Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཝ༽


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་བཅུ་དྲུག་པའི་རྣམ་པར་བཤད་པ།
   
   
   
   
   
   


 
previousལེའུ་བཅུ་དྲུག་པའི་རྣམ་པར་བཤད་པ།next

ལེའུ་བཅུ་དྲུག་པའི་རྣམ་པར་བཤད་པ།

༈ སྤྱི་དོན་གཉིས་པ་ལམ་ཇི་ལྟར་བསྒྲུབ་པ་ཐབས་ཀྱི་ཡན་ལག་རྒྱ་ཆེར་བཤད་པ་ལ་ལྔ་སྟེ། ཐུགས་རྒྱུད་བསྐུལ་བ་གསུང་སྔགས་ཀྱི་དཀྱིལ་འཁོར། དམིགས་པའི་རྟེན་གཟུགས་བརྙན་གྱི་དཀྱིལ་འཁོར། དེར་མཆོད་པ་ཇི་ལྟར་བྱ་བའི་ཚུལ། དམ་ཚིག་དང་ལྡན་པས་འགྲུབ་པ་དམ་ཚིག་གི་རིམ་པ། དམ་ཚིག་ཅན་གྱིས་འཕྲིན་ལས་ཇི་ལྟར་བསྒྲུབ་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་གི་དོན་ནོ། །

དང་པོ་ལ་བཅུ་ལས། དང་པོ་ཏིང་ངེ་འཛིན་གསུམ་བསྒོམ་པ་ནི་ཐོག་མར་སེམས་བསྐྱེད་པར་བྱ་སྟེ། འཛིན་པའི་དབང་གིས་སྡུག་བསྔལ་ཞིང་། །གདུག་པ་སྲིད་གསུམ་འདུལ་བ་ཡི། །ང་རྒྱལ་ཆེན་པོ་བརྟན་པའི་ཕྱིར། །སྒྱུ་འཕྲུལ་དྲྭ་བའི་ཏིང་འཛིན་བསྒོམ། །ཞེས་བརྗོད་པས་སྙིང་རྗེས་གདུག་པ་ཅན་རྣམས་འདུལ་བའི་དོན་དུ་སངས་རྒྱས་ཀྱི་མཛད་པ་བསྒྲུབ་སྙམ་དུ་(༢༨༨)བསམས་ནས་ཏིང་ངེ་འཛིན་གསུམ་བསྒོམ་མོ། །

གཉིས་པ་དཀྱིལ་འཁོར་བསྐྱེད་པ་ནི་ཐོག་མར་གཞལ་ཡས་ཁང་བསྐྱེད་པ་དང་། ལྷ་བསྐྱེད་པ་གཉིས་ལས། འདིར་སྒྲུབ་ཐབས་དང་བསྟུན་ཏེ་རང་ཉིད་ཆོ་ག་ལྔའི་སྒོ་ནས་དཔལ་ཆེན་པོའི་སྐུར་བསྐྱེད་ལ། བྷྲུྃ་བི་ཤྭ་བི་ཤྭདྡྷེ་ཞེས་པ་ཁྲོ་བོའི་གཞལ་ཡས་ཁང་ཆེན་པོའི་ནང་དུ་འཁོར་གྱི་གནས་སུ་འཁོར་བསྐྱེད་པར་བྱ་སྟེ། བདག་གི་སེམས་ཉིད་གདོད་མའི་སངས་རྒྱས་ཡིན་པའི་ཕྱིར་བདག་གི་སྲས་སུ་དེ་བཞིན་གཤེགས་པ་བྱ་སྟེ་གཙོ་བོ་ཡམ་ཡུམ་གྱི་མཁའ་གསང་ལས་དཀྱིལ་འཁོར་གྱི་ལྷ་རྣམས་སྤྲོས་ལ་རང་རང་གི་གནས་སུ་བཞུགས་ཤིང་གསལ་གདབ། རིགས་མི་ནུབ་ཅིང་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་སྲས་སུ་བདག་བྱ་བ་ཐུགས་ཀྱི་སེམས་དཔའ་སྤྲོས་པས་དཀྱིལ་འཁོར་ལ་བསྐོར་བ་དང་ཕྱག་ལ་སོགས་པ་བྱས་ཏེ་ཐུགས་ཀར་ཐིམ་པར་བསམ་མོ། །

