Nitartha Digital Library
Tibetan
གསུང་འབུམ་པོད་བདུན་པ། དྲང་ངེས་སོགས།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


 collapse section
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གཉིས་པ་གང་ལ་དགོངས་ནས་མ་སྐྱེས་པ་སོགས་སུ་གསུངས་བའི་དགོངས་གཞི་བཤད་པ།
  
  
  
  
  
  
  
  
  
  
  
  
  
  
 expand section
  
  
expand section


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousགཉིས་པ་གང་ལ་དགོངས་ནས་མ་སྐྱེས་པ་སོགས་སུ་གསུངས་བའི་དགོངས་གཞི་བཤད་པ།next

གཉིས་པ་གང་ལ་དགོངས་ནས་མ་སྐྱེས་པ་སོགས་སུ་གསུངས་བའི་དགོངས་གཞི་བཤད་པ།

གཉིས་པ་གང་ལ་དགོངས་ནས་མ་སྐྱེས་པ་སོགས་སུ་གསུངས་བའི་དགོངས་གཞི་བཤད་པ་ལ།

ངོ་བོ་ཉིད་དང་པོ་དང་ཐ་མ་ལ་དགོངས་ནས་མ་སྐྱེས་པ་སོགས་སུ་གསུངས་པར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དགོངས་འགྲེལ་ལས། དོན་དམ་ཡང་དག་འཕགས་དེ་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ལས་དགོངས་ནས། ངས་ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་ཡང་དག་འཕགས་འདི་ལྟར་རང་གི་མཚན་ཉིད་ཀྱིས་མེད་པ་གང་ཡིན་པ་དེ་ནི་མ་སྐྱེས་པ་ཡིན། མ་སྐྱེས་པ་གང་ཡིན་པ་དེ་ནི་མ་འགགས་པ་ཡིན། མ་སྐྱེས་པ་དང་མ་འགགས་པ་གང་ཡིན་པ་དེ་ནི། གཟོད་མ་ནས་ཞི་བ་ཡིན། གཟོད་མ་ནས་ཞི་བ་གང་ཡིན་པ་དེ་ནི་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཡིན། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ལ་ནི། ཡོངས་སུ་མྱ་ངན་ལས་བཟླ་བར་བྱ་བ་ཅུང་ཟད་ཀྱང་མེད་དེ། དེའི་ཕྱིར་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ལ་དགོངས་ནས་ངས་ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་བསྟན་ཏོ། ། དོན་དམ་ཡང་དག་འཕགས་ཡང་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་ལས་དགོངས་ནས་ངས་ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་ནི་རྟག་པ་རྟག་པའི་དུས་དང༌། ཐེར་ཟུག་ཐེར་ཟུག་གི་དུས་སུ་རྣམ་པར་གནས་པ་ཁོ་ན་ཡིན་ལ།དེ་ནི་ཆོས་རྣམས་ཀྱི་ཆོས་ཉིད་དུ་འདུས་མ་བྱས་པ་ཉོན་མོངས་པ་ཐམས་ཅད་དུ་བྲལ་བ་ཡིན་ཏེ། རྟག་པ་རྟག་པའི་དུས་དང༌། ཐེར་ཟུག་ཐེར་ཟུག་གི་དུས་སུ་ཆོས་ཉིད་དེ་ཉིད་ཀྱིས་རྣམ་པར་གནས་པ་འདུས་མ་བྱས་པ་གང་ཡིན་པ་དེ་ནི་འདུས་མ་བྱས་པའི་ཕྱིར་མ་སྐྱེས་པ་དང་མ་འགགས་པ་ཡིན་ལ། དེ་ནི་ཉོན་མོངས་པ་ཐམས་ཅད་དང་བྲལ་བའི་ཕྱིར་གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ཏེ། དེའི་ཕྱིར་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་ལས་དགོངས་ནས་ངས་ཆོས་ཐམས་ཅད་མ་སྐྱེས་མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་བསྟན་ཏོ། །ཞེས་གསུངས་ལ། དེའི་ཐད་ཀྱི་འགྲེལ་ཆེན་ལས། དོན་དམ་ཡང་དག་འཕགས་འདི་ལྟར་ཤེས་པར་བྱ་སྟེ། ངས་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ལས་དགོངས་ནས་ཆོས་རྣམས་ཐམས་ཅད་ནི་སྐྱེ་བ་མེད་པ། འགག་པ་མེད་པ། གཟོད་མ་ནས་ཞི་བ་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བསྟན་ཏོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ངོ་བོ་ཉིད་མེད་པ་དང་པོ་དང་ཐ་མ་ལས་བརྩམས་ནས་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་ལ་སོགས་པའི་ཚིག་གི་བཤད་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། མཚན་ཉིད་ངོ་བོ་ཉིད་མེད་པ་ལས་བརྩམས་ནས་སྐྱེ་བ་མེད་པ་ལ་སོགས་པའི་ཚིག་བཤད་པ་དང༌། རིགས་ཀྱི་བུ་ཞེས་བྱ་བ་མན་ཆད་ཀྱིས་དོན་དམ་པ་ངོ་བོ་ཉིད་མེད་པ་ལས་བརྩམས་ནས་སྐྱེ་བ་མེད་པ་ལ་སོགས་པའི་ཚིག་རྣམ་པར་བཤད་པའོ། །

དང་པོ་ཡང་རྣམ་པ་བཞིར་དབྱེ་སྟེ། མདོར་བཀོད་པ་དང༌། བརྟག་པ་དང༌། རྣམ་པར་བཤད་པ་དང༌། མཇུག་བསྡུ་བའོ། །


previousགཉིས་པ་གང་ལ་དགོངས་ནས་མ་སྐྱེས་པ་སོགས་སུ་གསུངས་བའི་དགོངས་གཞི་བཤད་པ།next