག་བསྡུ་བ།


GLG020_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་དང་པོའི་མཇུག་བསྡུ་བ།གསུམ་པ་མཇུག་བསྡུ་བ་ནི། ཏིང་ངེ་འཛིན་ཞེས་བྱ་བའི་ཡོན་ཏན་གང་ཡིན་པ་འདི་ནི། སྙན་ངག་རྣམས་ཀྱི་ནང་ནས་བདོག་པ་ཀུན་ཏེ་གཅེས་པའི་ནོར་ཡིན་པས། སྙན་ངག་མཁན་པོ་ཐམས་ཅད་དོན་མཐུན་གྱིས་ཏེ་ཚོང་པའི་ཚོགས་དང་འདྲ་བ་རྣམས་ཀྱང་ཏིང་ངེ་འཛིན་འདི་ཉིད་ཀྱི་རྗེས་སུ་འབྲང་བ་སྟེ་གཙོ་བོར་བྱེད་དོ། །དཔའ་བོ་གཙུག་ལག་པས། སྒྲ་ཉམས་ཀྱི་སྐབས་ཥ་ཡིག་མཚུངས་པ་ལྟ་བུའི་བཤད་པ་དང་འདྲ་བར། བོད་སྐད་ལ་ཡི་གེ་མཚུངས་པ་ཞིག་དགོས་རྒྱུ་ལ། དྲི་མཚུངས་པ་དང་ཡོན་ཏན་མཚུངས་པ་སོགས་ཀྱི་རྟོག་བཟོ་མང་དུ་བྱས་འདུག་ཅིང་། མདོར་ན་སྦྱར་བ་སོགས་བཅུ་པོ་འདིའི་སྐབས་ཕལ་ཆེར་འབྲེལ་མེད་ཀྱི་བཤད་པ་ཁོ་ནར་འདུག་པས་ངན་སྐྱུགས་ཀྱི་ཕུང་པོ་བཞིན་ལེགས་ཉེས་ཀྱི་རྟོག་དཔྱོད་བྱེད་ཚོད་མ་ཟིན་པར་བཞག་གོ །གསུམ་པ་མཇུག་བསྡུ་བ་ནི། དེ་ལྟར་སྔར་བཤད་པ་རྣམས་ནི། མཁས་པ་སོ་སོའི་ཀུན་སློང་གི་བསམ་པའི་རང་བཞིན་བཏགས་པ་ལས། ལྷོ་ཤར་གྱི་ལམ་ནི་དེ་གཉིས་སུ་རྣམ་པར་ཕྱེ་སྟེ་(༣༤ན)


GLG020_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ཡིན་ལ། དེ་དག་གི་དབྱེ་བ་ཕྲ་མོ་རྣམས་ནི་སྙན་ངག་མཁན་སོ་སོའི་བཤད་ཚུལ་ལ་གནས་པ་མང་བས་བརྗོད་པར་མི་ནུས་སོ། །དཔེར་ན། བུར་ཤིང་དང་། འོ་མ་དང་། བུ་རམ་སོགས་ཀྱི་མངར་བ་ཉིད་ཀྱི་ཁྱད་པར་ཆེ་བ་དེ་ལྟ་བུ་བསྟན་དུ་ག་ལ་ནུས་མོད་ཀྱི། དེ་བཞིན་དུ་སྙན་ཚིག་མཐའ་དག་དབྱངས་ཅན་མས་ཀྱང་བརྗོད་པར་མི་ནུས་ན་བདག་གི་ནུས་པ་མ་ཡིན་ནོ། །གསུམ་པ་སྙན་ངག་གི་རྒྱུ་ལ། ཕུན་སུམ་ཚོགས་པའི་རྒྱུ་སྣོད་དུ་རུང་བའི་རྒྱུ། དེ་ལྡན་གྱི་ཕན་ཡོན་དང་གསུམ། དང་པོ་ནི། རང་བཞིན་གྱིས་གྲུབ་པའི་སྤོབས་པ་སྐྱེས་ཐོབ་ཀྱི་ཤེས་རབ་དང་། ཤེས་བྱའི་གནས་མང་དུ་ཐོས་པ་དང་དེ་དག་ཐེ་ཚོམ་འཁྲུལ་བའི་དྲི་མ་མེད་པ་དང་། རིག་པའི་གནས་སེམས་པ་དང་བསྒོམ་པ་ལ་མངོན་པར་སྦྱོར་བའི་གུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་འགྲུས་མི་དམན་པ་སྟེ། དེ་གསུམ་ནི་སྙན་ངག་ཕུན་སུམ་ཚོགས་པའི་རྒྱུའོ། །གཉིས་པ་ནི། གལ་ཏེ་སྔོན་གྱི་བག་ཆགས་སད་པའི་ཡོན་ཏན་གྱི་རྗེས་སུ་འབྲེལ་བ་ལས་བྱུང་བའི་སྤོབས་པ་རྨད་དུ་བྱུང་བ་དེ་མེད་པའི་སྐྱེ་བོ་ལའང་། རྒྱུ་གཉིས་པ་ཐོས་པ་དང་། གསུམ་པ་འབད་པ་དག་གི་སྒོ་ནས་སྙན་ངག་ལ་བརྟེན་ན། དབང་པོ་རྣོ་བརྟུལ་ཅི་ཞིག་ལྟར་ཡང་ངེས་པར་རྗེས་སུ་འཛིན་པ་སྟེ་སྙན་ངག་ཤེས་པར་བྱེད་དོ། །གསུམ་པ་ནི། དེ་ལྟར་མཁས་པའི་གྲགས་པ་འདོད་པ་རྣམས་ཀྱིས་ནི་རྟག་ཏུ་ནི་སྙོམ་ལས་མེད་པར་ཐོས་བསམ་གྱི་རིམ་པས་དབྱངས་ཅན་ཏེ་སྙན་ཚིག་རིག་བྱེད་དང་། (༣༤བ)
དེའི་ལྷ་དབྱངས་ཅན་མ་བསྟེན་པར་བྱ་སྟེ། རྒྱུ་མཚན་གང་གི་ཕྱིར་ན། སྙན་ངག་ཆུང་ངུ་ཙམ་ལ་ལུས་ངག་གི་ངལ་བ་བྱས་པའི་མི་ཡང་། མཁས་པའི་མདུན་ས་དག་ཏུ་འདུག་པ་ལ་དབང་བ་སྟེ། མཁས་པའི་གོ་འཕང་ཐོབ་པར་འགྱུར་རོ། །སྙན་ངག་མེ་ལོང་ལས། ལེའུ་དང་པོའི་འགྲེལ་པ་དང་དཔེར་བརྗོད་བཤད་ཟིན་ཏོ། །སྨྲས་པ། སྙན་ཚིག་རིག་བྱེད་འཆི་མེད་དགའ་ཚལ་དུ། །ཤར་ལྷོའི་ལམ་བཟང་དཔག་བསམ་ལྗོན་པ་ལས། །དཀའ་གནད་འབྲས་བུར་སྨིན་པའི་རོ་བརྒྱའི་བཅུད། །རྣམ་བཤད་ཡོལ་གོར་ཕྱུར་བུར་སྤུངས་པ་འདིས། །རྨད་བྱུང་བློ་ཡི་ལང་ཚོ་རྣམ་པར་རྒྱས། །མང་དུ་ཐོས་པའི་མིག་དཀྱུས་རྣ་བར་འགོང་། །འབད་རྩོལ་མཆུ་ཡི་འདབ་མ་ཅི་ཡང་འཛུམ། །ཤེས་ལྡན་ལུས་ཕྲའི་ཚོགས་རྣམས་ཅི་དགར་སྤྱོད། །སྟོན་མཚན་ཟླ་ཤེལ་གསར་པའི་མཛེས་སྡུག་དང་། རབ་སྙན་རྒྱུད་མང་འབུམ་གྱི་སྒྲ་དབྱངས་ཀུན། །ཉམས་དང་འགྱུར་བར་འཆར་བའི་ལེགས་བཤད་འདིས། །བྱེད་པོ་བློ་ལྡན་ཕུར་བུར་འཁྲུལ་གྱི་དོགས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །


previousལེའུ་དང་པོའི་མཇུག་བསྡུ་བ།next