གསུམ་པ་དཀྱིལ་འཁོར་སྤྱན་དྲངས་པ་ནི། ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །ལ་སོགས་པའི་མཐར། རུ་ལུ་རུ་ལུ་ཧཱུྃ་ཨེ་ཧྱེ་ཧི་ཨ་ན་ཡ་ཛཿཧཱུྃ་བྃ་ཧོཿས་སྤྱན་དྲང་ངོ་། །

བཞི་པ་རིག་པའི་མེ་ཏོག་དོར་བ་ནི་རཾ་ཞེས་བརྗོད་པས་ཉེ་གནས་སུ་བྱོན་པར་བསམ་པ་ནི་འདྲེས་པ་ནན་ཏན་གྱི་ཕྱག་གོ། །

ལྔ་པ་བསྟིམ་པ་ནི་ༀ་བཛྲ་ཀྲོ་ཏ་ས་མ་ཡ་ཧཱུྃ། ༀ། ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེས་ཁྲོ་དཔལ་རྔམས་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །དེ་ཉིད་དུ་ནི་བདག་ལ་སྩོལ། །ཅེས་པས་གཉིས་སུ་མེད་པར་ཐིམ་པར་བསམ་མོ། །

དྲུག་པ་བརྟན་ཅིང་དམ་ཚིག་བསྐུལ་བས་དབང་དུ་བྱ་བ་ནི། ༀ་བཛྲ་ཀྲོ་ཏ་ས་མ་ཡ་སྟྭྃ་གྱིས་བརྟན་པར་བྱའོ། །ༀ་བཛྲ་ཀྲོ་ཏ་ས་མཱ་ཡ་ཕཊ༔ཀྱིས་དམ་ཚིག་རྗེས་སུ་བསྐུལ་བར་བྱའོ། །ༀ་བཛྲ་ཀྲོ་ཏ་ས་མ་ཡ་ཧོཿས་དབང་དུ་བྱས་ཏེ་མཉེས་པར་བསམ་མོ། །

བདུན་པ་སྔགས་ཀྱི་མཆོད་པས་གསལ་བར་མཆོད་པ་ནི། ཨ་ལི་ཨུ་ལི་ཏཱ་ལི་ཏ་པཱ་ལི། དཾཥྚཱཾ་གོ་ནཱ་རཽ་ཏྲི་ཁ་རཾ་ཡོ་གི་ནཱི་ཁཱ་ཧི་ཧོ་ཞེས་པ་ནི་མཆོད་པའི་གླུའོ། །

བརྒྱད་པ་གསལ་གདབ་པ་ནི་ཧཱུྃ་ཧ་ཧེ་ཕཊཿསྨུག་ནག་སྔོ་ནག་སེར་ནག་དང་། །ཞེས་པ་ལ་སོགས་པས་ལྷའི་དཀྱིལ་འཁོར་གསལ་བཏབ་ལ་གསང་སྔགས་ཅི་འགྲུབ་ཏུ་བཟླས་པས་ཀྱང་མཉེས་པར་བྱའོ། །

དགུ་པ་མཆོད་པ་ནི་ལེའུ་བཅོ་བརྒྱད་པ་ལས་གསུངས་པའི་སྒྲོལ་བ། སྦྱོར་བ། བདུད་རྩི། ཐུན་མོང་འདོད་ཡོན་ལྔའི་མཆོད་པས་མཆོད་ནས། ཚོགས་ཀྱི་མཆོད་པར་བྱའོ། །གལ་ཏེ་ལས་འགའ་ཞིག་བསྒྲུབ་ཏུ་ཡོད་ན་ཚོགས་ཀྱི་རྗེས་ལ་ཕྲིན་ལས་བརྩམས་ཏེ་ལྷག་མའི་གཏོར་མ་གཏང་ངོ་། །

བཅུ་པ་རྗེས་ཀྱི་བྱ་བ་ནི་དེ་ནས་ཉམས་ཆག་བཤགས་པ་དང་། སྨོན་ལམ་གདབ་པ་དང་། བཟོད་པར་གསོལ་བ་དང་། བསྔོ་བ་དང་། བཀྲ་ཤིས་བརྗོད་པ་དང་། རྟེན་གྱི་དཀྱིལ་འཁོར་ཡོད་ན་བསྡུ་བ་རྣམས་བྱའོ། །(༢༨༩)དེའང་བཅོ་ལྔ་པ་ཁྲོ་བོ་རང་བཞིན་གྱི་དཀྱིལ་འཁོར་དང་། བཅུ་དྲུག་པ་གསང་སྔགས་ཀྱི་དཀྱིལ་འཁོར་དང་། བཅུ་བདུན་པ་དམིགས་པའི་རྟེན་གཟུགས་བརྙན་གྱི་དཀྱིལ་འཁོར་དང་། བཅོ་བརྒྱད་པ་དེ་ཉིད་མཆོད་པའི་ཐབས་དང་། བཅུ་དགུ་པ་དམ་ཚིག་གི་རིམ་པ་དང་། ཉི་ཤུ་པ་འཕྲིན་ལས་བསྒྲུབ་པ་དང་། རྩ་གཅིག་པ་ཁྲོ་བོ་དགྱེས་པའི་གླུའི་བསྟོད་དབྱངས་ཏེ། འདི་དག་གིས་དཀྱིལ་འཁོར་གཅིག་གི་ཆ་རྐྱེན་རྫོགས་པར་བསྟན་པ་ཡིན་ནོ། །དེའང་རིམ་པ་འདི་དག་རྒྱས་པར་སྒྲུབ་ཐབས་སྣང་བ་དམ་པ་རྒྱན་ལས་གསུངས་པ་དེར་བལྟའོ། །འདི་ཙམ་གྱིས་ནི་མངོན་པར་རྟོགས་པའི་རིམ་པ་འཕྲིན་ལས་དང་བཅས་པ་བདེ་བླག་ཏུ་ཁོང་དུ་ཆུད་པར་བསམས་ནས་སྤྱིའི་དོན་དུ་བཀོད་པ་ཡིན་ནོ། །

གཉིས་པ་གཞུང་གི་དོན་ལ་གསུམ་སྟེ། གསང་སྔགས་འབྱུང་བའི་ཚུལ་མདོར་བསྟན་པ། ཇི་ལྟར་བྱུང་བའི་རང་བཞིན་རྒྱས་པར་བཤད་པ། ལྟས་ཁྱད་པར་ཅན་གྱིས་མཇུག་བསྡུ་བའོ། །

དང་པོ་ནི། རང་བཞིན་གྱི་དཀྱིལ་འཁོར་བཀོད་པ་དེ༵་ན༵ས་བཅོ༵མ་ལྡན༵་འད༵ས་དགྱེ༵ས་པ༵་ཆེ༵ན་པོ༵ས་ཁྲོ་བོའི་དཀྱི༵ལ་འཁོ༵ར་གྱི༵་ཚོག༵ས་ཆེ༵ན་པོ༵་གོང་དུ་བསྟན་པ་འདི༵་དག༵་དམ༵་ཚི༵ག་ཆེན་པོའི་གསུང་གི༵་རང་བཞིན་ཡིན་པས་དེ་ཉིད་རྣལ་འབྱོར་པ་རྣམས་ཀྱིས༵་གྲུབ༵་པར༵་བྱ༵་བ༵འི་ཕྱིར༵། རང་སྣང་བཀོད་པའི་དེ༵་བཞི༵ན་གཤེ༵གས་པ༵འི་ཁྲོ༵་བོ༵་ཞེས་སྨོས་པ་ནི་བྱང་ཆུབ་སེམས་དཔའ་ལ་སོགས་པ་གཞན་གྱི་རྒྱུད་ཀྱིས་བསྡུས་པ་བསལ་ནས། སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་ཞི་བ་རྡོ་རྗེ་དབྱིངས་དང་ཐ་མི་དད་པར་བསྟན་པའོ། །དེ་ལྟ་བུའི་ཁྲོ་བོ་ཁྲ༵ག་འཐུང༵་ཆེ༵ན་པོ༵་རང་རང་གི་བཙུན༵་མོ༵་ད༵ང་བཅ༵ས་པ༵འི་ཚོག༵ས་དེ༵་དག༵་གི༵ས་རང་རང་གི་སྐུ༵་ད༵ང་གསུ༵ང་དང༵་ཐུག༵ས་རྡོ༵་རྗེ༵འི་བདག་ཉིད་རང་བྱུང་གི་ཡེ༵་ཤེ༵ས་ཆེན་པོ་སྔགས་ཀྱི་རང་སྒྲར་རང་ཤར་བ་འབྲུག་སྟོང་ལྡིར་བ་ཙམ་པའི་ང་རོ་རྔམ༵ས་པ༵་ལ༵ས་གསུང༵་གི༵་དཀྱི༵ལ་འཁོ༵ར་སྔགས་ཀྱི་ཚོགས་འདི༵་དག༵་རང་ཤར་དུ་ཕྱུང༵་ངོ༵་། །

