བདེ་བ་ཅན་གྱི་སྨོན་ལམ་ཐར་པའི་གྲུ་གཟིངས།
བདེ་བ་ཅན་གྱི་སྨོན་ལམ་ཐར་པའི་གྲུ་གཟིངས་བཞུགས་སོ།
ན་མོ་ཨ་མི་ཏ་བྷ་ཡེ། འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །འཇིག་རྟེན་ཁམས་ནི་གྲངས་མེད་ཀྱི། །ཕ་རོལ་འཇིག་རྟེན་བདེ་བ་ཅན། །ཆགས་པ་ཡོད་ལ་འཇིག་པ་མེད། །སྔོན་འདས་སངས་རྒྱས་གྲངས་མེད་བྱོན། །ད་ལྟ་འོད་དཔག་མེད་པ་བཞུགས། །རིགས་དྲུག་འཁོར་བའི་སྡུག་བསྔལ་བྲལ། །པདྨའི་སྦུབས་ལས་རྫུས་ཏེ་སྐྱེས། །དེ་ལ་སྐྱེ་བའི་སྡུག་བསྔལ་མེད། །དེ་རུ་སྐྱེས་པ་ཐམས་ཅད་ནི། །གསེར་མདོག་དབུ་ལ་གཙུག་ཏོར་སོགས། །མཚན་བཟང་སུམ་ཅུ་སོ་གཉིས་དང་། །དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན། །མངོན་ཤེས་རྫུ་འཕྲུལ་
ཐོགས་པ་མེད། །སངས་རྒྱས་ཞིང་ཁམས་མཐའ་ཡས་པ། །རྫུ་འཕྲུལ་སྟོབས་ཀྱིས་སྐད་ཅིག་བགྲོད། །ནད་དང་འཆི་བའི་སྡུག་བསྔལ་མེད། །ཡིད་ལ་བསམ་ཚད་སྐད་ཅིག་འགྲུབ། །ཟས་གོས་ལོངས་སྤྱོད་རིན་ཆེན་རྣམས། །རྩོལ་སྒྲུབ་མི་དགོས་ལྷུན་གྱིས་གྲུབ། །རྟག་ཏུ་སྣང་བ་མཐའ་ཡས་དང་། །སྤྱན་རས་གཟིགས་ལས་དམ་ཆོས་ཉན། །བསྐལ་པ་བྱེ་བ་འབུམ་ལ་ཡང་། །རྒས་པ་མེད་ཅིང་འཆི་བ་མེད། །དུས་མཐའ་ནམ་ཞིག་འཕོས་མ་ཐག །མངོན་པར་རྫོགས་པའི་སངས་རྒྱས་ཐོབ། །དེ་འདྲའི་ཞིང་ཁམས་དག་པ་དེར། །བདག་
སོགས་སེམས་ཅན་སྐྱེ་བར་ཤོག །ཡི་དམ་ལྷ་ཡིས་ལུང་བསྟན་པ། །ལུང་བསྟན་དོན་དང་ལྡན་པར་ཤོག །ས་དང་ལམ་གྱི་ཡོན་ཏན་རྣམས། །ཡར་ངོའི་ཟླ་བཞིན་འཕེལ་བར་ཤོག །མངོན་དགའ་དཔལ་ལྡན་འཐུག་པོ་བཀོད། །ལས་རབ་རྫོགས་དང་འོག་མིན་སོགས། །ལོངས་སྐུའི་ཞིང་ཁམས་ཀུན་བགྲོད་ཅིང་། །ཀུན་བཟང་མཆོད་པའི་སྤྲིན་དཔུང་གིས། །སངས་རྒྱས་རྣམས་ལ་མཆོད་བྱེད་ཅིང་། །དབང་དང་བྱིན་རླབས་ཐོབ་པར་ཤོག །དགའ་ལྡན་ལྕང་ལོ་པོ་ཊ་ལར། །ཟངས་མདོག་དཔལ་རི་ཨོ་རྒྱན་ཡུལ། །སྤྲུལ་སྐུའི་ཞིང་ཁམས་ཀུན་ཉུལ་ཞིང་། །སངས་རྒྱས་དེ་ལ་མཆོད་བྱེད་ཅིང་། །དབང་དང་བྱིན་རླབས་ཐོབ་པར་ཤོག །མ་འོངས་བྱམས་པ་སེང་གེ་ནས། །མོས་པའི་བར་གྱི་བསྐལ་བཟང་གི །སངས་རྒྱས་རིམ་བཞིན་ནམ་འབྱོན་ཚེ། །རྫུ་འཕྲུལ་སྟོབས་ཀྱིས་འདིར་འོང་ནས། །སངས་རྒྱས་དེ་དག་མཆོད་བྱེད་ཅིང་། །དམ་ཆོས་བདུད་རྩི་འཐུངས་ནས་ཀྱང་། །སླར་ཡང་རང་གནས་བདེ་ཆེན་གྱི། །ཞིང་ཁམས་དེ་རུ་འགྲོ་བར་ཤོག །དེ་བཞིན་བཻཌཱུརྱ་སྣང་སོགས། །སངས་རྒྱས་ཞིང་ཁམས་དཔག་མེད་དུ། །རྫུ་འཕྲུལ་སྟོབས་
ཀྱིས་ཞིང་བགྲོད་ནས། །སྨན་བླ་ལ་སོགས་སངས་རྒྱས་རྣམས། །མཆོད་སྤྲིན་རྒྱ་མཚོས་མཆོད་བྱེད་ཅིང་། །ཟབ་དང་རྒྱ་ཆེའི་ཆོས་ཐོས་ནས། །རང་གནས་བདེ་ཆེན་ཞིང་བགྲོད་ཤོག །མཐུ་རྩལ་རྫུ་འཕྲུལ་མཆོག་ཐོབ་ནས། །རང་ལས་འཕྲོས་པའི་འོད་ཟེར་གྱིས། །འབྲེལ་ཐོགས་སེམས་ཅན་ཐམས་ཅད་ཀུན། །སྦྱར་ལེན་དྭངས་མའི་རྡུལ་བཞིན་དུ། །བདེ་བ་ཅན་དུ་འདྲེན་པར་ཤོག །སྤྱན་རས་གཟིགས་ཀྱི་ཐུགས་རྗེ་དང་། །ཕྱག་ན་རྡོ་རྗེའི་མཐུ་སྟོབས་དང་། །འཇམ་པའི་དབྱངས་ཀྱི་མཁྱེན་རབ་དང་། །ཨོ་རྒྱན་ཆེན་པོའི་རྫུ་འཕྲུལ་རྣམས། །རྣལ་འབྱོར་བདག་ལ་ལྡན་པར་ཤོག །དེ་ལ་བརྟེན་ནས་རིགས་རྒྱུད་དང་། །ཆོས་རྒྱུད་དང་ནི་འབྲེལ་ཐོགས་ཀུན། །སྲུང་སྐྱོབ་བྱིན་གྱིས་བརླབ་པ་དང་། །ནམ་ཞིག་འཆི་བའི་དུས་སུ་ཡང་། །བདེ་བ་ཅན་དུ་བསུ་བར་ཤོག །ཆོས་ཉིད་རྣམ་པར་དག་པ་དང་། །རྟེན་འབྲེལ་བསླུ་བ་མེད་པ་དང་། །རྒྱལ་བ་སྲས་བཅས་ཐུགས་རྗེ་ཡིས། །སྨོན་ལམ་བཏབ་བཞིན་འགྲུབ་གྱུར་ཅིག །བཀྲ་ཤིས་བདེ་ལེགས་འབྱུང་བར་ཤོག །ཏདྱ་ཐཱ། པཉྩནྡྲི་ཡ་ཨ་ཝ་བོ་དྷ་ན་ཡེ་སྭཱ་ཧཱ། ཞེས་པ་རབ་
གནས་ནུབ་རཱ་གས་དབོན་པོ་བླ་མ་ཆོས་དབང་ཀུན་བཟང་གསོལ་བཅས་དང་ཞྭ་གོས་གཟབ་ནས་དགའ་བའི་རྣམ་འགྱུར་བྱེད་པ་ཞིག་རྨིས་པ་དེ་དངོས་ཡིན་བླ་མ་དེ་ག་པ་ཡིན་པར་ངོས་ཟིན་ནས། དེ་རྒྱབ་ས་ག་ཟླ་བའི་ཡར་ངོ་ཞིག་ལ། ནུབ་གཅིག་བླ་མ་ཆོས་དབང་ཀུན་བཟང་ཕེབས་བྱུང་། སྐུ་ནི་གསལ་པོར་མི་མཐོང་དུ། ཁོང་བདེ་བ་ཅན་ན་སྐྱེ་ཚར་ཟེར་བའི་ལུང་བསྟན་བྱུང་ཙ། འདིར་ནི་ཅི་ལ་བྱོན་པ་ཡིན་བསམས་པས། བདེ་བ་ཅན་ནས་འདིར་ལྟད་མོ་ལྟ་བ་ལ་འོང་བ་ཡིན་ཟེར་བ་ཞིག་ལ་བརྟེན་སླར་སྨོན་ལམ་བཏབ་པའོ། །ཨ་རཱ་གས་བསྒྲིགས།། །།༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །