གྲོལ་བའི་མུ་བཞི།
ལྔ་པ་མུ་བཞི་ལའང་། ངོ་བོ་གཅིག་ཉིད་སྐབས་ཀྱིས་ཆོས་ལ་ལྟོས་ནས་གཅིག་ཐ་དད་གྲོལ་དུ་སྣང་བའོ། །ངེས་ཚིག་མུ་བཞིར་དབྱེར་ཡོད་པའོ། །དབྱེ་ན་དུས་དང་། གྲོལ་མ་གྲོལ་ཏེ་གཉིས་སོ། །དཔེ་ནི་སྔར་བསྟན་པ་བཞིན་ཏེ། བཤད་རྒྱུད་ལས། མུ་བཞིའི་ངོ་བོ་ངེས་ཚིག་དང་། །དབྱེ་བ་མཐུན་པའི་དཔེ་རྣམས་ཏེ། །དཔེ་ནི་གོང་བསྟན་ཤེས་པར་བྱ། །ངོ་བོ་དབྱེ་བ་བཅས་པ་ནི། །མུ་བཞི་རྣམ་པ་གཉིས་ཡིན་ཏེ། །དུས་དང་གྲོལ་བ་ལ་སོགས་བརྩི། །དང་པོ་དུས་ཀྱི་མུ་དབྱེ་ན། ལུས་ཀྱི་མཐའ་རྫོགས་པའི་དུས་དང་། ཤེས་རབ་ཀྱི་རྩལ་རྫོགས་པའི་དུས་དང་། ལས་ཀྱི་མཐའ་ཟད་པས་ཆེ་བའི་ཡེ་ཤེས་རང་ལ་རྫོགས་པའི་དུས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཐུགས་རྗེའི་རྩལ་ཟད་པའི་དུས་སོ། །གྲོལ་བའི་མུ་བཞི་ནི། གཅིག་པ་དང་ཐ་པ་དད་ལས་གྲོལ་བའི་ཐིག་ལེ་དང་རང་བྱུང་གི་ཡེ་ཤེས་སོ། །རིགས་ཀྱི་བུ་ཅིའི་ཕྱིར་ཞེ་ན། རང་བྱུང་གི་ཡེ་ཤེས་ཉིད་
ཐིག་ལེ་ཡིན་ལ། ཐིག་ལེ་ཉིད་ཀྱང་རང་བྱུང་གི་ཡེ་ཤེས་སུ་གསལ་བས་གཅིག་པ་དང་ཐ་དད་དུ་བརྗོད་པ་ལས་འདས་པའོ། །གཅིག་པ་དང་ཐ་དད་པ་ལས་མ་གྲོལ་བ་ནི། ཆོས་ཀྱི་སྐུ་དང་ནམ་མཁའོ། །རིགས་ཀྱི་བུ་ཅིའི་ཕྱིར་ཞེ་ན། དེ་གཉིས་ཐ་དད་པའི་ཕྱིར་ཏེ། རང་བཞིན་དག་པའི་ནམ་མཁའ་ནི་ཁ་དོག་བཞི་དང་དབྱིབས་བཞིའི་བདག་ཉིད་ཅན་ནོ། །འབྱུང་བ་བཞིའི་རང་བཞིན་དག་ཀྱང་། བག་ཆགས་དང་མ་བྲལ་ཏེ། ངོ་བོ་རིག་མེད་སྟོང་པ་ཡིན་པའི་ཕྱིར་རོ། །ཆོས་སྐུ་ཐིག་ལེ་ཆེན་པོ་ནི། སྟོང་པར་མཐུན་ཡང་དེ་རྣམས་ལས་ལོག་པའོ། །དོན་དེས་གཅིག་པ་དང་ཐ་དད་པ་ལས་མ་གྲོལ་བའོ། །གྲོལ་བའི་མ་གྲོལ་བ་ནི། སེམས་དང་ཡེ་ཤེས་ཏེ། གྲོལ་བ་ནི་གཞི་གཅིག་པའོ། །སེམས་རྟོག་བཅས་སུ་གསལ་ལ་ཡེ་ཤེས་རྟོག་མེད་དུ་བཞུགས་པས། དོན་དེས་ན་གཞིའི་ངོས་ནས་གྲོལ་བ་རྩལ་གྱི་ངོས་ནས་མ་གྲོལ་བའོ། །མ་གྲོལ་བའི་གྲོལ་བ་ནི། ཐིག་ལེ་དང་ཡུལ་ཏེ། ཐིག་ལེ་རིག་པ་འགག་པ་མེད་པ་དང་། ཡུལ་རིག་མེད་སྟོང་པར་གནས་པས་མ་གྲོལ་བའོ། །གྲོལ་བ་ནི་ཆོས་ཅན་ཐ་དད་པ་ལྟ་བུ་མ་ཡིན་པར་སྟོང་པ་དབྱེར་མེད་དུ་གནས་ཏེ། སོ་སོར་བརྗོད་པ་ལས་འདས་པའི་གསལ་བ་ཟང་ཐལ་ལོ། །དོན་དེས་ན་མ་གྲོལ་བའི་གྲོལ་བའོ། །ཞེས་སོ། །