གཉིས་པ་ལ་ལྔ་སྟེ། ལྷ་བསྐྱེད་པའི། ཡེ་ཤེས་པ་སྤྱན་དྲངས་པའི། དངོས་གྲུབ་ཀྱི་དོན་དུ་གསོལ་བ་གདབ་པའི། རིག་པའི་མེ་ཏོག་དོར་བའི། ཕྲིན་ལས་ཀྱི་དོན་དུ་གཏོར་མ་སྦྱིན་པའི་སྔགས་སོ། །

དང་པོ་ལའང་ལྔ་ལས། གཙོ་བོ་ཡབ་ཡུམ་བསྐྱེད་པ་ལས། ཡབ་ཀྱི་སྔགས་ནི། ༀ་ཞེས་པ་ལ་སོགས་པ་སྟེ། ཨོ༵ཾ་བཀྲ་ཤིས་པ་དང་སྔགས་བྱིན་གྱིས་རློབ་པའོ། །ཏ༵་ཐཱ༵་ག༵་ཏ༵་དེ་བཞིན་གཤེགས་པའོ། །མ༵ཧཱ༵་ཆེན་པོ། ཤྲཱི༵་ནི་དཔལ། ཧེ༵་རུ༵་ཀ༵་ནི་ཁྲག་འཐུང་། མ༵ཧཱ༵་ཙ༵ཎྜ༵་ནི་གཏུམ་པོ་ཆེན་པོ། ས༵རྦ༵་དུ༵ཥྚ༵ན་སྡང་བ་ཐམས་ཅད་དོ། །ཨ༵ནྟ༵་ཀ༵་མཐར་བྱེད་པའོ། །དེ་དག་རྩ་བའི་སྔགས་ཏེ་བཅོམ་ལྡན་འདས་ལ་འབོད་པའོ། །ཧ༵་ན༵་རྒྱོབ་ཅིག །ད༵་ཧ༵་སྲེགས་ཤིག །པ༵་ཙ༵་ཚོས་ཤིག །ཧཱུ༵ྃ་ཧཱུ༵ྃ་ཧཱུ༵ྃ་ནི་གདུག་པ་ཅན་གྱི་(༢༩༠)ལུས་ངག་ཡིད་གསུམ་སྡུད་པའོ། །ཕ༵ཊཿནི་དུམ་བུར་གཏོང་བའོ། །དེ་དག་ཕྲིན་ལས་ཀྱི་སྔགས་སོ། །དེ་བཞིན་དུ་བཛྲ༵་ནི་རྡོ་རྗེ། ར༵ཏྣ༵་རིན་པོ་ཆེ། པ༵དྨ༵་ནི་སྐད་སོར་བཞག་སྟེ་པདྨ། ཀ༵རྨ༵་ལས་ཏེ། གཞན་རྣམས་སྔ་མ་བཞིན་ནོ། །ཡུམ་གྱི་སྔགས་ནི་ཨོ༵ཾ་ས༵རྦ༵་ཏ༵་ཐཱ༵་ག༵་ཏ༵་མ༵ཧཱ༵་ཀྲོ༵་དྷཱི་ཤྭ༵་རཱི༵་ནི་དེ་བཞིན་གཤེགས་པ་ཁྲོ་མོ་དབང་ཕྱུག་མ། ས༵རྦ༵་དུ༵ཥྚ༵ན༵་ཧཱུ༵ྃ་ཕ༵ཊཿསྡང་བ་ཀུན་བསྡུས་ལ་ཆོམ་ཞིག་པའོ། །ཨོ༵ཾ་མ༵ཧཱ༵་བ༵ཛྲ༵་དྷ༵་ར༵་མ༵ཧཱ༵་ཀྲོ་དྷཱི་ཤྭ༵་རཱི༵་ཛྭ༵་ལ༵་ནཱི༵་ཧཱུ༵ྃ་ཕ༵ཊཿཞེས་པ། རྡོ་རྗེའི་གཟུངས་མ་ཁྲོ་མོ་དབང་ཕྱུག་འབར་བ་ཆེན་མོ་གདུག་པ་ཅན་བསྡུས་ལ་གཏོར་ཅིག་པའོ། །ཨོ༵ཾ་མ༵ཧཱ༵་སཱུ༵ཪྱ༵་ར༵ཏྣ༵་མ༵ཧཱ༵་ཀྲོ༵་དྷཱི་ཤྭ༵་རཱི༵་བི༵་ད༵་མ༵་ནི་རིན་ཅེན་ཉི་མའི་ཁྲོ་མོ་དབང་ཕྱུག་མ་ཆེན་མོ་རྣམ་པར་འཇོམས་མའོ། །ཨོ༵ཾ་ཧྲི༵་ཤྭ༵་ཏ་ས༵་མནྟ༵་པ༵དྨ༵་མ༵ཧཱ༵་ཀྲོ༵་དྷཱི་ཤྭ༵་རཱི༵་ཁཱ༵་ཧི༵་ཀུན་ཏུ་དགོད་པའི་ཁྲོ་མོ་དབང་ཕྱུག་ཆེན་མོ་ཟོ་ཞིག་པའོ། །ཨོ༵ཾ་ས༵རྦ༵་ཨ༵་མོ༵་གྷ༵་མ༵ཧཱ༵་ཀྲོ༵་དྷཱི་ཤྭ༵་རཱི༵་བཱི༵་ཤྭ༵་ནི་ཐམས་ཅད་དོན་ཡོད་པའི་ཁྲོ་མོ་ཆེན་མོ་དབང་ཕྱུག་སྣ་ཚོགས་མའོ། །

གཉིས་པ་མ་མོ་བརྒྱད་ཀྱི་སྔགས་ནི། ཨ༵་བ༵ཛྲ༵་སྔར་བཞིན་ནོ། །གཽ༵་རཱི༵་ནི་དཀར་མོའོ། །དེ་སྔོན་གྱི་གཞུང་ཕལ་ཆེ་བར་ཀོའུ་རཱི་ཞེས་བརྗོད་པའང་དེ་ཉིད་དེ། མཛོད་ལྡན་དང་། མཁས་པ་དང་། པདྨ་ལ་དགའ་བ་ལ་སོགས་པ་དུ་མ་ལ་འཇུག་ཀྱང་། མཛོད་ལྡན་དུ་བསྒྱུར་རོ། །ཙཽ༵་རཱི༵་ནི་ཆོམ་རྐུན་མའོ། །པྲ༵་མོ༵་ཧཱ༵་ནི་རབ་ཏུ་རྨོངས་མའོ། །བཻ༵ཏྟ༵་ལཱི༵་ནི་རོ་ལངས་མའོ། །ཙ༵ཎྜ༵་ལཱི༵་ནི་གཏུམ་མོའོ། །པུ༵ཀྐ༵་སཱི༵་ནི་སྤོས་མོའོ། །གྷ༵སྨ༵་རཱི༵་ནི་སྨེ་ཤ་ཅན་ནོ། །སྨ༵་ཤ༵་ནི་དུར་ཁྲོད་མའོ། །ཧ༵་བརྒྱད་ནི་དེ་དག་གི་ས་བོན་ནོ། །དེའང་བཛྲ་གཽ་རཱི་ཛཿཞེས་པ་དང་སྦྱར་ན་ཕྲིན་ལས་བསྒྲུབ་པ་སྟེ། ཛཿབསལ་ན་ཉེས་པར་བྱེད་པའོ། །དེ་བཞིན་དུ་ཤེས་པར་བྱའོ། །

གསུམ་པ་ཕྲ་མེན་མ་བརྒྱད་ཀྱི་སྔགས་ནི་སེང༵་ཧཱ༵་མུ༵་ཁཱ༵་ནི་སེང་གདོང་མའོ། །བྱཱ༵་གྷྲི༵་མུ༵་ཁ༵་སྟག་གདོང་མའོ། །སྲི༵་ལ༵་མུ༵་ཁ༵་ཝ་གདོང་མའོ། །ཤྭ༵་ན༵་སྤྱང་ཀི། ཀྲི༵་ཏ༵་བྱ་རྒོད། ཀ༵ང་ཀ༵་དུར་བྱ། ཁ༵་ཁཱ༵་བྱ་རོག །ཧུ༵་ལུ༵་མུ༵་ཁཱ༵་འུག་པའི་གདོང་ཅན་མའོ། །ཧེ༵་བརྒྱད་ནི་ས་བོན་ནོ། །ཕྲིན་ལས་ཀྱི་སྔགས་ཀྱང་སྔ་མ་བཞིན་ནོ། །

བཞི་པ་སྒོ་མ་བཞིའི་སྔགས་ནི། ཨཱ༵རྱ༵་ཏེ༵་ཛ༵་ཏེ༵་ང༵་ནི་འཕགས་པའི་གཟི་བརྗིད་དེ་རྟ་མགོ་ཅན་ནོ། །ཨ༵་མོ༵་གྷ༵་ནི་དོན་ཡོད་པ་སྟེ་ཕག་གི་གདོང་ཅན་ནོ། །བ༵ཛྲ་ལོ༵་ཀ༵་རྡོ་རྗེ་འཇིག་རྟེན་སྣང་བྱེད་མ་སྟེ་དྲེད་གདོང་མའོ། །བྷ༵སྨི༵་པ༵་ལ༵་ཡ༵་བ༵་ཏི༵་ནི་ཐལ་བར་བྱེད་པ་སྟེ་སྤྱང་གདོང་ཅན་ནོ། །མཐའ་རྟེན་གྱི་ཛ༵ཿཧཱུ༵ྃ་བ༵ྃ་ཧོ༵ཿབཞི་ནི་ས་བོན་ནོ། །

ལྔ་པ་དབང་ཕྱུག་མ་རྣམས་ཀྱི་སྔགས་ནི། བྷྱོ༵་ཉི་ཤུ་རྩ་བརྒྱད་དེ། དེའང་བྷ་གཱི་ནི་སྲིང་མོ། བྷཪྱ་ཆུང་མ། དེ་དག་གི་སྒྲ་བསྡུས་ཏེ་བྷྱོ་ཞེས་ས་བོན་དུ་བྱས་པའོ། །ལས་བསྒྲུབ་པའི་ཚེ་ༀ་མ་ནི་རཀྵ་སི་བྷྱོ་དགྲ་བོ་མཱ་ར་ཡ་ཧཱུྃ་ཕཊཿཅེས་པ་ལ་(༢༩༡)སོགས་པ་སོ་སོའི་སྔགས་དང་སྦྱར་རོ། །

གཉིས་པ་ཡེ་ཤེས་པ་སྤྱན་དྲངས་པའི་སྔགས་ནི་རུ་ལུ་རུ་ལུ་རུ་ལུ་ཧཱུྃ་ནི་ཁྲོ་བོ་འཆོལ་བའི་དཀྱིལ་འཁོར་འབོད་པའོ། །དེའང་སྔོན་ལས་ཀྱི་སྲིན་པོའི་དམ་ཚིག་གིས་གདུག་པའི་གླུ་དཔལ་ཆེན་པོས་བྱིན་གྱིས་བརླབས་པའོ། །ཨེ༵་ཧྱེ༵་ཧི་ནི་ཚུར་སྤྱོན་ཚུར་སྤྱོན་ནོ། །ཨ༵་ན༵་ཡ༵་ཧོ༵ཿགནས་འདིར་རོ། །ཛ༵ཿཧཱུ༵ྃ་བ༵ྃ་ཧོ༵ཿནི་ཚད་མེད་བཞིས་སེམས་ཅན་གྱི་ལས་ལ་བསྐུལ་བའོ། །ར༵ྃ་ནི་དམ་ཚིག་པ་དང་ཡེ་ཤེས་པ་སྤྱན་དྲངས་པའི་མེ་རི་འདབ་འབྱོར་ཙམ་དུ་བཞུགས་པའོ། །བླ་མ་རོང་པ་ནི་རིག་པའི་མེ་ཏོག་དོར་བ་སྟེ་བདག་དང་ལྷ་རང་བཞིན་དབྱེར་མེད་དུ་རྟོགས་ནས་གཉིས་སུ་མེད་པ་ལ་ཕྱོགས་པའོ་ཞེས་འཆད་དོ། །

གསུམ་པ་རིག་པའི་མེ་ཏོག་དོར་བའི་སྔགས་ནི་ཨོ༵ཾ་བ༵ཛྲ༵་ཀྲོ༵་དྷ༵་ས༵་མ༵་ཡ༵་ཧཱུ༵ྃ་ནི་ཁྲོ་བོ་དམ་ཚིག་ལ་འདུས་ཤིག་པའོ། །

བཞི་པ་དངོས་གྲུབ་ཀྱི་དོན་དུ་གསོལ་བ་གདབ་པ་ནི། ཨོ༵ཾ། གདུལ་བྱ་ལས་ཀྱི་ཁྲོ༵་བོ་མ་རུངས་པ་འདུལ་བ་ལ༵་ཡེ་ཤེས་ཀྱི་རང་བཞིན་དེ་བས་ཀྱང་ཁྲོས༵་པར་སྣང་བས༵་གདུལ་བྱའི་རྒྱུད་ཞི༵་བར་མཛ༵ད་པ༵་ཐུག༵ས་རྗེ༵་ངང་གིས་ཁྲོ༵་བོར་སྤྲུལ་པ་ནི་འགྲོ་བའི་དཔ༵ལ་ཆེན་པོ་རབ་ཏུ་རྔམ༵ས་པ༵འི་ཚོ༵གས། སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རང་བཞིན་འབ༵ར་བ༵་བྱིན༵་རླབ༵ས་རྨད༵་དུ་བྱུང་བ་ཆེ༵ན་པོ༵་དེ༵་དུས་ད་ལྟ་ཉིད༵་དུ༵་ནི༵་བད༵ག་ལ༵་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ལུས་པ་སྩོལ༵་ཅིག་པའོ། །ས༵་མ༵་ཡ༵་སྟྭ༵ཾ་དམ་ཚིག་ལ་ནོས་ཤིག །ས༵་མ༵་ཡ༵་ཕ༵ཊཿདམ་ཚིག་སྤྲོས་ཤིག །ས༵་མ༵་ཡ༵་ཧོ༵་དམ་ཚིག་ཡིན་ནོ་ཞེས་པའོ། །

ལྔ་པ་ཕྲིན་ལས་ཀྱི་དོན་དུ་གཏོར་མ་སྦྱིན་པའི་སྔགས་ནི་ཨ༵་ལི༵་ཨུ༵་ལི༵་བཟའ་བ་དང་བཏུང་བ་། ཏཱ་ལི༵་ཏ༵་པ༵་ལི༵་དེ་དག་གི་ཡན་ལག་གོ། །ད༵ཾཥྚ༵ཾ་གཽ༵་ན༵་རཽ༵་ཏྲི༵་མཆེ་བ་ཅན་རྡོ་རྗེ་དྲག་པོའི་ཚོགས། ཁ༵་ར༵ྃ་ཡོ༵་གི༵་ནི༵་ཁཱ༵་ཧི༵་ཧོཿཞལ་འབར་བ་རྣལ་འབྱོར་མའི་ཚོགས་གསོལ་ཅིག་པའོ། །དེ་དག་གང་གི་ཞལ་དུ་གསོལ་སྙམ་ན་ཧཱུ༵ྃ་ཧ༵་ཧེ༵་ཕ༵ཊཿལྷ་སུམ་ཅུའི་དཀྱིལ་འཁོར་རོ། །དེའང་འདི་ལྟར་རིག་པར་བྱ་སྟེ། གསང་སྔགས་འདི་དག་བོད་སྐད་དུ་མ་བསྒྱུར་བ་ནི་གསུང་པ་པོའི་བདེན་ཚིག་འགྲུབ་པར་བྱ་བའི་ཕྱིར་རོ། །གལ་ཏེ་བསྒྱུར་ནས་བཟླས་ན་དངོས་གྲུབ་མེད་དེ། བོད་སྐད་དུ་སྔོན་གྱི་གསང་སྔགས་གསུང་བ་པོས་བྱིན་གྱིས་མ་བརླབས་པའི་ཕྱིར་རོ། །སྐད་སོ་སོར་ཤན་སྦྱོར་མ་ཤེས་ཀྱང་ཉེས་པ་མེད་དེ། དད་པ་དང་མོས་པ་རྩེ་གཅིག་པས་བཟླས་ན་དངོས་གྲུབ་ཆེན་པོ་ཇི་ལྟ་བ་བཞིན་འབྱུང་ངོ་། །སྒྲ་སྦྱོར་ཤེས་ནའང་ཕན་ཡོན་ཡོད་དེ། ཚིག་དོན་གོ་བས་དོན་གྱི་གཟུངས་འགྲུབ་པ་དང་ཚིག་ལ་རྨོངས་པ་མེད་པ་ཡིན་ནོ། །

གསུམ་པ་ལྟས་ཁྱད་པར་ཅན་གྱི་མཇུག་བསྡུ་བ་ནི། དེ་སྐད་ཅེས༵་བརྗོ༵ད་པ༵ས་འཇི༵ག་རྟེན༵་དྲུག༵་གི༵་ཕྱོག༵ས་བ༵ཅུ་ཐམ༵ས་ཅ༵ད་ཀྱི་སྣོད་མ་དག་པའི་དངོས་པོ་དང་བཅུད་ཀྱི་སྒྲིབ་པའི་ཚོགས་ལས། ལུས་ཀྱི་མི་དགེ་བ་རྣམས་ཚིག༵ །ངག་གི་ར༵བ་ཏུ༵་ཚི༵ག །(༢༩༢)སེམས་ཀྱི་ཀུན༵་ཏུ༵་རབ་ཏུ་ཚི༵ག་གོ༵། །དེ་ལྟར་ཐ་མལ་གྱི་དངོས་པོ་སྒྲིབ་པ་དང་བཅས་པ་ཚིག་ནས་སྣང་བ་སྣོད་ཀྱི་འཇིག་རྟེན་ཡེ་ཤེས་ཀྱི་སྣང་བར་འབར་ཞིང་གདུལ་བྱའི་སྒོ་གསུམ་ལ་སྐུའི་ཡེ་ཤེས་འབ༵ར། གསུང་གི་ར༵བ་ཏུ༵་འབ༵ར། ཐུགས་ཀྱི་ཀུན༵་ཏུ༵་རབ་ཏུ་འབ༵ར་རོ༵། །དེའི་ཚེ་སྣང་སྲིད་སྣོད་བཅུད་ནམ་མཁའི་མཐས་གཏུགས་པ་ཐམ༵ས་ཅ༵ད་དུ༵་འབ༵ར་བ༵འི་དཀྱི༵ལ་འཁོ༵ར་གྱི༵་ཚོག༵ས་རིགས་ལྔའི་རང་བཞིན་གྱིས༵་ནམ་མཁའི་དབྱིངས་ཐམས་ཅད་སྐུའི་དཀྱིལ་འཁོར་གྱིས་གང༵་ཞིང་སྐུ་དེ་དག་ལས་གསང་སྔགས་ཀྱི་རང་སྒྲ་འབྲུག་སྟོང་ཙམ་གྱིས་ཁྱབ་པར་ར༵བ་ཏུ༵་གང༵་བ་ཐམས་ཅད་ཀྱང་ཐུགས་རྗེ་ཆེན་པོའི་སྤྲུལ་པ་དང་འོད་དང་གཟི་བརྗིད་ཀྱིས་གསལ་ལ་ཆོས་སྐུས་ཁྱབ་པའི་ཐུགས་ཀྱི་རང་བཞིན་གཉིས་སུ་མེད་པས་ཀུན༵་ཏུ༵་གང༵་བ༵ར་གྱུར༵་ཏོ༵། །ཞེས་པའོ། །ཡང་དཀྱིལ་འཁོར་གསུམ་གྱིས་ནམ་མཁའ་དང་ས་གཞི་དང་བར་སྣང་གསུམ་ཏུ་གང་རབ་ཏུ་གང་ཀུན་ཏུ་གང་ངོ་། །ཡང་རང་སྣང་ལྷུན་སྟུག་པོ་བཀོད་པར་འོད་དང་གཟི་བརྗིད་དང་ཡེ་ཤེས་ཀྱི་བཀོད་པས་གང་རབ་ཏུ་གང་ཀུན་ཏུ་གང་བའོ། །གསུང་མཆོག་ཏུ་གས༵ང་བ༵འི་སྙིང༵་པོ༵་ཡེ་ཤེས་ཀྱི་རང་སྒྲའི་དེ༵་ཁོ༵་ན༵་ཉིད༵་ངེ༵ས་པ༵་ལ༵ས། ཡེ་ཤེས་ཀྱི་ཁྲོ༵་བོ༵འི་ཚོ༵གས་ཆེ༵ན་པོ༵འི་གསུང༵་གི༵་གསང་བ་བསམ་གྱིས་མི་ཁྱབ་པའི་དཀྱི༵ལ་འཁོ༵ར་མཐའ་དབུས་མེད་པར་སྤྲོས༵་པ༵འི་ལེའུ༵་སྟེ༵་བཅུ༵་དྲུག༵་པའི་རྣམ་པར་བཤད་པ༵འོ༵།། །།


previousལེའུ་བཅུ་དྲུག་པའི་རྣམ་པར་བཤད་པ།next